Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 079_རྒྱུད་འབུམ།_ག
Văn bản gốc(Tây Tạng)
Trang 5 / 18 (50.000 ký tự/trang)
བྲིང་གི་གང་ཟག་ལ། །ཡེ་ཤེས་ཁྲོ་མོ་རྣམ་པ་ལྔ། །རང་གི་ལས་དང་གང་མཐུན་པར། །རྨི་ལམ་དག་ཏུ་མཆོག་ཏུ་གསལ། །སྐལ་བ་འབྲིང་ གི་མཚན་ལྟས་ཡིན། །སྐལ་བ་དམན་པའི་གང་ཟག་ལ། །ཚུལ་བཞིན་བྲིས་པའི་ཐང་སྐུ་སྟེ། །འོད་དང་སྒྲ་དང་འཛུམ་པ་དང་། །མཁའ་འགྲོའི་ལུང་བསྟན་འབྱུང་བ་དང་། །སྐྱེ་བ་འདི་ལ་ངེས་པར་འགྲུབ། །སྦྱོར་བ་དམན་པའི་གང་ཟག་ལ། །བར་མ་དོ་ནས་ལམ་སྣ་འདྲེན། ། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དུས་ཀྱི་ཚད་ནི་རྣམ་གསུམ་སྟེ། །རབ་ལ་སྐད་ཅིག་རྣམ་དྲུག་ཡིན། །འབྲིང་ལ་ཟླ་བ་དྲུག་གིས་གྲོལ། །ཐ་མ་ལོ་དྲུག་སྦྱར་བའོ། །ཕྱི་དང་ནང་དང་གསང་བ་གསུམ། །རྣམ་པ་གསུམ་དུ་ཤེས་པར་བྱ། །ལས་ཚོགས་རང་བཞིན་དབྱེ་བ་ནི། ། རྒྱས་དང་བསྡུས་པ་ཤིན་ཏུ་རྒྱས། །རྣམ་པ་གསུམ་དུ་ཤེས་པར་བྱ། །བསྡུས་པ་ཚར་གཅད་རྗེས་གཟུང་གཉིས། །རྒྱས་པ་ཕྲིན་ལས་རྣམ་པ་བཞི། །ཤིན་ཏུ་རྒྱས་པ་ཐུན་མོང་བརྒྱད། །དེ་ལས་འཕྲོས་པ་ཉི་ཤུ་ལྔ། །བདེ་ཆེན་དཀར་མོའི་ཏིང་འཛིན་གྱིས། །ཞི་བའི་ལས་ཚོགས་ རྣམ་ལྔ་འགྲུབ། །སེར་མོ་དོན་གྲུབ་ཏིང་འཛིན་གྱིས། །རྒྱས་པའི་ལས་ཚོགས་རྣམ་ལྔ་འགྲུབ། །དམར་མོ་སྒྲ་སྒྲོགས་ཏིང་འཛིན་གྱིས། །དབང་གི་ལས་ཚོགས་རྣམ་ལྔ་འགྲུབ། །ཁྲོས་མ་ནག་མོའི་ཏིང་འཛིན་གྱིས། །དྲག་པོའི་ལས་ཚོགས་རྣམ་ལྔ་འགྲུབ། །སྣ་ཚོགས་མཐར་ཕྱིན་ཏིང་ འཛིན་གྱིས། །ཕྲིན་ལས་བཞི་ཡི་ལས་རྣམས་འགྲུབ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་འབྲས་བུའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས། །སྟོན་པ་མཚན་ཉིད་བཞི་ལྡན་ལ། ། ཕྱི་ནང་གསང་བའི་མཆོད་པ་འདི་ཕུལ་ནས་འདི་སྐད་ཞུས་ཏེ། །སྐལ་བར་ལྡན་པའི་གང་ཟག་གིས། །བདག་དང་གཞན་ལ་ཕན་གདགས་ཕྱིར། །སྐུ་དང་མཆོད་རྟེན་ཇི་ལྟར་བགྱི། །དེ་ཡི་གོ་རིམས་བཤད་དུ་གསོལ། །ཞེས་ཞུས་པའོ། །དེ་ནས་སྟོན་པས་བཀའ་སྩལ་ཏེ། །ཉོན་ཅིག་དུར་ཁྲོད་བདག་ མོ་ཁྱོད། །རིགས་ཅན་ལྔ་ཡི་གང་ཟག་དེས། །བདག་དོན་གཞན་དོན་བྱེད་འདོད་པས། །སྐུ་ལྔ་གདུང་ལྔ་མཆོད་རྟེན་ལྔ། །རྒྱུ་ལྔ་སྔགས་ལྔ་ལས་རིམ་ལྔ། །ལྔ་ཚན་ལྔ་རུ་ཤེས་པར་བྱ། །དེ་ཡི་བྱ་བའི་རིམ་པ་ནི། །དེ་ཉིད་གསུམ་དང་ལྡན་པར་བྱ། །དང་པོ་བདག་གི་དེ་ཉིད་དང་། །གཉིས་ པ་རྒྱུ་ཡི་དེ་ཉིད་དང་། །གསུམ་པ་འབྲས་བུའི་དེ་ཉིད་དོ། །དང་པོ་བདག་གི་དེ་ཉིད་ནི། །དེ་བཞིན་རིགས་ཀྱི་གང་ཟག་དེ། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་འདེབས་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་ རུ་ཤེས་པར་བྱ། །ས་གཞི་དཀར་ཞིང་སྣུམ་པ་ལ། །རིན་ཆེན་སྣ་ལྔ་ལ་སོགས་པའི། །ལྔ་ཚན་ལྔ་ནི་ལེགས་སྦྱར་ཏེ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་དང་མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ ནས་མངའ་གསོལ་ན་བཟའ་གསོལ། །དེ་ལ་མཆོད་དང་བསྟོད་པ་བྱ། །བཞུགས་སུ་གསོལ་བའི་རིམ་པ་ནི། །དམ་ཆོས་གཞན་དང་མཐུན་པར་བྱ། །ཞི་བའི་ལས་རྣམས་འགྲུབ་པར་འགྱུར། །དང་པོ་བདག་གི་དེ་ཉིད་ནི། །རིན་ཆེན་རིགས་ཀྱི་གང་ཟག་དེས། །དད་དང་བརྩོན་ འགྲུས་རབ་ལྡན་པས། །སྐུའམ་མཆོད་རྟེན་འདེབས་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་སེར་ལ་འཚེར་བ་ལ། །གོང་དུ་བསྟན་པ་ཇི་ལྟ་བར། །སྐུ་དང་མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་ སྤྱན་དྲངས་ནས། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་གསོལ་ན་བཟའ་གསོལ། །མཆོད་དང་བསྟོད་པ་བཞུགས་པ་རྣམས། །དམ་ཆོས་གཞན་དང་མཐུན་པར་བྱ། །རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར། །དང་པོ་བདག་གི་དེ་ཉིད་ནི། །པདྨ་རིགས་ཀྱི་གང་ཟག་དེ། ། དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་བྱེད་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་དམར་ལ་གདང་བ་ལ། །ལྔ་ཚན་ལྔ་དང་ལེགས་སྦྱར་ཏེ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་དང་ མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་གསོལ་ན་བཟའ་གསོལ། །མཆོད་དང་བསྟོད་དང་བཞུགས་པ་ཀུན། །དམ་ཆོས་གཞན་དང་མཐུན་པར་བྱ། །དབང་གི་ལས་རྣམས་འགྲུབ་ པར་འགྱུར། །དང་པོ་བདག་གི་དེ་ཉིད་ནི། །རྡོ་རྗེ་རིགས་ཀྱི་གང་ཟག་དེ། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་འདེབས་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་གནག་ཅིང་རྩུབ་པ་ལ། །ཁྲག་ དང་དུག་དང་ཚེར་མ་དང་། །ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དང་། །ལྔ་ཚན་ལྔ་དང་བཅས་པ་ལ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་དང་མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་གསོལ་ན་ བཟའ་གསོལ། །མཆོད་དང་བསྟོད་པ་བཞུགས་པ་ཀུན། །དམ་ཆོས་གཞན་དང་མཐུན་པར་བྱ། །དྲག་པོའི་ལས་རྣམས་འགྲུབ་པར་བྱེད། །དང་པོ་བདག་གི་དེ་ཉིད་ནི། །ལས་ཀྱི་རིགས་ཀྱི་གང་ཟག་དེ། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་འདེབས་དུས་ སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་ལྗང་ཞིང་ཁ་དོག་སེར། །གོང་དུ་ལྔ་ཚན་ལྔ་དང་སྦྱར། །དེ་ལ་སྐུ་དང་མཆོད་རྟེན་རྣམས། །ཇི་ལྟར་ནུས་པ་བཞིན་དུ་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་གསོལ་ན་བཟའ་གསོལ། །མཆོད་དང་བསྟོད་པ་བཞུགས་པ་རྣམས། །དམ་ཆོས་གཞན་དང་མཐུན་པར་བྱ། །དྲག་པོའི་ལས་རྣམས་འགྲུབ་པར་འགྱུར། །བསྟོད་པ་ལྔ་ནི་སོ་སོར་བསྟོད། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་ སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་སྐུ་དང་མཆོད་རྟེན་གདབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས་སྟོན་པ་མཚན་ཉིད་བཞི་ལྡན་ལ་ཕྱི་ནང་གསང་བའི་མཆོད་པ་གསུམ་ཕུལ་ནས་འདི་སྐད་ཞུས་སོ། །ཀྱེ་ཀྱེ་མགོན་པོ་ བདག་ལ་གསོན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་གིས། །དུས་གསུམ་ཀུན་ཏུ་སྡུག་བསྔལ་བསྐྱེད། །དེ་ཡི་གཉེན་པོ་བཤད་དུ་གསོལ། །ཁམས་གསུམ་འཁོར་བའི་སེམས་ ཅན་རྣམས། །རྒྱུ་ནི་མ་རིག་པ་ཡིས་བསྐྱེད། །རྐྱེན་ནི་རྣམ་པར་རྟོག་པ་སྟེ། །དེ་རྣམས་རྣམ་རྟོག་ཇི་ལྟར་བསལ། །ཕྱོགས་ངན་ལ་སོགས་འགྲོ་བའི་ཚེ། །དེ་ཡི་རྟོག་པ་གཅད་པར་ཞུ། །ལེགས་ཉེས་ཀུན་གྱི་སྟངས་གཅོད་པའི། །མནའ་དང་གལ་གྱིས་འཇིགས་པ་ ལ། །དེ་ཡི་རྟོག་པ་གཅད་པར་ཞུ། །ཉོན་མོངས་ནད་ཀྱིས་ཉེན་པ་ལ། །དེ་ལས་ཐར་པའི་ཐབས་ཅིག་ཞུ། །བདག་གཞན་གཉིས་པོ་རྩོད་དུས་སུ། །དེ་ལས་རྒྱལ་བའི་ཐབས་ཅིག་ཞུ། །ལུས་སེམས་གཉིས་པོ་འབྲལ་དུས་དེར། །དེ་ལས་ཐར་པའི་ཐབས་ཅིག་ ཞུ། །དེ་ནས་སྟོན་པས་ཚིག་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱུ་འབྲས་ཀུན་ཏུ་སྡུག་བསྔལ་བ། །མ་ལུས་དབྱེར་མེད་ཤེས་གྱུར་ན། །སྡུག་བསྔལ་མ་ལུས་བདེ་བར་འགྱུར། །གཞན་ཡང་ཐུན་མོང་འདི་ལྟ་སྟེ། །ཕྱོགས་ངན་ལ་སོགས་འགྲོ་བའི་ཚེ། །ཕྱོགས་ལས་ རྣམ་པར་རྒྱལ་བར་བྱ། །ཉེས་ལེགས་ཀུན་གྱི་སྟངས་གཅོད་པ། །མནའ་འམ་གལ་གྱིས་འཇིགས་པ་ལ། །མནའ་ལས་རྣམ་པར་རྒྱལ་བར་བྱ། །ནད་དང་གདོན་གྱིས་ཉེན་པ་ལ། །བགེགས་ལས་རྣམ་པར་རྒྱལ་བར་བྱ། །བདག་གཞན་གཉིས་པོ་རྩོད་པ་ལ། །ངག་ ལས་རྣམ་པར་རྒྱལ་བར་བྱ། །ལུས་སེམས་གཉིས་པོ་འབྲལ་དུས་དེར། །རླུང་ལས་རྣམ་པར་རྒྱལ་བར་བྱ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྣམ་པར་རྒྱལ་བ་རྣམ་པ་ ལྔའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་མགོན་པོ་ཧེ་རུ་ཀས་འཁོར་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་སྔགས་ཀྱི་སྡུད་པ་མོ་རབ་ཏུ་དགའ་སྟེ། འཁོར་རྣམས་འདུས་པའི་ཚོགས་ཀྱིས་ཀྱང་དེ་ལྟར་དགའ་མགུ་ཡི་རངས་ཏེ། ཕྱི་ནང་གསང་བའི་མཆོད་ པ་ཕུལ་ནས། མགོན་པོ་ཐུགས་རྗེ་དང་ལྡན་པས། །བདག་དང་འདུས་པའི་འཁོར་རྣམས་དང་། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེས་གནང་བ་བཀའ་དྲིན་ལགས། །ཞེས་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་ འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་རྫོགས་ སོ།། །།དུར་ཁྲོད་བདག་མོས་གསོལ་པ། ལྷ་མོ་རྣམས་ཀྱི་སྐུ་མདོག་ནི། །ཇི་ལྟར་ཤེས་ན་གྲོལ་བར་འགྱུར། །ཕག་མོ་ཞེས་བྱ་གང་ལ་བྱ། །ཡི་གེའི་དོན་ནི་གང་ལ་བསྐྱལ། །བསྐྱེད་རྫོགས་ངོ་བོ་གང་ལ་བྱ། །དཔའ་བོ་ཧེ་རུ་ཀས་ བཀའ་སྩལ་པ། ཉོན་ཅིག་དུར་ཁྲོད་ཕག་མོ་ཁྱོད། །ཉེས་པའི་སྐྱོན་གྱིས་མ་གོས་པ། །དཀར་ཞིང་སྤྲོས་བྲལ་ཞི་བར་བྱེད། །མ་ཆགས་སྐྱོན་གྱིས་མ་གོས་པ། །དམར་ལ་གདང་བ་སྒྲ་སྒྲོགས་ཡུམ། །སྐྱོན་མེད་སེམས་ཉིད་རང་དབང་འདུས། །གཉེན་པོ་གཅིག་ཀྱང་མི་ འགྱུར་བས། །ཁྲོས་མ་ནམ་མཁའི་ཁ་དོག་བཞིན། །མི་འགྱུར་རང་སེམས་དབྱིངས་སུ་གྲོལ། །ཆེ་བ་ཡེ་ཤེས་ལྔ་རྒྱས་པ། །སེར་མོ་སྐྱོན་མེད་དོན་གྲུབ་མ། །ངོ་བོ་རྒྱལ་ལ་གཡོ་དང་བྲལ། །སྣ་ཚོགས་སྐྱོན་གྱིས་མ་གོས་པས། །ཨིནྡྲ་ནཱི་ལའི་མཐར་བྱིན་མ། །སྣ་ཚོགས་ ངོ་བོ་གཅིག་ཏུ་འདུས། །རྣམ་པ་གང་ཡང་འགྱུར་བ་མེད། །ཆོས་ཀྱི་དབྱིངས་ལས་འགྱུར་བ་མེད། །རྣམ་རྟོག་ཅིས་ཀྱང་མ་གོས་པས། །ཕག་ཅེས་བྱ་བ་རྟོག་མེད་ཡིན། །དབྱིངས་ཉིད་རྟོག་པ་སྤྲོས་བྲལ་བས། །མོ་ཞེས་བྱ་བ་དབྱིངས་སུ་ཐིམ། །དེ་ལ་ཕྱེ་ན་རྣམ་པ་ གསུམ། །དམ་ཆོས་སྐྱེ་མེད་ཕག་མོ་ནི། །སྐྱེ་འགག་མེད་པས་ཆོས་སྐུ་ཡིན། །བརྗོད་པ་སྒྲ་ཡི་ཕག་མོ་ནི། །ཕག་ནི་ཀ་ལི་ཐབས་ཡིན་ལ། །མོ་ནི་ཨཱ་ལི་ལོངས་སྐུར་འདོད། །མཚོན་པ་དབྱིངས་ཀྱི་ཕག་མོ་ནི། །སྟོང་ཉིད་མཚོན་པའི་སྐུ་མདོག་ལ། །རྟོག་མེད་སྙིང་རྗེ་ཕག་ གི་གདོང་། །ཐབས་དང་ཤེས་རབ་ཕག་མོ་ལ། །བདེ་སྟོང་སྐྱོན་བྲལ་གཅེར་བུ་ནི། །རྟོག་པ་མེད་པས་སྤྲུལ་སྐུའོ། །ཡིག་འབྲུ་གསལ་ལ་མི་རྟོག་པས། །ཐིམ་པ་ན་ཡང་ཅང་ཏེའུ། །སྣང་སྟོང་མཐའ་དང་བྲལ་བའོ། །བསྐྱེད་རྫོགས་ངོ་བོ་དབྱེར་མེད་པས། ། མཚོན་པ་སྣང་བ་སྟོང་པའི་དང་། །དེ་ཉིད་སྣང་བའི་ངོ་བོ་ཉིད། །དབྱེར་མེད་ཟུང་འཇུག་ཁས་ལེན་བྲལ། །གཅིག་ལ་གཅིག་རྒྱས་གདབ་པར་བྱ། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད། ། པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྒྱུད་ཕྱི་མ་བསྐྱེད་རིམ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས་དཔའ་བོ་ཆེན་པོ་ལ་འཛུམ་པ་དང་བཅས་ནས་ཞུས་པ། གསང་སྔགས་རྣམས་ཀྱི་སྔགས་ ནི་གང་། །བཟླས་པར་བྱ་བའི་ཡི་གེ་གང་། །འཁོར་ལོ་རྣམ་བཞི་དགོད་པ་གང་། །ཞེས་ཞུས་པས། །ཧེ་རུ་ཀས་བཀའ་སྩལ་པ། དུར་ཁྲོད་བདག་མོས་གུས་པར་གྱིས། །གསང་སྔགས་རྣམས་ཀྱི་ཡི་གེ་ནི། །ཐམས་ཅད་བྱེད་པ་ཡི་གེ་ཨོཾ། །དགྱེས་པ་སྐུ་ཡི་ཡི་གེ་ ནི། །བཛྲ་བཱ་ར་ཧི་ཞེས་འབྱུང་། །ནུས་པ་འབྱུང་བ་གསུང་གི་ཀྲོ་ཏཱ་ཀཱ་ལི། །རྟོགས་པ་ཐུགས་ནི་ཧ་རི་ས། །ཡོན་ཏན་འབྱུང་བ་ཨཱ་བེ་ཤ་ཡ། །ཕྲིན་ལས་མཛད་པ་ཨེ་བཾ་མ་ཡཱ། །དེ་ལས་གཞན་ཡང་འདི་ལྟ་སྟེ། །འཁོར་ལོ་ལྔ་ཡི་དབུས་ཉིད་དུ། །ཡི་གེ་བཞི་པས་རྒྱས་ བཏབ་ནས། །བཟླས་པ་ཕྱི་ནང་གསང་བ་གསུམ། །ཞི་བ་ཕྱི་ཡིས་བཟླས་པ་ནི། །ཡིག་འབྲུ་རྣམས་ནི་ཁ་དོག་དཀར། །དེ་ལས་འོད་ཟེར་དཀར་པོ་འཕྲོས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཀུན། །བ་སྤུའི་སྒོ་ནས་བསྟན་པ་ཡིས། །སེམས་ཅན་ཀུན་ལ་ཕོག་པས་ཀྱང་། ། སྒྲིབ་པ་ཐམས་ཅད་དག་པར་བསམ། །དེ་བཞིན་གཤེགས་ལ་ཕོག་པས་ཀྱང་། །མཉེས་པའི་མཆོད་པ་ཕུལ་བས་སོ། །བདག་ལ་སླར་ཐིམ་ཞི་བ་འགྲུབ། །རྒྱས་པ་སེར་པོ་འཕྲོ་འདུ་ཡིས། །གོང་བཞིན་སྤྲོ་བསྡུ་ཤེས་པར་བྱ། །དམར་པོ་དབང་གི་འཕྲོ་འདུ་བྱ། ། དྲག་པོ་ནག་པོའི་འཕྲོ་འདུ་བྱ། །སྣ་ཚོགས་འཕྲོས་པས་ཕྲིན་ལས་བཞིའི། །དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན། །ནང་དང་གསང་བའི་བཟླས་པ་ཡང་། །གོང་བཞིན་སྤྲོ་བསྡུ་ཤེས་པར་བྱ། །དུར་ཁྲོད་ཕག་མོས་ཡང་གསོལ་པ། ། ཟད་ཅིང་འཕེལ་བར་བྱེད་པ་གང་། །མཐར་ཐུག་པ་ཡི་ཡི་གེ་གང་། །ཞེས་ཞུས་སོ། །དཔའ་བོ་ཆེན་པོས་ཡང་གསུངས་པ། །གཏི་མུག་ཟད་བྱེད་ཨ་ཡིན་ཏེ། །ཧས་ནི་ཞེ་སྡང་ཟད་པར་བྱེད། །ང་རྒྱལ་ཟད་བྱེད་རི་ཡིན་ཏེ། །ནི་ཡིས་འདོད་ཆགས་ཟད་པར་ བྱེད། །ཕྲག་དོག་ཟད་བྱེད་ས་ཡིན་ནོ། །ཨ་ནི་ཆོས་དབྱིངས་ཡེ་ཤེས་འཕེལ། །ཧ་ནི་མེ་ལོང་ཡེ་ཤེས་འཕེལ། །རི་ཡིས་མཉམ་ཉིད་ཡེ་ཤེས་འཕེལ། །ནི་ཡིས་སོ་སོར་རྟོག་བྱེད་འཕེལ། །ས་ཡིས་བྱ་གྲུབ་ཡེ་ཤེས་འཕེལ། །ཨ་ནི་སངས་རྒྱས་མཁའ་ འགྲོར་སྣང་། །ཧ་ནི་རྡོ་རྗེ་མཁའ་འགྲོར་སྣང་། །རི་ནི་རིན་ཆེན་མཁའ་འགྲོར་སྣང་། །ནི་ཡིས་པདྨ་མཁའ་འགྲོར་སྣང་། །ས་ཡིས་ལས་ཀྱི་མཁའ་འགྲོར་སྣང་། །ཨས་ནི་དེ་བཞིན་རིགས་ཐོབ་སྟེ། །ཧས་ནི་རྡོ་རྗེའི་རིགས་ཆེན་ཐོབ། །རི་ནི་རིན་ཆེན་ རིགས་ཐོབ་སྟེ། །ནི་ཡིས་པདྨའི་རིགས་ཐོབ་བོ། །ས་ནི་ལས་ཀྱི་རིགས་ཆེན་ཐོབ། །ཆོས་སྐུའི་མཐར་ཐུག་ཨ་ཡིན་ཏེ། །ལོངས་སྐུའི་རྣམ་པ་ཡི་གེ་ཧ། །སྤྲུལ་པ་སྐུ་ནི་རི་ཡིན་ནོ། །ངོ་བོ་ཉིད་སྐུའི་ཡི་གེ་ནི། །རྡོ་རྗེའི་སྐུ་ནི་ཡི་གེ་ས། །ཞེས་གསུངས་སོ། ། དུར་ཁྲོད་བདག་མོས་ཡང་ཞུས་པ། །དབང་པོ་རབ་འབྲིང་རིམ་པ་ཡིས། །ཇི་ལྟར་ཤེས་ན་གྲོལ་བར་འགྱུར། །དཔའ་བོ་ཆེན་པོས་ཡང་གསུངས་པ། །དབང་པོ་རབ་འབྲིང་གསུམ་ཡིན་ཏེ། །དབང་པོ་རབ་ཀྱི་གང་ཟག་ལ། །སྐད་ཅིག་དྲུག་གི་གདམས་ངག་ བསྟན། །ཡེ་ཤེས་སྐད་ཅིག་དང་པོ་ཡིས། །གཟུང་བའི་རྣམ་པར་རྟོག་པ་གཅད། །སྐད་ཅིག་གཉིས་པའི་ཡེ་ཤེས་ཀྱིས། །འཛིན་པའི་རྣམ་པར་རྟོག་པ་གཅད། །སྐད་ཅིག་གསུམ་པའི་ཡེ་ཤེས་ཀྱིས། །གཟུང་འཛིན་གཉིས་ཀྱི་རྟོག་པ་གཅད། ། སྐད་ཅིག་བཞི་པའི་ཡེ་ཤེས་ཀྱིས། །ཉམས་ལ་ཞེན་པའི་རྣམ་རྟོག་གཅད། །སྐད་ཅིག་ལྔ་བའི་ཡེ་ཤེས་ཀྱིས། །ཉམས་མྱོང་བདེ་བའི་རྣམ་རྟོག་གཅད། །སྐད་ཅིག་དྲུག་པའི་ཡེ་ཤེས་ཀྱིས། །ཡིད་ལ་བྱེད་པའི་རྣམ་རྟོག་གཅད། །གྲོལ་འགྱུར་ རབ་ལ་ཐེ་ཚོམ་མེད། །དབང་པོ་འབྲིང་པོའི་གང་ཟག་ལ། །རླུང་དྲུག་མན་ངག་བསྟན་པ་ནི། །ལྷན་ཅིག་སྐྱེས་པའི་རླུང་གོམས་པས། །རང་བཞིན་སྒྲིབ་པ་སེལ་བར་བྱེད། །ཐད་ཀར་འབྱུང་བའི་རླུང་གོམས་པས། །མཚན་མོ་ལྟ་བུའི་སྒྲིབ་པ་སེལ། ། རང་ལས་སྐྱེས་པའི་རླུང་གོམས་པས། །ཆོད་པའི་སྒྲིབ་པ་སེལ་བར་བྱེད། །སྤོང་བྱེད་རླུང་ལ་གོམས་པ་ཡིས། །སྔོན་དུ་རྒྱུ་བའི་སྒྲིབ་པ་སེལ། །སྦྱོང་བྱེད་རླུང་ལ་གོམས་པ་ཡིས། །ཤེས་བྱའི་སྒྲིབ་པ་སེལ་བར་བྱེད། །རྫོགས་བྱེད་རླུང་ལ་གོམས་པ་ཡིས། ། ས་རྣམས་རིམ་གྱིས་གནོན་པར་བྱེད། །ཡེ་ཤེས་རྣམས་ནི་དུས་གཅིག་འཆར། །ཤེས་བྱ་ཐམས་ཅད་དུས་གཅིག་ཆོད། །རླུང་དྲུག་མ་ཡིན་ཡེ་ཤེས་ཡིན། །མུན་པ་རྣམས་ནི་བསྒྲིབས་པ་ཡིས། །ཡེ་ཤེས་རིམ་གྱིས་སྐྱེ་བ་དང་། །སྒྲིབ་པ་རིམ་གྱིས་སེལ་བར་བྱེད། ། གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །དབང་པོ་ཐ་མའི་གང་ཟག་ལ། །ཡུལ་ནི་དག་པའི་སངས་རྒྱས་ཞིང་། །ལུས་དག་པ་ནི་དཀྱིལ་འཁོར་ཡིན། །རང་སེམས་དག་པ་ཕག་མོའི་སྐུ། །ངག་དག་པ་ནི་སྔགས་སུ་གསུངས། །ལྟ་བསྒོམ་དག་པ་དངོས་གྲུབ་ཡིན། །དཔེ་དོན་ གཉིས་སུ་མེད་པ་གང་། །སྐལ་མེད་དངོས་གྲུབ་མི་འབྱུང་བས། །ལོ་དྲུག་བསྒོམས་ན་ཐེ་ཚོམ་མེད། །ཅེས་གསུངས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྒྱུད་ཕྱི་མ་རྫོགས་ རིམ་བསྟན་པའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་རའི་ཞལ་སྔ་ནས་ལོཙྪ་བ་གྱི་ཇོ་ཟླ་བ་འོད་ཟེར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བིདྱཱ་དྷ་རི་ཎཱི་བཛྲ་ཡོ་གི་ནཱི་སཱ་དྷ་ན་ནཱ་མ། བོད་སྐད་དུ། རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། དེ་ནས་ཡང་དག་བཤད་བྱ་སྟེ། འབུམ་ཕྲག་གསུམ་བ་ལས་འབྱུང་བའི་སྒྱུ་འཕྲུལ་དྲ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས་སྒྱུ་མ་ཆེན་མོ་ཞེས་བྱ་བ་སྟེ། སྙིང་ག་ནས་སྤྲོས་པས་རྨི་ལམ་ལྟ་བུའི་ལུས་དང་ལོངས་ སྤྱོད་དམ་པའི་བདེ་བ་གཉིས་སུ་མེད་པར་གྱུར་པ་དང་། འདིར་དེའི་སྟེང་དུ་མ་ནིང་གི་ས་བོན་བལྟ་སྟེ། ས་བོན་དེ་ཡོངས་སུ་གྱུར་པ་ལས་དམར་མོ་ཞལ་སྟེང་དུ་ཕྱོགས་ཤིང་གྱེན་དུ་གཟིགས་པ། ཞབས་གཡོན་པ་ལ་འཁྱུད་པའི་ཐོད་པའི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བ་བཅིངས་པའི་ཕྱག་ཅན་མ། མེ་ཏོག་གི་ཞགས་པ་གཡོན་པའི་ཕྱག་ནའོ། །ཞབས་གཡས་པའི་རྟིང་པ་ལ་རེག་པའི་གཡས་པ་ན་རྡོ་རྗེའི་ཕྱག་ཅན་མ་རྒྱན་ཐམས་ཅད་སྤངས་པ་མོ། རིག་པ་འཛིན་མའི་རིག་པའི་སྦྱོར་བ་ཅན་མ། སྤྲོ་ཞིང་ཀུན་ཏུ་སྡུད་པའི་ལུས་ཅན་མ། མནྡཱ་ར་བ་དང་། མྱ་ངན་མེད་པ་དང་། ཡོངས་འདུ་རྣམས་ སྐྱེས་པར་གྱུར་པའི་རིན་པོ་ཆེ་བརྩེགས་པའི་ཁང་པར་རབ་ཏུ་འཇུག་པར་བདག་ཉིད་བསྒོམ་པར་བྱའོ། །ཨོྃ་བྃ་རྡོ་རྗེ་ཕག་མོའོ། །ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མའོ། །ཧྲིཾ་མོཾ་རྨོངས་བྱེད་མའོ། །ཧྲེཾ་ཧྲཱིཾ་ཀུན་ཏུ་བསྐྱོད་མའོ། །ཧཱུྃ་ཧཱུྃ་ཀུན་ཏུ་སྐྲག་བྱེད་མའོ། །ཕཊ་ཕཊ་གཏུམ་མོ་ཡན་ལག་ཐམས་ཅད་ལ་ མཚན་མའོ། །ལྟེ་བ་དང་། །སྙིང་ག་དང་། དེ་བཞིན་དུ་ཁ་དང་། མགོ་བོ་དང་། སྤྱི་བོ་སྟེ་འདི་མཚོན་བྱའོ། །རྣལ་འབྱོར་མ་ལྔ་པོ་འདི་རྣམས་རྡོ་རྗེ་སེམས་དཔར་བཤད་དོ། །རྡོ་རྗེ་མཁའ་འགྲོ་མའི་གོ་ཆ་བགོས་ལ་རང་བཞིན་གྱིས་བསྐྱེད་པའི་གཏོར་མ་སྦྱིན་པར་བྱའོ། །ཨོྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌྜྷ་ཡ་ཨཱ་ཀཌྜྷ་ ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། །ཏོ་ཥ་ཡ་ཏོ་ཥ་ཡ། །སརྦ་ཌ་ཀི་ནཱི་ནཱཾ་ཧྲྀ་ད་ཡཾ་ཧཱུྃ་ཕཊ། ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཨོྃ། ཨོྃ་བཛྲ་ཌཱ་ཀི་ནཱི་པྲ་ཏཱི་ཙྪེ་མཾ་བ་ལིཾ་ཧཱུྃ་ཧཱུྃ། ཨོྃ་རཏྣ་ཌཱ་ཀི་ནཱི་པྲ་ཏཱ་ཙྪེ་མཾ་བ་ལིཾ་ཧཱུྃ་ཏྲཱཾ། ཨོྃ་པདྨ་ཌཱ་ཀི་ནཱི་པྲ་ཏཱི་ཙྪེ་མཾ་བ་ལིཾ་ཧཱུྃ་ཧྲཱིཿ། ཨོྃ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཨཱཿ ཨོྃ་སརྦ་ཡོ་གི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ ཧཱུྃ་ཧཱུྃ། ཧ་ཧ་ཧི་ཧི་བཛྲ་ཛཿཧཱུྃ་བཾ་ཧོཿ། ཨོྃ་བཛྲ་ཡ་གི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་རཀྵ་རཀྵ་ཧོཿ། རིག་པ་འཛིན་མའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛ་ཡ་སེ་ནའི་ཞབས་དང་། ལོཙྪ་བ་བཙུན་པ་དྷརྨ་ཡོན་ཏན་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། སྃ་པུ་ཊ་ནཱ་མ་མ་ཧཱ་ཏནྟྲ། བོད་སྐད་དུ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ། །འཛུམ་པ་མཛད་མ་ཐག་ཏུ་དེའི་ཚེ་རྡོ་རྗེ་སྙིང་པོ་ སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཀྱི་དབང་པོ་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་གསང་བ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་ མཚན་ཉིད་མཉན་པར་འཚལ་ལོ། །ཨེ་མའོ་རྡོ་རྗེ་སྙིང་པོ་ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཕུང་པོ་ལེགས་སོ་ལེགས་སོ། །གང་ཞིག་རྒྱུད་ཐམས་ཅད་དུ་གསང་བ་དེ་ཐམས་ཅད་འདོད་པས་ཞུས་ཤིག ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་རབ་ཏུ་འཛུམ་ཞིང་མིག་ཕྱེ་བས་ཕྱག་འཚལ་ཏེ། རང་གི་ཐེ་ཚོམ་ཡང་དང་ཡང་དུ་ཞུས་པ། རྒྱུད་ནི་ཐམས་ཅད་ཅི་ཞེས་བརྗོད། །གླེང་གཞི་ཡང་ནི་ཇི་ལྟར་ལགས། །འདི་ལ་གསང་བ་ཅི་ཞེས་གསུངས། ། ཇི་ལྟར་ཡང་དག་སྦྱོར་བྱུང་མིང་། །དེ་ལ་མཚན་ཉིད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱུད་དང་ཐམས་ཅད་དེ་ནི་རྒྱུད་ཐམས་ཅད་དོ། །རྒྱུད་ཐམས་ཅད་ཀྱི་སྒྲས་ནི་འདུས་པ་ལ་སོགས་པའོ། །དེ་རྣམས་ཀྱི་གླེང་གཞི་ནི་བྱུང་བར་ངེས་པ་ཞེས་བྱ་ བའི་དོན་ཏོ། །ཁྱབ་འཇུག་དང་། །དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །ཡང་དག་པར་སྦྱོར་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །དེ་ལས་བྱུང་བ་ནི་ཡང་དག་པར་སྦྱོར་ བའི་ཏིང་ངེ་འཛིན་ཅེས་བྱ་བའི་དོན་ཏོ། །འབྱུང་བ་ནི་སྐྱེ་བ་སྟེ། དེ་ལྟར་གནས་པ་དང་གཡོ་བའི་དངོས་པོའི་རང་བཞིན་གྱི་བདག་ཉིད་ཅན་དུ་གྱུར་པའོ། །མཚན་ཉིད་ཅེས་བྱ་བ་ནི་འདིས་མཚོན་པར་བྱེད་པའོ། །ཡང་ན་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཡང་དག་པར་ སྦྱོར་བ་ལས་བྱུང་བ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་སེམས་དཔར་གསུངས་སོ། །གསང་བ་ཞེས་བྱ་བ་འདིས་ནི་མན་ངག་ཅན་གྱི་སྔགས་བཏུ་བ་དང་། དཀྱིལ་འཁོར་གྱི་ལྷ་ལ་སོགས་པའི་མཚན་ཉིད་དོ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། ། དང་པོར་སྟོང་ཉིད་བསམས་པས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །གཟུགས་ཀྱི་ཁམས་ནི་སྟོང་པ་ཡི། །སྒྲ་ལ་དེ་ཉིད་ཀྱིས་ནི་བྱ། །དྲི་ཡི་ཁམས་ནི་སྟོང་པ་ཡི། །རོ་ལ་དེ་ཉིད་ཀྱིས་ནི་བྱ། །རེག་བྱའི་ཁམས་ནི་སྟོང་པ་ཡི། །ཡིད་ལ་དེ་ཉིད་ཀྱིས་ནི་བྱ། ། རྡོ་རྗེ་སྙིང་པོས་གསོལ་བ། མིག་གི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །རྣ་བའི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །སྣ་ཡི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ལྕེ་ཡི་རང་བཞིན་སྟོང་པ་ ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ལུས་ཀྱི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ཡིད་ཀྱི་རང་བཞིན་སྟོང་པ་ཡི། །དབུས་སུ་རྣམ་ཤེས་ཇི་ལྟར་ལགས། །དེ་ཕྱིར་གཟུགས་མེད་ལྟ་བ་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་ པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཉིས་མེད་གཉིས་ནི་རྣམ་སྤངས་པའི། །དེ་ཉིད་ལམ་ནི་ཇི་བཞིན་ཉོན། །རྟོག་གེ་མེད་ཅིང་རྣམ་ཤེས་ མེད། །དེ་བཞིན་རྟོག་གེ་པས་མི་རྟོགས། །སངས་རྒྱས་ཀུན་གྱི་གསང་བ་ནི། །ནམ་མཁའ་ལྟ་བུར་མཉམ་པ་ཉིད། །ཉན་ཐོས་རྣམས་ཀྱིས་མི་ཤེས་ཏེ། །མི་ཤེས་པ་ཡི་མུན་པས་བསྒྲིབས། །བག་ཆགས་སད་པའི་ཡེ་ཤེས་གང་། །རང་རྒྱལ་རྣམས་ཀྱི་སྤྲུལ་པའོ། ། གསང་བ་སངས་རྒྱས་སྤྱོད་ཡུལ་ཉིད། །དེ་རྣམས་ཀུན་གྱིས་མི་ཤེས་སོ། །འཁོར་བའི་རྒྱ་མཚོའི་འཇིགས་པ་ལས། །རྒལ་བར་འགྲོ་བའི་སེམས་ཀྱིས་ནི། །ལུས་ཀྱི་དབུས་སུ་བསྐོར་བ་ཡི། །རྒལ་བ་མཚོན་པར་གསུངས་པ་སྟེ། །རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། ། མཚན་ཉིད་མཚན་གཞི་མཚོན་པར་བྱེད། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཤེས་བྱ་རྣམས་གྱིས་འགྲོ་བ་བརྟག །འགྲོ་བ་བརྟག་པའི་སེམས་ཀྱིས་ནི། །ཇི་ལྟར་རང་འདོད་ལ་སོགས་འགྲོ། །འགྲོ་བར་སྔོན་གྱི་སྐྱེ་བ་ནི། །སྟོང་ཕྲག་དུ་མ་དག་ཏུ་འགྲོ། །ཡོ་གིས་སྔར་ གསུངས་མཚན་ཉིད་ཀྱི། །མཚན་ཉིད་སྟོང་པར་བསམས་ནས་ནི། །ལུས་ཀྱི་སྟོང་པའི་ཞིང་སོགས་ལ། །བློ་དང་ལྡན་པས་ས་བོན་གདབ། །རྩ་ཡི་མཛེས་སྤྱི་ལས་བྱུང་བ། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པའི་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་ གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །དེ་ཡི་ནང་དུ་གནས་པའི་ལྷ། །མི་གསལ་གསལ་བའི་རང་བཞིན་ཅན། །མ་མོ་ཕྱེད་པ་མཆོག་ཏུ་ཕྲ། །ཐིག་ལེའི་གཟུགས་ཀྱི་ཡིད་ཀྱི་དངོས། །སྙིང་གི་དབུས་སུ་རྟག་གནས་ཤིང་། ། འོད་ཟེར་ལྡན་ཞིང་གཟི་བརྗིད་ཆེ། །བཅུ་གཉིས་མཐའ་དང་དགུ་ཡི་མཐར། །རྐང་མཐིལ་མགོ་བོ་མེད་པར་ནི། །ཐག་པ་གཅིག་ནི་རྣམ་ཕྱུང་ནས། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཆ་ནི་ལྔ་པ་ཙམ་ཉིད་ནི། །ཀླུ་དབང་དབྱིབས་སུ་རྒྱས་པ་ལ། །དེ་ཡི་ཆ་ཡང་ ཕྱེ་ནས་ནི། །རྡོ་རྗེའི་དབུས་སུ་རྣམ་ཕྱུང་སྟེ། །སྐྱེ་གནས་དབུས་སུ་ས་བོན་གནས། །ཆོས་དབྱིངས་ཁུ་བར་བྱས་ནས་ནི། །སྒོ་ནི་དགུ་པོ་ཐམས་ཅད་དུ། །དེ་ནི་རིམ་པས་འཕོ་བར་འགྱུར། །དེ་བཞིན་མེ་ནི་ཚངས་པའི་དངོས། །ས་ཡི་ས་བོན་གཉིས་ཀྱིས་ནི། ། མིག་ལ་དེ་ཉིད་སྦྱར་བར་བྱ། །རླུང་གི་སྟོང་སོགས་ས་བོན་གྱི། །སེམས་ཀྱིས་སྣ་དང་རྣ་བ་སོགས། །བདུད་རྩི་ཆུ་ཡི་ས་བོན་ལྕེ། །དབང་པོར་གཙོ་བོ་དབང་ཕྱུག་ཉིད། །མགྲིན་པར་གཏི་མུག་ས་བོན་ཏེ། །ལག་པར་ཉོན་མོངས་དེ་བཞིན་ནོ། །གཡོ་བ་སྙིང་གི་གནས་ རྣམས་སུ། །ཕྱུགས་བདག་ལྟེ་བའི་རྩ་བར་ནི། །ཡན་ལག་བརྒྱད་ཀྱི་ས་བོན་གྱིས། །ཡན་ལག་བརྒྱད་ཀྱི་ཆོ་གས་འཛིན། །བརྟན་སོགས་གཡོ་བར་བཅས་པ་ཡི། །འགྲོ་ཀུན་ཁྱབ་པར་བྱེད་པས་ཁྱབ། །ཚངས་སོགས་ལྷ་དང་ལྷ་མིན་རྣམས། ། དེ་ཡི་གདན་དུ་གྱུར་པ་ཡིན། །གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཇི་སྲིད་ལུས་ལ་རྣམ་གནས་པ། །དེ་ཡི་ལས་དང་ལས་མིན་འགྱུར། །དགེ་དང་མི་དགེ་གང་ཅུང་ཟད། །བྱས་པའི་ལས་ནི་ཐམས་ཅད་བྱེད། །རྣལ་འབྱོར་མཉམ་པ་ ཉིད་དུ་གསུངས། །རབ་ཏུ་སྦྱོར་བ་སྒོམ་པ་ཡིན། །གང་ཚེ་ལས་ཀྱི་ལུས་བཅོམ་པ། །དེ་ལྟར་ལྷ་རུ་འགྱུར་བ་ཡིན། །གང་གིས་བརྟན་དང་གཡོ་ཁྱབ་པ། །དེས་ནི་དེ་ཚེ་རང་གིས་ནུས། །ནམ་མཁའ་ལྟ་བུར་མཉམ་ཉིད་ནི། །དེ་ཡི་ཁ་དོག་ཤེས་པར་བྱ། །མྱ་ངན་འདས་ གནས་དཔའ་བོ་ནི། །གོས་པ་མེད་ཅིང་དྲི་མ་སྤངས། །མ་དང་སྲིང་མོ་ཉིད་དང་ཡང་། །བུ་མོ་དེ་བཞིན་གཉེན་མོ་དང་། །བྲམ་ཟེ་མོ་དང་རྒྱལ་རིགས་དང་། །རྗེའུ་མོ་དེ་བཞིན་དམངས་མོ་དང་། །གར་མ་ཚོས་མ་གཡུང་མོ་དང་། །དེ་བཞིན་དུ་ནི་གདོལ་པ་མོ། ། ཐབས་དང་ཤེས་རབ་ཆོ་ག་ཡིས། །དེ་ཉིད་རིག་པས་མཆོད་པར་བྱ། །ཇི་ལྟར་བྱེ་བར་མི་འགྱུར་བར། །རབ་ཏུ་འབད་པས་བསྟེན་པར་བྱ། །མ་གསང་སྦྲུལ་དང་ཆོམ་རྐུན་སོགས། །ས་ལ་སྤྱོད་པས་སྡུག་བསྔལ་བྱེད། །རིགས་ཀྱི་དབྱེ་བས་ཕྱེ་ནས་ནི། །ཕྱག་ རྒྱ་རྣམ་པ་ལྔར་ནི་གསུངས། །བྲམ་ཟེ་སྐྱེ་གཉིས་རིགས་སྐྱེས་མ། །དེ་བཞིན་གཤེགས་པ་ཉིད་དུ་གསུངས། །རྒྱལ་རིགས་མ་ནི་རྒྱལ་པོའི་རུས། །རྨ་བྱ་ཟླ་སོགས་རིགས་ལས་སྐྱེས། །རྡོ་རྗེ་བདུད་རྩི་ཞེས་བྱར་གྲགས། །རྗེའུ་མོ་བལ་གླང་སྐྱོང་བ་སྟེ། །ལས་ ཀྱི་རིགས་ལས་སྐྱེས་པར་གསུངས། །དམངས་མོ་ཡང་ནི་བྲན་མོ་སྟེ། །རྣམ་པར་སྣང་མཛད་ཆེན་པོར་གསུངས། །གར་མ་པདྨའི་རིགས་ཉིད་དེ། །ཚོས་མ་དེ་བཞིན་ལས་ཀྱི་རིགས། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །རིན་ཆེན་གདོལ་པ་མོར་ཤེས་བྱ། །ཕྱག་རྒྱ་ལྔར་ནི་ རྣམ་པར་ངེས། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པས་ནི། །དེ་བཞིན་གཤེགས་པར་མངོན་ པར་བརྗོད། །རིགས་ནི་རྣམ་པ་ལྔ་རུ་གསུངས། །རིགས་ནི་བརྒྱ་དང་མཐའ་ཡས་དང་། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །རིགས་དང་འབྱུང་བ་ལྔ་རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྡོ་རྗེ་རིན་ཆེན་པད་ནོར་བུ། ། འཛིན་པའི་རིམ་པའི་རིགས་རྣམས་སོ། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །སྔགས་མེད་ལྷ་ཡང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ཉིད། །སྔགས་དང་ལྷར་ནི་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའོ། ། ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །ཞི་བ་རྟག་ཏུ་དགེ་བ་སྟེ། །ཐམས་ཅད་ཀུན་གྱི་བདག་ཉིད་གནས། །དམ་པའི་བདེ་བས་དེ་ཉིད་དེ། །དགའ་བ་རྟོགས་ ཕྱིར་རྣམ་སངས་རྒྱས། །གང་ཕྱིར་ལུས་ལས་བྱུང་བའི་ཕྱིར། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །འདི་ལ་བྷ་ག་མངའ་བའི་ཕྱིར། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ ལ་སོགས་པ། །འཇོམས་པའི་ཕྱིར་ན་བཅོམ་ལྡན་འདས། །གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཤེས་རབ་མ་ཞེས་བརྗོད་པར་བྱ། །གང་ཕྱིར་སྐལ་བ་སྟོན་པའི་ཕྱིར། །ཤེས་རབ་དེ་ཉིད་སྲིང་མོ་ཉིད། །ཤེས་རབ་ཚོས་མར་བརྗོད་པ་ནི། །སེམས་ཅན་ཐམས་ཅད་ འཚེད་པའི་ཕྱིར། །བཙོ་བླག་མ་ཞེས་དེ་བཞིན་བརྗོད། །ཡོན་ཏན་འཇོ་བར་གསུངས་པའི་ཕྱིར། །ཤེས་རབ་བུ་མོར་བརྗོད་པར་བྱ། །སྙིང་རྗེ་ཆེན་པོས་གཡོ་བའི་ཕྱིར། །ཤེས་རབ་གར་མར་བརྗོད་པར་བྱ། །གང་ཕྱིར་བཅོམ་ལྡན་མི་རེག་པ། །དེ་ཕྱིར་གཡུང་མོར་བརྗོད་ པར་བྱ། །ཨཱ་ལི་ཀཱ་ལི་རབ་སྨྲས་པ། །བརྗོད་པ་བཟླས་པར་ཡང་དག་བཤད། །རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ལག་པ་སྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པའང་དེ་བཞིན་ནོ། །གང་ཕྱིར་རྣམ་སེམས་བསམ་ གཏན་ནི། །གང་སེམས་དེ་ནི་བསམ་གཏན་ནོ། །ཕ་ལས་བདེ་བ་གང་ཐོབ་པ། །དེ་ཡི་བདེ་བ་རང་གིས་བཟའ། །བདེ་བ་གང་གིས་འཆིང་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་ བསྒོམ་པའི་དེ་ཁོ་ནའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བརྗོད་པར་བྱའོ། །ནང་གི་ལུས་དང་། ཕྱིའི་ལུས་དང་། ཕྱི་ནང་གཉིས་ཀའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་པའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གཉིས་ཀའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་ གཉིས་སུ་གྱུར་པའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ཕྱི་ནང་གཉིས་ཀའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་ གྱུར་པའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་གི་སེམས་དང་། ཕྱིའི་སེམས་དང་། ཕྱི་ནང་གཉིས་ཀའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་བའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་པའི་འདུལ་བའི་འཇིག་ རྟེན་ལ་དྲན་པ་དང་ལྡན་པའོ། །འདི་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞིའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །སྡིག་ པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་ རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དེ་ལྟར་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར་ཐབས་ཚད་མེད་པ་བསྒོམས་པས་ཡོངས་སུ་གང་བའི་ཕྱིར་ཡོངས་སུ་གང་བར་གྱུར་པས་བསྒོམ་པ་དམ་པ་འཕེལ་བར་བྱ་བའི་ཕྱིར་འདུན་པ་ སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །འདི་རྣམས་ནི་ཡང་དག་པར་སྤོང་བ་བཞིའོ། །འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། འགོག་པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བར་གྱུར་པས་བདག་གི་འདུན་པ་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་པ་མ་ཡིན་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་ བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། འགོག་པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བར་གྱུར་པས་བདག་གི་བརྩོན་འགྲུས་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ ཏུ་འཇོག་པ་མ་ཡིན་པའོ། །དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེ་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། འགོག་པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བར་གྱུར་ པས་བདག་གི་དཔྱོད་པ་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་པ་མ་ཡིན་པའོ། །སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། །འགོག་ པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བས་བདག་གི་སེམས་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་པ་མ་ཡིན་པའོ། །འདི་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདོད་པར་སྤྱོད་པ་དང་བཅས་པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པར་ བྱེད་དེ། རང་གི་ལས་ཀྱི་རྣམ་པར་སྨིན་པ་ལ་སོ་སོར་ཡིད་ཆེས་པར་གྱུར་པ་གང་ཞིག་དེ་ལྟར་ལས་བྱེད་པར་འགྱུར་བ་དགེ་བའམ་སྡིག་པ་དེ་དང་དེའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་དེ་ནི་འཚོ་བའི་རྒྱུར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་པའོ། ། འདི་ནི་དད་པའི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམས་ལ་དད་པའི་དབང་པོས་དད་པར་བྱེད་པའི་ཆོས་རྣམས་ལ་བརྩོན་འགྲུས་ཀྱི་དབང་པོས་ཤེས་པར་བྱེད་དོ། །འདི་ནི་བརྩོན་འགྲུས་ཀྱི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམས་ལ་བརྩོན་འགྲུས་ཀྱི་དབང་པོས་ཤེས་པ་ དེའི་ཆོས་རྣམས་ནི་དྲན་པའི་དབང་པོས་རབ་ཏུ་འཇོག་པར་མི་བྱེད་པའོ། །འདི་ནི་དྲན་པའི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམས་ལ་དྲན་པའི་དབང་པོས་རབ་ཏུ་འཇིག་པར་མི་བྱེད་པ་དེའི་ཆོས་རྣམས་ནི་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པའོ། །འདི་ནི་ཏིང་ངེ་འཛིན་ གྱི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམས་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་དེའི་ཆོས་རྣམས་ནི་ཤེས་རབ་ཀྱི་དབང་པོས་སོ་སོར་རིག་པ་སྟེ། དེ་ནི་ཆོས་དེ་དང་དེ་རྣམས་ལ་སོ་སོར་རྟོག་པ་སྐྱེ་བར་འགྱུར་རོ། །འདི་ནི་ཤེས་རབ་ཀྱི་དབང་པོར་གསུངས་སོ། ། དབང་པོ་ལྔ་པོ་འདི་རྣམས་འཕེལ་བ་ནི་སྟོབས་ལྔ་རུ་འགྱུར་ཏེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། འདི་རྣམས་ནི་སྟོབས་ལྔའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། འགོག་པས་ངེས་པར་འབྱུང་བ་དང་། ཀུན་ནས་ ཉོན་མོངས་པ་དང་བྲལ་བའི་ཀུན་ནས་རྣམ་པར་བྱང་བར་གྱུར་པ་དང་། ཆོས་རབ་ཏུ་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་བསྒོམ་པའོ། །དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་ནི་གང་ཞིག་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ ལྟ་བས་ཀུན་ནས་བསླང་བ་མ་ཡིན་པ་དང་། སེམས་ཅན་མེད་པ་དང་། འཚོ་བ་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེས་མེད་པ་དང་། ཤེད་བུ་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པའི་ལྟ་བས་ ཀུན་ནས་བསླང་བ་ཆང་བ་མ་ཡིན་པ་དང་། རྟག་པར་ལྟ་བས་ཀུན་ནས་བསླང་བ་མ་ཡིན་པ་དང་། སྲིད་པ་དང་བྲལ་བའི་ལྟ་བས་ཀུན་ནས་བསླང་བ་དང་། རིགས་སུ་ལུང་བསྟན་པའི་ལྟ་བས་ཀུན་ནས་བསླང་བ་དང་། ཇི་སྲིད་འཁོར་བ་མ་ཡིན་ཞིང་མྱ་ངན་ལས་འདས་པའི་ཡང་མ་ ཡིན་པའི་ལྟ་བས་ཀུན་ནས་བསླང་བ་སྟེ། འདི་ནི་ཡང་དག་པའི་ལྟ་བར་གསུངས་སོ། །གང་ཞིག་ཡང་དག་པའི་རྟོག་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པས་ཀུན་ནས་བསླང་བའི་རྟོག་པ་དེ་ནི་ཡང་དག་པའི་རྟོག་པར་མི་འགྱུར་རོ། །ཡང་དག་པའི་ རྟོག་པ་གང་ཞིག་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་ཀུན་ནས་སློང་བ་དེའི་ཡང་དག་པའི་རྟོག་པ་དེ་ནི་ཡང་དག་པའི་རྟོག་པར་འགྱུར་ཏེ། འདི་ནི་ཡང་དག་པའི་རྟོག་པར་གསུངས་སོ། །གང་ ཞིག་ཚིག་གིས་བདག་ལ་གདུང་བར་མི་བྱ་ཞིང་གཞན་ལ་གདུང་བར་མི་བྱ་བ་དང་། བདག་ལ་ཉོན་མོངས་པར་མི་བྱ་ཞིང་གཞན་དག་ལ་ཉོན་མོངས་པར་མི་བྱ་བ་དང་། བདག་ལ་མི་དཔྱ་ཞིང་གཞན་དག་ལ་ཡང་དཔྱ་བར་མི་བྱ་བ་སྟེ། དེ་མཉམ་པར་གཞག་པ་དང་ལྡན་པས་ཚིག་དང་ལྡན་པར་ འགྱུར་ཞིང་། གང་གི་ཚིག་གིས་ཡང་དག་པའི་འཕགས་པར་འཇུག་པར་འགྱུར་བ་འདི་ནི་ཡང་དག་པའི་ངག་ཅེས་གསུངས་སོ། །གང་ཞིག་ལས་ནག་པོ་དང་ནག་པོའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་མི་བྱེད་པ་དང་། གང་ཞིག་ལས་དཀར་བ་ དང་དཀར་པོའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་བྱེད་པ་དང་། གང་ཞིག་ལས་དཀར་པོ་དང་། ནག་པོའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་མི་བྱེད་པ་དང་། གང་ཞིག་ལས་དཀར་པོ་དང་། ནག་པོ་དང་། དཀར་པོའི་རྣམ་པར་སྨིན་པ་དང་། ནག་པོ་ ཟད་པའི་བསམ་པས་གནས་པ་དེའི་ལས་མངོན་པར་འདུ་བྱེད་དེ། དམ་པའི་ལས་ལྟ་བུར་འགྱུར་བ་ནི་ཡང་དག་པའི་ལས་ཀྱི་མཐའ་སྟེ། འདི་ནི་ཡང་དག་པའི་ལས་ཀྱི་མཐར་གསུངས་སོ། །གང་གི་ཚེ་འཕགས་པ་ལྟ་བུར་དུལ་བ་དང་། ཡོན་ཏན་ཡང་དག་པའི་ཆས་ཞུམ་ཞིང་ དུལ་བ་དང་། ཁ་གསག་མེད་པ་དང་། མང་དུ་སྨྲ་བ་མ་ཡིན་པ་དང་། གཏམ་ལ་མི་དགའ་བ་དང་། རང་གི་སྤྱོད་པའི་ཚུལ་ཁྲིམས་དང་། འཇིག་རྟེན་ཕ་རོལ་གྱི་དབང་ཕྱུག་དང་ལྡན་པ་དང་། བདག་གི་རྙེད་པ་ཁ་ན་མ་ཐོ་བ་མེད་པས་བདག་ཆོག་པར་འཛིན་པ་དང་། འཕགས་ པའི་བཀའི་གནག་བས་འཚོ་བ་སྟེ། འདི་ནི་ཡང་དག་པའི་འཚོ་བར་གསུངས་སོ། །རྩོལ་བ་ནི་གང་ཞིག་བརྫུན་དང་། འཕགས་པས་མ་གནང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་རྗེས་སུ་བསྟེན་པར་མི་འདོད་པ་ནི་རྩོལ་བ་སྟེ། རྩོལ་བ་ གང་ཞིག་ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པར་འཇུག་ཅིང་མྱ་ངན་ལས་འདས་པར་འགྲོ་བ་དང་། སོ་སོའི་གནས་སུ་སྐྱེད་པར་བྱེད་པ་དེ་ནི་རྩོལ་བར་ཡང་དག་པར་རྗེས་སུ་འབྲང་བ་སྟེ། འདི་ནི་ཡང་དག་པའི་རྩོལ་བར་གསུངས་སོ། །གང་ལ་ཉེ་བར་གནས་པ་དེ་ནི་རབ་ཏུ་མི་ གཡོ་བ་དང་། ལུས་དྲང་པོས་ཀྱོག་པོ་མ་ཡིན་པ་དང་། འཁོར་བའི་སྐྱོན་སྣ་ཚོགས་ལ་སོགས་པ་དབང་དུ་བྱེད་པ་སྟོན་ཅིང་། མྱ་ངན་ལས་འདས་པའི་གནས་འདོད་པའི་དྲན་པ་ནི་མི་བརྗེད་པ་སྟེ། འདི་ནི་འཕགས་པའི་ཡང་དག་པའི་ལམ་ལ་སྦྱོར་བའོ། །འདི་ནི་ཡང་དག་པའི་དྲན་ པར་གསུངས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་རྣམ་པར་ཐར་བར་བྱ་བའི་ཕྱིར་ཡང་དག་པར་གནས་ཏེ། མྱ་ངན་ལས་འདས་པ་མནན་པའོ། །འདིས་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་གསུངས་སོ། །དེ་ཉིད་ཡང་ དག་བཤད་པ་ནི། །དགའ་བ་ལ་སོགས་ས་རྣམས་ཏེ། །དབང་པོ་ལ་སོགས་རང་བཞིན་གྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཕུང་པོ་ལ་སོགས་ཁྱད་པར་གྱི། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སངས་རྒྱས་ ཉིད་ནི་མཆོག་ཏུ་འབབ། །བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །དབང་པོ་ཕུང་པོ་འབྱུང་བ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག །རང་ལུས་ཉིད་ལ་སངས་རྒྱས་ཉིད། །གཞན་ནི་གང་དུའང་མི་གནས་སོ། །ལུས་ལས་གཞན་དུ་སངས་ རྒྱས་ཉིད། །མི་ཤེས་པ་ཡིས་བསྒྲིབས་པར་བརྗོད། །ཡེ་ཤེས་ཆེན་པོ་རང་ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །རྡོ་རྗེ་སྙིང་པོས་གསོལ་བ། །ལུས་ལ་རྩ་དུ་ལགས། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག། །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག །གསུངས་པ། འདི་ལྟ་སྟེ། མི་ཕྱེད་མ་ཞེས་བརྗོད་པ་དང་། ཕྲ་གཟུགས་མ་དང་། རྩེ་བ་ མ་དང་། །གཡོན་པ་མ་དང་། ཐུང་ངུ་མ་དང་། རུས་སྦལ་སྐྱེས་མ་དང་། །སྒོམ་པ་མ་དང་། དབང་མ་དང་། སྐྱོན་མ་དང་། འཇུག་མ་དང་། །མ་མོ་དང་། མཚན་མོ་དང་། །བསིལ་སྦྱིན་མ་དང་། །ཚ་བ་མ་དང་། བརྐྱང་མ་དང་། །རོ་མ་དང་། །ཀུན་འདར་མ་དང་། །འབབ་མ་དང་། རངས་མ་དང་། མདོག་མ་དང་། གཟུགས་ཅན་མ་དང་། སྤྱི་མ་དང་། རྒྱུ་སྦྱིན་མ་དང་། སྦྱོར་བྲལ་མ་དང་། སྡུག་གུ་མ་དང་། གྲུབ་མ་དང་། འཚེད་མ་དང་། དེ་བཞིན་དུ་ཡིད་བཟང་མ་དང་། སུམ་སྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་དང་། བདུད་འདྲ་ལམ་འོ། ། བཅོམ་ལྡན་འདས་རྩ་འདི་དག་ཇི་ལྟ་བུ་ལགས། སྲིད་གསུམ་ཡོངས་སུ་གྱུར་པ་སྟེ། གཟུང་བ་དང་འཛིན་པ་ཐམས་ཅད་ཡོངས་སུ་སྤངས་པའོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཐར་ཐུག་པ་ལ་སོགས་པའི་རྣམ་པར་འགྲེལ་པ་བྱང་ཆུབ་ཀྱི་སེམས་འཇུག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །གསང་བའི་ཡེ་ཤེས་བླ་མེད་པ། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་མཁྱེན་ ནས། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡེ་ཤེས་མར་མེ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྒྱུད་ཐམས་ཅད་ཀྱི་གསང་བ་འདི་བཀའ་སྩལ་པ། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་ དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་བཅོམ་ལྡན་རྣལ་འབྱོར་ཏེ། །བརྟན་པ་རྟག་པ་མཆོག་ཏུ་ཡང་། །ཡིད་སྲུབ་སོ་སོར་སྐྱེས་པ་ཉིད། །རྟག་ཏུ་རང་བཞིན་མནན་དཀའ་བ། །སྣ་ཚོགས་ལས་ཀྱི་རྣལ་འབྱོར་གྱིས། །སྣ་ཚོགས་ཆོ་ག་འདོད་པ་ཡི། །སངས་ རྒྱས་རྡོ་རྗེ་འཛིན་སོགས་རྣམས། །སེམས་ཅན་རྣམས་ནི་འདུལ་བར་བརྗོད། །སངས་རྒྱས་ཀུན་སོགས་བརྟན་དང་གཡོ། །ཐམས་ཅད་དངོས་པོ་སྲིད་པ་འདི། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །འདིས་ནི་སྒྱུ་མའི་རྣལ་འབྱོར་གྱིས། ། ཐམས་ཅད་ལས་ནི་སྣ་ཚོགས་མཆོག །སངས་རྒྱས་སོགས་པས་འདུལ་བའི་ཕྱིར། །དངོས་གྲུབ་སེམས་ཅན་ཀུན་དོན་མཆོག །རང་གི་ངོ་བོས་ཡོངས་བསྒྱུར་བས། །བུད་མེད་སྒྱུ་མ་ཐམས་ཅད་འགྲུབ། །སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཞེས་ཀླ་ཀློའི་སྐད། །ཌཻ་བཻ་ཧཱ་ཡ་ སར་འགྲོ་བར། །སྐད་དབྱིངས་འདི་ནི་རྣམ་པར་བརྟག །ནམ་མཁའ་ཀུན་ཏུ་སྤྱོད་འགྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཀུན་ནས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པའོ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཉིད། །པདྨ་དེ་བཞིན་པདྨ་འཛིན། །ནོར་བུ་ནོར་ བུ་འཛིན་པ་ཉིད། །འདི་རྣམས་ཀྱི་ནི་རིགས་རྣམས་ཡིན། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡུལ་དང་བྲལ་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་བཀའ་སྩལ་པ། སྟོང་མིན་སྟོང་པ་མིན་པའང་མིན། ། དབུ་མར་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་ནི་སྙིང་རྗེའི་བདག་ཉིད་དེ། །དེ་ནས་མཛེས་པའི་སྙིང་རྗེ་ཐབས། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་སྒོམ་པའང་མེད། །རྣམ་རྟོག་མེད་ པས་རྟག་མོས་པས། །བརྟག་པ་ཀུན་གྱིས་བརྟག་པར་བྱ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །སེམས་ཅན་དོན་ནི་ཡོངས་སུ་བརྟག །དེ་བཞིན་གཤེགས་པ་ཀུན་བདག་ཆོས། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །སྒྲ་བརྙན་ལྟ་བུར་མཉམ་པ་ཉིད། །དེ་ནས་འདི་ནི་ཆོས་ ངག་འབྱུང་། །དེ་ནས་ཐེག་པ་ཆེན་པོ་ལས་བྱུང་བའི་བསྒོམ་པས་ཡོན་ཏན་རྒྱས་པ་རྣམས་ཀྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པའི་རྒྱལ་པོ་འདིས་ཡང་དག་པར་བསྟོད་པ། །རྣལ་འབྱོར་གྱི་བདག་པོ་སེམས་ཅན་གྲོལ་བར་མཛད་པ་ལ་བསྟོད་ཅིང་ཕྱག་ འཚལ་ལོ། །སེམས་ཅན་བདག་ཉིད་སྐྱེས་པ་གཅིག་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོའི་གཏི་མུག་གཅོད་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །དེ་ཁོ་ན་ཉིད་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་སྟོན་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ཏེ། བདག་རྟག་ཏུ་ཕྱག་འཚལ་ལོ། །ཡང་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཆོས་རྣམས་ཐམས་ཅད་གཅིག་པའི་སྐུའི། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ ཡི་རང་བཞིན་འགྱུར། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་པར་ཤིན་ཏུ་མཉམ་གཞག་ཉིད། །གང་ཕྱིར་ཐམས་ཅད་བདག་ཉིད་ཀྱི། །རྣམ་ཤེས་ཕུང་པོར་གནས་པ་ནི། །སྐྱེས་བུ་ཐ་མལ་སེམས་རྨོངས་པ། །ལ་ལས་སོ་སོར་རྟོག་མི་ནུས། ། སེམས་དང་སེམས་བྱུང་སེམས་ཀྱི་དངོས། །ཡེ་ཤེས་ཤེས་བྱ་རང་བཞིན་ཅན། །འབྲས་བུ་རྣམས་ལ་བྱེད་པ་ཉིད། །ཆོས་དང་ཆོས་ཅན་སྒོམ་པ་ཉིད། །གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་བོའི་རྒྱུན་ནི་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་ཡིན། །མང་པོ་དམིགས་པར་མི་འགྱུར་ རོ། །ཇི་ལྟར་ནང་དུ་རྣམ་གནས་པ། །བླ་མའི་ཞལ་ལས་རྙེད་པར་འགྱུར། །དེ་ཁོ་ན་ཉིད་མདོར་བསྟན་པ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་རྒྱུད་རྣམས་ཐམས་ཅད་དུ། །གཏན་ལ་ཕབ་པ་རབ་བཤད་བྱ། །སེམས་ཅན་ཀུན་ལ་མཉམ་པའི་ཕྱིར། །གྲུ་གསུམ་ རྒྱ་ཆེའི་གཟུགས་ཅན་ཉིད། །ཚངས་སོགས་ལྷ་དང་ལྷ་མིན་བཅས། །དེ་རྣམས་ཀྱི་ནི་གནས་སུ་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཀུན་རྫོབ་རྣམ་པའི་གཟུགས་ཅན་མ། །དེ་ཉིད་ཡུལ་ལས་རྣམ་པར་འདས། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། ། མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་ལྟར་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་འཁོར་ལོས་སྒྱུར་བའམ། །འདིས་ནི་དངོས་གྲུབ་ཆེན་པོ་བརྒྱད། ། གཞན་ཡང་ཡིད་ལ་འདོད་པ་ཡང་། །གཏི་མུག་ཆགས་དང་ང་རྒྱལ་དང་། །ཕྲག་དོག་དང་ནི་ཉོན་མོངས་ལྔས། །སེམས་ཅན་སོ་སོར་བཅིངས་པ་གང་། །རང་གི་ཡན་ལག་ཉིད་ཀྱིས་འཇོམས། །འདིས་ནི་འགྲོ་དྲུག་སེམས་ཅན་བཅིངས། །འཁོར་བར་འཁོར་ཞིང་སྐྱེ་བ་ཉིད། ། ཉོན་མོངས་པས་ནི་རྨོངས་གྱུར་པས། །སྡིག་པ་དུ་མ་བྱེད་པར་འགྱུར། །དེ་ཕྱིར་འདི་བཅོམ་ཅང་མཁྱེན་ཉིད། །སངས་རྒྱས་ཀྱིས་སྤྲུལ་རིགས་པས་ནི། །འཁོར་བའི་རྒྱ་མཚོར་ལྟུང་བ་ཡི། །སྦྱོར་བྲལ་སྡུག་བསྔལ་མཐོང་ནས་ནི། །ཐབས་དང་ཤེས་རབ་སྤྲུལ་པའི་རྒྱུས། །ཉོན་མོངས་ རྣམས་ནི་ཡིད་ཆེས་འགྱུར། །མཚོན་པ་འདི་ནི་འབྲས་བུར་གྱུར། །ཁམས་གསུམ་དུ་ནི་དྲི་མེད་སྣང་། །གང་དང་གང་གིས་གནས་གྱུར་པ། །དེ་ནི་དེ་ཡི་ངོ་བོ་ཅན། །བུད་ཤིང་བསྲེགས་པའི་རིགས་པས་ནི། །དགྱེས་པའི་རྒྱལ་བ་གར་མཁན་མཆོག །ཕུང་པོ་ཁམས་དང་ སྐྱེ་མཆེད་རྣམས། །འདི་ཉིད་རྣམ་དག་མཚོན་པ་འདི། །ཇི་ལྟར་དགྲ་བོ་ནུས་པ་ལ། །དགྲ་བོ་ནུས་པས་དེ་བསྣུན་པ། །གཏི་མུག་དག་པས་གཏི་མུག་སྟེ། །ཞེ་སྡང་དག་པས་ཞེ་སྡང་ཉིད། །འདོད་ཆགས་དག་པས་འདོད་ཆགས་ཏེ། །ང་རྒྱལ་རྣམ་དག་ང་རྒྱལ་ཆེ། །ཕྲག་དོག་ དག་པས་ཕྲག་དོག་ཉིད། །ཐམས་ཅད་རྣམ་དག་རྡོར་འཛིན་མགོན། །དེ་ཡི་ངོ་བོ་རྣམ་དག་པ། །ཉོན་མོངས་ལྔ་ནི་མཉམ་པར་འགྱུར། །དེ་ལྟར་རིགས་ནི་ལྔ་རྣམས་དང་། །ཡེ་ཤེས་ལྔ་དང་སངས་རྒྱས་ལྔ། །འདི་ལས་རྡོ་རྗེ་སྙིང་པོ་དང་། །ཁྲོ་བོ་ཁམས་གསུམ་སེམས་ཅན་ སྐྱེ། །ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །བླ་མ་དམན་པའི་སེམས་ཅན་རྣམས། །སྔགས་དང་ཕྱག་རྒྱ་རྙེད་མི་འགྱུར། །གང་ཞིག་ཤིན་ཏུ་གསལ་བས་ནི། །འཛམ་གླིང་དེ་འདིར་སངས་རྒྱས་བསྔགས། །གྲུ་གསུམ་དག་པ་ཨེ་ཡི་དབྱིབས། །དབུས་ སུ་དགྱེས་པའི་ཨེ་བྃ་ཡིན། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་ར་ལི་རྣམ་པར་བྱུང་། །བཙུན་མོའི་བྷ་ག་ཞེས་ཀྱང་བྱ། །ཆོས་ཀྱི་འབྱུང་གནས་ཞེས་བྱར་བཤད། །དེ་ཡི་ནང་སོང་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ལ་ཨ་ལི་ཀ་ལི་འདྲེས། །སྡེ་ཚན་ བརྒྱད་ནི་རྣམ་པར་གནས། །སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་གྱི། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཡི་གེ་རྣམས་ནི་ལྔ་བཅུ་ཉིད། །རིག་བྱེད་རྣམས་ལ་ཉེ་བར་གནས། །སྔགས་རྣམས་ཉིད་དང་རྒྱུད་རྣམས་དང་། །ཕྱི་རོལ་ཚུལ་གྱི་བསྟན་བཅོས་ཀྱི། །རྡོ་རྗེ་སྙིང་པོའི་རང་ བཞིན་འདི། །གཞན་དུ་འདི་ལས་ཅུང་ཟད་མེད། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ། །སྡེ་ཚན་དགའ་བ་ལྔ་བཅུ་ཡང་། །མཉམ་པ་དག་ཏུ་སྤྲུལ་པ་རྣམས། །རྡོ་རྗེ་ར་ལི་པདྨར་སོན། །འདབ་མ་བརྒྱད་པོ་ཕྱོགས་རྣམས་དང་། །མཚམས་རྣམས་སུ་ནི་འདི་རྣམས་རིགས། །དེ་རྣམས་དབུས་སུ་ཟེ་ འབྲུ་ལ། །དམ་པའི་དབང་ཕྱུག་མ་ཡོད་དོ། །སྡེ་ཚན་བརྒྱད་པོ་རྣམས་ཀྱིས་ནི། །ཡི་གེ་དམ་པ་ཡོངས་སུ་བསྐོར། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་གཙོ་བོ་ནི། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །འདི་ཉིད་ལས་ནི་ཡང་དག་ བྱུང་། །གང་ཞིག་རལ་གྲི་མིག་སྨན་དང་། །རྐང་བྱུག་རིལ་བུ་རྐང་འོག་དང་། །གནོད་སྦྱིན་མོ་ཡི་ཡན་ལག་མ། །འཇིག་རྟེན་གསུམ་གྱི་ཁོངས་སུ་རྒྱུ། །དངུལ་ཆུའི་འགྲོ་བས་རྗེས་སུ་འབྲང་། །གང་ཞིག་ཐམས་ཅད་མཐུ་ཆེ་བ། །རང་གི་ཁྱིམ་དུ་ལྔ་བཅུ་འདོད་པ་དང་ལྡན་པར་ འགྲུབ་བོ། །དེ་ནི་སྡེ་ཚན་བརྒྱད་ནང་སོན། །དབྱངས་མཆོག་སྡེ་ཚན་བདག་ཉིད་འབྱིན། །སྐྱེ་བོ་རྣམས་ཀྱི་ཚིག་རྒྱས་པ། །གང་ཞིག་ཅུང་ཟད་རྟོགས་བྱ་བ། །དེ་ཀུན་སྔགས་ཀྱི་གཟུགས་ཀྱིས་ནི། །དེ་ཕྱིར་རབ་ཏུ་སྐྱེ་བར་འགྱུར། །ལུས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྒྲ་ནི་ སྔགས་ཞེས་བརྗོད་པར་བྱ། །སྣ་ཚོགས་མདུད་པའི་གནས་ཆེན་ལས། །ཆོས་ཀྱི་ར་ལི་རྣམ་པར་འབྱུང་། །དངོས་གྲུབ་རྫུ་འཕྲུལ་རྣམ་གནས་པའི། །སྔགས་དང་ངེས་པ་གང་ཡང་མེད། །རང་བཞིན་གྱིས་ནི་མ་སྐྱེས་པའི། །སྔགས་ཀྱི་ཡིག་འབྲུ་དབང་ཕྱུག་མཆོག །ཡང་ དག་སྦྱོར་བྱུང་མཚན་ཉིད་ནི། །དེ་ནས་མཆོག་ཏུ་རབ་བཤད་བྱ། །ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་མོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་མ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོར་རྣམ་པར་གནས། ། བྃ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ ཀྱི་རྣལ་འབྱོར་གྱིས། །ལྷ་མོ་པདྨའི་རིགས་བྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོར་ཡང་དག་གནས། །ཡཱ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་ མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཨེ་ནི་ཤེས་རབ་བརྗོད་པར་བྱ། །བྃ་ནི་ཐབས་དང་ལྡན་པ་ཉིད། །བྃ་གིས་རྣམ་པར་བརྒྱན་པ་ཉིད། །ཨེ་ནི་ ངེས་པར་མཛེས་པར་འགྱུར། །ཐབས་དང་ཤེས་རབ་རང་བཞིན་གྱིས། །སྟེང་དང་འོག་ཏུ་སྙོམས་པར་འཇུག །ཨེ་ཉིད་དང་ནི་བྃ་ཉིད་དག །གཉིས་གཉིས་སུ་ནི་བརྗོད་པ་ཉིད། །འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི་དེ་སྐད་ཅེས་གསུངས་ནས་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ ཀྱི་ཚོགས་ལ་བསྙེགས་སོ་ཞེས་བརྗོད་དོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་དེ་སྐད་དུ་འདོད་ཆགས་ཆེན་པོ་འདི་ལ་རྟག་ཏུ་གནས་པའོ། །ཤྲུ་ཞེས་བྱ་བ་ནི་འཛག་པར་གསུངས་སོ། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་ བདག་ཉིད་ཀྱིས་ཐོས་པའི་ཕྱིར་རྣ་བའི་ཡེ་ཤེས་ཀྱིས་ཐོས་པ་ཡིན་གྱི། །རྟོགས་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་མི་རྟོགས་པའི་སྐྱོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྡུད་པར་བྱེད་པ་དང་འཆད་པ་པོ་དག་དབྱེར་མེད་པར་འགྱུར་རོ། །ཡང་ན་ རྟོགས་པ་ཉིད་ནི་གདུལ་བྱའི་སྐྱེ་བོའི་དབང་དུ་བྱས་ནས་འཆད་པ་པོ་ཉིད་སྡུད་པར་བྱེད་པ་ཡིན་ཏེ། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་དང་། །དེ་དག་ཇི་ལྟར་འཚལ་བར་བགྱི། །གང་དུ་བདེ་བ་ཆེན་པོའི་མགོན་པོ་གར་མཛད་པའི་ཚེ། གཅིག་ཉིད་ གཅིག་དང་དུ་མའི་རོ་ཞེས་བྱ་བའི་ཚིག་གིས་རོལ་པར་མཛད་པའོ། །རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་གང་ཅུང་ཟད་གསུངས་པ་དེ་བདག་གིས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ཉིད་ལའོ། །གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ཉིད་ལའོ། །ཐོས་པ་ཞེས་བྱ་བ་ནི་ལྷག་པར་སོན་པ་སྟེ། ། འདིས་བསམ་གྱིས་མི་ཁྱབ་པ་ལ་ལྷག་པར་མོས་པའི་ཏིང་ངེ་འཛིན་རྙེད་དོ་ཞེས་བྱ་བར་བསྙེགས་སོ། །དུས་ཞེས་བྱ་བ་ནི་དུས་ཚོད་ཅེས་གསུངས་སོ། །དུས་ནི་རྣམ་པ་གསུམ་དུ་བརྗོད། །བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །འོ་མའི་རྒྱུན་ ལྟར་སྣ་བུག་ཏུ། །འོང་བ་བདེ་བའི་དུས་སུ་གསུངས། །མེ་ཡི་གཟུགས་ཀྱིས་འགྲོ་བ་ཉིད། །སྡུག་བསྔལ་དུས་དང་དེ་གཅིག་གྲགས། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །དུས་ནི་བསམ་གྱིས་མི་ཁྱབ་འགྱུར། །འདོད་ཆགས་མེད་ཅིང་ཆགས་བྲལ་ མེད། །དབུ་མར་དམིགས་པར་མི་འགྱུར་རོ། །དེ་ལ་འདོད་ཆགས་ནུས་མཚན་ཉིད། །འདོད་ཆགས་བྲལ་བ་འགོག་པར་གསུངས། །འདི་བྲལ་དབུ་མར་མི་རྟོག་པས། །འདི་གསུམ་དམིགས་པར་མི་འགྱུར་རོ། །འདོད་ཆགས་ཉིད་དང་ཆགས་བྲལ་ཉིད། །འདྲེས་ པར་གྱུར་པ་རྙོག་པ་མེད། །དེ་བཞིན་འདོད་ཆགས་ཆགས་བྲལ་ལས། །རོ་མཉམ་གཅིག་པུའི་སྐད་ཅིག་མ། །དངོས་པོ་ཀུན་གྱི་རོ་མཉམ་པ། །བསྒོམ་པའི་དུས་ནི་གཅིག་ཏུ་གསུངས། །འདི་ལྟ་སྟེ། དབང་ཕྱུག་དང་། གཟུགས་དང་། གྲགས་པ་དང་། དཔལ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། བྷ་ག་དྲུག་ཅེས་གསུངས་སོ། །དེ་འདི་ལ་མངའ་བའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་གང་ཞིག་མི་མཐུན་པའི་ཕྱོགས་ཀྱི་ཆོས་དེ་རྣམས་བཅོམ་པའི་ཕྱིར་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྣམས་དང་། དེ་རྣམས་ཉིད་ཀྱི་སྙིང་པོ་དང་། དེ་ཉིད་ཀྱི་རྡོ་རྗེ་དང་། དེ་ཉིད་ཀྱི་བཙུན་མོ་དང་། དེའི་བྷ་ག་དེ་ལ་བཞུགས་སོ། །ཀྱེ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བས་ཅི་གསུངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ་ཐབས་སྣ་ཚོགས་ཀྱིས་འདུལ་བའི་སྐྱེ་བོའི་ཡིད་འཕྲོག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་རྡོ་རྗེའི་རང་བཞིན་གང་གི་ཆོས་ཀྱི་འབྱུང་ གནས་ལ། གང་གི་ཚེ་བཅོམ་ལྡན་འདས་བཞུགས་པ་དེའི་ཚེ་བདག་གིས་ཐོས་པའོ། །འདི་ལྟ་སྟེ། ཤེས་རབ་གང་གིས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་འཇོམས་པ་དེའི་ཕྱིར་ཤེས་རབ་བྷ་གར་གསུངས་ཏེ། བྷ་ག་དེར་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོ་ལྷན་ ཅིག་ཏུ་བཞུགས་སོ། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་མཁྱེན་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པའི་བདེ་དོན་གང་། །བཙུན་མོ་ཉེ་བར་མཛད་པའོ། །རིགས་ཀྱི་བུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་ཡིག་འབྲུ་ནི། ཆོས་ཀྱི་ཐོག་མར་རྟག་ཏུ་ཡང་དག་ པར་གནས་པ་སྟེ། དག་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དངོས་གྲུབ་སྐྱེད་པར་བྱེད་པའོ། །ལག་ན་རྡོ་རྗེས་མ་བཤད་པ་དེ་ངས་ཁྱོད་ལ་བཤད་དོ། །ཚིག་འབྲུ་འདི་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བ་ལས་ཕ་རོལ་ཏུ་ཤིན་ཏུ་རིང་བར་འགྲོ་བ་མངོན་དུ་ མཚོན་པར་མཛད་པ་དང་། མངོན་དུ་མ་མཛད་པ་དེ་ནུབ་པའི་སེམས་ཀྱིས་སྐྱེ་བ་འདིར་སངས་རྒྱས་ཉིད་དམ། རྡོ་རྗེ་སེམས་དཔའ་འཐོབ་པར་འགྱུར་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ནོ། །མཚན་ གཞི་མཚོན་པར་བྱེད་པ་ནི་སེམས་དཔར་ཡང་དག་པར་གསུངས་ཏེ། སྡང་བས་བསྟེན་པ་ཙམ་གྱིས་མནར་མེད་པར་རབ་ཏུ་ལྟུང་བར་འགྱུར་བས་ན། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱི་རོ་སྤང་བར་བྱའོ། །ཀུན་ནས་ཉོན་མོངས་པ་ཅན་གྱི་སྲིད་པའི་འཇིགས་ པ་ལས་འདས་པའི་སྒྲུབ་པ་པོ་དཔལ་དང་ལྡན་པས་དག་པའི་སེམས་སྒོམ་པར་བྱེད་དེ། ཐབས་དང་ཤེས་རབ་ཀྱི་སྦྱོར་བ་འདིས་ཇི་ལྟར་ཡང་དག་པར་ཐོབ་པ་དག་པའི་ཡང་དག་པར་རིག་པའི་བདག་ཉིད་ཅན་གྱི་མཚན་གཞི་ཐབས་དང་ཤེས་རབ་ཀྱི་ནུས་པས་ནམ་མཁའ་དང་མཉམ་ ཞིང་གནས་གསུམ་དུ་སྣང་བ་སྟེ། དེའི་མཚན་གཞི་ནི་མཚོན་པར་དཀའ་བ་དང་། ཐམས་ཅད་དུ་སོན་ཞིང་རྒྱུ་དང་རྐྱེན་སྤངས་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འཇིག་རྟེན་གྱི་རང་དང་གཞན་གྱི་དོན་བྱེད་དེ་དངོས་གྲུབ་ཐམས་ཅད་ཀྱི་མཆོག་གོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་བ་ དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བརྟག་པའི་རྒྱལ་པོ་སྟེ་དང་པོ་རྫོགས་སོ།། །།དེ་ནས་ཡང་དག་རབ་བཤད་བྱ། །སྒྲུབ་པ་པོ་ལ་ཕན་དོན་དུ། །གང་གིས་སློབ་མ་དབང་བསྐུར་བའི། །ཆོ་ག་ཡང་ནི་བཤད་པར་བྱ། །དང་པོར་ལྷ་ཡི་བདག་ཉིད་ཀྱི། །རྣལ་ འབྱོར་པས་ནི་ནོར་འཛིན་སྦྱང་། །འབད་པས་ཧཱུྃ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། །ཚལ་དང་སྐྱེ་བོ་མེད་གནས་དང་། །བྱང་ཆུབ་སེམས་དཔའི་ཁྱིམ་དང་ཡང་། །ཁང་སྟོང་དང་ནི་ཁྱིམ་ནང་དུ། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། ། རྡུལ་ཚོན་དམ་པ་ཉིད་དང་ནི། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ། །རིན་ཆེན་ལྔ་ཡི་བདག་ཉིད་ཕྱེས། །ཡང་ན་འབྲས་ལ་སོགས་པས་བྲི། །དཀྱིལ་འཁོར་ཁྲུ་གསུམ་བྱ་བ་དང་། །མཐེ་བོང་གསུམ་ནི་ལྷག་པར་བྱ། །དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་པོ་ གཞུག་པར་བྱ། །སྔགས་ཀྱི་ལམ་གྱི་རྗེས་བཙལ་བས། །གང་ཚེ་མཁས་པས་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་མངོན་སུམ་དུ། །དཀྱིལ་འཁོར་བདེ་བར་གཤེགས་གནས་སུ། །འཇིག་རྟེན་ཁམས་ནི་མཐའ་ཡས་བདག། །བློ་དང་ལྡན་པས་དེ་བཞིན་བླང་། ། རང་བྱིན་བརླབ་པའི་གནས་ཐོབ་པས། །དམ་ཚིག་ཉམས་པས་འཇིགས་པ་ཡིས། །རྫོགས་སངས་རྒྱས་ཀྱིས་དོན་དམ་ལས། །སྔགས་ཀྱི་ལམ་ནི་དེ་བཞིན་གསུངས། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི། །དམ་ཚིག་རིམ་པ་ཤིན་ཏུ་རིང་། །དེ་ཕྱིར་དོན་ཀུན་ལ་འབད་ པས། །དབང་དོན་རྒྱལ་བའི་བདག་ཉིད་སྐྱེས། །རྡོ་རྗེ་སློབ་དཔོན་ཡོན་ཏན་མཚོ། །ཇི་བཞིན་སྦྱོར་བས་གསོལ་བ་གདབ། །ཡང་ནམ་དང་སྲིང་བུ་མོ། །བུ་སྲིང་མོ་ཡི་བུ་མོ་ཉིད། །འདི་ནང་གང་དེ་ཇི་ལྟ་བར། །རྙེད་ནས་བསྒྲུབ་པ་ཉིད་དུ་གྱིས། །ཡང་ན་མངོན་དུ་འདི་མེད་ན། ། ཀུན་མཁྱེན་གྱིས་བསྔགས་རིག་མ་ནི། །སངས་རྒྱས་རྣམས་ཀྱིས་ཁྱབ་མཛད་པ། །དེ་ནི་དེ་ཕྱིར་གཟུང་བར་བྱ། །སྐྱེ་བ་གཉིས་ཀྱི་བུ་མོ་དང་། །ཡང་ན་བཙོ་བླག་མ་དང་། ཡང་ན་གདོལ་པ་མོ་དང་། །གཡུང་མོ་དང་། །རིགས་ལས་སྐྱེས་མ་དང་། །ཡང་ན་རྒྱལ་མོ་དང་། །གར་ མཁན་གྱི་བུ་མོ་དང་། བཟོ་མོ་དང་། ཡང་ན་རི་དགས་ཀྱི་མིག་མ་དང་། རྐེད་པ་ཕྲ་བ་དང་། རོ་སྨད་རྒྱས་པ་དང་། ནུ་མ་མཐོ་བ་དང་། བྷ་ག་བཟང་བ་དང་། དམ་ཚིག་གི་སྤྱོད་པ་ལ་ཤིན་ཏུ་དམ་པ་དང་། དེ་ཁོ་ན་ལ་གནས་པ་དང་། སྔགས་དང་རྒྱུད་ཤེས་པ་སྟེ། སྒྲུབ་པ་པོའི་ དབང་པོ་ལ་གནས་གསུམ་དུ་ཆེ་བའི་བུ་མོ་འདི་དག་བཤད་དོ། །རིགས་ཀྱི་རིམ་པ་ཉིད་ཀྱིས་འདི་རྣམས་ཀྱིས་ཐམས་ཅད་འགྲུབ་པར་འགྱུར་རོ། །མ་རྙེད་ཇི་ལྟར་གང་རྙེད་དེ། །དེ་བཞིན་བཅུ་དྲུག་ལོན་པ་ཉིད། །དང་པོའི་ལང་ཚོ་ཕུན་སུམ་ཚོགས། །མིག་མཛེས་ཕྱག་རྒྱ་རྙེད་ནས་ ནི། །རིག་མ་དེ་ཉིད་བླངས་ནས་ནི། །སྐྱབས་སུ་འགྲོ་བའི་རིམ་པས་ནི། །སྦྱངས་ནས་དེ་ཉིད་གསང་བ་དང་། །སྔགས་དང་རྒྱུད་ཀྱི་རིམ་ཀུན་བསྒྲགས། །སྒྲ་འམ་འོག་གི་ལམ་དུ་ལྕེས། །དེ་ཉིད་དེ་བཞིན་སྟེང་དུ་གཞུག། །ཀུན་གྱི་ཆ་རིགས་སྣ་ཚོགས་བྱེད། །རིམ་པ་ཉིད་ ཀྱིས་རྣ་ཆ་དང་། སྐ་རགས་ཆེ་དང་སེ་མོ་དོ། །ལག་གདུབ་དང་ནི་རྐང་གདུབ་ལྡན། །དེ་ལྟར་དངོས་གྲུབ་དམ་པ་སྟེར། །གང་ཞིག་སྦྱངས་པའི་རིག་མ་ཀུན། །ཉེ་བར་འཚེ་བ་མེད་གནས་སུ། །རིག་པ་འཛིན་པ་འཁོར་མང་པོ། །དེ་ནས་ཙན་དན་གོས་ཕྲེང་སོགས། །རྣམ་ པར་བརྒྱན་ནས་དབུལ་བར་བྱ། །དྲི་དང་ཕྲེང་སོགས་རིམ་གྲོ་ཡི། །འོ་མའི་མཆོག་སོགས་རྒྱས་པས་ནི། །ཕྱག་རྒྱ་ཐབས་ཅིག་སྒྲུབ་པ་པོས། །གུས་པར་འབད་པས་ཡང་དག་མཆོད། །སློབ་མས་བུས་པོའི་ལྷ་ང་ནི། །ས་ལ་དད་པས་བཙུགས་ནས་ནི། །ཐལ་མོ་སྦྱར་ ནས་བསྟོད་པ་འདིས། །སྟོན་པ་ལ་ནི་ཞུ་བ་བྱ། །སྟོང་པའི་སྙིང་པོ་ཕྱག་འཚལ་བསྟོད། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་མི་ཤེས་གཅོད་པ་ཅན། །དག་པའི་དེ་ཉིད་ དོན་སྟོན་མཛད། །བདག་མེད་ཆོས་ལས་བྱུང་བ་ཡི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་རྣམས། །མགོན་པོ་ལས་ནི་རྟག་ཏུ་བྱུང་། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་ དང་ཐེག་ཆེན་དང་། །དེ་བཞིན་བསྟན་དང་འགྲོ་བ་དང་། །ཁམས་གསུམ་པོ་ནི་འདི་དག་ཀུན། །འགྲོ་བའི་དཔའ་བོ་ཕྱག་འཚལ་བསྟོད། །ཡིད་བཞིན་ནོར་བུ་ལྟར་གྱུར་པའི། །འགྲོ་བའི་འདོད་པའི་དོན་གྲུབ་ཕྱིར། །དཔལ་ལྡན་བདེ་གཤེགས་བཀའ་བཞིན་མཛད། །སངས་ རྒྱས་སྲས་པོ་ཕྱག་འཚལ་བསྟོད། །དེ་ཉིད་བླ་མེད་བདག་འཚལ་བས། །ཡོན་ཏན་མཚོ་ཁྱོད་བཀའ་དྲིན་ལས། །ཀུན་མཁྱེན་རྡོ་རྗེ་དབང་གིས་ནི། །ད་ལྟ་ཉིད་དུ་བཀའ་དྲིན་སྐྱོབས། །སངས་རྒྱས་ཀུན་གྱི་གསང་བ་ནི། །ཇི་ལྟར་དཔལ་ཐུགས་རྡོ་རྗེ་ཡིས། ། རྡོ་རྗེ་ཆོས་ཅན་ལ་གསུངས་ལྟར། །དེ་བཞིན་མགོན་པོས་བདག་ལ་སྐྱོབས། །བཅོམ་ལྡན་ཞབས་པད་སྤངས་ནས་ནི། །གཞན་དུ་བདག་ལ་འགྲོ་མ་མཆིས། །འཁོར་བའི་འགྲོ་ལས་ངེས་རྒྱལ་བར། །དེ་ཕྱིར་མགོན་པོས་ཐུགས་རྗེ་མཛོད། །དེ་ནས་རྡོ་རྗེ་སློབ་དཔོན་དཔལ། །རྗེས་ སུ་བརྩེ་བཅས་ཕན་སེམས་ཀྱིས། །སློབ་ལ་སྙིང་རྗེ་བསྐྱེད་ནས་ནི། །ཚོགས་ཀྱི་དཀྱིལ་འཁོར་དགུག་པ་དང་། །འདོད་ཡོན་ལྔ་ཡིས་གང་བ་དང་། །བླ་རེ་བྲེས་པས་ཉེ་བར་འབར། །རྣལ་འབྱོར་མ་དང་སྦྱོར་ལྡན་ཞིང་། །དྲིལ་བུ་སིལ་སིལ་སྒྲ་དང་ནི། །མེ་ཏོག་བདུག་འཁྱིལ་ ཉམས་དགའ་བ། །ལྷ་ཡི་དྲི་ཕྲེང་བདེ་བའི་མཆོག །དཔལ་ལྡན་རྡོ་རྗེ་སེམས་སོགས་ལྷའི། །དཀྱིལ་འཁོར་མཆོག་ཏུ་ངོ་མཚར་བར། །སློབ་དཔོན་སྐལ་བ་བཟང་པོ་མཆོག །དེ་ནས་ཕྱག་རྒྱ་སྦྱོར་བྱས་ནས། །རྒྱལ་བའི་བདག་སྐྱེས་བྱང་ཆུབ་སེམས། །པདྨའི་སྣོད་དུ་ གཞུག་པར་བྱ། །རྔ་ཡབ་གཡོབ་ཅིང་གདུགས་དང་ནི། །བཀྲ་ཤིས་ཚིགས་བཅད་གླུ་རྣམས་ཀྱིས། །ཕྱག་རྒྱ་ལྡན་པས་སློབ་མ་དེ། །འགྲོ་བའི་གཙོ་བོས་དབང་བསྐུར་བྱ། །སློབ་དཔོན་མཆོག་གི་དབང་ཕྱུག་གིས། །དབང་ནི་རིན་ཆེན་མཆོག་བྱིན་ནས། །བཟང་པོའི་རང་ བཞིན་ལེགས་སྦྱངས་པའི། །དམ་ཚིག་ཡིད་འོང་ངེས་པར་སྦྱིན། །ཁྲག་ཆེན་དང་ནི་ག་བུར་བཅས། །ཙན་དན་དམར་པོ་སྦྱར་བ་དང་། །རིགས་ཀྱི་བདག་པོའི་ཆུ་ལྡན་ཞིང་། །ལྔ་པ་སེམས་ལས་ཡང་དག་བྱུང་། །འདི་རྣམས་དམ་ཚིག་ཡང་དག་པར། །སངས་རྒྱས་རྣམས་ ཀྱིས་ཉེ་བར་གསུངས། །བཟང་པོ་རྟག་ཏུ་བསྐྱང་བར་གྱིས། །སྡོམ་པ་ཡང་ནི་ད་ལྟར་ཉོན། །སྲོག་ཆགས་གསད་པར་མི་བྱ་ཞིང་། །བུད་མེད་རིན་ཆེན་ཡོངས་མི་སྤང་། །དེས་ན་སློབ་དཔོན་སྤང་མི་བྱ། །སྡོམ་པ་ཤིན་ཏུ་འདའ་བར་དཀའ། །གང་དུ་གསུངས་པའི་རིག་མའམ། ། ཡང་ན་བདག་གི་རྣལ་འབྱོར་མ། །དག་ཅིང་སྤྲུལ་པའི་རིག་མ་ནི། །སི་ཧཱ་ག་བུར་བསྒོས་པ་ནི། །ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཕྱག་རྒྱའི་གདོང་ཡང་བཅིང་བ་དང་། །ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །བསྟན་པས་ཡང་དག་གང་བྱུང་བ། ། སློབ་མའི་ཁ་རུ་ལྟུང་བར་བྱ། །རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ནི་བྱ་བར་བཤད། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མིན་བདག་ཉིད་མཆོག །ཐབས་དང་ཤེས་ རབ་རྣམ་པར་འདྲེས། །འདོད་ཆགས་འདོད་ཆགས་བྲལ་བས་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་ཉིད། །དེ་ཉིད་འདི་ནི་ཀུན་ཁྱབ་བྱེད། །དེ་ཉིད་སངས་རྒྱས་ཡེ་ཤེས་ཅན། །ཧེ་རུ་ཀ་དཔལ་ཞེས་བྱར་བརྗོད། །གཞན་རྣམས་གང་རྣམས་དེ་ རྣམས་དང་། །དངོས་དང་དངོས་མེད་དེ་ལས་བྱུང་། །དགའ་བ་དང་པོ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །དེ་བདེ་ཐབས་ལས་ཐམས་ཅད་རིག །དང་པོ་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་གཉིས་པའི་གྲངས། ། གསུམ་པ་དགའ་བྲལ་དགའ་བར་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །དེ་ཡང་དབང་ནི་རྣམ་པ་བཞི། །དང་པོ་ལ་ནི་བུམ་པའི་དབང་། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །བྱང་ཆུབ་སེམས་ཀྱི་ དབང་གིས་ནི། །སློབ་མ་སྡིག་པ་བྲལ་བ་ཡིན། །སངས་རྒྱས་གྲོང་ཁྱེར་མཆོག་སྔོན་དུ། །དེ་ནས་དེ་ལ་གནང་བ་སྦྱིན། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཕྱོགས་ཀུན་དུ་ནི་འཁོར་ལོ་ནི། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །ཀུན་ཏུ་མཆོག་ཏུ་རབ་ཏུ་བསྐོར། །ཐབས་དང་ཤེས་ རབ་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་ནས། །སྦྱོར་མེད་བྲལ་ཞིང་མ་ཞུམ་པས། །སེམས་ཅན་དོན་ནི་ད་ལྟར་གྱིས། །དབང་དང་བཀའ་གནང་ཐོབ་ནས་ནི། །བྱ་བ་བྱས་པར་རབ་འཛུམ་ཞིང་། །འགྲོ་བ་དགའ་བར་བྱེད་པ་ཡི། །ཤིན་ཏུ་སྙན་པའི་ཚིག་འདི་ བརྗོད། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་འཚོ་བ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེ། །ད་ནི་སངས་རྒྱས་རིགས་སུ་འགྱུར། །བསྐལ་པ་རྒྱ་མཚོར་འཇིགས་ཆེན་པོར། །མནར་མེད་སྐྱེ་བ་ཡང་དག་འཁྲུགས། །ཉོན་མོངས་ འདམ་ནི་བརྒལ་དཀའ་ལས། །བདག་ནི་མགོན་པོ་ཁྱེད་ཀྱིས་བསྒྲལ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལས། །ཐེག་པ་རྫོགས་པ་ལྟ་བུར་བདག །བག་ཆགས་ཐམས་ཅད་བྲལ་བས་ན། །བདག་ལ་བྱང་ཆུབ་འཚལ་མ་མཆིས། །རངས་ཤིང་མིག་ནི་ཕྱེ་བ་ཡིས། །ཞབས་ལ་ འཇུས་ནས་གུས་པར་བྱ། །གང་དང་གང་ཞིག་སྡུག་པའི་རྫས། །རེ་བ་མེད་པའི་སེམས་ཀྱིས་ནི། །དེ་དང་དེ་ཉིད་དབུལ་བར་བྱ། །བླ་མའང་སྙིང་རྗེ་ལྡན་པས་ནི། །སློབ་མ་བསྡུ་བའི་བསམ་པའི་ཕྱིར། །དེ་ལ་ཕན་པའི་བསམ་པས་བཟུང་། །དེ་ནས་ཕྱག་འཚལ་མཆོད་ནས་ནི། ། བླ་མ་ལ་ནི་ཡོན་རྣམས་དབུལ། །གསེར་ནི་སྟོང་ཕྲག་བརྒྱ་དང་ནི། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །གོས་ནི་ཟུང་འགྱུར་བརྒྱ་ཉིད་དང་། །གླང་པོ་རྟ་དང་ཡུལ་འཁོར་ཉིད། །རྣ་ཆ་དང་ནི་རྐང་གདུབ་དང་། །ནོར་བུ་དང་ནི་སོར་གདུབ་སོགས། །གསེར་ལས་བྱས་པའི་མཆོད་ ཕྱིར་ཐོགས། །རང་གི་ཆུང་མ་བུ་མོ་དང་། །བྲན་ཕོ་བྲན་མོ་སྲིང་མོ་ཉིད། །ཕྱག་འཚལ་ནས་ནི་དབུལ་བར་བྱ། །བདག་གི་དངོས་པོ་ཐམས་ཅད་ཀྱིས། །བློ་དང་ལྡན་པས་བླ་མར་དབུལ། །དེ་རིང་ཚུན་ཆད་བདག་བྲན་དུ། །ཁྱོད་ལ་བདག་ནི་དབུལ་ལགས་ཞེས། །དེ་ལྟར་ཞུ་བ་བྱས་ གྱུར་པས། །མངོན་པར་འདོད་པའི་གནས་ཐོབ་ནས། །ད་ནི་སངས་རྒྱས་ཐམས་ཅད་ཀྱིས། །བདག་ལ་བཀའ་དྲིན་ལེགས་པར་སྐྱོབས། །ཇི་ལྟར་བླ་མེད་བྱང་ཆུབ་དེ། །བྱིན་གྱིས་བརླབས་ཀྱིས་བདག་གིས་བསྒྲུབས། །བླ་ན་མེད་པའི་བྱང་ཆུབ་གནས། །ཀུན་མཆོག་མཆོད་པ་ བསྐྱེད་པར་བགྱི། །སེམས་ཅན་གནས་གསུམ་འཁོར་བ་རྣམས། །དེ་ཉིད་ལ་ནི་གཞག་པར་བགྱི། །དབང་ཆོག་འདིས་སྦྱིན་པར་བྱ་ཞིང་སློབ་མའི་ལྷག་པར་མོས་པ་དང་། །ཟབ་པ་དང་རྒྱ་ཆེ་བའི་རིག་པས་ལྷག་པར་མོས་པའི་ཡིད་ཀྱིས་ཤེས་པར་བྱས་ནས་ཚིག་ཉིད་ཀྱིས་ དབང་རིན་པོ་ཆེ་སྦྱིན་པར་བྱའོ། །གང་ཐོབ་དབང་རབ་མཆོག་ནི་རིགས་ཀྱི་བདག་པོར་གཟུང་བ་རྙེད་པར་དཀའ་ཞིང་མཚུངས་པ་མེད་པར་གདམས། །ལོངས་སྤྱོད་རྫོགས་པའི་ཞིང་གི་དཔལ་དག་བླང་བར་བྱས་པས་བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ། །བཀའ་ཡི་ གནང་བ་རྙེད་ནས་འཇིག་རྟེན་གསུམ་གྱི་དགྲ་བོ་ལས་རྒྱལ་རྩོམ་པའི་གོ་བགོས་པ་ཡི་བློས། །བྱང་ཆུབ་དག་ལ་དགོད་པའི་སངས་རྒྱས་འདིར་ནི་དེ་ཉིད་རྣལ་འབྱོར་པས་ནི་དྲི་མ་མེད་པར་སྤྱོད། །བྱང་ཆུབ་ཀྱི་སེམས་ཀྱིས་དབང་གཉིས་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །། དེ་ནས་ཐབས་དང་ཤེས་རབ་དོན། །བསྒོམ་པ་ཡང་དག་རབ་བཤད་བྱ། །ཕ་རོལ་དོན་བརྩོན་བརྩོན་འགྲུས་ཀྱི། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །འཁོར་བའི་རྒྱ་མཚོའི་འཇིགས་པ་ལས། །བསྒྲལ་དཀའ་གང་ཞིག་རྣམ་བསྒོམས་པས། །རྣལ་འབྱོར་པས་ནི་ར