Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 079_རྒྱུད་འབུམ།_ག
Văn bản gốc(Tây Tạng)
Trang 7 / 18 (50.000 ký tự/trang)
་ཆེན་པོ་ལས་བྱུང་བ་བཀའ་དྲིན་གྱིས་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། །གནས་ནི་ཛཱ་ལན་དྷ་རར་གསུངས། །དེ་བཞིན་དུ་ཨོཌྱཱན་ཉིད། །གནས་ནི་ཀོལླ་གི་རི་དང་། །དེ་བཞིན་ཨར་བུ་ད་ཉིད་དོ། །ཉེ་གནས་གོ་དཱ་བ་རི་ཉིད། །དེ་བཞིན་དགའ་བའི་དབང་ཕྱུག་དང་། །དེ་བཞིན་དེ་བཱི་ཀོ་ཊར་བཤད། །དེ་ བཞིན་མཱ་ལ་ཝ་ཉིད་དང་ཙ། །དེ་བཞིན་ཀ་མ་རཱུ་པར་གསུངས། །ཨོ་དྲ་ཞིང་ནི་ཉིད་དུ་གསུངས། །ཉེ་ཞིང་ཏྲི་ཤ་ཀུ་ནི་དང་། །དེ་བཞིན་ཀོ་ཤ་ལ་ཉིད་དང་། །ཀ་ལི་ཀར་ནི་ཅི་གསུངས་པའོ། །དེ་བཞིན་ལམ་བཱ་ཀ་ཉིད་དང་། །ཀཱཉྩི་ཁ་བའི་གནས་ཉིད་ནི། ། ཙྪན་དོར་ཡང་དག་གསུངས་པ་དང་། །ཉེ་བ་ཡི་ཡང་ཙྪན་དོའོ། །པྲེ་ཏ་ཨ་ཧི་བ་སི་གསུངས། །དེ་བཞིན་ཁྱིམ་གྱི་ལྷ་ཉིད་དང་། །སཽ་རཱཥྚ་རང་གསེར་གླིང་ཉིད། །འདུ་བ་དེ་བཞིན་ཉེ་འདུ་བ། །ནཱ་ག་ར་དང་སིན་དྷཱུ་ནི། །དུར་ཁྲོད་ཉིད་དུ་བརྗོད་པ་དང་། །མ་རུ་ དང་ནི་ཀུ་ལུ་ཏཱ། །ཉེ་བ་ཡི་ནི་དུར་ཁྲོད་ཉིད། །སྙིང་རྗེ་དེ་བཞིན་ལས་ཀྱི་བྲང་། །ཧ་རི་ཀེ་ལ་ཉིད་དང་ནི། །ལན་ཚྭའི་རྒྱ་མཚོའི་ནང་སོང་དང་། །བིནྡྷཱ་གཞོན་ནུའི་གྲོང་ཁྱེར་ཉིད། །འཐུང་གཅོད་ཉེ་བའི་འཐུང་གཅོད་དོ། །དེ་དང་ཉེ་བ་དུར་ཁྲོད་ཉིད། །རབ་སོང་ དགེ་འདུན་རྒྱ་མཚོའི་འགྲམ། །སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ། །ཉེ་བའི་དུར་ཁྲོད་བརྗོད་པར་བྱ། །དེ་ནས་གནས་ལ་ལྷག་པར་གནས་པའི་ཆོ་ག་བཤད་པར་བྱ་སྟེ། །རྡུལ་བྲལ་གནས་སུ་ཙུ་ཏ་གནས། །ཀོང་ཀ་ནར་ནི་ཟླ་བའི་གླིང་། །ཀ་རཉྫཱར་གནས་ཙཱ་རི་ ཏྲ། །ཨཊྚ་ཧ་སར་ཀ་དམྤ། །ལྷ་མོའི་མཁར་དུ་བ་ཊ་གནས། །ཧ་རི་ཀེ་ལར་ཧི་ར་གནས། །ཨོ་ཌྱཱན་ཨ་ཤོ་ཀ་ནི་གནས། །ཛཱ་ལནྡྷ་རར་གསེར་ཤིང་གནས། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་ བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཙྪན་དོ་མངོན་དུ་གྱུར་པར་ངེས། །ཉེ་བའི་ཙྪན་དོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་ རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པཱུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་བསམ་པར་བྱ། །རྣལ་འབྱོར་མ་རྣམས་ལེགས་འདུ་བའི། །ཉིན་པར་ཉིད་ཀྱང་ལེགས་བཤད་བྱ། །ཡི་དགས་ཟླ་ཕྱེད་བཅུ་བཞི་དང་། །བརྒྱད་པ་ལ་ཡང་ཁྱད་ བར་དུ། །རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །སྐྱེ་བ་བདུན་པ་ཁྱད་པར་དུ། །འབད་པས་སྙིང་རྗེ་བསྐྱེད་ནས་ནི། །མཁས་པས་གསད་པར་བྱ་བ་ཉིད། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་ཡང་དག་བཤད། །ཇི་ལྟར་བདག་བཞིན་སེམས་ ཅན་ཉིད། །ཇི་ལྟར་སེམས་ཅན་དེ་བཞིན་བདག །འདི་ལྟར་སེམས་པའི་རྣལ་འབྱོར་བདག །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །འདུ་བའི་གནས་ཏེ་ལྔ་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།གསང་བའི་པདྨའི་མཚན་ཉིད་ནི། །ཡེ་ཤེས་དབང་ པོ་ཉན་པར་འཚལ། །ཡེ་ཤེས་སེམས་དང་འདྲེས་པ་ཡི། །རྫོགས་པའི་བྱང་ཆུབ་རིམ་པ་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གནས་བཞི་མཉམ་པར་གནས་ནས་ནི། །རྫོགས་བྱང་རིམ་པ་རྡོ་རྗེ་འཛིན། །མཉམ་ཉིད་སེམས་ནི་བསྐྱེད་ནས་ནི། ། འདོད་ཆགས་ལ་སོགས་རིང་དུ་སྤངས། །ཡིད་དང་མཐུན་པའི་གནས་སུ་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །བརྟན་དང་གཡོ་བའི་དངོས་པོ་ཀུན། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །སྤྱི་བོ་མེད་པའི་སྤྱི་བོ་དང་། །སྒྲ་མཐའི་དེ་བཞིན་གསང་པདྨ། །ཆ་ནི་ སྣ་ཚོགས་ཡིག་འབྲུ་རྣམས། །དེ་བཞིན་དུ་ཡང་སྟན་རྣམས་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཆོས་ཀྱི་དབྱིངས་ཀྱི་རྣམ་པར་བྱེད། །བསྡུས་ནས་གོང་བུའི་རྣལ་འབྱོར་གྱིས། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཆུ་ཡི་ཁམས་དང་མེ་ཡི་ཁམས། །རོ་ གཅིག་མཆོག་གི་གནས་སུ་ནི། །ཐབས་དང་ཤེས་རབ་བདག་ཉིད་སྦྱར། །སངས་རྒྱས་གཟུགས་བརྙན་དབང་པོ་དྲུག །བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གི་རྗེས་འབྲངས་དེ་ཉིད་ཤེས། །གསང་དོན་དེ་ཉིད་དངོས་པོ་ཡང་། །དེ་ཉིད་ ལས་ནི་གཅིག་ལས་གཅིག །སྔར་གྱི་མཚན་ཉིད་ཐམས་ཅད་ཀྱིས། །སྟོང་སོགས་དེ་ཉིད་མཚན་ཉིད་ཀྱིས། །ལུས་ཀྱི་དྲི་མ་བཀྲུས་ནས་ནི། །རྫོགས་པའི་བྱང་ཆུབ་རིམ་པར་སྦྱར། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་སེམས་དཔའ་ བསམ་པར་བྱ། །མདོག་དཀར་ཀུན་ད་ཟླ་བ་ཡི། །འོད་ཟེར་རྣམ་པར་སྤྲོ་བ་ནི། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །པདྨའི་གནས་ལ་ཡང་དག་བཞུགས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཕྱག་རྒྱ་ ཆེན་པོ་ཕྱག་གཉིས་ཀྱིས། །སྙིང་གི་གནས་སུ་གཟིར་བར་མཛད། །གཟུགས་དང་གཟི་བརྗིད་ཡོངས་གང་བ། །ཡེ་ཤེས་སེམས་དཔར་བསྒོམ་པ་ཉིད། །ཆུ་ཤིང་མེ་ཏོག་ལྟ་བུར་ནི། །ལྟེ་བ་རུ་ནི་ཡང་དག་གནས། །ལངས་ནས་སྙིང་གར་ཀུན་ཏུ་གནས། ། སྔར་གྱི་མཚན་ཉིད་ཡོངས་གང་བ། །བཏོན་ནས་དང་པོའི་པདྨ་ནི། །འདབ་མ་བརྒྱད་པ་ཤིན་ཏུ་མཛེས། །ཟེ་བ་དང་ནི་ཟེ་འབྲུར་བཅས། །ཡི་གེ་རྣམ་དགོད་དགོད་པར་བྱ། །དཀྱིལ་འཁོར་དབུས་སུ་གནས་པ་ཡི། །ཕྱག་གཉིས་ཞལ་གཅིག་དཀར་པོ་ནི། །བཟང་ པོ་དྲི་མེད་དབུས་སུ་བསམ། །དེ་ཡི་དབུས་སུ་རྣམ་ཤེས་དང་། །ཡེ་ཤེས་དེ་ཉིད་སྦྱར་བར་བྱ། །དང་པོ་ཤར་གྱི་འདབ་མ་ལ། །བྱམས་པར་ལྡན་པའི་མི་བསྐྱོད་པ། །ལྷོ་ཡི་སྒོར་ནི་སྙིང་རྗེ་ཉིད། །རིན་ཆེན་དེ་ཉིད་ས་བོན་ལས། །ནུབ་ཀྱི་སྒོ་ཡི་འདབ་མ་ལ། །འོད་དཔག་ མེད་པའི་ས་བོན་དགོད། །བྱང་གི་སྒོ་ཡི་གནས་སུ་ནི། །སེམས་ཀྱི་དོན་ཡོད་གཙོ་བོ་ཉིད། །དང་པོའི་དབྱངས་སོགས་ས་བོན་གྱི། །ཟླ་བའི་ཐིག་ལེ་ཇི་བཞིན་རིམ། །ཟླ་བའི་འོད་ཟེར་དཀར་བརྒྱན་པའི། །ཡི་གེ་བཞི་ནི་དགོད་པར་བྱ། །མཚམས་རྣམས་སུ་ནི་མ་ ནིང་ཉིད། །རྣམ་པ་བཞི་པོ་སྔར་གསུངས་པ། །དེ་ཡི་དབུས་སུ་དེ་ཡི་སེམས། །ཡི་གེ་ཡིས་ནི་སྦྱར་བར་བྱ། །རྡོ་རྗེ་སྙིང་པོས་གསོལ་པ། །སེམས་ལ་ཐེ་ཚོམ་འཁྲུངས་ལགས་པ། །བཅོམ་ལྡན་བདག་ལ་བཤད་དུ་གསོལ། །སྟོང་པ་མཚོན་དུ་མེད་པ་ལ། ། ཡི་གེའི་རྣལ་འབྱོར་ལ་སོགས་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་ཉིད་ཇི་ལྟར་རྡོ་རྗེ་ཉོན། །མཚན་གཞི་མཚན་ཉིད་སྟོང་པ་ཉིད། །སྙིང་པོ་མེད་པའི་ཆུ་ཤིང་ལས། །སྙིང་པོ་བདུད་རྩི་འབྲས་འབྱུང་ལྟར། །འབྲས་བུ་རྣམ་ཤེས་ཡེ་ཤེས་ནི། ། གཟུགས་མེད་པ་ལ་ཡེ་ཤེས་གཟུགས། །ཡེ་ཤེས་སྐུ་ནི་སྐྱོན་མེད་པ། །མཚན་ཉིད་མཚོན་དུ་མེད་པ་ཉིད། །དངོས་དང་དངོས་མེད་རྣམ་པར་གྲོལ། །ཡིག་འབྲུ་མེད་ལས་ཡིག་འབྲུའི་གཟུགས། །དེ་དབུས་ངོ་བོ་སྟོང་པ་ཉིད། །དེ་ཉིད་རྣལ་འབྱོར་པ་ཡིས་ གཟུང་། །ཇི་ལྟར་མཚན་ཉིད་ཤེས་ཀྱང་ནི། །མཉམ་ཉིད་ཡེ་ཤེས་སེམས་ཀྱིས་ནི། །དེ་ཡི་རྫོགས་པའི་བྱང་ཆུབ་ལམ། །མྱུར་བ་ཉིད་དུ་མཐོང་བར་འགྱུར། །བླ་མའི་མན་ངག་ལམ་གྱིས་ནི། །ཡེ་ཤེས་རྣམ་ཤེས་ངོ་བོ་ལས། །མཚན་ཉིད་བསྟན་ བཅོས་མདོར་བསྡུས་པ། །དེ་ཉིད་དཔའ་བོ་སྟོན་པ་པོ། །འདི་ཡི་བསྒོམ་པ་ཐམས་ཅད་ཀྱི། །འོད་ཟེར་དཀར་པོས་རྣམ་པར་བརྒྱན། །ལྕགས་སྒྲོག་ལྔ་པོ་མཆོད་རྟེན་གྱི། །བདུད་རྩིའི་ས་བོན་བསམས་ནས་ནི། །ཁ་དོག་དཀར་པོ་འོད་གསལ་བ། །བདུད་ རྩིའི་རྒྱུན་ནི་འཛག་པར་འགྱུར། །སྙིང་གི་ས་བོན་པད་དབུས་སུ། །མཐེ་བོང་ཡོངས་ཀྱི་དཀྱིལ་འཁོར་འདི། །དེ་ཡི་དབུས་སུ་ས་བོན་ནི། །ཨཱ་ལི་ཀཱ་ལི་ཡོངས་བཏུས་པ། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །ཟླ་བའི་འོད་ཟེར་འཕྲོ་བ་ནི། །དེ་ཡི་དབུས་ སུ་སྒོ་རྣམས་ཀྱི། །ཐིག་ལེ་བསམ་པར་རབ་ཏུ་གྲགས། །སྐྲ་ཡི་རྩེ་མོ་བརྒྱ་ཆར་ནི། །ཕྲ་རབ་གཟུགས་སུ་ཡང་དག་གནས། །རྣམ་པར་ཤེས་པའི་རང་བཞིན་ལས། །ཡེ་ཤེས་ཅན་གྱི་མཚན་ཉིད་མཚོན། །གོ་འཕང་གནས་ཀྱི་ཐིག་ལེ་ལྟོས། །སེམས་ཀྱི་མཚན་ ཉིད་ཐམས་ཅད་ཤེས། །སྙིང་ལ་ཚངས་པའི་སྒོ་ཡི་ནི། །ཐིག་ལེ་སྒོ་ཡི་ལམ་ལས་ནི། །བླ་མའི་མན་ངག་བརྩོན་པ་ཡིས། །རྣམ་ཤེས་ཡེ་ཤེས་ཀྱི་ཡང་བླང་། །ལམ་གྱི་ཕྱི་རོལ་བསྟན་བཅོས་ཀྱང་། །མ་ཡིན་རིང་བར་འགྱུར་བ་ཡིན། །བསྟན་བཅོས་ རྣམས་ནི་རྙེད་སླ་ཡང་། །སྦྱོར་བ་དེ་ལ་རྙེད་པར་དཀའ། །རྣལ་འབྱོར་པ་ཡི་ཐབས་ཀྱིས་ནི། །བླ་མ་གསོལ་བ་འདེབས་ལ་བརྩོན། །བླ་མའི་མན་ངག་ལམ་གྱིས་ནི། །རྣམ་པར་མཁས་པས་མཐོང་བར་འགྱུར། །མཉམ་གཞག་དངོས་པོའི་རང་བཞིན་གྱིས། ། གཡོ་བ་མེད་ཅིང་འཚེ་བ་མེད། །ཡིད་ནི་ཆོས་རྣམས་སྔོན་དུ་འགྲོ། །ཡིད་ནི་དག་ཅིང་ཡིད་ལྟར་མགྱོགས། །ཡིད་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །སྨྲ་བ་དང་ནི་བྱེད་པར་འགྱུར། །དེ་ཕྱིར་ཡིད་ཀྱི་བདག་ཉིད་ཀུན། །ཡིད་ལ་བྱུང་བར་བློ་ལྡན་པས། །སྙིང་གར་སེམས་ བསྒོམ་སྡོམ་པ་ནི། །གལ་ཏེ་འདོད་ན་ཡོ་གིས་བཟླས། །རྒྱུ་རུ་གྱུར་པའི་ས་བོན་ཏེ། །དེ་ཉིད་དཔྱད་པས་མ་ཡིན་ནོ། །འབྲས་བུ་རྒྱུ་ཡི་ས་བོན་ཏེ། །དེ་ཉིད་མཐོང་བ་མ་ཡིན་ནོ། །གཟུགས་སོགས་སྲིད་པའི་ལོངས་སྤྱོད་ཀྱིས། །དམིགས་པའི་ས་བོན་རྣམ་པ་ལྔ། ། སྤྱི་བོ་སྤྱི་མེད་ཡང་དག་གནས། །ཀུན་ནས་ཀུན་དུ་འབབ་པར་འགྱུར། །རྟག་ཏུ་རྩ་བའི་ས་བོན་གྱི། །ཡེ་ཤེས་རྣམ་ཤེས་ས་བོན་ལས། །ཐིག་ལེ་སྒྲ་དང་ཡང་དག་ལྡན། །འཁོར་བའི་ལོངས་སྤྱོད་འདོད་པ་ཡིས། །ཡིད་ཀྱི་བཟླས་པ་ཡང་དག་ལྡན། །ཡི་གེ་ངག་ནི་རྣམ་ པར་སྤངས། །ངེས་པར་རྟག་ཏུ་གོ་འཕང་གནས། །རྟག་པ་དང་ནི་ཆོས་ཀྱི་དབྱིངས། །རྟག་ཏུ་ཕྲ་ཞིང་སྐྱོན་མེད་པ། །ཡེ་ཤེས་ལ་ནི་རྣམ་ཤེས་ནུབ། །ཡེ་ཤེས་དངོས་པོས་རྣམ་ཤེས་ཀྱི། །རྫོགས་པའི་བྱང་ཆུབ་རིམ་མཐོང་འགྱུར། །དང་པོར་མཚན་མ་ཐམས་ ཅད་ཀྱི། །མར་མེའི་རྣམ་པ་མཐོང་བར་འགྱུར། །གཉིས་པ་མཚན་མོ་མེ་ཁྱེར་གྱི། །རྣམ་པའི་རྡུལ་ནི་མཚོན་པར་བྱེད། །རྡུལ་དཀར་ཙ་ན་ཀ་དབྱིབས་སུ། །ཕྱོགས་བཅུར་དེ་བཞིན་མཐོང་བར་འགྱུར། །གསུམ་པར་ཉོན་མོངས་བཅོམ་པ་ནི། །རྣལ་འབྱོར་པ་ཡིས་ རྣམ་པར་བརྟགས། །ལྷ་ཡི་ལོངས་སྤྱོད་འདོད་པ་ཡང་། །བཞི་པར་ཡང་ནི་བསྟན་པའོ། །ལྷ་ཡི་གཟུགས་ནི་ཐམས་ཅད་ཀྱང་། །ལྔ་པར་སེམས་ཀྱིས་བརྟག་པར་བྱ། །དྲུག་པ་གཟུགས་ནི་མེད་པའི་ཆ། །བདུན་པ་ཆོས་ཀྱི་དབྱིངས་ཉིད་དེ། །བརྒྱད་པར་ རང་འདོད་རྣལ་འབྱོར་པའི། །སངས་རྒྱས་རྣམས་ཀྱི་འབྲས་བུའི་དོན། །རྡོ་རྗེ་སེམས་དཔའ་སྙིང་རྗེ་ཆེ། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱིས་ནི་རེ་རེར་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་ བརྗོད་པར་བྱ། །ལུས་ཅན་རྣམས་ཀྱི་ཕུང་པོ་དང་། །ཁམས་རྣམས་དང་ནི་སྐྱེ་མཆེད་རྣམས། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་མི་ཤེས་སྒྲིབ་སྦྱང་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་ པོ་དག་པའི་ཕྱིར། །རང་གིས་རིག་པའི་བདེ་བ་མཆོག །གཟུགས་ལ་སོགས་པའི་ཡུལ་གང་དང་། །གཞན་ཡང་རྣལ་འབྱོར་པ་སྣང་བ། །དེ་ཀུན་རང་བཞིན་དག་པ་སྟེ། །དེ་ཕྱིར་སངས་རྒྱས་སྣ་ཚོགས་དངོས། །ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་ གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་ཕྱིར་རོ། །གསོལ་པ། གཟུང་བ་དང་འཛིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་ གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །དྲི་ནི་སྣ་ཡིས་ཚོར་བར་བྱ། །ལྕེ་ཡིས་རོ་ནི་རིག་པར་བྱ། །ལུས་ཀྱིས་དངོས་པོ་རིག་པར་བྱ། །ཡིད་ཀྱིས་བདེ་སོགས་ཐོབ་པ་ནི། །དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པར་བྱ། ། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་ཉིད། །ཀུན་གྱི་ངོ་བོ་ཧེ་རུ་ཀ། །མིག་ལ་གཏི་མུག་རྡོ་རྗེ་བཤད། །ཞེ་སྡང་རྡོ་རྗེ་མངོན་ཐོས་ པ། །ཕྲག་དོག་རྡོ་རྗེ་དེ་བཞིན་སྣ། །ཁ་ནི་འདོད་ཆགས་རྡོ་རྗེར་བཤད། །རེག་ལ་སེར་སྣ་རྡོ་རྗེ་མ། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །དམ་པའི་དབང་ཕྱུག་ཧེ་རུ་ཀ། །ས་ཡི་ཁམས་ནི་ལྟུང་བྱེད་མ། །ཆུ་ཁམས་གསོད་པར་བྱེད་མར་བརྗོད། །མེ་ ཡི་ཁམས་ནི་འགུགས་བྱེད་མ། །དེ་བཞིན་རླུང་ནི་གར་དབང་ཕྱུག །ནམ་མཁའི་ཁམས་སུ་བརྗོད་པ་ནི། །པདྨ་འབར་བ་འཁྱིལ་པ་ཉིད། །འདི་ལྟར་ལུས་ཅན་རྣམས་ཀྱི་ལུས། །ཕུང་པོ་ལ་སོགས་ལྷ་བདག་ཉིད། །བདེ་དང་སྡུག་བསྔལ་དེ་བཞིན་ལས། །ཉོན་ མོངས་ལ་སོགས་དེས་བསྐྱེད་པའི། །བསྐྱེད་པའི་ཆ་ལ་ལེགས་གནས་པས། །སྲིད་དང་མྱ་ངན་འདས་པ་ཐོབ། །ཕུང་པོ་དང་སྐྱེ་མཆེད་རྣམ་པར་དག་པ་སྟེ་ལྔ་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་སྤྱོད་པས་རྟོག་པ་རྣམས། །འཇིག་པར་ བྱེད་པ་བཤད་པར་བྱེད། །ཆོས་རྣམས་ཀུན་ལ་མཉམ་བྱུང་བ། །དེ་ཉིད་སྤྱོད་པ་གོང་ན་མེད། །སངས་རྒྱས་སྲས་ལ་ཕན་པའི་ཕྱིར། །རྫོགས་པའི་བྱང་ཆུབ་རྣམ་གནས་པ། །གང་ཞིག་ཡང་ནི་དེ་ཉིད་ལས། །རྡོ་རྗེ་ཡན་ལག་མེད་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་ མཆོག །སྐྱེ་བའི་རྒྱ་མཚོ་འཇིགས་ཆེན་པོར། །རྒ་བའི་རླབས་ཀྱིས་འཁྲུགས་པ་ལས། །སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད། །ཚོང་པ་དགེ་བར་འགྲོ་བ་དང་། །མྱུར་དུ་དངོས་གྲུབ་གསལ་བྱེད་ཅིང་། །སྙིང་པོའི་ཡོན་ཏན་ཀུན་གྱི་གནས། །སེམས་ཀྱི་རིན་ ཆེན་ལས་བྱུང་བ། །འདོད་དོན་རབ་ཏུ་སྒྲུབ་པར་བྱེད། །རྡོ་རྗེ་འཛིན་པས་རབ་བསྔགས་པའི། །ལོངས་སྤྱོད་རྫོགས་པའི་ཡོན་ཏན་ཀུན། །ལུས་བྱུང་འདི་ལས་མ་གཏོགས་པར། །དགའ་བའི་དངོས་གྲུབ་འབྱུང་མི་འགྱུར། །མཁས་མཆོག་སྤྱོད་པ་མཚུངས་མེད་འདི། ། གྲོལ་བར་འདོད་པས་སྤྱད་པར་གྱིས། །ལྷ་ཡི་དགྲ་དང་བརྒྱ་བྱིན་དང་། །གྲོང་ཁྱེར་སུམ་བརྩེགས་དགྲ་བོ་དང་། །ནོར་སྦྱིན་ཚངས་པ་ལ་སོགས་པས། །ཞབས་ཀྱི་འདམ་སྐྱེས་མཆོད་པ་ཡིས། །སྡིག་པ་འཇིག་བྱེད་འདི་ལ་སྤྱོད། །མྱུར་དུ་དེ་བཞིན་གཤེགས་པ་ཡི། ། གནས་ཀྱི་མཆོག་ནི་ཐོབ་པར་འགྱུར། །དཔལ་ལྡན་རྡོ་རྗེ་སེམས་དཔས་ནི། །གང་ཞིག་འགྲོ་ལ་ཕན་པར་ནི། །ཀུན་འདར་གྱི་ནི་སྤྱོད་པ་གསུངས། །དེ་ལྟར་མཆོག་ཏུ་བསམ་ཡས་གནས། །ཤིན་ཏུ་གསང་བ་ཡོ་གིས་བསྒོམ། །རྟོག་པ་ཐམས་ཅད་བྲལ་བར་ ནི། །དམ་ཚིག་ལ་ནི་སྤྱད་པར་བྱ། །རྒྱུ་མཐུན་འབྲས་བུ་རང་བཞིན་ལས། །དང་པོའི་རྩོམ་པར་ཡོ་གི་གནས། །དེ་ནས་བསྒོམས་པས་དུབ་པ་ན། །བསྡུས་ནས་བྱིས་པའི་རྩེ་བར་བྱ། །སྣ་ཚོགས་གདུལ་བྱའི་འཇིག་རྟེན་ལ། །འཇམ་པའི་གཟུགས་ཅན་རང་ཉིད་ བསྒོམ། །གྲུབ་པར་གྲགས་པ་མ་ལུས་པ། །ཅི་གསུངས་རྣམ་པ་སྣ་ཚོགས་པའི། །སྤྱོད་པས་བླ་ན་མེད་པ་ཡི། །ཀུན་བཟང་མཚུངས་པ་མེད་འགྲུབ་པས། །སྤྱོད་པ་ངེས་རིག་རྡོ་རྗེ་ཅན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ལྡན་སློབ་དཔོན་ རྡོ་རྗེ་ཅན། །ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །གསང་བའི་སྤྱོད་པས་གནས་ནས་ནི། །བློ་གྲོས་ཆེན་པོ་བྱ་བ་བྱས། །དེ་ནས་རང་གི་འདོད་སྒྱུར་བས། །སྦྱོར་བ་ཀུན་ལ་ཁ་ཕྱིར་བལྟས། །ཀུན་ཏུ་སེང་གེ་ལྟ་བུར་ནི། །དེ་ཉིད་ལྡན་པས་བདག་གིས་སྤྱད། ། ཇི་ལྟར་བྱུང་དོན་ཡང་དག་རིག །འགྲོ་བ་འདོན་པའི་བསམ་པ་ཡིས། །ཡང་དག་ལྟ་བ་རབ་སྒྱུར་བདག །བརྟན་པའི་སེམས་ནི་གནས་མེད་པས། །ཕུང་པོ་ཁམས་སོགས་མཚན་ཉིད་ནི། །ཐམས་ཅད་རྨི་ལམ་སྒྱུ་མ་ལྟར། །ཁམས་གསུམ་འདི་དག་ཐམས་ ཅད་ནི། །མདོར་བསྡུས་ནས་ནི་འདིར་ཤེས་བྱ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །འཚོ་བར་དབང་ཕྱུག་འདུ་བ་དང་། །དེ་བཞིན་འཇིག་རྟེན་ཆོས་བརྒྱད་ནི། །ཐམས་ཅད་ཤིན་ཏུ་རིང་དུ་སྤངས། །རྟག་ཏུ་རྟོག་པ་མེད་གྱུར་པས། །གཉིས་སུ་མེད་པར་ངེས་ བྱས་ནས། །ཕ་རོལ་ཕྱིན་དྲུག་རྣལ་འབྱོར་གྱིས། །སངས་རྒྱས་དངོས་གྲུབ་རབ་གྲུབ་ཕྱིར། །སེམས་ཅན་དོན་ལ་ལེགས་ནུས་ཀྱང་། །སེམས་ཅན་ཡོངས་སུ་བརྟག་མི་བྱ། །བྱང་ཆུབ་ལ་ནི་སེམས་བཞག་ནས། །ཕྱོགས་ལས་རྒྱལ་བའི་སྤྱོད་པ་བརྩམ། །ཐབས་ དང་ཤེས་རབ་ལྡན་པའི་བདག །སྦྱོར་བ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །དེ་ཉིད་གོམས་པར་རབ་བྱས་པས། །སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །རྟོག་པ་ཀུན་ལས་རྣམ་པར་གྲོལ། །སེམས་ཅན་བསམ་པའི་ཁྱད་པར་ལས། །སྒྱུ་མ་ལྟར་ སོགས་རྣལ་འབྱོར་གྱིས། །ཐམས་ཅད་ཉིད་ནི་བཟའ་བར་བྱ། །ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང་། །གང་ཡང་ཀུན་ཏུ་ལམ་གྲོགས་མེད། །དོགས་པ་མེད་པའི་སེམས་ཀྱིས་ནི། །ཇི་ལྟར་འདོད་པར་རབ་ཏུ་བཟའ། །ལོངས་སྤྱོད་རྫོགས་དོན་འདི་དག་ ཀུན། །ཁམས་གསུམ་དག་ནི་མ་ལུས་པ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །རྡོ་རྗེ་སེམས་དཔས་རྣམ་པར་སྤྲུལ། །ཡེ་ཤེས་མཐའ་ཡས་ཐོབ་པ་ཡིས། །དེ་བཞིན་གཤེགས་ཕྱག་མི་བྱ་ན། །རྟག་ཏུ་སྒོམ་པ་ལྡན་པ་ཡིས། །དབང་བསྐུར་མེད་ སོགས་སྨོས་ཅི་དགོས། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །དངོས་པོ་ཀུན་གྱི་རང་བཞིན་འདི། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །དེ་ཕྱིར་དེ་ཉིད་ལྷ་རྣམས་ཉིད། །དཀྱིལ་འཁོར་སྨྱུང་བ་མི་བྱ་ཞིང་། །ཕྱག་རྒྱ་མཆོད་རྟེན་ལས་མི་བྱ། །དཔལ་ལྡན་རྡོ་རྗེ་མགོན་ པོས་ནི། །གང་ཡང་གཞན་དུ་བསྟན་པ་རྣམས། །ལྷག་པར་མོས་པས་གནས་གང་ཡང་། །དེ་རྣམས་ཀྱིས་ཀྱང་དེ་ཉིད་རིག །ཇི་ལྟར་བདུད་རྩིའི་དོན་གཉེར་བས། །སྙིང་པོ་བླངས་ནས་དོར་བ་སྤོང་། །དེ་ལྟར་ཆོས་ཀྱི་སྙིང་པོ་ནི། །ཐོབ་ནས་རྟོག་པ་ཐམས་ཅད་སྤངས། ། རྟོག་མེད་གང་ཚེ་བློ་ལྡན་པས། །དོགས་པ་སྤངས་ཤིང་གནས་མེད་པ། །ཐུགས་ཀྱི་རྡོ་རྗེ་ཅི་གསུངས་བཞིན། །དེ་ཚེ་འགྲུབ་འགྱུར་ཐེ་ཚོམ་མེད། །རྟོག་པས་དམྱལ་བར་འགྲོ་འགྱུར་ཏེ། །འགྲོ་བ་དྲུག་གི་འཁོར་བ་ཡི། །རྒྱ་མཚོ་རུ་ནི་འཁོར་བར་འགྱུར། །རྟོག་པ་ མེད་ན་གྲོལ་འགྱུར་ཞིང་། །གནས་ནི་དྲི་མེད་ཞི་བ་ཉིད། །དེ་ཕྱིར་རྟོག་པའི་དགྲ་གཞོམ་ཕྱིར། །དམ་ཚིག་སངས་རྒྱས་མཛད་པ་གང་། །དེ་ནི་རྟག་ཏུ་གོམས་པར་བྱ། །གང་གིས་དམ་ཚིག་གནས་གྱུར་པ། །སྔགས་ཤེས་བསམ་པའི་ནུས་པས་བྱ། །དངོས་ པོ་ཀུན་ལ་བལྟ་བར་བྱ། །ངེས་པར་ཐམས་ཅད་མ་སྐྱེས་པའི། །རྣམ་པ་ཡི་ནི་རྣལ་འབྱོར་གྱིས། །ཁྱི་དང་བོང་བུ་རྔ་མོ་དང་། །གླང་པོ་ལ་སོགས་ཁྲག་འཐུངས་ནས། །ཤ་ཡང་རྟག་ཏུ་བཟའ་བ་ཉིད། །ཤ་ཆེན་ཁྲག་གིས་བསྒོས་པ་ནི། །ཐམས་ཅད་ཁྱད་ པར་དུ་ནི་བལྟ། །དམན་པའི་ཤ་ནི་ཐམས་ཅད་དང་། །སྲོག་ཆགས་འབུམ་ཕྲག་བརྒྱ་ལྡན་བཟའ། །རྣམ་སྣང་ཤིན་ཏུ་རུལ་བ་ཡི། །སྲིན་བུ་བརྒྱ་ཕྲག་ཟི་ཟིར་ལྡན། །ཁྱི་དང་མི་སྐྱུགས་བསྲེས་ནས་ནི། །ཤ་ནི་རྡོ་རྗེའི་ཆུས་གོས་ལྡན། །རྣལ་འབྱོར་ པས་ནི་སྤྲོ་བ་ཡིས། །རྣམ་སྣང་བསྲེས་ནས་བཟའ་བར་བྱ། །རྡོ་རྗེའི་ཆུ་ནི་བཏུང་བར་བྱ། །གང་གི་ཚེ་འགའ་ཞིག་ཏུ་ཤའི་བཟའ་བ་མ་རྙེད་ན་བཟའ་བའི་དོན་དུ་ཤའི་གཟུགས་སུ་རྣམ་པར་བརྟགས་ཏེ་བཟའོ། །གང་ཞིག་གཞན་པའི་འཇིག་རྟེན་ཟ་བ་དེ་བཟའ་ བར་བྱའོ། །དེ་ཁོ་ནའི་སྒྲུབ་པ་པོའི་དབང་པོ་གང་ཞིག་བགྲོད་པར་བྱ་བ་མ་ཡིན་པ་དེ་ལ་བགྲོད་པར་བྱ་བ་དང་། གང་ཞིག་བྱ་བ་མ་ཡིན་པ་དེ་ནི་དེའི་བྱ་བ་དང་། བགྲོད་པ་དང་བགྲོད་པར་བྱ་བ་མ་ཡིན་པར་རྣམ་པར་རྟོག་པ་དང་། བཟའ་བ་དང་བཟའ་བར་བྱ་བ་མ་ཡིན་ པ་དང་། སྡུག་པ་དང་མི་སྡུག་པ་དང་། བཏུང་བ་དང་བཏུང་བ་མ་ཡིན་པར་སྔགས་པས་མི་བྱ་སྟེ། སྐུ་དང་། གསུང་དང་། ཐུགས་མཉམ་པར་གཞག་པར་འགྱུར་རོ། །ཇི་ལྟར་ཡང་སེམས་འཁྲུལ་པ་མ་ཡིན་པ་དེ་ལྟར་ཆང་རྣལ་འབྱོར་པས་རྟག་ཏུ་བཏུང་བར་བྱ་བ་ དང་། དམན་པས་ཤིན་ཏུ་སྒེག་པ་དང་། རིགས་དང་བཅས་པ་དང་། རིགས་མེད་པ་དང་། སྡུག་ཅིང་ཕོངས་པའི་སེམས་ཅན་ཐམས་ཅད་ལ་གཅིག་པའི་ཚུལ་གྱིས་རྒྱལ་བ་ལྟ་བུར་བལྟ་བ་དང་། གླེགས་བམ་བཀླག་པར་གསུངས་པ་མི་བྱ་བ་དང་། དཀྱིལ་འཁོར་དང་ མེ་ཏོག་བསྡུ་བར་མི་བྱ་བ་དང་། སྔགས་ཀྱི་བཟླས་པ་མི་བྱ་བ་དང་། ལྷ་དང་དབང་བསྐུར་བ་ལ་སོགས་པ་ལ་ཕྱག་མི་བྱ་བ་དང་། བརྫུན་དུ་སྨྲ་བ་དང་། ཕ་རོལ་གྱི་བུད་མེད་སྐལ་བ་བཟང་མོ་བསྟེན་པར་བྱ་བ་དང་། གདུག་པ་ཅན་ལ་བྱམས་པ་མི་བྱ་བར་གསུངས་པ་དང་། སངས་རྒྱས་དང་སྲོག་ཆགས་གསད་པ་དང་། རྒྱལ་བས་མཆོད་པའི་སློབ་དཔོན་དང་། ཡེ་ཤེས་ཀྱི་དམ་ཚིག་ནི་སེམས་ཅན་དེ་དམ་ཚིག་གིས་རྟག་ཏུ་དངོས་གྲུབ་སྣ་ཚོགས་སྦྱིན་པར་བྱེད་དེ། བློ་དང་ལྡན་པ་ལ་ཕྱོགས་བཅུར་རྣམ་པར་བཞུགས་པ་མཆོད་ པར་བྱེད་དོ། །གང་གི་ཕྱིར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསོད་ནམས་གང་ཞིག་སློབ་དཔོན་གྱི་བ་སྤུའི་ཁུང་བུའི་རྩེ་མོ་ལ་མཐོང་བ་དེའི་ཕྱིར་བྱང་ཆུབ་སེམས་དཔས་སློབ་དཔོན་ལ་སངས་རྒྱས་ཀྱིས་མཆོད་པ་བྱེད་པ་མཐོང་ངོ་། །ངེས་པར་ རང་གི་དམ་ཚིག་སངས་རྒྱས་འདོད་པས་དངོས་གྲུབ་སྦྱིན་པར་བྱེད་པས་བླ་མ་དམ་པ་ལ་སྨད་པར་མི་བྱ་བ་དང་། རྡོ་རྗེ་སྤུན་ལ་མི་གུས་པར་མི་བྱ་བ་དང་། གང་ཞིག་བྱིན་པ་དེ་བཟུང་ནས་མཆོད་རྟེན་ལ་ཕྱག་མི་བྱ་བ་དང་། སྤུན་དང་། བུ་དང་། ཕ་དང་། རྒྱལ་ སྲིད་ཀྱི་ལོངས་སྤྱོད་དང་། གཏེར་དང་། ནོར་དང་། འབྲུ་ཐམས་ཅད་ལ་རྩྭ་ལྟ་བུར་མཐོང་ནས་ཁམས་གསུམ་གྱི་རྒྱལ་པོ་བསྒྲུབ་པར་བྱའོ། །འཁྱུད་པའི་སྤྱོད་པ་སྟེ་ལྔ་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་ཡང་དག་རབ་བཤད་བྱ། ། སྤྱོད་པ་ཕ་རོལ་ཕྱིན་མཚན་ཉིད། །གང་གི་རིང་ནས་ཤེས་པ་དེ། །རྡོ་རྗེ་ཡོ་གིར་ཐེ་ཚོམ་མེད། །མཁའ་འགྲོ་མ་སོགས་གཏོར་མ་ནི། །ཇི་ལྟར་རྙེད་དང་བཟའ་བཏུང་ནི། །དེ་བཞིན་རྣལ་འབྱོར་པ་ཡིས་བཟའ། །རོ་ཡི་དཀྲིས་མའི་གོས་བཟང་དང་། །རོ་བསྲེགས་ ཐལ་བས་རྣམ་པར་བརྒྱན། །ཕྲུ་ཆག་ཤིན་ཏུ་གསང་བར་ནི། །མཚན་མོའི་དུས་སུ་རྒྱུ་བར་བྱ། །བཞི་མདོ་དང་ནི་རི་བོ་དང་། །ཤིང་གཅིག་གམ་ནི་དུར་ཁྲོད་དང་། །བཞིར་ནི་དེ་ནས་སྔགས་པ་ཡིས། །བསྒོམ་པ་བཟང་པོ་བྱ་བར་བརྗོད། །མ་མོའི་ཁྱིམ་ དང་མཚན་མོ་དང་། །ཡང་ན་དབེན་པའམ་བས་མཐར་ནི། །ཅུང་ཟད་དྲོད་ནི་ཐོབ་པ་ཡིས། །གལ་ཏེ་སྤྱོད་པ་བྱེད་འདོད་ན། །བདག་ཉིད་གལ་ཏེ་འགྲུབ་འདོད་པས། །བྱིས་པ་བཞིན་དུ་སྤྱད་ནས་ནི། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །བློ་ལྡན་ཆེན་ པོས་རྒྱུ་བར་བྱ། །ཞེན་པ་མེད་པའི་སེམས་ཀྱིས་ནི། །ཁ་དོག་ཅན་གྱི་རྟག་སྒྲིབ་པ། །བ་སྤུའི་ཁུང་བུའི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་དབྱུང་བར་བྱ། །འཇམ་པའི་རྡོ་རྗེར་རང་གྱུར་ནས། །དཀྱིལ་འཁོར་པར་ནི་རབ་ཏུ་བརྟག །པདྨའི་ཚལ་ནི་ཉམས་དགའ་ བར། །ཆུ་བོ་འདུས་པ་རྣམས་སུ་ཡང་། །དེར་གནས་རྣལ་འབྱོར་པས་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཕུག་གམ་རི་ཡི་རྩེ་མོར་ནི། །ཤིན་ཏུ་མཉམ་པར་བཞག་པས་གནས། །ཇི་ལྟར་རྙེད་པ་བཞིན་དུ་བཟའ། །ཟོས་ཤིང་ཟོས་ནས་ གཏོར་མ་སྦྱིན། །འབྲས་བུ་སྣ་ཚོགས་དོ་ཤལ་སོགས། །འོལ་མ་ཟི་སོགས་དེ་བཞིན་སྤྲས། །སྲོག་ཆགས་ཡན་ལག་གོས་གྱོན་ཞིང་། །བདེ་དོན་གཉེར་ལ་བདེ་བ་སྦྱིན། །རེས་འགའ་ལེགས་སྦྱར་ཟུར་ཆག་ནི། །བཟློག་པ་ཡིས་ནི་འདོན་པར་བྱེད། ། བཟའ་དང་བཟའ་མིན་ཅི་སྙེད་པ། །སྨྱོན་པའི་སྦྱོར་བས་བཟའ་བར་བྱ། །གཞན་པའི་ཡུལ་འཁོར་གྲུབ་པ་དང་། །རི་ཡི་ཕུག་དང་ཚང་ཚིང་དང་། །གདོད་ནས་གྲུབ་པའི་དུར་ཁྲོད་ཆེ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་ཡང་། །དེར་གནས་ཤེས་རབ་ཅན་གྱིས་བསྒོམ། ། སྐྲག་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་བྱས་ནས་རྣལ་འབྱོར་པས། །ཡང་ནི་ཕྱོགས་ལས་རྣམ་རྒྱལ་བརྩམ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །ཕྱོགས་བཅུར་རྣམ་པར་གནས་པ་ཡི། །སྐྱེ་བའི་སྒྲིབ་པས་བསྒྲིབས་པ་ཡི། །ཀུན་གྱི་བསམ་པ་ འགེངས་པར་བྱེད། །གཟུང་བ་དང་ནི་འཛིན་པ་ཀུན། །བསྒོམ་པས་སྤངས་ཤིང་རྣམ་པར་སྤངས། །འདིས་ནི་བསྒོམས་པ་ཐམས་ཅད་ཀྱིས། །ཕྱོགས་ལས་རྣམ་རྒྱལ་མངོན་པར་བརྗོད། །དེ་ལྟར་རེ་ཞིག་གནས་བྱས་ནས། །དེ་ཉིད་མི་ཤིགས་རྣལ་འབྱོར་ པས། །རིག་མའི་ལྷ་མོ་འདོད་པ་ཡི། །ཤིན་ཏུ་གཟུགས་ཅན་བསྡུས་ནས་བྱ། །ཆུས་བྱུང་ཡིད་འོང་རིན་ཆེན་དང་། །རིག་པ་འཛིན་པའི་ཉམས་དགའ་འམ། །ལྷ་ཡི་བུ་མོ་གནོད་སྦྱིན་མོ། །ཡང་ན་ཀླུ་མོ་རྐང་འོག་ཏུ། །གནས་པ་དང་ནི་ལྷ་མིན་མོ། །འདི་ ནང་ཡོ་གིས་རིག་མ་གཅིག །རང་གི་སེམས་ལ་མངོན་འདོད་པ། །ལྕགས་ཀྱུ་ཞགས་པའི་རབ་སྦྱོར་བས། །རྣལ་འབྱོར་པ་ཡིས་བཀུག་ནས་བསྒྲུབ། །ཉེ་བར་དགོས་པ་རྒྱས་པ་ཀུན། །མ་བསླངས་པར་ནི་ལྷ་ཡིས་སྟེར། །རྒ་དང་ནད་ལས་རྣམ་ པར་གྲོལ། །གཉིས་མེད་གནས་གསུམ་སྡིག་པ་མེད། །ལུས་ཀྱིས་སྦྱིན་པ་བྱིན་ནས་ནི། །ཕྱིས་ནི་སྤྱོད་པ་ཡང་དག་བརྩམ། །སྐལ་དང་སྐལ་མེད་རྣམ་དཔྱང་པས། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པ་བཟའ་བར་ བྱ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པ་ཙམ་དུ་མི་བྱའོ། །བསླབ་དང་དབང་ལས་རྣམ་པར་གྲོལ། །དེ་བཞིན་ངོ་ཚའི་བྱ་བ་ཉིད། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཡོ་གིས་རྣམ་དཔྱད་སྙིང་རྗེ་ཆེ། །མཆོད་སྦྱིན་སྦྱིན་སྲེག་དཀའ་ཐུབ་འདས། ། སྔགས་དང་བསམ་གཏན་རྣམ་པར་སྤངས། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཤིན་ཏུ་རྣལ་འབྱོར་ལྡན་སྤྱོད་ཀྱིས། །ངེས་པར་སྔོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་ རྒྱུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེས་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པ། །གཞན་གྱི་བཏུང་བས་བཟི་བ་མེད། །ཡང་ན་དཔལ་ལྡན་རྒྱལ་ཚབ་ཆེའི། །བརྟུལ་ཞུགས་སྤྱོད་པ་བསྒྲག་པར་བྱ། །གང་གིས་དངོས་གྲུབ་ མཐར་འགྲོ་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྒོམ་པ་པོ་ཡིས་རྣམ་གཟུང་བ། །རྣ་བ་དག་ལ་རྣ་ཆ་བཟང་། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ནི་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་བོ། ། དཔུང་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པ་ལ་ནི་ནོར་བུ་སྟེ། །བགོ་བ་སྟག་གི་པགས་པ་ཉིད། །བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །མཉམ་པར་གཞག་པས་གནས་པར་བྱ། །ཤིན་ཏུ་བཞིན་བཟང་མིག་ཡང་སམ། །རང་གིས་དབང་ བསྐུར་སྙིང་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བརྟུལ་ཞུགས་རྟོགས་པར་བྱ། །རྡོ་རྗེའི་རིགས་ཀྱི་དངོས་མེད་ན། །གང་ཞིག་རང་གི་འདོད་པའི་ལྷའི། །རིགས་ཀྱིས་ཀྱང་ནི་བྱ་བའོ། །ཡང་ན་གཞན་གྱི་རིགས་བྱུང་བ། །བྱང་ཆུབ་ས་བོན་བཅུག་པ་ ཡིས། །སྦྱང་བ་བྱས་ཏེ་ཁྱེར་ནས་ནི། །གང་ཚེ་རྡོ་རྗེ་མཆོག་ལྡན་པར། །དེ་ཚེ་གླུ་ནི་བླང་བར་བྱ། །གང་ཚེ་དགའ་བ་སྐྱེས་པ་ན། །ཐར་པའི་རྒྱུར་ནི་གར་བྱ་སྟེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །རྟག་ཏུ་རྣལ་འབྱོར་པ་ཡིས་བྱ། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་ པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བར་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཤེས་རབ་ཁ་ཊྭཱྃ་ག་གཟུགས་ཅན། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ། །སྨན་ནི་རྣམ་པར་བཟའ་ བར་བྱ། །ཆུ་ནི་རྟག་ཏུ་བཏུང་བྱ་སྟེ། །རྒ་ཤིས་ཟིལ་གྱིས་མི་ནོན་ཅིང་། །ཀུན་ཏུ་བསྲུང་བར་གྱུར་པ་དེའི། །རྐུན་མའི་སྐྲས་ཀྱང་ཅོད་པན་བྱ། །དེ་ལ་ཧཱུྃ་བྱུང་སྦྱར་བར་བྱ། །སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། ། སོར་ལྔའི་དུམ་བུར་བྱས་ནས་ནི། །ཅོད་པན་ལ་ནི་རྣམ་པར་འཛིན། །ཐབས་དང་ཤེས་རབ་རང་བཞིན་ལས། །སྐྲ་ཡི་སྐ་རགས་ཉིས་སྐོར་ཉིད། །ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །རྣལ་འབྱོར་པ་ཡི་སྤྱོད་པས་འཛིན། །ཅང་ཏེའུའི་སྒྲ་ནི་བཟླས་པ་སྟེ། །སེམས་ ཅན་ཐམས་ཅད་མགྲོན་གཉེར་བའོ། །ཁ་ཊྭཱཾ་ག་ནི་ཤེས་རབ་སྟེ། །རྡོ་རྗེ་བཟླས་དང་བསྒོམ་པ་ཡིན། །ཐོད་པ་ཅན་དུ་རང་གྱུར་པ། །བརྐམ་དང་རྨོངས་དང་དེ་བཞིན་འཇིགས། །ཁྲོ་དང་ངོ་ཚའི་བྱ་བ་ནི། །རྟག་ཏུ་རྣམ་པར་སྤང་བར་བྱ། །ཧེ་རུ་ཀ་བདག་རྣལ་འབྱོར་ པ། །རིགས་ལྔ་ལ་ནི་གནས་པར་བྱ། །རིགས་ལྔ་དག་དང་མཉམ་པར་ལྡན། །རིགས་ནི་གཅིག་ཏུ་རྣམ་པར་བརྟག །རིགས་གཅིག་དུ་མ་ཉིད་ཀྱིས་ནི། །གང་ཕྱིར་དབྱེ་བས་བསྐྱེད་མི་བྱ། །བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། ། དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་ལས། སྤྱོད་པའི་བརྟག་པ་སྟེ་ལྔ་པའོ།། །།ལྷ་ལགས་ཉན་པར་འཚལ་ལགས་ན། །རང་བྱིན་བརླབ་པའི་རིམ་ཅི་ལགས། །གསང་བ་ལ་སོགས་དགོངས་པ་ཅི། །རྡོ་རྗེ་སེམས་དཔའ་ སྙིང་རྗེ་ཆེ། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །ཐམས་ཅད་རྒྱུད་ཀྱི་གཏན་ཕབ་པ། །མདོར་བསྡུས་ནས་ནི་བསྒྲག་པར་བྱ། །ཨེ་ཡི་རྣམ་པ་གང་གསུངས་པ། །གནས་ཀྱི་མཚན་ཉིད་མི་གསལ་བར། །འགྲོ་དང་རྗེས་སུ་འོང་བ་ཉིད། །ཁམས་དང་ སེམས་ཀྱི་རྟག་འགྲོ་བའོ། །ཁམས་ཞེས་བྱ་བའི་སྒྲ་དུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ལྟར་གསང་བའི་ཡི་གེ་བཅུ་དྲུག་བརྗོད་པར་བྱ་སྟེ། །ར་ཡི་རྣམ་པ་ཁྲག་གི་ཁམས། །ཧ་ནི་དེ་བཞིན་རེག་བྱ་ཉིད། །སྱེ་ནི་བད་ཀན་ཞེས་བྱར་ གསུངས། །པ་ཡི་རྣམ་པ་སེམས་ཉིད་དང་། །ར་ཡི་རྣམ་པ་རོ་ཉིད་དེ། །མེ་ནི་དེ་བཞིན་ལྟ་ཚིལ་དག །ར་ནི་མེ་ཉིད་དུ་ནི་གསུངས། །མེ་ཡི་རྣམ་པ་ཤ་རུ་གསུངས། །ས་ཡི་རྣམ་པ་བཤང་བར་གསུངས། །རྦཱ་ཡི་རྣམ་པས་དེ་བཞིན་ཚིལ། །སྨན་པགས་པ་ ཉིད་དུ་གསུངས། །ནི་ཡི་རྣམ་པས་རུས་པ་ཉིད། །ས་ནི་གཅི་བ་ཉིད་དུ་གསུངས། །དཱ་ཡི་རྣམ་པས་གློ་བ་ཉིད། །སྠི་ནི་པདྨ་ཉིད་དུ་གསུངས། །ཤིན་ཏུ་མཛེས་པའི་རྫས་དང་ལྡན། །ཏ་ཡི་རྣམ་པས་ཁུ་བ་ནི། །བྱང་ཆུབ་སེམས་ལས་བྱུང་བ་ཡིན། །རྩ་ཡི་ སྒྲ་ཡི་རང་བཞིན་ལས། །དེ་ལྟར་ལྷ་མོ་བསྒྲགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཆ་ཡི་བདག་ཉིད་འགྱུར་བ་ཉིད། །ར་ནི་མེ་ཞེས་བྱ་བར་གསུངས། །ཁྲག་ལས་མཁྲིས་པ་ཡང་དག་ལངས། །མཚན་ཉིད་གཅིག་འདོད་བད་ཀན་ལས། །རྡུལ་ དང་ཆུ་རྒྱུས་ཡང་དག་བྱུང་། །དེ་ཡི་མགོན་པོར་བརྗོད་པའི་རླུང་། །ཧ་ནི་ཀུན་དུ་འགྲོ་བར་གསུངས། །རུས་པའི་མཚམས་ནི་འདི་རྣམས་སུ། །ས་བོན་ལྔ་ནི་ཡང་དག་བཏབ། །རྐན་དུ་ར་དང་ཐམས་ཅད་དུ། །ས་བོན་བཞི་ནི་དམ་པ་ཉིད། །དང་པོའི་རེའུ་མིག་ གནས་དེར་ནི། །ས་བོན་ལྔ་ནི་མཛེས་པ་ཉིད། །ཧ་ནི་དབྱངས་ཀྱི་དྲུག་ལྡན་པ། །རྣམ་པར་ཤེས་པར་ཡོངས་སུ་གྲགས། །ཧ་ཡི་རྣམ་པས་ཐམས་ཅད་དུ། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །སྒྲ་ཡི་ཚུལ་ལས་བྱུང་བཏོན་ཞིང་། །དམ་ཚིག་སྤྱོད་པའི་ སྤྱོད་ཡུལ་ཉིད། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐའ་ཡང་དག་གནས། །བསྲུབ་དང་སྲུབ་བྱེད་སྦྱོར་བ་ལས། །ཇི་ལྟ་བ་ནི་དེ་བཞིན་ནོ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །རྒྱུད་ལས་གསུངས་པ་མཉན་པར་གྱིས། ། རྩ་གཉིས་སྐྱེ་གནས་དབུས་སུ་ནི། །གཡོན་དང་གཡས་སུ་དེ་བཞིན་དུ། །གཡོན་དུ་ཁུ་བ་རྣམ་ཤེས་བྱ། །གཡས་པ་ལ་ནི་ཁྲག་ཉིད་དེ། །དེ་ཡི་ཕན་ཚུན་བསྡུ་བ་ཡང་། །ཆོས་ཀྱི་དབྱིངས་ནི་སྡུད་པ་ཡིན། །སྙིང་སྟོབས་སྐུ་དང་རྡུལ་དག་བཅས། །མུན་ པ་སེམས་ཀྱི་རང་བཞིན་ལས། །སྙི་སྟོབས་ཁུ་བ་རིན་ཆེན་རྡུལ། །མུན་པ་སྐྱེད་པར་བྱེད་པ་ཉིད། །རྡོ་རྗེ་པད་མོ་མཉམ་སྦྱོར་བས། །དངོས་དང་དངོས་མེད་རོ་གཅིག་འགྱུར། །བཤང་བ་གཅི་བ་བད་ཀན་དང་། །ཁྲག་དང་ལྔ་པ་ཁུ་བ་ཉིད། །བདུད་རྩི་ ལྔ་ཡི་གོང་བུའི་དངོས། །དེ་ཕྱིར་རྡོ་རྗེ་ཅན་དུ་བརྗོད། །རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པར་དེ་བཞིན་གསུངས། །པགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་ཞེས་བྱར་བསྒྲགས། །གོང་བུའི་བསྡུ་བ་རྣམས་ཀྱི་ཡང་། །ཚད་ནི་འདི་དག་གསུངས་ པ་སྟེ། །གོང་བུ་གཅིག་པུ་གཉིས་སུ་འགྱུར། །གཉིས་སུ་གྱུར་པ་དུ་མ་རྣམས། །གཅིག་པུ་དུ་མའི་རང་བཞིན་གྱིས། །དེ་ཕྱིར་རྡོ་རྗེ་ཅན་འདིར་གསུངས། །རྩ་ཡི་ཀུན་སྤྱོད་ཉིད་གསུངས་པ། །དེ་ཡི་སྒོ་ཡང་དེ་གཉིས་ལ། །དེ་རྣམས་འདུ་བའི་དུས་སུ་ནི། །ལྷ་ནི་ དམིགས་པར་འགྱུར་བ་ཡིན། །སྟེང་གི་སྒོ་དང་འོག་ཉིད་དེ། །འོག་གི་སྒོ་ནི་རྣམ་པར་ཤེས། །སྟེང་གི་སྒོ་ནི་དབྱིངས་ཉིད་དོ། །རྩ་ནི་ཐམས་ཅད་མཉམ་སྦྱོར་བས། །རྣལ་འབྱོར་པས་ནི་འཇུག་པར་བསམ། །དེ་ཡི་ལུས་ཀྱི་སྟེང་སྒོ་ལའང་། །རྡོ་རྗེ་ཅན་གྱི་རྟག་ རྒྱུན་བཞུགས། །སྟེང་གི་སྒོར་ནི་སྦྱོར་བ་གསུམ། །སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཀྱེ་བཅོམ་ལྡན་འདས་སྦྱོར་བ་གསུམ་ནི་ཅི་ཞེས་བཤད། །ཇི་ལྟར་གང་གི་རྣམ་པ་ཡིས། །སེམས་ཀྱི་རྟག་ཏུ་འགྲོ་བ་ལགས། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། །གསུམ་ཉིད་སྦྱོར་བ་སྦྱོར་བ་གསུམ། །རྣམ་གསུམ་དབྱེ་བས་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །ཐ་མ་འབྲིང་པོ་དམ་པ་ཉིད། །ཀ་བ་གཅིག་དང་སྒོ་དགུ་པ། །སྦོམ་པོ་ལྔ་ནི་ལྷག་པའི་ལྷ། །བུག་པ་དགུར་ནི་སོན་ པའི་སྒོ། །དགུ་ཡི་རྣམ་པར་ཡོངས་སུ་གྲགས། །ཐ་མའི་སྒ་ནི་སྐུར་ལྡན་པ། །སྦོམ་པོ་ལྷ་ཡི་སྤྲུལ་པའོ། །སེམས་དང་སྐྱེས་བུ་སྐྱེས་བུ་ཅན། །ཁྱད་པར་རྣལ་འབྱོར་པ་ཡི་དོན། །རྟག་པར་ཀུན་དུ་དུས་སུ་ནི། །འགྲོ་དང་འོང་བའི་ཁྱད་པར་ལས། །རྐང་མེད་རྐང་ གཅིག་རྐང་གཉིས་དང་། །རྐང་བཞི་ལ་ནི་སོགས་པ་ཡི། །རླུང་ལ་སོགས་པས་རབ་དབྱེ་བས། །རྟག་ཏུ་འགྲོ་བ་རླུང་རྣམ་བཞི། །སེམས་ཀྱི་གནས་པ་རྣམ་པ་གཉིས། །ནུབ་དང་རབ་རྒྱུའི་ཆོ་ག་ཡིས། །རྟག་ཏུ་ནུབ་དང་རབ་རྒྱུ་བ། །སེམས་ཅན་ཀུན་ལ་འགྲོ་བའོ། ། དེ་ལྟར་གང་ཞིག་མི་རིག་པ། །སེམས་མེད་སྐྱེད་བུ་མེད་པ་དང་། །ཡིད་དང་ལྡན་པ་མེད་པ་དང་། །རྣལ་འབྱོར་པ་ཡི་དོན་མེད་པ། །མེ་ཉིད་གང་དང་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོར་སེམས་ཀྱི་ཀུན་སྤྱོད་པ། །སྟེང་དང་ངོས་དང་བྲང་འོག་ འགྲོ། །ཟླ་བ་ཉི་མའི་རབ་དབྱེ་བས། །གསུམ་པའི་སྒོ་ནི་ཡིད་དང་བཅས། །རྔུབ་དང་དབྱུང་བ་གཉིས་ཀ་ཡང་། །སྒོ་ཡི་དམ་པ་ཉིད་ཡིན་ཏེ། །གཙོ་བོ་དམ་པ་ཡི་ནི་སྒོ། །སྟེང་དང་འོག་ཏུ་རབ་ཏུ་གྲགས། །འོག་གི་སྒོས་ནི་རྣམ་པར་ཤེས། །སྟེང་གི་སྒོས་ནི་ དབྱིངས་ཉིད་དེ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོར་ནི་གཡོ་ཞིང་གནས། །དེ་རྣམས་འོག་ཏུ་རྣམ་པར་གནས། །སྟེང་གིས་གཤེགས་སུ་གསོལ་བ་ཉིད། །སྤྱན་དྲངས་གཤེགས་སུ་གསོལ་བ་ཡི། །ཚུལ་གྱི་སེམས་ཀྱིས་རྟག་ཏུ་ འགྲོ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །མཁའ་འགྲོ་རྣལ་འབྱོར་མ་མོ་རྣམས། །འཇུག་པ་དང་ནི་ལྡོག་པ་ལ། །ཡོན་ཏན་སྐྱོན་ནི་རབ་བརྗོད་པས། །བདེ་དང་སྡུག་བསྔལ་རང་བཞིན་གྱིས། །ལྷན་ཅིག་སྐྱེས་པ་གྲུབ་པའི་གནས། །རྡོ་རྗེ་སེམས་ དཔའ་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དེ་ནས་བཅོམ་ལྡན་ལྷ་མོས་ནི། །བོལླ་ཀཀྐོ་ལར་བཅུག་ནས། །སེམས་དཔའ་ཆེན་པོ་མཉེས་བྱས་ཏེ། །ཚིག་ནི་འདི་དག་ཡང་དག་གསོལ། །དཔྱིད་ཅེས་བགྱི་བ་ཇི་ལྟར་ལགས། །ཐིག་ལེ་བགྱི་བ་ ཇི་ལྟར་ལགས། །མི་ཕྱེད་ལ་སོགས་ཇི་ལྟར་གནས། །དེ་ཡི་གནས་ནི་ཇི་ལྟར་ལགས། །པུལླཱི་ར་སོགས་ཅི་གསུངས་དང་། །འཁོར་ལོ་དགོད་པ་དེ་བཞིན་གཞན། །ཇི་ལྟར་རྩ་ཡི་རྫོགས་པ་ཡི། །དེ་ཡི་དབྱེ་བ་བདག་ལ་གསུངས། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། །ལྷ་མོ་བཤད་པར་བྱ་ཡིས་ཉོན། །གསང་བ་ལས་ནི་ཆེས་གསང་མཆོག །རྩའི་རང་བཞིན་དང་། གནས་ལ་སོགས་པ་དང་། ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པའི་སྐུ་དང་། གསུང་དང་། ཐུགས་ཀྱི་འཁོར་ལོར་སོན་པ་གནས་ཀྱི་ནང་ གི་རབ་ཏུ་དབྱེ་བས་ཉི་ཤུ་རྩ་བཞིར་གསུངས་པ། སྤྱི་བོ་མཱ་ལ་ཡ་ཡི་ཡུལ། །དེ་བཞིན་སྤྱི་གཙུག་འབར་བ་འཛིན། །དེ་བཞིན་དུ་ནི་ཨོ་ཌྱན་ཉིད། །རྣ་བ་གཡས་པ་ཉིད་དུ་བརྗོད། །རྩིབ་མའི་རྒྱབ་ནི་ཨརྦུ་ད། །བཞི་ནི་གནས་ཤེས་བྱ་བའོ། །རྣ་བ་གཡོན་པའི་ རང་བཞིན་ནི། །དེ་བཞིན་གོ་དཱ་བ་རིར་ཤེས། །དགའ་བའི་དབང་ཕྱུག་བཤད་པ་ནི། །སྨིན་མའི་དབུས་གནས་རབ་ཏུ་བསྐུལ། །དེ་བཞིན་མིག་དག་ལྷ་མོའི་མཁར། །ལག་པའི་རྩ་བར་མ་ལ་བ། །དེ་ལྟར་ཉེ་བར་གནས་ཉིད་དེ། །ཐུགས་ཀྱི་འཁོར་ལོར་རྣམ་ པར་གནས། །གནས་ཀྱི་ཁྱད་པར་རང་བཞིན་གྱི། །མཁའ་སྤྱོད་རྣམས་ཀྱི་ཡང་དག་བཤད། །མཆན་ཁུང་ཀཱ་མ་རཱུ་པ་ཉིད། །ནུ་མ་ཨོ་དྲར་རབ་ཏུ་གྲགས། །འདི་དག་ཞིང་དུ་ཡང་དག་བརྗོད། །ལྟེ་བ་ཏྲི་ཤ་ཀུ་ནིར་བརྗོད། །སྣ་ཡི་རྩེ་མོར་ཀོ་ཤ་ལཱ། །ཉེ་བའི་ ཞིང་དུ་བརྗོད་པའོ། །ཁ་ནི་ཀ་ལིང་ཀ་རུ་བརྗོད། །མགྲིན་པ་ལམ་པ་ཀ་རུ་གསུངས། །ཚན་དོ་ཧ་ཞེས་རྣམ་པར་བཤད། །སྙིང་གི་ཀཱཉྩིར་བརྗོད་པ་སྟེ། །དབང་པོ་ཧི་མ་ལ་ཡ་ཉིད། །ཉེ་བ་ཡི་ནི་ཚན་དོར་བརྗོད། །དེ་ལྟར་ཡུལ་རྣམས་ཐམས་ཅད་ དུ། །གསུང་གི་འཁོར་ལོར་རྣམ་པར་གནས། །གནས་ཀྱི་ཁྱད་པར་ཡུལ་གྱི་ནི། །ས་སྤྱོད་རྣམས་ཀྱི་ཡང་དག་བཤད། །རྟགས་ལ་ཡི་དགས་ལྷག་པར་གནས། །གསང་བ་ལ་ནི་ཁྱིམ་གྱི་ལྷ། །འདི་དག་འདུ་བར་བརྗོད་པའོ། །བརླ་ནི་སཽ་རཱཥྚ་རུ་བརྗོད། ། རྗེ་ངར་གཉིས་ནི་གསེར་གླིང་གི། །རང་གི་ངོ་བོར་རྣམ་པར་བཤད། །ཉེ་བ་ཡ་ནི་འདུ་བ་ཉིད། །སོར་མོ་ནཱ་གར་རུ་བརྗོད། །རྐང་པའི་རྒྱབ་ནི་སིན་དྷུར་ངེས། །དུར་ཁྲོད་དུ་ནི་ཡང་དག་བརྗོད། །མཐེ་བོང་ལ་ནི་མ་རུ་ཟེར། །པུས་མོ་ཀུ་ལ་དཱ་རུ་བརྗོད། །འདི་ དག་ཉེ་བའི་དུར་ཁྲོད་ཉིད། །མཁའ་འགྲོ་མར་ནི་གསུངས་པའོ། །འདི་དག་ཡུལ་དང་རང་ལུས་སྐྱེས། །རང་གི་ནང་དང་ཕྱི་རོལ་གནས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། །མཁའ་འགྲོ་མ་ནི་ཀུན་གྱི་གནས། །ཐམས་ ཅད་དུ་ནི་ཡང་དག་བཤད། །འདི་རྣམས་གནས་སུ་མཁའ་འགྲོ་མ། །རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །དྲུག་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།དེ་ནས་གཞན་ཡང་དམ་པའི་དེ་བཞིན་གཤེགས་པའི་སྐུ་ཇི་ལྟར་གནས་སུ་སོན་པའི་རྩའི་འཁོར་ལོ་ བཤད་པར་བྱའོ། །སྙིང་གི་ནང་སོང་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེའི་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ ཙམ། །མི་ཤིགས་ཧཱུྃ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་མ་ནི་ཐིག་ལེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། ། ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། །དཔའ་བོ་ཤྲཱི་ནི་ཧེ་རུ་ཀ། །འདི་ནི་དཔྱིད་ཀྱི་ཐིག་ལེར་བརྗོད། །རྣལ་འབྱོར་མ་ཡི་གཟུགས་འཛིན་མ། །རྒྱུ་དང་མི་རྒྱུ་བཅས་པར་གནས། ། སྐུ་གསུང་ཐུགས་ཀྱི་དབྱེ་བས་ནི། །སྒོ་ནི་རྣམ་གསུམ་འབྱུང་བ་ལས། །འགྲོ་བ་དང་ནི་འོང་བར་བྱེད། །འདི་ནི་ཀུན་གྱི་ལུས་ལ་གནས། །ལྟེ་བར་ཨ་ཡི་གཟུགས་ཀྱིས་ནི། །ཐུང་ངུ་རུ་ནི་རབ་ཏུ་གྲགས། །སྙིང་ལ་ཡང་ནི་ཧཱུྃ་ཉིད་ནི། །རིང་པོ་མ་མོ་གཉིས་དང་ གནས། །མགྲིན་པ་ཨོྃ་གྱི་གཟུགས་ཀྱིས་ནི། །མ་མོ་གསུམ་བརྗོད་པ་ལུ་ཏ། །དཔྲལ་བར་ཧྃ་གི་རྣམ་པ་འདི། །སྒྲ་དང་ཐིག་ལེ་མི་ཤིགས་པ། །འཁོར་ལོ་པ་ཞི་ཡི་རབ་དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་བརླབས་པ་དང་། ། པདྨ་བཞི་ལས་བྱུང་བ་དང་། །དགའ་བ་བཞི་ཡི་ངོ་བོ་ཡིས། །རྣལ་འབྱོར་བཞི་ནི་མངོན་དུའོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདི་ནི་ཇི་ལྟར་བདེ་བར་རོལ། །འདབ་མ་རྣམས་ཀྱི་ བཞི་ལ་ཡང་། །འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུར་ནི། །ཕྱོགས་བཞི་ལ་ནི་རྣམ་པར་གནས། །རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པའང་། །བདུད་རྩི་ལྔ་ནི་འབབ་པ་སྟེ། །དེ་མཆོད་རང་གི་གཟུགས་ གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞི་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གི་ནང་དུ་ནི། །རྩ་ལྔ་རྣམས་ནི་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞི་ཉེ་བར་བརྗོད། །གནས་སོགས་དགྱེ་བ་ལ་གནས་ནས། །གནས་དང་ གནས་ལ་རྣམ་པར་གནས། །སྤྱི་བོར་ཡང་དག་བྱུང་བ་ཡི། །རྩ་ནི་སྤྱི་བོ་སྐྱེས་ཞེས་བརྗོད། །རྡུལ་དང་སྙིང་སྟོབས་མུན་པའི་ཚུལ། །དེ་ཡི་ནང་ན་ཙོ་མོ་ནི། །པུལླཱི་རར་ནི་མི་ཕྱེད་མ། །སོ་དང་སེན་མོ་འབབ་པར་བརྗོད། །འབར་བ་འཛིན་པ་གྲ་གཟུགས་མ། །དེ་ བཞིན་སྐྲ་དང་བ་སྤུ་འབབ། །ཨོ་ཌྱཱན་གནས་ནི་ཆེན་པོ་ལ། །རྩེ་བ་མ་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་ནས་ནི། །པགས་པ་དྲི་མ་འབབ་མ་གནས། །ཨུརྦུ་དར་ནི་གཡོན་པ་མ། །མཁའ་འགྲོ་མ་ནི་ཤ་འབབ་མ། །གང་ཞིག་ཆུ་ རྒྱུས་འབབ་པའི་རྩ། །བ་ཡི་མཆོག་སྦྱིན་རྣམ་པར་གནས། །དེ་ནི་སྲ་པའི་ཚུལ་གྱིས་གནས། །ཐུང་དུ་མར་ནི་རྣམ་པར་བཤད། །གང་ཞིག་དགའ་བའི་དབང་ཕྱུག་རྩ། །དེ་བཞིན་རུས་སྦལ་སྐྱེས་མར་གྲགས། །སྲ་བའི་དངོས་པོས་གནས་པའི་ཕྱིར། །རུས་པའི་ ཕྲེང་བ་འཁྲུགས་པར་གནས། །ལྷ་མོའི་མཁར་དུ་གང་ཞིག་རྩ། །འཇམ་པ་སྒོམ་པ་མ་རུ་བརྗོད། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཐམས་ཅད་ལུས་ལ་རྟག་པར་གནས། །མཱ་ལ་བར་ནི་དབང་མ་ནི། །རྒྱལ་བའི་དབང་ཕྱུག་སྙིང་ལ་གནས། །རྩ་ནི་གང་ ཞིག་མིག་འབབ་མ། །འདོད་པའི་གཟུགས་སུ་རྣམ་པར་གནས། །གཟུགས་ནི་མཐོང་བར་འདོད་པ་སྟེ། །སྐྱོན་བྲལ་མ་ཞེས་རྣམ་པར་བཤད། །ཨོ་ཌིར་མཁྲིས་པ་འབབ་པའི་རྩ། །གང་ཞིག་འཇུག་མ་ཆེན་མོར་བརྗོད། །ཏྲི་ཤ་ཀུ་ནེར་བྱུང་བ་ནི། །མ་མོ་ངེས་ པར་གློ་བར་བཅས། །ཀོ་ཤ་ལར་ནི་མཚན་མོ་ཉིད། །རྒྱུ་མའི་ཕྲེང་བཟང་ཁྱབ་ཅིང་འབབ། །ཀ་ལིང་ཀར་ནི་བསིལ་སྦྱིན་མ། །ངོས་ཀྱི་ཆུ་རྒྱུས་ཡང་དག་བཤད། །ཚ་བ་མ་ནི་ལྟོ་གནས་ངེས། །ལམ་པཱ་ཀར་ནི་རབ་ཏུ་གྲགས། །འབབ་མ་ཉིད་ནི་ཀཱཉྩིར་གནས། ། ཐམས་ཅད་དུ་ནི་བཤང་བ་འབབ། །མཚམས་ཀྱི་མཐའ་ཡི་ནང་དུ་ཡང་། །ཁ་བའི་གནས་སུ་རངས་མའི་གདོང་། །ཤིན་ཏུ་གཟུགས་ཅན་བད་ཀན་ལྡན། །ཡི་དགས་ལྷ་གནས་ཡང་དག་གནས། །གང་ཞིག་རྟག་ཏུ་རྣག་འབབ་པ། །ཁྱིམ་གྱི་ལྷར་ནི་ཡང་དག་ གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་གིས། །སྤྱི་མ་ཉིད་དུ་རྣམ་པར་བཤད། །སོ་རཱཥྚར་ནི་གང་ཞིག་རྩ། །རྒྱུ་སྦྱིན་མ་ནི་དམར་པོ་འབབ། །རྡུལ་ནི་འབབ་པར་གྱུར་པ་ནི། །གསེར་གླིང་དུ་ནི་ཡང་དག་བཤད། །ཡན་ལག་གཟི་བརྗིད་ཀུན་ཁྱབ་མ། ། སྦྱོར་བྲལ་མར་ནི་རབ་ཏུ་གྲགས། །ནཱ་ག་རར་ནི་སྡུ་གུ་མ། །ཚིལ་ཅན་སྦོམ་ཞིང་མྱོས་བྱེད་འབབ། །སིན་དྷུར་ཤིན་ཏུ་གྲུབ་པ་ཉིད། །མྱ་ངན་མཆི་མ་འབབ་མར་བརྗོད། །མ་རུར་གནས་མ་ལུད་སྐམ་འབབ། །འཚེད་པ་མ་ཞེས་རྣམ་པར་བསྟན། །གུ་ལུ་ཏྭར་ནི་ཡིད་བཟང་ མ། །ཤ་དང་སྣབས་ནི་འབབ་མའོ། །དྲུག་པ་ལས་ཡུལ་གྱི་དགོད་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།ལྷ་ལགས་མཉན་པར་འཚལ་ལགས་ན། །ནང་གི་དཀྱིལ་འཁོར་མཆོད་པ་ལ། །སོགས་པའི་ལས་ནི་ཇི་ལྟར་ལགས། །སྦྱིན་སྲེག་ལས་ནི་མི་ འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་རུ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང་། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞིར་ཇི་སྐད་གསུངས་པའོ། །རང་ གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ནས་གནས། །དངོས་པོ་ཀུན་གྱིས་མཉམ་པའི་ཕྱིར། །གྲུ་བཞི་བར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོས་ནི། །དཀྱིལ་འཁོར་འཁོར་ལོ་གཅིག་ཏུ་གསུངས། །རི་ནི་མགོ་བོའི་ཟེ་འབྲུ་ལ། །ཇི་ ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །དེ་ནི་རྫོགས་པའི་དཀྱིལ་འཁོར་གནས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། ། ཟླུམ་པོའི་རྣམ་པའི་དབྱིབས་ཀྱིས་ནི། །ཆུ་ནི་ལྟེ་བར་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱུག་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །དེར་ནི་སྤྱི་བོའི་ཆར་གནས། །འདམ་སྐྱེས་འདབ་མ་སུམ་ བཅུ་གཉིས། །དབྱངས་དང་གསལ་བྱེད་མཛེས་པར་གནས། །སུམ་ཅུ་རྩ་གཉིས་བྱང་ཆུབ་འདོད། །པདྨའི་ནང་དུ་སོན་པ་གང་། །དེ་ནི་ཟླ་བའི་དཀྱིལ་འཁོར་བརྗོད། །སྤྱི་བོའི་ནང་དུ་ཀླད་པ་ནི། །གང་ཞིག་གནས་པ་དེ་རུ་གསུངས། །དེ་ནང་ཧྃ་གི་རྣམ་པ་ཉིད། ། ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་དེ། །བརྟན་པའི་བདག་ཉིད་གཡོ་བའི་བདག །གསལ་དང་མི་གསལ་གཟུགས་ལས་ནི། །ས་བོན་གཟུགས་ཀྱི་རྣམ་པར་གནས། །ལུས་ཅན་རྣམས་ནི་ཀུན་གྱི་གཟུགས། ། དེ་ཕྱིར་གདོད་ནས་རྫོགས་པ་ཉིད། །བདུད་རྩིའི་གཟུགས་ཀྱིས་འཛག་པར་ནི། །ཉིན་དང་མཚན་དུ་རྣམ་པར་གནས། །དེ་ཉིད་ཀྱིས་ནི་སྒྲ་འབྱེད་ཅིང་། །མེ་ནི་དགའ་བར་བྱེད་པ་སྟེ། །དེས་ནི་གང་བའི་དཀྱིལ་འཁོར་ནི། །ཡིན་པ་ཉིད་དུ་ཐེ་ཚོམ་མེད། །དེ་ཉིད་ དཀྱིལ་འཁོར་ཞེས་བྱར་གསུངས། །དངོས་པོ་རྣམས་ཀྱི་སྙིང་པོ་མཆོག །དེ་ནི་ལེན་ཅིང་གཅོད་པའི་ཕྱིར། །ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི། །འཁོར་ལོར་ཡང་ནི་དཀྱིལ་འཁོར་བརྗོད། །བྱང་ཆུབ་སེམས་ནི་རིན་པོ་ཆེ། ། དཀྱིལ་འཁོར་དེ་ཉིད་དཀྱིལ་འཁོར་ཉིད། །ཕྱི་རོལ་བཅས་པའི་ནང་གཟུགས་ཀྱིས། །སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཕྱི་རོལ་གཟུགས་དང་སྒྲ་ལ་སོགས། །དབང་པོ་ཐམས་ཅད་འཇུག་པའོ། །ནང་གི་ཁུ་བ་ལ་སོགས་པ། །གྲུབ་པའི་རྫས་ནི་རྣམ་ པར་གནས། །ཕྱི་རོལ་བཅས་པའི་ནང་ཉིད་ཀྱིས། །རྡོ་རྗེ་ཅན་གྱི་བྱང་ཆུབ་སེམས། །སྦོམ་དང་ཕྲ་བའི་རང་བཞིན་གྱིས། །འགྲོ་བའི་གཉེན་གྱི་རང་བཞིན་ཅན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །དམ་ཚིག་དོན་དུ་གསུངས་པས་ནི། །དཀྱིལ་འཁོར་གོམས་ པས་སྐྱེ་བ་འདིར། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཉན་ཐོས་རྣམས་ཀྱི་སངས་རྒྱས་དང་། །དེ་བཞིན་རང་རྒྱལ་རྣམས་ཀྱི་དང་། །ཚངས་པ་ལ་སོགས་ལྷ་རྣམས་ཀྱི། །དཀྱིལ་འཁོར་གོམས་བས་རྫོགས་པ་ཉིད། །ཤེས་རབ་མེ་ནི་ཆེར་འབར་བར། །ནང་གི་ ཁུ་བ་ལ་སོགས་དང་། །དེ་བཞིན་ཕྱི་རོལ་གཟུགས་སོགས་ཀྱི། །བསྲེག་རྫས་ཀྱིས་ནི་སྦྱིན་སྲེག་བྱ། །སྐྱེ་མཆེད་དྲུག་དང་ཁམས་རྣམས་དང་། །ཕུང་པོ་ལ་སོགས་ཁྱད་པར་ལས། །དེ་རྣམས་ཀྱི་ནི་གཟུགས་ཅན་ལྷ། །དེ་བཞིན་མཁའ་འགྲོ་མ་ཉིད་ནི། །དེས་ནི་དེ་ མཆོད་གང་གི་ཕྱིར། །རྣལ་འབྱོར་མཆོད་པར་ཡང་དག་བཤད། །ཐོད་པ་འདི་ནི་མགོ་བོ་ཉིད། །བསྲེག་རྫས་ཀྱི་ནོ་སྣོད་དུ་གསུངས། །བླུགས་གཟར་རོ་མར་བཤད་པ་སྟེ། །སྙིང་གི་འཁོར་ལོ་བརྐྱང་མ་དག །དགང་གཟར་ཞེས་བྱར་ཡང་དག་བརྗོད། །ཐབ་ ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ཚངས་པའི་མེ་ནི་སུམ་མདོར་གནས། །སྒྲ་ནི་སྔགས་ཞེས་བརྗོད་པ་སྟེ། །བཟླས་པ་འཁོར་བར་བྱེད་པ་ཡིན། །བསྒོམ་པ་མཚུངས་པར་སྣང་བ་ཉིད། །དཀྱིལ་འཁོར་གཉིས་མེད་རྣལ་འབྱོར་ཕྱིར། ། ལྷན་ཅིག་སྐྱེས་པ་ཞོན་པ་འདི། །འདི་ནི་རྒྱལ་བའི་དཀྱིལ་འཁོར་གསུངས། །དཀྱིལ་འཁོར་བདག་པོའི་གཟུགས་ཀྱི་ཕྱིར། །སློབ་དཔོན་སེམས་ཀྱི་རྒྱལ་པོ་ཉིད། །དེ་སྐད་ལ་སོགས་ཅི་གསུངས་པ། །རྒྱུད་ནི་ཐམས་ཅད་རྟོགས་པར་བྱ། །ད་དུང་བདག་ལ་ཐེ་ ཚོམ་མཆིས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་བ་ཆེན་པོའི་གཟུགས་ཀྱིས་ནི། །མགོན་པོ་ཇི་ལྟར་རོལ་བར་འགྱུར། །དེ་རྣམས་དབྱེ་བ་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྤྱི་བོ་ལྟེར་ སོན་འཁོར་ལོ་ནི། །ཨེ་ཡི་དབྱིབས་སུ་ཡང་དག་གནས། །སྙིང་དང་མགྲིན་པར་ཡང་དག་གནས། །བྃ་གི་རྣམ་པ་ལྟ་བུར་བརྗོད། །ལྟེ་བའི་ནང་གནས་པདྨ་ནི། །འདབ་མ་དྲུག་ཅུ་རྩ་བཞིར་ལྡན། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །སྤྱི་བོའི་ནང་དུ་རྣམ་པར་ གནས། །མགྲིན་པའི་ནང་དུ་སོན་པ་ཡང་། །པདྨ་ལོ་མ་བཅུ་དྲུག་ཉིད། །དེ་ཡི་སྙིང་གའི་གནས་སུ་ནི། །པདྨ་འདབ་མ་བརྒྱད་དུ་བརྗོད། །འདབ་མ་དྲུག་ཅུ་རྩ་བཞི་ཉིད། །སྤྲུལ་པ་ལ་ནི་རབ་ཏུ་གྲགས། །པདྨ་ཆེན་པོ་འདབ་བརྒྱད་པར། །ཆོས་ཀྱི་སྐུ་ནི་རབ་ཏུ་བསྐོར། །ལོངས་སྤྱོད་རྫོགས་པ་ བཅུ་དྲུག་རྩིབས། །དེ་བཞིན་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་ཡེ་ཤེས་ཆེན་པོ་ལ། །ཀུན་ཏུ་ཡང་དག་རྣམ་པར་གནས། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཡིག་འབྲུ་དང་པོའི་ངོ་བོ་ཡིས། །འདི་ནི་ཨ་སྟེ་ཡི་ གེ་མཆོག །ཆོས་ཀྱི་འཁོར་ལོར་རྣམ་བཤད་པ། །ཧཱུྃ་ནི་མི་ཤིགས་པ་རུ་བརྗོད། །དབྱངས་ལྔ་དང་ནི་ཡང་དག་ལྡན། །ཡ་ར་ལ་ཝས་རྣམ་པར་བརྒྱན། །ལོངས་སྤྱོད་འཁོར་ལོའི་ནང་གནས་པ། །ཨོཾ་ནི་ཡིག་འབྲུ་གསལ་བར་བྱེད། །ཆ་ ནི་རྣམ་པ་བཞི་རྣམས་ཀྱིས། །ཀུན་ཏུ་ཡོངས་སུ་བསྐོར་བའོ། །བདེ་ཆེན་འཁོར་ལོ་ཆེན་པོ་ལ། །ཧྃ་ནི་ཐིག་ལེའི་གཟུགས་ཅན་ནོ། །གཡོན་དང་གཡས་པའི་ངོས་དག་ལ། །ཟླ་བ་ཉི་མ་རྣམ་པར་བཤད། །མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་ སྤྱོད་རྫོགས་པའི་སྐུ་ཅན་མ། །ལྟེ་བའི་ནང་དུ་ངལ་སོས་ཤིང་། །ཁ་ནི་འོག་ཏུ་མྱོས་བྱེད་འབབ། །གང་ཞིག་ལྟེ་བ་ལས་སྟེངས་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབབ། །མགྲིན་པའི་ནང་དུ་ངལ་སོས་ཤིང་། །ཁྲག་འབབ་པར་ནི་རབ་ཏུ་གྲགས། །མྱོས་བྱེད་ཟླ་བ་ཞེས་ བྱར་བཤད། །ཁྲག་ནི་ཉི་མ་ཞེས་བྱར་གསུངས། །སྒོ་གཉིས་མཉམ་པར་ཞོན་ནས་ནི། །སྟེང་དང་འོག་ཏུ་མཉམ་གནས་པ། །འདི་དག་ཟླ་བ་ཉི་མ་གཉིས། །རྩ་ནི་གཉིས་སུ་རབ་ཏུ་གྲགས། །དཔའ་བོ་རྣམས་དང་མཁའ་འགྲོ་མའི། །འགྲོ་བ་དང་ནི་འོང་བའི་ རྒྱུར། །ནུབ་པ་དང་ནི་འཆར་དོན་དང་། །ལོག་དང་སད་པ་ལྟ་བུར་གསུངས། །གཡོན་དང་གཡས་པའི་ངོས་ལ་ནི། །དབྱངས་ནི་བཅུ་གཉིས་ཡང་དག་གནས། །ཁ་ནི་སྟེང་དུ་ཡང་དག་བཤད། །ཀ་ལ་སོགས་པ་རྣམས་ཀྱིས་བསྐོར། །ཁ་ནི་འོག་གི་གནས་སུ་ གནས། །ལྷག་པར་བྱས་ནས་སྦྱར་བ་ཉིད། །ཀྵ་ནི་སྲིན་པོ་ཉིད་གསུངས་པ། །འོག་གི་ཆར་ནི་རྣམ་པར་གནས། །གང་ཚེ་མགྲིན་པར་ཆགས་ཆེན་གྱི། །གཟུགས་ཀྱི་ཟླ་བ་གནས་པ་ན། །སངས་རྒྱས་རྣམས་ཀྱི་དམ་པའི་སྐུ། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད། །གང་ ཚེ་རྡོ་རྗེའི་རྩེར་གནས་པ། །དེ་ཚེ་དེ་ནི་སྣ་རྩེར་རོ། །གང་ཚེ་ལོངས་སྤྱོད་རྫོགས་སྐུ་ཡང་། །ནུབ་པར་གནས་པར་གྱུར་པས་ན། །བྷ་གའི་ནང་དུ་སོན་དེ་ཡང་། །ཡུངས་ཀར་ཙམ་དུ་རྣམ་པར་གནས། །ཉི་མའི་གཟུགས་སུ་ཡང་དག་བཤད། །སྤྲུལ་པའི་སྐུར་ནི་བརྗོད་པ་སྟེ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྲོས་པ་དེ་ཡིས་བསྐྱེད་པའོ། །པདྨ་གར་དབང་རྒྱལ་པོ་ནི། །འདབ་མ་འབྱེད་པའི་སྦྱོར་བ་ཅན། །སྤྲུལ་པའི་སྐུ་ཡི་གཟུགས་སུ་ནི། །དེར་ནི་ཉི་མ་ནུབ་པ་ན། །གང་ཚེ་རྫོགས་པའི་བྱང་ཆུབ་སེམས། །གོང་བུར་གྱུར་པ་རྙོག་པ་མེད། ། འཁོར་བའི་ལམ་ནི་རྣམ་བཅད་ཅིང་། །སྤྲོས་པ་ཉེར་ཞི་དགེ་བ་སྟེ། །གཉིས་མེད་མཆོག་ཏུ་དག་པ་ཉིད། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གཟུགས། །ཤྲཱི་ནི་ཧེ་རུ་ཀ་ཞེས་བརྗོད། །རྒྱུད་ནི་སྲིན་བུའི་གཟུགས་ཅན་ཉིད། །རྒོད་དང་ལྟ་དང་ལག་བཅངས་ཉིད། །རྒྱུད་དུ་དེ་ཉིད་ རྣམ་པར་གནས། །འདོད་ཆགས་ཉིད་དང་ཆགས་བྲལ་ཡང་། །ཟོས་ནས་སྲིན་བུ་གནས་པ་ཉིད། །རྩ་ཐམས་ཅད་ཀྱི་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲ་བའི་སྡོམ་པ་སྟེ་དྲུག་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། །རྣལ་འབྱོར་མ་བདག་མེད་མ་ལ་སོགས་པས་འདི་སྐད་ཅེས་གསོལ་ཏོ། །འཁོར་ལོའི་བསྒོམ་པའི་ལམ་དང་ནི། །ལྷ་རྣམས་ཇི་ལྟར་འབྱུང་བ་དང་། །མཁའ་འགྲོའི་འཁོར་ལོའི་ཁྱད་པར་དང་། །དགོངས་པའི་སྐད་ཀྱི་ཁྱད་པར་ནི། ། བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། །སྡོམ་པའང་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣལ་འབྱོར་མ་ལུས་དབུས་གནས་པར། །ཨ་ཡི་རྣམ་པར་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པ་དེ་ཉིད་ རབ་ཏུ་ཕྱེ། །བོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད། །འདིས་ནི་གསང་བའི་སྙོམས་འཇུག་པས། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །སྐུ་གསུམ་ཡོངས་སུ་ ཤེས་པ་ལས། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །དེ་བཞིན་བདེ་བ་ཆེན་པོ་ཉིད། །སྐྱེ་གནས་མགྲིན་སྙིང་དབུས་སུ་ནི། །སྐུ་གསུམ་པོ་ནི་རྣམ་པར་གནས། །མ་ལུས་པ་ཡི་སེམས་ཅན་གྱི། །སྐྱེ་བ་གང་ལ་བརྗོད་བྱ་བ། ། གང་ཞིག་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །སེམས་ནི་ཆོས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་གར་ཡིན། །རོ་རྣམས་དྲུག་གི་གཟུགས་ཅན་གྱི། །བཟའ་བ་ངེས་པར་ལོངས་སྤྱོད་བརྗོད། །ཆོས་རྣམས་ཀུན་ལ་ གནས་བརྟན་ཕྱིར། །ཐམས་ཅད་ཡོད་པའི་རང་བཞིན་ཅན། །མགྲིན་པར་ལོངས་སྤྱོད་འཁོར་ལོ་དང་། །བདེ་བ་ཆེན་པོ་སྤྱི་བོར་གནས། །ཨེ་བྃ་རྣམ་པ་རྒྱུ་མཐུན་ཉིད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལས། །སྐྱེས་བུ་བྱེད་པ་ལོངས་སྤྱོད་ལ། །བདེ་ཆེན་འཁོར་ལོར་དྲི་ མེད་ཉིད། །རྒྱུ་མཐུན་ལ་སོགས་རབ་དབྱེ་བས། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལས་ལ་བཅོམ་ལྡན་ཤེས་རབ་བརྗོད། །གང་ཞིག་སྤྲུལ་པ་གནས་བརྟན་ཕྱིར། །སྤྲུལ་པའི་འཁོར་ལོ་གནས་བརྟན་བརྗོད། །ཆོས་ནི་ངག་ ལས་བྱུང་བའི་ཕྱིར། །འཁོར་ལོ་ཐམས་ཅད་ཡོད་པར་སྨྲ། །གང་ཞིག་མགྲིན་པར་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཉིད། །གང་ཞིག་བདེ་ཆེན་མགོར་གནས་ཕྱིར། །བདེ་ཆེན་འཁོར་ལོར་དགེ་འདུན་ཆེ། །སྡེ་པ་སྐུ་ཞེས་བརྗོད་པ་སྟེ། །ལྟོ་ བ་གནས་སུ་བརྗོད་པར་བྱ། །སྐྱེ་གནས་འདོད་ཆགས་བྲལ་བ་ཉིད། །མངལ་གྱི་ཕྲུ་མ་ཆོས་གོས་ཏེ། །དེ་བཞིན་མ་ནི་མཁན་པོ་ཉིད། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱིས་གནས། །དེ་བཞིན་སྔགས་བཟླས་ཨ་དང་ཧྃ། །སྔགས་འདོན་ སྐྱེས་པ་དགེ་སློང་ཉིད། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །འདི་རྣམས་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཏེ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། །བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བ་ཞེས་བྱ་རྣམ་པར་ གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་སྤངས་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པ་གཟུགས་ཅན་ཉིད། ། མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ལྷན་ཅིག་སྐྱེས་པའི་རང་བཞིན་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་གྱིས་ནི་མྱ་ངན་འདས། །ཞལ་ཕྱག་ཁ་དོག་དབྱིབས་ལས་ནི། །ལྷ་ཡི་གཟུགས་ཀྱི་རྣལ་ འབྱོར་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ལྷ་མོས་དེ་སྐད་བཤད་པ་ནི། །རྣལ་འབྱོར་ཀུན་གྱི་གོང་ན་མེད། །དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་ལྷ་མོ་ཐམས་ཅད་ལ་འདི་ལྟ་སྟེ། སྤྱན་མ་དང་། མཱ་མ་ ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། སྐུལ་བྱེད་མ་དང་། རི་ཁྲོད་མ་ཤིང་ལོ་ཅན་དང་། འོག་ཞལ་མ་དང་། སྡོམ་པ་མ་དང་། །དེ་དག་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་རྣམས་མཆོག་ཏུ་ངོ་མཚར་བར་གྱུར་ཅིང་ བརྒྱལ་བ་དང་། སྐྲག་པར་གྱུར་ཏོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རྣལ་འབྱོར་མ་ནི་ཀུན་གྱི་ཚོགས། །བཅོམ་ལྡན་འདས་ཀྱིས་བསླང་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ པ་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྣལ་འབྱོར་མ་ཐམས་ཅད་བསླང་བའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ ཉིད། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །རིགས་ཀྱི་བུ། གང་ཞིག་མི་ཤེས་འཇིག་རྟེན་པ། །བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །རྨོངས་སྤངས་དེ་ཉིད་ཡིད་ཀྱིས་ནི། །དེ་ཡི་དེ་ཉིད་ཡོངས་སུ་གཅོད། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་དེ་ལ། །མ་ཤའི་བཟའ་བ་སྦྱིན་པར་བྱ། །ལྡོག་པའི་སྨན་ནི་བརྟགས་པ་ལས། །རླུང་གིས་རླུང་ལ་སྣུན་པར་བྱེད། །སོ་སོར་རྟོག་ལས་རྣམ་རྟོག་ དང་། །སྲིད་པ་ཉིད་ཀྱིས་སྲིད་དག་བྱེད། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། །ཇི་ལྟར་འཚེད་པས་ཚིག་པ་ལ། །ཡང་ནི་མེ་ཡིས་གདུང་བར་བྱ། ། དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །འདོད་ཆགས་ཀྱིས་ནི་འཇིག་རྟེན་ འཆིང་། །འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ། །བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ལས་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ལས། །དབྱེ་བས་ལྔ་རུ་འགྲོ་བར་ འགྱུར། །བོལླ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཀྱིས། །སྲ་བ་གཏི་མུག་ཆོས་ཡིན་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། ཆུ་ནི་མི་བསྐྱོད་ངོ་བོའི་ ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱི་བསྐྱོད་པའི་སྦྱོར་བ་ལས། །རྟག་ཏུ་དྲོད་ནི་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། ། དོན་ཡོད་རླུང་ལས་འབྱུང་བའི་ཕྱིར། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །བདེ་བ་འདོད་ཆགས་སེམས་ཡིན་ཏེ། །རིན་ཆེན་ཁྲག་དང་འདོད་ཆགས་ཉིད། །སེར་སྣ་ནམ་མཁའ་ལས་བྱུང་བ། །ནམ་མཁའ་སེར་སྣ་རྡོ་རྗེ་ཡིན། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་ གཟུགས་ཀྱིས་མཚོན་པ་ཉིད། །རིགས་ནི་ལྔ་པོ་སྐྱེས་པ་ལྔ། །དེ་ལ་སྟོང་ཕྲག་དུ་མ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡིས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གང་གཱའི་ཀླུང་ནི་བཅུ་ ཡི་བྱེ་མ་སྙེད། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཆེན་ལྔ་ནི་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལས་བརྒྱ་ཕྲག་དུ་མ་རྣམས། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། ། དེ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་བཀའ་སྩལ་ཏོ། །འདིར་གསོལ་པ། ཅི་གོང་བུའི་གཟུགས་ཅན་འདི་ཙམ་དུའང་ཆུང་བ་དེ་སྙེད་ཀྱི་རང་བཞིན་དུ་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། །སྐྲ་ཡི་ཁྱོན་ཙམ་ཕྲ་བ་ལ། །སངས་རྒྱས་ཞིང་ཁམས་དུ་མ་ནི། །གནས་དང་དོག་དང་འཛེར་མིན་པ། །དེ་བཞིན་འདིར་ཡང་བལྟ་བྱ་སྟེ། །སྟོབས་བཅུ་དག་དང་ལྡན་པའི་ལྷ། །བཞེངས་ཤིག་བཞེངས་ཤིག་བདག་གི་ནི། །སྡུམ་པར་སྟོན་མོ་བཞེས་ པར་འཚལ། །རྫུ་འཕྲུལ་སྟོབས་ཀྱིས་རིགས་ཀྱི་བུ། །ཡང་དག་བྱུང་བ་བཀའ་སྩལ་པ། །ཡང་དག་སྦྱོར་བྱུང་མཚན་ཉིད་ནི། །བཤད་པར་བྱ་ཡིས་ལྷ་མོ་ཉོན། །གསང་བ་ལ་ནི་ས་ཡི་ཁམས། །མཆོག་ལ་དེ་བཞིན་དུ་ནི་ཆུ། །དགྱེས་པ་ལ་ནི་མེ་རུ་བཤད། །ཐམས་ ཅད་བདག་ཉིད་རླུང་ལ་གནས། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །སངས་རྒྱས་ཀུན་གྱི་སྡོམ་པ་བདག །ཡང་ན་མེ་ལོང་ལྟ་བུའི་ཚུལ། །དེ་བཞིན་དུ་ཡང་མཉམ་པ་ཉིད། །སོ་སོར་རྟོག་པའི་ཆོ་ག་བཞིན། །དེ་བཞིན་བྱ་བ་ནན་ཏན་ལ། །རྟག་ཏུ་བཞུགས་པར་བརྗོད་ པ་འདི། །ཤིན་ཏུ་རྣམ་དག་རང་བཞིན་ཅན། །དེ་བཞིན་རྣམ་པར་སྣང་མཛད་ཉིད། །གཞན་ཡང་མི་བསྐྱོད་པ་ཉིད་དང་། །ཡང་ན་རིན་ཆེན་འབྱུང་གནས་དང་། །ཡང་ན་འོད་དཔག་མེད་པ་ཡིས། །གང་ཚེ་རྟག་བཞུགས་དོན་ཡོད་ལ། །བདུད་རྩི་ལྔ་ཡི་གོང་བུའི་དངོས། ། ཐིག་ལེའི་གཟུགས་ཏེ་ཡིད་ལྟ་བུ། །ཤིན་ཏུ་ཡང་དག་ཡེ་ཤེས་ཆེ། །ལྷ་མོ་ཀུན་གྱི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །དེ་ཡི་ཤེས་རབ་ལྷན་ཅིག་སྐྱེས། །དེ་ཕྱིར་ གནས་པའི་གཟུགས་ཅན་མ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །བདག་མེད་མ་ཞེས་རྣམ་པར་བཤད། །དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་ལུས། །གློག་གི་ཟེར་མ་མཉམ་པའི་འོད། །ལྷ་ ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུའི་ཁུང་བུའི་རྩེ་བུག་ནས། །ཕྱོགས་བཅུར་རྣམ་པར་ཕྱུང་ནས་ནི། །ཀུན་ཏུ་ལྷ་དང་ལྷ་མིན་བསྡིགས། །སྙིང་ལ་ཆོས་ཀྱི་འཁོར་ལོར་ནི། །བསྲེགས་ནས་ལོངས་སྤྱོད་འཁོར་ལོར་སོང་། །སྣ་ཡི་བུ་ག་གཡས་པ་ནས། །ཐམས་ཅད་ དུ་ནི་ཕྱུང་ནས་ནི། །མཛོད་སྤུར་སོང་བ་དག་གིས་ཀྱང་། །བུག་པ་ངེས་པར་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཤངས་ཀྱི་བུ་ག་གཡོན་པར་ནི། །ཞུགས་ནས་སྤྱི་གཙུག་འཁོར་ལོར་ནི། །ཀུན་བསྲེགས་རྣམ་པར་ཕྱུང་ནས་ནི། །སྔར་གསུངས་ ཉིད་ཀྱི་བུག་པ་ནས། །ཡང་ནི་སྤྱི་གཙུག་ཞུགས་པར་བྱ། །སངས་རྒྱས་རྣམས་ནི་བསྲེགས་པ་ཡིས། །དགའ་བ་དེ་ནས་བསྐྱེད་པར་བྱ། །ལྟེ་བའི་དཀྱིལ་འཁོར་ཕྱིན་ནས་ནི། །སྔ་མ་བཞིན་དུ་གནས་པར་འགྱུར། །ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྒྱུད་ཆེན་པོ་ལས་ དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་སྟེ་དྲུག་པའོ།། །།ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །བཅོམ་ལྡན་བདག་ནི་ཉན་པར་འཚལ། །དགོངས་པའི་སྐད་ནི་ཅི་ཞེས་བགྱི། །རྣལ་འབྱོར་མ་ཡི་རྟག་དམ་ཚིག །ཉན་ཐོས་ལ་སོགས་མི་ཤེས་པ། ། རྒོད་དང་ལྟ་བ་དག་གིས་ཀྱང་། །འཁྱུད་དང་དེ་བཞིན་གཉིས་གཉིས་སོགས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ནི་མ་བསྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །དགོངས་པའི་སྐད་ནི་སྐད་ཆེན་པོ། །དམ་ཚིག་བརྡ་ནི་རྒྱས་པ་རུ། ། རྡོ་རྗེ་སྙིང་པོ་ངས་བཤད་ཀྱིས། །དེ་ཉིད་རྩེ་གཅིག་སེམས་ཀྱིས་ཉོན། །མ་ད་ན་ཆང་བ་ལ་ཤ། །འདུ་བ་མ་ལ་ཡ་ཛ་ཉིད། །འགྲོ་བ་ཁེ་ཊ་རོ་ནི་ཤྲ་བ། །རུས་པའི་རྒྱན་ནི་ནི་རཾ་ཤུ། །འོང་བ་ཕྲེཾ་ཀ་ཎ་རུ་བརྗོད། །ཅང་ཏེ་ཀྲི་པྲི་ཏ་རུ་བརྗོད། །སྐལ་མེད་དུ་དུ་ར་ཞེས་བཤད། ། སྐལ་ལྡན་ཀཱ་ལིཉྫ་རྃ་བརྗོད། །རེག་མིན་ཌི་ཌི་མ་ཞེས་བརྗོད། །ཐོད་པ་པདྨ་བྷ་ཛ་ནྃ། །བཟའ་བ་ཏི་པྲི་ཏ་ར་ཤེས་བྱ། །ཚོད་མ་མ་ལ་ཏིན་དྷ་ནྃ། །བཤང་བ་ཙ་ཏུསྶ་མྃ་བརྗོད། །གཅི་བ་ཀ་སྟྲུ་རི་ཞེས་བརྗོད། །རང་བྱུང་སིཧླར་ཤེས་པར་བྱ། །ཁུ་བ་ག་བུར་བརྗོད་པར་ བྱ། །ཤ་ཆེན་ཤཱ་ལི་ཛ་ཞེས་བརྗོད། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །རྡོ་རྗེ་བོལླ་ཞེས་བརྗོད་དེ། །པདྨ་ཀཀྐོ་ལ་ཞེས་ཟེར། །མུ་ཁི། སོར་མོ་ཁ་རུ་བཅུག་པ་ནི། །མཁའ་འགྲོ་མ་ཡི་མཚན་མའོ། །གྷོ་གྷུ། ཐལ་མོ་སྤྱི་བོར་ཡང་དག་གཞག །མར་མེ་མ་ཡི་ མཚན་མའོ། །གྷུ་གྷུ། །མཐེ་བོང་རྒན་པོ་བཅངས་པ་ནི། །འཇིབ་བྱེད་མ་ཡི་མཚན་མའོ། །མུ་གྷུ། ལག་པས་རྣ་བ་བརྡེབས་པ་ནི། །གཡོ་ལྡན་མ་ཡི་མཚན་མ་ཉིད། །ལུ་གྷུ། སྣ་རྩེར་ཐལ་མོ་བརྡེབས་པ་ནི། །དགེ་བའི་གཏམ་ནི་འདྲི་བའོ། །དྲཥྚ་རི་དགས་མགོ་ སྟོན་པ། །རྣལ་འབྱོར་མ་ཡི་མཚན་མར་མཚོན། །ཌ་ཞེས་བྱ་བ་སྐྱེས་བུར་ངེས། །ཌཱི་ནི་བུད་མེད་དེ་ནས་བརྗོད། །པུ་ཞེས་བྱ་བར་རེངས་པ་ཉིད། །སུ་ནི་དེ་བཞིན་ཟ་བ་ཉིད། །མ་ཞེས་བྱ་བ་མ་རུ་བརྗོད། །ཡོ་ནི་དེ་བཞིན་ཆུང་མར་ངེས། །བྷི་ཞེས་བྱ་བ་སྲིང་མོ་ཉིད། ། དྷི་ཞེས་བྱ་བ་མཛའ་མོར་བརྗོད། །ལུ་ཞེས་བྱ་བ་བུ་མོར་ངེས། །སྟྲི་ནི་ཁྲག་ཏུ་ཤེས་པར་བྱ། །ས་ནི་ཞི་བའི་བཏུང་བ་ཉིད། །པེ་ཞེས་བྱ་བ་བཏུང་བ་སྟེ། །བི་ཞེས་བྱ་བ་ངེས་པར་ཤ། །བྷ་ཞེས་བྱ་བ་བཟའ་བར་བརྗོད། །བྷུ་ཞེས་བྱ་བ་འདུ་བ་ཉིད། །བི་ཞེས་བྱ་བ་དུར་ཁྲོད་ ཉིད། །བྷུ་ཞེས་བྱ་བ་རོ་རུ་བརྗོད། །ཌཱི་ཞེས་བྱ་བ་རྣལ་འབྱོར་མ། །ག་ནི་དེ་བཞིན་ལཱ་མཱ་ཉིད། །སྟྲི་ཞེས་བྱ་བ་གཟུགས་ཅན་མ། །ཀུ་ཞེས་བྱ་བ་མཁའ་འགྲོ་མ། །ཁ་ཞེས་བྱ་བ་དུམ་སྐྱེས་མ། །ཛ་ཞེས་བྱ་བ་བྱིན་པ་ཟུང་། །ཀེ་ཞེས་བྱ་བ་ལག་པ་གཉིས། །བྷ་ཞེས་ བྱ་བ་ཕྱག་འཚལ་བ། །སྭཱ་ནི་ལེགས་འོངས་བྱ་བ་ཡིན། །འདི་རྣམས་ནི་ཡི་གེ་རེ་རེ་ཞིང་ཡང་བརྡ་སྟེ། དཔའ་བོ་དང་སྲིང་མོར་དེས་ཤེས་པར་བྱའོ། །ཡི་གེའི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སོ། །རྡོ་རྗེ་སྙིང་པོས་གསོལ་པ། །ངག་གི་བརྡ་ནི་མི་འཚལ་བས། །བདེ་བ་ཆེན་ པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མདོར་བསྡུས་ནས་ནི་བཤད་བྱ་བ། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །པོ་ཏྃ་གི་ཞེས་བྱ་བ་ནི་ཕྱག་གོ། །པྲ་ཏི་པོ་ཏྃ་གི་ཞེས་བྱ་བ་ནི་ཕྱག་གི་ལན་ནོ། །ག་མུ་ཞེས་བྱ་བ་ནི་འགྲོ་བ་ཞེས་བརྗོད་ པར་འགྱུར་རོ། །ལུམ་པ་ཞེས་བྱ་བ་ནི་འོང་བ་ཉིད་དོ། །ནི་ག་རཾ་ཞེས་བྱ་བ་ནི་བྱིན་ཅིག་ཅེས་བརྗོད་པར་འགྱུར་རོ། །ཙཊྚུ་ཀ་ཞེས་བྱ་བ་ནི་ཁྱེར་ཅིག་ཅེས་བརྗོད་པ་ཡིན་ནོ། །ཧྲི་ད་ཡ་ཞེས་བྱ་བ་ནི་དཔའ་བོ་ཞེས་བྱ་བ་ཡིན་ནོ། །ཀཽ་ར་བ་ཞེས་བྱ་བ་ནི་གསོད་པ་ཞེས་བརྗོད་པ་ཡིན་ནོ། ། ཀརྞྞི་ཀ་ཞེས་བྱ་བ་ནི་དྲིལ་བུ་ཞེས་བརྗོད་པ་ཡིན་ནོ། །ཨ་ལི་ཀ་ར་ཎ་ཞེས་བྱ་བ་ནི་སྤྱི་བོ་ཞེས་བརྗོད་པ་ཡིན་ནོ། །བ་ར་ཧ་ཞེས་བྱ་བ་ནི་སྐྲ་ཞེས་བརྗོད་པ་ཡིན་ནོ། །ཤྲ་བ་ཎ་ཞེས་བྱ་བ་ནི་རྣ་བའོ། །མནྠཱ་ཞེས་བྱ་བ་ནི་བདུད་རྩིའོ། །ན་ར་ཞེས་བྱ་བ་ནི་མཉམ་པར་སྦྱོར་བ་ཞེས་བརྗོད་ པ་ཡིན་ནོ། །ཏཱ་ལི་ཀཱ་ཞེས་བྱ་བ་ནི་མཁའ་འགྲོ་མའོ། །ནཱ་ར་ཀ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །ཨ་མུ་ཀྃ་ཞེས་བྱ་བ་ནི་དུར་ཁྲོད་དོ། །ཀཱ་ལི་ལ་ཞེས་བྱ་བ་ནི་སྒོའོ། །སྭ་ས་ཎྃ་ཞེས་བྱ་བ་ནི་བྲམ་ཟེའོ། །པ་རི་དྷི་ནི་རྒྱལ་རིགས་སོ། །བི་ར་ཏི་རི་ནི་རྗེའུ་རིགས་སོ། །ཀྲུ་ར་ཞེས་ བྱ་བ་ནི་དམངས་རིགས་སོ། །ཨནྟ་ནི་གདོལ་པའི་རིགས་སོ། །ཨ་ལི་ཀ་ནི་ཕྱུགས་སོ། །བྷ་གི་ནི་ནི་མཁའ་འགྲོ་མའོ། །མུ་ད་ཀྃ་ནི་ཚིལ་བུའོ། །གྲིཧྣ་ཞེས་བྱ་བ་ནི་ཕྱག་རྒྱའོ། །དནྟ་སྤཪྴ་ཏི་ཛི་ཧྭ་ཞེས་བྱ་བ་ནི་བཀྲེས་སོ་ཞེས་བརྗོད་པ་ཡིན་ནོ། །གྷནྡ་པ་ཧི་ནི་སྲེད་པའོ། །ཨཱ་ག་ མ་ན་ཞེས་བྱ་བ་ནི་གན་དུའོ། །སྠཱ་ན་ཞེས་བྱ་བ་ནི་ཆེ་གེ་མོར་རོ། །ཀི་ར་ཎ་ནི་མེ་ཏོག་གོ། །ལམ་པོ་ནི་འཇིགས་པའོ། །དནྟ་ནི་རྒོད་པ་ཞེས་བརྗོད་པ་ཡིན་ནོ། །ནི་རོ་དྷ་ནི་ཆར་པའོ། །བི་ཛཱཔྟི་ནི་ཆོག་པར་འཛིན་པའོ། །དྷུ་མཱ་ནི་སྤྲིན་ནོ། །དྷུ་མྲ་པྲི་ཡ་དང་། སཱ་ནུ་ནི་རིའོ། །ས་རི་ཏོ་ནི་ ཆུ་བོའོ། །ཨོཾ་གུ་ལྱ་ནི་ཡན་ལག་དང་ཉིང་ལག་གོ། །བ་ད་ནྃ་ནི་ཁའོ། །རཱ་ཛི་ཀ་ནི་ལྕེའོ། །ཨ་ད་ནཱ་ནིའོ། །པྃ་ཀ་ཏི་ནི་རྒྱལ་མཚན་ནོ། །ཙྪན་དོ་ནི་ཕྲེང་བའོ། །ཙ་ལ་ནི་རླུང་ངོ་། །མྲྀ་ཀ་པ་ཏི་ནི་ཕྱུགས་སོ། །མཎྜ་ལ་ནི་མཉམ་པའོ། །སྭཱ་ས་ནི་ལམ་གྱི་བཞི་མདོའོ། ། ཕལ་གུ་ཤ་ནི་སྐྱེ་བོའོ། །མ་ཧ་ཀྵ་ར་ནི་ཕྱུགས་ཆེན་པོའོ། །ཙྪ་ནི་རའོ། །ན་ཞེས་བྱ་བ་ནི་སྐྱེས་པའོ། །གོ་ཞེས་བྱ་བ་ནི་བ་གླང་ངོ་། །ཞེས་བྱ་བ་ནི་མ་ཧེའོ། །བྷི་ཞེས་བྱ་བ་ནི་བཟའ་བའོ། །ཧ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཨ་ཕྱ་ཀ་ཞེས་བྱ་བ་ནི་རྒྱལ་པོའི་སྐྱེས་བུའོ། ། སྠ་ཞེས་བྱ་བ་ནི་གནས་སོ། །མུ་ཁ་སྦཪྴ་ན་ནི་ཟོས་སོ་ཞེས་བྱ་བའོ། །དནྟ་སྤཪྴ་ན་ནི་འགྲངས་སོ་ཞེས་བྱ་བའོ། །ཧོ་ཞེས་བྱ་བ་ནི་གང་ཡང་རྣམ་གྲངས་སོ། །ཧྲཱི་ཀ་ནི་ངོ་ཚ་བའོ། །ཤཱུ་ནྱ་སྤརྴ་ནེ་ནི་མཻ་ཐུ་ན་གྱིས་ཤིག་ཅེས་བྱ་བའོ། །ཨུ་རུ་སྤཪྴ་ནེ་ནི་དེ་ལྟ་ད་ལྟར་གྱིས་ཤིག་ཅེས་བྱ་ བའོ། །ངག་གི་བརྡ་ཡི་ཡེ་ཤེས་སོ། །མཉམ་པར་དྲག་ཤུལ་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །དབང་གི་ལྟ་སྟངས་གཡོན་ན་གནས། །གཡོན་པ་ན་ནི་གཟུགས་བརྙན་གཉིས། །གཡས་པའི་ཆ་ལ་དགུག་པ་ཉིད། །གཉིས་ནི་སྟེང་དུ་སྦྱར་བར་ བྱ། །དབུ་མ་རེངས་པའི་ལྟ་སྟངས་ཉིད། །སྣ་ཡི་རྩེ་མོའི་དབུས་སུ་གཉིས། །དུད་འགྲོའི་ལྟ་སྟངས་གསད་པ་ལ། །སྣ་ཡི་རྩེ་མོར་གཟུགས་བརྙན་གཉིས། །འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །བུམ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་འགུགས་པ་ཉིད། ། ཞི་བ་ཉིད་ཀྱིས་རེངས་པར་བྱེད། །རློན་པའི་ཤིང་ལ་ལྟུང་བྱེད་ཉིད། །མེ་ཏོག་ལ་ནི་དབང་དུ་གྲགས། །རྡོ་རྗེ་ཤིང་ལ་དགུག་པ་ཉིད། །གཡོ་བཅས་རྩལ་རེངས་བྱེད་ཉིད། །ཟླ་དྲུག་གོམས་པའི་རྣལ་འབྱོར་གྱིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལ་འཁྲུལ་བར་ མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །སློབ་དཔོན་གཉིས་ལ་ཕྱག་འཚལ་ནས། །ཤིན་ཏུ་ཕྱག་འཚལ་དཔལ་ལྡན་ནི། །རྡོ་རྗེ་སེམས་སོགས་རྣལ་འབྱོར་གྱིས། །གཡས་པའི་སྨིན་མ་སྒྱུར་ཚུལ་གྱིས། །ནམ་མཁར་འགྲོ་བར་བསྒོམས་པས་ནི། །གང་ཞིག་ གནས་པས་འགྲུབ་པར་འགྱུར། །གཡོན་པའི་སྨིན་སྒྱུར་ཕ་རོལ་གྱི། །སྡེ་ལས་མཆོག་ཏུ་རྒྱལ་བར་འགྱུར། །བདུད་ཀྱི་དཔུང་ནི་གཞོམ་པའི་ཕྱིར། །དེ་ཉིད་ཀྱི་ནི་རྣལ་འབྱོར་གྱིས། །གཡོན་པའི་མིག་བསྒུལ་ཞེས་བྱ་བས། །དཀར་མོ་ལ་སོགས་གཟུགས་བསྒོམས་ པས། །དེར་ནི་རྫོགས་ན་འགྲུབ་པར་འགྱུར། །གཡས་པའི་མིག་བསྒུལ་ཞེས་བྱ་བས། །དཔལ་ལྡན་རྡོ་རྗེ་སེམས་སོགས་ཀྱིས། །སྐྱེས་བུའི་གཟུགས་ནི་རྫོགས་པར་འགྱུར། །ངག་གི་ཐ་སྙད་མ་གཏོགས་པར། །འཇིག་རྟེན་རབ་ཏུ་གྲགས་པ་ ཡི། །ཐ་སྙད་དུ་ཡང་འགྲུབ་པར་འགྱུར། །དེ་ལྟར་ཡོ་གིས་འཇིག་རྟེན་དང་། །འཇིག་རྟེན་འདས་པར་བསྡུས་པར་འགྲུབ། །ལེགས་པར་བཤད་པའི་དངོས་གྲུབ་བོ། །ལྟ་སྟངས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །དཔལ་ལྡན་རྡོ་རྗེ་སེམས་སྦྱོར་ཞིང་། །ཇི་ལྟར་དབྱིབས་ཀྱི་སྐུ་ ལྡན་པས། །འདིར་ནི་མི་ཡི་ཐོད་པ་ཡི། །ཡུངས་ཀར་ཆོ་ག་བཞིན་དུ་གདབ། །བཙོས་པའི་མར་ཁུ་བཟའ་བྱས་ཤིང་། །མགོ་བོ་འབྲས་བུས་དེ་བཞིན་བྱུགས། །ཕྱོགས་མཚམས་ནམ་མཁའ་ས་བཅིངས་པས། །བསྲུང་བ་ཀུན་གྱི་གོང་ན་མེད། །དཔལ་ལྡན་ རྡོ་རྗེ་སེམས་སྦྱོར་ཞིང་། །ཚེམས་ནི་བསྡམས་ཤིང་ཞལ་བཙུམས་པས། །དཔལ་ལྡན་གཡོན་པ་བསྒྱིངས་འཛིན་ཅིང་། །གཡས་པར་འཁོར་ལོ་ཕྱོགས་ཚུལ་གྱིས། །གསལ་བར་སྟེང་འོག་བྱིན་གྱིས་བརླབ། །ས་ལ་རང་གི་ཕྱག་རྒྱ་བྱ། །སངས་རྒྱས་ཀུན་དངོས་དངོས་ གྲུབ་སྦྱིན། །སྐྱེ་བ་གཉིས་པའི་ཐོད་པར་འདི་བཏབ་ནས། ཕྱི་ནས་ནི་མིའི་ཐོད་པར་རོ། །དེ་ནས་བླངས་ནས་བུད་མེད་དང་། སྐྱེས་པ་དང་། མ་ནིང་ལ་སོགས་པ་དང་། ཁྭ་དང་། འུག་པ་དང་། བྱ་རྒོད་དང་། མཆིལ་པའི་དངོས་གྲུབ་སྣ་ཚོགས་བྱེད་དོ། །འོལ་མ་ཟི་ དཀ