Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 079_རྒྱུད་འབུམ།_ག
Văn bản gốc(Tây Tạng)
Trang 6 / 18 (50.000 ký tự/trang)
ང་དོན་དུ། ། མྱ་ངན་འདས་པར་གནས་མི་འགྱུར། །གང་གིས་ཁྱད་འཕགས་མཐར་ཐུག་པར། །སངས་རྒྱས་དྲི་མེད་ངོ་མཚར་ར་རྨད། །འགྲིབ་དང་འཕེལ་ལས་རྣམ་པར་གྲོལ། །བྱང་ཆུབ་བླ་མེད་ཐོབ་པར་འགྱུར། །ཕུང་པོ་ལྔ་སོགས་ཆོས་རྣམས་དང་། །ཐེག་གསུམ་ཤིན་ཏུ་སྤང་མི་ བྱ། །ཆོས་དབྱིངས་ཤིན་ཏུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་གཟུང་། །སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་ བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤང་། །གཉིས་ཀྱིས་གཟུང་བ་ཡོངས་སྤངས་པ། །རྣམ་གྲོལ་གནས་དང་བྲལ་བ་སྟེ། །ང་ཞེས་བྱ་བའི་ཀུན་རྟོག་འདི། །དེ་ཕྱིར་དེ་ནི་ཡང་དག་སྤང་། །རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་མེད་ ཅིང་སྡིག་པ་བྲལ། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །སྙིང་རྗེ་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང་། །སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །སྤྲོས་པ་མེད་པའི་རང་བཞིན་ཉིད། ། ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་ བའོ། །གང་ལ་སྒོམ་པ་པོ་ཡང་མེད། །གང་ཡང་རྣམ་པར་སྒོམ་པའང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མིན་པ། །དེ་ཡི་དེ་ཉིད་སྒོམ་པར་བརྗོད། །གང་ཡང་བྱ་བ་ཡོད་མིན་འདིར། །བཟའ་བྱ་ཉིད་ཀྱང་ཡོད་མ་ཡིན། །བྱེད་པོ་བཟའ་ལས་རྣམ་པར་གྲོལ། །དོན་དམ་རྣམ་པར་ བསྒོམས་པས་ན། །འདི་ལ་སྒྲུབ་པོ་གང་ཡང་མེད། །གང་ཡང་སྟོང་པར་བྱེད་པ་མེད། །དོར་བ་ཅུང་ཟད་མེད་པར་བརྗོད། །བླང་བའང་ཅུང་ཟད་ཡོད་མ་ཡིན། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང་། །འཕྲོག་པ་ཟླ་བའི་གྲོང་ཁྱེར་མཚུངས། །རྨི་ལམ་རྩེ་ བ་ལྟ་བུར་བལྟ། །སྒྱུ་མ་ཇི་བཞིན་ཐམས་ཅད་དུ། །བལྟ་བ་ཉིད་དང་རེག་པར་བྱ། །འགྲོ་བ་ཐམས་ཅད་གནས་པ་ནི། །གང་ཡང་རྙེད་པར་མི་འགྱུར་ཏེ། །སྦྱོར་བ་འདུས་པས་བསམ་མི་ཁྱབ། །རྨི་ལམ་སད་པ་ལྟ་བུ་ནི། །ཇི་ལྟར་གཞོན་ནུའི་གཟུགས་ཀྱིས་ནི། །དབང་པོ་གཉིས་ ནི་འདུས་པ་ཡིས། །བྷ་གར་ལིང་ག་བཞག་ནས་ནི། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཡེ་ཤེས་ཅི་ཞིག་སྐྱེ་ཞེ་ན། །ཐོག་མ་དབུས་མཐའ་དྲི་མ་མེད། །རང་གིས་རིག་པའི་ཡེ་ཤེས་དེ། །གཞན་དུ་སྨྲ་བར་མི་ནུས་སོ། །གཟུགས་རྣམས་ཐམས་ཅད་ལྟ་བ་དང་། །སྒྲ་རྣམས་ཉིད་ ཀྱང་ཉན་པ་དང་། །སྨྲ་བ་དང་ནི་རྒོད་པ་དང་། །སྣ་ཚོགས་རོ་ནི་ཟ་བ་དང་། །ལས་རྣམས་ཐམས་ཅད་བྱེད་པ་ནི། །གཞན་དུ་སེམས་ནི་མི་འགྲོ་བས། །དེ་ཉིད་རིག་པའི་རྣལ་འབྱོར་པའི། །རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར། །འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་ སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་ཀུན་མཆོག་བསྒོམ་བྱ་ཉིད། །འགྲོ་བ་བརྟན་དང་ གཡོ་བའི་བདག །བྱང་ཆུབ་སེམས་དཔའ་མཐའ་ཡས་དང་། །རྫོགས་སངས་རྒྱས་དང་ཉན་ཐོས་སོགས། །དེ་ཉིད་ལས་ནི་ཐམས་ཅད་སྐྱེས། །དངོས་དང་དངོས་མེད་སྦྱོར་བྲལ་བ། །རྣལ་འབྱོར་པས་ནི་དེ་ཉིད་བསྒོམ། །དངོས་དང་དངོས་མེད་རྣམ་གྲོལ་བ། །བསྒོམས་ན་མྱུར་དུ་ འགྲུབ་པར་འགྱུར། །མ་ལུས་སྐྱོན་ལ་སྡང་བ་དང་། །ཀུན་ནས་ཉོན་མོངས་རྒྱབ་ཕྱོགས་དེས། །དཔལ་ལྡན་བདེ་གཤེགས་ཡོན་ཏན་རྣམས། །མཐའ་ཡས་དེ་ལས་སྐྱེ་པར་འགྱུར། །ཀུན་རྟོག་མང་པོའི་མུན་པས་ཁྱབ་གྱུར་པའི། །རབ་ཏུ་འཇོམས་པས་སྨྱོ་ཞིང་བློ་འགྱུ་བ། །ཆགས་ སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལས་སོགས་དྲི་མས་གོས་བྲལ་བའི། །གཟུང་བ་དང་ནི་འཛིན་མེད་སེམས་དཔའ་མཆོག །དེ་ཉིད་མྱ་ངན་འདས་པ་ མཆོག་ཏུ་གསུངས། །སྡུག་བསྔལ་ཕུང་པོ་དུ་མའི་མཚན་གྱུར་པ། །འདི་ལས་གཞན་དུ་ཅུང་ཟད་ཡོད་མ་ཡིན། །བདེ་བ་མཐའ་ཡས་འབྱུང་བའི་རྒྱུར་གྱུར་པ། །དེ་ལས་གཞན་དུ་གྲོལ་བའང་ཡོད་མ་ཡིན། །སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང་། །རྫོགས་སངས་ རྒྱས་ཀྱི་བདེ་མཆོག་ཐོབ་འདོད་པས། །སེམས་ནི་བརྟན་པར་བྱས་ནས་འབད་པས་དཔྱད། །དེ་ཡི་རང་བཞིན་དངོས་པོ་མེད་པར་བྱེད། །ཇི་སྲིད་རྟོག་པའི་མུན་པའི་ཡོལ་སྟུག་པོ། །སྐྱེ་དགུའི་ཡིད་བསྒྲིབས་སྡུག་བསྔལ་མཐའ་ཡས་ལ། །ཇི་སྲིད་དེ་ནས་དེ་ནི་བྲལ་ཡིན་ཏེ། །དེ་ སྲིད་བདེ་བ་རྒྱ་ཆེན་ཐ་དད་མིན། །མཉམ་པ་ཉིད་ཀྱི་མཐར་ཐུག་འཕགས་དགྱེས་པའི། །དེ་ཡི་ཟད་ཕྱིར་རང་གི་བྱ་བ་ཡང་། །རྒྱས་པ་དེ་ཡི་ཡན་ལག་འགྲོ་བ་བལྟ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་རྣལ་འབྱོར་པས་རྣལ་འབྱོར་གྱི་ངེས་པ་བྱས་ནས་བཀའི་གནང་བ་དང་། རང་གི་དམ་ཚིག་ལ་ གནས་པས་སྒོམ་པར་བྱེད་ན་ལག་པའི་ཕྱག་རྒྱ་དང་། སྔགས་དང་སྐུ་གཟུགས་ཀྱི་ང་རྒྱལ་བསྒོམ་པ་དང་། དམ་ཚིག་གི་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་པས་ཅི་ཞིག་བྱ། སངས་རྒྱས་ཉིད་ཀྱིས་བྱིན་གྱིས་བརླབས་པའི་མཚོན་པ་མངོན་དུ་རང་གི་ལྷའི་རྣལ་འབྱོར་ཡིན་ཏེ་ བསྐྱེད་པ་དང་། དེ་མཚོན་པ་ན་གནས་གསུམ་པོ་ནམ་མཁའ་ལྟ་བུར་འགྱུར་རོ། །གཞུང་ཐམས་ཅད་སྤངས་ནས་ཐོབ་པའི་གནས་ཀྱི་བསམ་གཏན་གྱི་རྣལ་འབྱོར་དེ་ལ་བརྩོན་པས་རང་རིག་པ་ཙམ་ལ་སྤྲོ་བས་ཉིན་དང་མཚན་དུ་གོམས་པར་བྱའོ། ། རིའི་རྩེ་མོ་དང་། ཞི་བའི་གནས་དང་། པདྨའི་ཚལ་དང་། རྒྱལ་པོའི་ཚལ་དང་། དབེན་པ་དང་། ཐམས་ཅད་མཁྱེན་པའི་གནས་དང་། རང་གི་ཁྱིམ་མམ། སེམས་ལ་མངོན་པར་འདོད་པ་ཐམས་ཅད་མཁྱེན་པས་སྔགས་པ་འདིའི་ནང་དུ་གང་དང་གང་གི་གནས་དེར་གནས་ཤིང་ སྔགས་ཤེས་པ་སྤྲོ་བ་དང་ལྡན་པ་དེས་སྒོམ་པར་བྱེད་དེ། ཐབས་དང་ཤེས་རབ་མ་རྟོགས་པར་སངས་རྒྱས་ཉིད་མངོན་དུ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་ཤེས་རབ་མ་དངོས་སུ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་བྱེད་པ་བཟང་མོ་སྤང་བར་མི་བྱ་སྟེ། ཕྱག་རྒྱ་རེ་རེ་དང་ ལྡན་པ་འདི་མ་གཏོགས་པར་དངོས་གྲུབ་སྟེར་བར་མི་འགྱུར་རོ། །དེ་ཕྱིར་ཡེ་ཤེས་སྐྱེད་པ་ཡི། །ཕྱག་རྒྱ་བཞི་ནི་སྦྱར་བར་བྱ། །གཏི་མུག་དམ་ཚིག་ཕྱག་རྒྱ་སྟེ། །ཞེ་སྡང་ཕྱག་རྒྱ་ཆེན་པོར་བརྗོད། །ཕྲག་དོག་ལས་ཀྱི་ཕྱག་རྒྱ་སྟེ། །འདོད་ཆགས་ཆོས་ཀྱི་ཕྱག་རྒྱ་བདག །ཡོ་ གིས་ཕྱག་རྒྱ་སྣ་ཚོགས་འདི། །བསྐྱེད་ནས་རིག་མ་བཟའ་བར་བྱ། །དེ་ལ་གཉིས་ཀ་ཡང་ལྷའི་གཟུགས་སུ་མངོན་དུ་བསམས་ནས་གཏི་མུག་ལས་ཞི་བ་དང་། ཁྲོ་བ་ལས་མ་རུངས་པ་དང་། འདོ་ཆགས་ལས་ཆགས་པས་ལས་རྣམས་བྱེད་དོ། །དེའི་དོན་དུ་རབ་ཏུ་བྱེད་ པ་ལྔ་པོ་འདི་རྣམས་ཀྱིས་རྒྱལ་བ་རྣམས་ཡིན་ནོ། །སྔ་དྲོ་དང་། ཉི་མའི་མཐའ་དང་། ཉི་མ་ཕྱེད་དང་། །ནམ་ཕྱེད་ཀྱི་དུས་སུ་ཡང་ཕྱག་རྒྱའི་རྣལ་འབྱོར་བྱའོ། །མཉམ་པར་སྦྱོར་བ་ལས་གཞན་དུ་ནི་འགྲུབ་པར་མི་འགྱུར་རོ། །བསྟན་པ་ལ་སྨོད་པའི་འཇིགས་པ་དང་། སྐྱེ་བོ་གདུག་པའི་ནང་དུ་གནས་པའི་རྣལ་འབྱོར་པས་རང་གི་སེམས་འབའ་ཞིག་དེ་བསམས་པས་སེམས་ལ་ལྷག་པར་མོས་པ་མངོན་དུ་བྱའོ། །གང་ཞིག་ཡང་རྣལ་འབྱོར་པ་བརྩོན་འགྲུས་ཀྱི་འབད་པས་རྣལ་འབྱོར་འདི་བསྒྲུབ་པར་བྱའོ། །ཤེས་རབ་མངོན་དུ་མ་རྙེད་ན་བྱོལ་ སོང་དག་ལའང་རྟག་ཏུ་གོམས་པར་བྱའོ། །དེ་ལྟར་གང་ཞིག་རྣལ་འབྱོར་པས་གལ་ཏེ་པདྨ་འཛིན་པ་ལ་མངོན་དུ་ཉི་མ་རེ་རེའམ། ཟླ་བ་སོ་སོའམ། ལོ་ལ་རེག་པར་མི་བྱེད་ན་དམ་ཚིག་ཉམས་པར་འགྱུར་རོ། །དམ་ཚིག་ཉམས་པས་རྣལ་འབྱོར་པ་བག་མེད་ པ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་དམ་ཚིག་བླང་བར་བྱས་ན་ཡང་མི་བྱེད་པར་སྡོམ་པ་གཟུང་བར་བྱ་སྟེ། དེའི་ཕྱིར་ཀུན་གྱིས་སྡོམ་པ་དང་ལྡན་ཞིང་དེ་ཁོ་ན་ལ་གནས་པས་ཕྱག་རྒྱའི་རྣལ་འབྱོར་བྱའོ། །གསང་བའི་ཉེ་བའི་རྫས་དང་སྔགས་དང་རྒྱུད་ ཀྱིས་འདི་སྐད་ཡང་དག་པར་རྫོགས་པའི་སངས་རྒྱས་ཡང་དག་པར་སྦྱོར་བའི་རྣལ་འབྱོར་གྱིས་རྟག་ཏུ་ཉེ་བར་འདུག་སྟེ། བསམ་གྱིས་མི་ཁྱབ་པའི་གནས་སུ་གནས་གསུམ་པོ་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཐབས་དང་ཤེས་རབ་ཀྱི་དོན་བསྒོམ་པ་ ཞེས་བྱ་བ་གཉིས་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་འཁོར་ལོ་ཐམས་ཅད་ཀྱི། །རྣམ་པར་འཕྲུལ་པ་ཡང་དག་བཤད། །དཔལ་ལྡན་རྡོ་རྗེ་སེམས་སོགས་ལྷའི། །ཐམས་ཅད་ལས་ནི་སྣ་ཚོགས་བྱེད། །གསང་བ་མཆོག་གི་ དགྱེས་པ་ན། །ཐམས་ཅད་བདག་ཉིད་འདི་ལ་བསྒྲུབ། །རྣམ་པར་བྲལ་དང་གནས་སུ་ཡང་། །རང་གི་ཚལ་སོགས་རྣམས་སུ་ཡང་། །ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པས་ནི། །ཀུན་ལས་སྣ་ཚོགས་བྱ་བ་རྣམས། །ཇི་ ལྟར་བདེ་བར་བསྒྲུབ་པར་བྱ། །བདེ་གཤེགས་ཀུན་གྱི་དཀྱིལ་འཁོར་ནི། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད། །ཁྲོ་བོའི་སྒྲུབ་ཐབས་ཐམས་ཅད་དང་། །ཞི་བ་རྣམས་ཀྱི་ལྷ་རྣམས་ལ། །ཅི་ཞིག་ང་ཡིས་བཤད་པར་བྱ། །བསམ་གྱིས་མི་ཁྱབ་སངས་རྒྱས་གར། ། བསྒོམ་པ་ལྷ་ཡི་རྣལ་འབྱོར་དང་། །སྔགས་ཀྱི་བཟླས་པའི་ཆོག་རིམ་དང་། །བྲིས་སྐུ་འམ་ནི་སྐུ་གཟུགས་ཀྱང་། །སེམས་ཀྱིས་ཐམས་ཅད་སྤྲུལ་པ་སྟེ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །ང་ཡིས་རྒྱུད་དུ་བསྒྲགས་པ་ཡིན། །སྟོང་ཉིད་གཅིག་ལས་རྡོ་རྗེ་ཅན། ། རིགས་ནི་རྣམ་པ་ལྔ་རུ་གསུངས། །རྡོ་རྗེ་སྙིང་པོས་གསོལ་པ། བསྐྱེད་པའི་ཡིག་འབྲུ་གཟུགས་དང་ནི། །ཕྱག་རྒྱ་དབྱིབས་ཀྱི་ཆོག་རིམ་དང་། །སྔགས་ཀྱི་བཟླས་པའི་ཆོ་ག་ཡང་། །གང་གིས་སྒྲུབ་པོས་འགྲུབ་འགྱུར་བ། ། གཙོ་བོ་ཤིན་ཏུ་དགའ་ཆེན་པོས། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་པར་བསྒོམ། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་ཐ་མར་ བཏང་སྙོམས་སོ། །ཡང་ནི་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ ཀྱིས་ནི་ར་བ་དང་། །གུར་ཡང་ཆོ་ག་བཞིན་དུ་བསྒོམ་པར་བྱ། །དང་པོར་རོ་ནི་བསྒོམ་པར་བྱ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བརྗོད། །དེ་སྟེང་རྣལ་འབྱོར་པ་གནས་ནས། །ཧེ་རུ་ཀ་ཉིད་རྣམ་པར་བསྒོམ། །རང་གི་སྙིང་གར་རེ་ཕ་བསྒོམ། །དེ་ལས་བྱུང་བའི་ཉི་ དཀྱིལ་འཁོར། །དེར་ནི་ཧཱུྃ་གི་དབྱིབས་ཉིད་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཁ་དོག་ནག་པོ་འཇིགས་ཆེན་པོ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཉིད། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཡང་ནི་ཧཱུྃ་གི་དེ་ཉིད་བསྒོམ། །དེ་ཉིད་ཡོངས་སུ་གྱུར་བལྟས་ནས། ། ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །རྡོ་རྗེ་སྐྱེ་བ་དཔའ་བོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བ་འམ། །ཡང་ན་སྔོ་དང་ཉི་མ་ལྟར། །དད་པས་ངེས་པར་བསྒོམ་པར་བྱ། །ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ ཡི། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །དཀར་མོ་རི་དགས་མཚན་པ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །པུཀྐ་སཱི་ནི་རྡོ་རྗེ་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་བ་མོ་ནི་ཅང་ཏེའུ་རྡུང་། ། གཡུང་མོ་སྐུ་ལ་འཁྱུད་པ་སྟེ། །མཆོད་པའི་ཆོ་ག་རྒྱས་པ་ཡིས། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །དེ་ནས་གནས་ལས་རྣམ་གྲོལ་བའི། །ཆོས་རྣམས་ཀུན་གྱི་བདག་ཉིད་འགྱུར། །ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་རིག་པ། །དེ་ཉིད་སེམས་ དཔའ་ཞེས་བྱར་བརྗོད། །མཆོག་ཏུ་དགའ་བའི་རང་བཞིན་ཅན། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་དགུག་པ་ན། །ཡོ་གི་ཞེ་སྡང་བདག་ཉིད་འགྱུར། །ནམ་མཁའི་ཁམས་ཀྱི་ནང་ སོན་པར། །དེ་ནས་ཉི་མའི་དཀྱིལ་འཁོར་བསམ། །ཧཱུྃ་སྐྱེས་སྔོ་དང་ཉི་མ་ལྟར། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྤྱན་གསུམ་སྐྲ་ནི་གྱེན་དུ་སེར། །སྡང་མིག་བརྒྱད་གཉིས་ལོ་ཡི་དབྱིབས། །འཇིགས་བྱེད་མནན་ ཅིང་གཡོན་པ་ན། །རྡོ་རྗེ་ཁ་ཊྭཱཾ་ག་ཉིད་དང་། །ཐོད་པ་ཡང་ནི་གཡོན་པ་ན། །གཡས་ན་རྡོ་རྗེ་ནག་པོ་ཉིད། །ཧཱུྃ་ནི་འདོན་པར་བྱེད་པའི་བདག །ལྷ་མོ་བརྒྱད་ཀྱིས་བསྐོར་ནས་ནི། །དུར་ཁྲོད་དུ་ནི་མགོན་པོ་རོལ། །དེ་ལྟར་རྣལ་འབྱོར་པས་ནི་བསྒོམ། །རྣལ་འབྱོར་ བདུད་རྩི་སྡོམ་པ་ཀུན། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁྲོ་བོའི་གཟུགས་ནི་འཛིན་གྱུར་པ། །ཕྱག་བཞི་ཡིས་ནི་རྣམ་པར་བརྒྱན། །བདུད་བཞི་རྣམ་པར་དག་པ་ནི། །དགའ་བ་བཞི་ཡི་རང་བཞིན་ནོ། །སྔར་གསུངས་ དཀྱིལ་འཁོར་འཁོར་ལོར་གནས། །ཧཱུྃ་གི་ས་བོན་ལས་བྱུང་བའི། །གཡོན་ན་ཐོད་པ་ལྷ་དང་ནི། །ལྷ་མིན་ཁྲག་གིས་བཀང་བ་དང་། །གཡས་ན་རྡོ་རྗེ་མེ་ལྟ་བུས། །འཇིགས་པ་ཡང་ནི་འཇིགས་པར་མཛད། །གཞན་པ་ཡི་ནི་ཕྱག་དག་གིས། །ལུས་ ལ་ཡང་དག་འཁྱུད་པ་ཉིད། །ཤེས་རབ་རྡོ་རྗེ་ཕག་མོ་ནི། །བཅོམ་ལྡན་འདས་ཀྱི་གཟུགས་བརྙན་བསྒོམ། །དང་པོར་སྟོང་པ་བསྒོམ་བྱ་ཞིང་། །གཉིས་པ་ལ་ནི་ཆ་བྲལ་ཉིད། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཧཱུྃ་ནི་དེར་ནི་བསྒོམ་པར་བྱ། ། དེ་བཞིན་ཞལ་གསུམ་ཕྱག་དྲུག་པར། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །དང་པོའི་ཞལ་ནི་དཀར་མིན་ཞིང་། །གཡས་པ་དཀར་ཞིང་ཞི་བ་ཉིད། །གཡོན་པ་དམར་པོ་ལྟ་བུ་སྟེ། །སྤྱན་གསུམ་བཟང་པོའི་གཟུགས་ཅན་ཉིད། ། རྒྱན་རྣམས་ཀུན་གྱིས་ཡང་དག་གང་། །ཐོད་པའི་གདན་ལ་ཡང་དག་གནས། །བཤང་གཅི་ཁུ་བ་ཁྲག་རྣམས་ཀྱི། །ཐོད་པ་ཕྱག་གིས་བཟུང་བ་དང་། །གཞུ་དང་མདའ་ནི་འཛིན་པ་ཉིད། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །དང་པོ་རྡོ་རྗེ་འབར་བ་ཉིད། །གསུམ་པར་དེ་ བཞིན་རྩེ་གསུམ་པ། །དཔལ་ལྡན་ཤེས་རབ་འཁྱུད་པ་དང་། །རལ་པའི་ཅོད་པན་བརྒྱན་པ་སྟེ། །སྤྲིན་གྱི་འོད་འབར་དུ་མ་ནི། །སངས་རྒྱས་དམ་ཚིག་སྤྲོ་བར་བྱ། །བྷ་གའི་དབུས་སུ་སྒྲུབ་པ་པོས། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ལྷ་མོ་ལྷན་ཅིག་ལྡན་པར་ནི། །དེ་ ནས་ཕྱག་རྒྱ་བསྒོམ་པར་བྱ། །ཐོད་པའི་སྟན་ལ་གནས་པར་ནི། །འདབ་མར་ལྷ་མོ་བྲི་བར་བྱ། །སྣ་ཚོགས་གཟུགས་མ་ཡིད་འོང་མ། །ཞལ་གཅིག་མ་ལ་ཕྱག་བཞི་མ། །དང་པོར་རིག་མ་བྲི་བར་བྱ། །གཞུ་དང་མདའ་ནི་འཛིན་མ་མཛེས། །ཐོད་པ་ཁུ་བས་གང་བ་དང་། ། ལྕགས་ཀྱུ་ལག་པས་འཛིན་པ་མོའོ། །གཉིས་པ་རྩེ་གསུམ་ལག་པ་དང་། །ཁྲག་གིས་གང་བའི་ཐོད་པ་དང་། །རྡོ་རྗེ་དེ་བཞིན་ཞགས་པ་ཉིད། །གསུམ་པ་ལག་པར་རལ་གྲི་དང་། །ཐོད་པ་ཆུ་ཡིས་གང་བ་དང་། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །བཞི་པ་ཁ་ཊྭཱཾ་ག་ལག་ མ། །གཡོན་པའི་ལག་པས་ཐོད་པ་ཉིད། །མུ་སུཎྜཱི་དང་བ་དན་གསུམ། །ལྔ་པ་ཞགས་པའི་ལག་པ་དང་། །ཐོད་པ་ལག་པས་བཟུང་བ་དང་། །དེ་བཞིན་ཨུཏྤལ་ཅང་ཏེའུ་ཉིད། །དྲུག་པའི་ལག་པས་པདྨ་དང་། །ཐོད་པ་ཚིལ་གྱིས་གང་བ་དང་། །དེ་བཞིན་མེ་ ལོང་དགྲ་སྟ་ཉིད། །བདུན་པ་འཕང་མདུང་ལག་པ་དང་། །དུང་དང་འཁོར་ལོའི་མཚོན་ཆ་འཛིན། །ཐོད་པ་ཁྲག་གིས་གང་བར་ནི། །ཁྲུ་གང་ཙམ་དུ་ཡང་དག་བྲི། །བརྒྱད་པ་བུམ་པའི་ལག་པ་དང་། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །ཐོད་པ་སྐྱེས་པའི་པགས་པ་ཡིས། ། བཀབ་པ་རྫས་ཀྱིས་གང་བ་ནི། །ཟེ་འབྲུར་བདེ་བ་ཆེན་པོ་དང་། །འདབ་མར་ལྷ་མོ་བྲི་བར་བྱ། །རོལ་མོ་རྣམ་པ་སྣ་ཚོགས་རྣམས། །གསང་བའི་དཀྱིལ་འཁོར་བྲི་བར་བྱ། །ལྷ་མོ་རྡོ་རྗེ་ལྕགས་ཀྱུ་དང་། །རྡོ་རྗེ་ཞགས་པ་ལྕགས་སྒྲོག་དང་། །དེ་བཞིན་རྡོ་རྗེ་དྲིལ་བུ་ ཉིད། །སྒོ་ཡི་སྐྱོང་བ་ཡང་དག་ཁྲི། །བྷ་གའི་དབུས་སུ་བསྒོམ་བྱ་ཞིང་། །ཕྱིས་ནི་བཟླས་པ་ཡང་དག་བརྩམས། །ཧཱུྃ་ནི་རྡོ་རྗེ་སེམས་དཔའ་ཡི། །ཨོཾ་ནི་དབྱངས་ཀྱི་དབྱེ་བ་ཉིད། །ཨཱ་ནི་ངག་དང་ཡང་དག་ལྡན། །ཤེལ་ནི་དག་པ་ལྟ་བུ་ཉིད། །ཧྲཱིཿནི་དེ་ལ་ ཡང་དག་སྦྱར། །དེ་བཞིན་དུ་ཡང་སྭཱ་ཧཱ་ཉིད། །སྔགས་ཀྱིས་བཟླས་པར་ཡང་དག་གསུངས། །བསམ་གཏན་ཡི་གེ་གཅིག་པོ་ཉིད། །ལྷ་མོ་རྣམས་ཀྱི་ཧྲཱིཿཉིད་ནི། །འདབ་མ་རྣམས་ལ་དེ་ནས་དགོད། །མཆོད་པ་བཞི་ཡི་རང་བཞིན་གྱིས། །ས་བོན་བཞི་ དང་ཡང་དག་ལྡན། །སྒོ་ཡི་སྐྱོང་བ་ཐམས་ཅད་དུ། །དང་པོ་དབྱངས་ཡིག་ལ་སོགས་ལྡན། །བྷ་ག་ཉིད་དུ་སྒྲུབ་པ་པོས། །དེ་ནས་རྡོ་རྗེ་གཞུག་པར་བྱ། །ཧྲཱིཿཡི་རྣམ་པ་ཉིད་དང་ཡང་། །དེ་ལ་ཧཱུྃ་ནི་བརྗོད་པར་བྱ། །ཟླ་མཚན་དུས་སུ་ཁྲག་བཅས་པའི། ། ཁུ་བ་ཁ་ཡིས་བཟའ་བར་བྱ། །བདག་ཉིད་དང་ནི་བྷ་ག་ལ། །མེ་ཏོག་དྲི་ཡིས་མཆོད་པར་བྱ། །གལ་ཏེ་སྒྲུབ་པོ་གྲུབ་འདོད་ན། །དེ་ཉིད་ལ་ནི་བཟླས་པར་བྱ། །རྡོ་རྗེ་དྲག་མོ་དེ་བཞིན་གཅིག །དེ་བཞིན་རྡོ་རྗེ་གཟུགས་བརྙན་གཉིས། །གསུམ་པ་རྡོ་རྗེ་འདོད་ཆགས་ མ། །བཞི་པ་རྡོ་རྗེ་ཞི་བ་མ། །ལྔ་པ་རྡོ་རྗེ་གནོད་སྦྱིན་མ། །དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །བདུན་པ་སྒྲ་ཡི་རྡོ་རྗེ་མ། །དེ་བཞིན་བརྒྱད་པ་རྡོ་རྗེ་ས། །གཉིས་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།འཁོར་ལོ་སྒྲུབ་པའི་ཁྱད་པར་གྱི། །རིམ་པ་ཇི་བཞིན་རྡོ་རྗེ་ཉོན། ། ཞི་དང་རྒྱས་དང་དབང་དང་ནི། །སྲུང་དང་དེ་བཞིན་མངོན་སྤྱོད་ཉིད། །རེའུ་མིག་དགུ་སོགས་འཁོར་ལོ་ཡི། །ཕྱི་རོལ་མུ་ཁྱུད་ཉིད་དུ་བྱ། །འཁོར་ལོ་ལས་ཀྱི་ཁ་དོག་སོགས། །མཁས་པས་རྣམ་པར་བསྒོམ་པར་བྱ། །ཨོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །འདི་ཡིས་ས་བོན་ ཐམས་ཅད་ཀྱིས། །ཕྱག་འཚལ་སྲེག་བླུགས་ཐ་མ་ནི། །དབུས་སུ་མིང་ནི་སྦྱར་བར་བྱ། །སྲུང་བའི་ཚིག་ཀྱང་རྣམ་པར་བྱ། །མཉམ་ཉིད་ཡེ་ཤེས་སྟོང་པས་ནི། །བདག་ཉིད་ཀྱི་ནི་གཟུགས་སུ་བྱ། །མཉམ་ཉིད་ཀུན་རིག་གནས་སུ་ནི། ། སྲུང་བའི་འཁོར་ལོ་སྦྱར་བྱ་བ། །སྲུང་བ་ཡེ་ཤེས་ཅན་གྱིས་བསྒོམ། །འཇིགས་པ་ཐམས་ཅད་རིང་དུ་བྱེད། །སེམས་ཅན་དངོས་པོ་མེད་ན་ནི། །རྣལ་འབྱོར་དངོས་པོ་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །པདྨའི་གདན་ནི་བསམ་པར་ བྱ། །དངོས་གྲུབ་ཐམས་ཅད་རབ་སྟེར་མར། །བདག་གི་ལུས་ནི་བསྒོམ་པར་བྱ། །ཨོྃ་ཏཱ་རེ་སྭཱ་ཧཱ། །མགོ་བོ་ལའོ། །ཨོྃ་ཏཱ་རེ་སྭཱ་ཧཱ། མིག་དག་ལའོ། །ཨོྃ་ཏཱ་རེ་སྭཱ་ཧཱ། སྣ་དག་ལའོ། །ཨོྃ་ཏུ་སྭཱ་ཧཱ། རྣ་བ་དག་ལའོ། །ཨོྃ་རེ་སྭཱ་ཧཱ། ལྕེ་ལའོ། །ཨོྃ་ཏཱ་རི་ནི་སྭཱ་ཧཱ། སྙིང་གར་རོ། ། ཡན་ལག་དྲུག་ནི་རྣམ་པར་གཟུང་། །འཕགས་མ་སྒྲོལ་མ་བསམ་པར་བྱ། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཀུན་ལ་སྐྱབས་སྦྱིན་ལག་པ་དང་། །གཡོན་པ་ཨུཏྤལ་ལྟ་བུ་མཆོག །སྔགས་ཀྱི་རྒྱལ་པོས་བསྐུལ་ བ་ཡིས། །ལྷ་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། །ལས་ཐམས་ཅད་པའི་སྔགས་སོ། །དགྲ་དང་རྒྱལ་པོས་བཅིངས་པ་དང་། །འགྲོ་བའི་ཤིན་ཏུ་འཇིགས་པའི་དུག །ཡན་ལག་རིམས་ནི་སྣ་ཚོགས་དང་། །དུག་སོགས་དུས་མིན་འཆི་ བ་ཡི། །འཇིགས་པའི་གནས་ནི་གང་གང་ལ། །དེ་དང་དེ་ལ་རབ་སྦྱར་བྱ། །ཤེས་རབ་ཆུབ་པ་བློ་ལྡན་པར། །སྲུང་བ་བྲིས་ནས་གཟུང་བར་བྱ། །སྲུང་བ་བཟང་པོ་འདི་ཉིད་ནི། །འཇིགས་པ་ཐམས་ཅད་དུ་ནི་སྤངས། །སྲུང་བ་འདི་ནི་ཐམས་ཅད་ལས། ། རྣལ་འབྱོར་དེ་ཉིད་གོང་ན་མེད། །འབར་བའི་འོད་ཟེར་ལྟ་བུ་ཡི། །ཉི་མའི་དཀྱིལ་འཁོར་བསམས་ནས་ནི། །དེ་ཡི་དབུས་སུ་ཧྲཱིཿཉིད་ནི། །ཁ་དོག་དམར་པོ་ལྟ་བུའི་འོད། །དེ་ནས་བདག་ཉིད་བསྒོམ་པར་བྱ། །ཞལ་གཅིག་མ་ལ་ཕྱག་བཞི་མ། །མདའ་དང་ གཞུ་ཡི་ལག་པ་མ། །ཨུཏྤ་ལ་དང་ལྕགས་ཀྱུ་འཛིན། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཉིད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། ། འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །འཁོར་ལོ་འདབ་མ་བརྒྱད་པ་འདི། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །མཉམ་ཉིད་གཟུགས་སུ་བསམས་ནས་ནི། །ཁམས་ གསུམ་གྱི་ནི་རང་བཞིན་གྱིས། །སྔར་གསུངས་མཚན་ཉིད་ཡང་དག་ལྡན། །གོང་དུ་གསུངས་པས་བསྒྲུབ་པར་བྱ། །ཤེས་རབ་འབར་བའི་ལས་རྣམས་ནི། །འདི་ཡི་འཁོར་ལོ་བསྒོམ་པར་བྱ། །ཨོྃ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། །དངོས་པོའི་ངོ་བོས་བསྒོམ་ པར་བྱ། །འོད་ཟེར་འབར་བ་དུ་མ་ཡི། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཤེས་རབ་བདག་ཉིད་རྣམ་པར་སྤྲུལ། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཁ་དོག་དཀར་པོ་འོད་གསལ་མ། །ཤེས་ རབ་བདག་ཉིད་གཟུང་བར་བྱ། །འདི་ཡི་ས་བོན་བཟླས་ནས་ནི། །ཤེས་རབ་འདབ་མ་ལྟ་བུར་འཕེལ། །གུ་བའམ་བློ་ནི་དམན་པ་ཡི། །ཤེས་རབ་འཕེལ་བའི་རྣལ་འབྱོར་རོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་དེ་ལ་དགོད་པར་བྱ། །ཐོད་པའི་ གདན་གྱི་དབུས་གནས་པར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཞི་བའི་འཁོར་ལོ་དྲིལ་བུ་འཛིན། །ཐོད་པ་དང་ནི་ཞགས་པ་ཉིད། །དེ་བཞིན་འབར་བའི་ཕྲེང་འཁྲུགས་པར། །ཀུན་ཏུ་རྣམ་པར་སྤྲོ་བར་བྱ། །འདིར་ནི་རྣལ་འབྱོར་རིམ་པས་ནི། །རིན་ཆེན་འབྱུང་གནས་ བསྒོམ་པར་བྱ། །བཙོ་མ་གསེར་གྱི་མདོག་ལྟ་བུ། །སྐུ་མདོག་སེར་པོ་གཟི་བརྗིད་ཆེ། །ཐོད་པའི་གདན་གྱི་དབུས་བཞུགས་པ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །དཔའ་བོ་རིན་ཆེན་ལྕགས་ཀྱུ་འཛིན། །ཐོད་པ་དེ་བཞིན་ཞགས་པ་ཉིད། །འདིར་ནི་རྣལ་འབྱོར་རིམ་ པས་ནི། །པདྨ་རྡོ་རྗེ་འཆང་བ་བསྒོམ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །པདྨ་རཱ་ག་ལྟ་བུའི་འོད། །དཔའ་བོ་མདའ་དང་གཞུ་འཛིན་ཅིང་། །ཐོད་པའི་གདན་ལ་ཡང་དག་བཞུགས། །པདྨ་ཞགས་པ་འཛིན་པ་ཉིད། །རྒྱན་རྣམས་ ཀུན་གྱིས་རྣམ་པར་བརྒྱན། །འདིས་ནི་རིམ་པའི་རྣལ་འབྱོར་གྱིས། །དོན་ཡོད་ཕྱག་ན་རལ་གྲི་འཛིན། །ཐོད་པའི་གདན་གྱི་དབུས་བཞུགས་པར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཐོད་པ་རྡོ་རྗེ་དྲིལ་བུ་དང་། །ལྕགས་ཀྱུ་དག་ནི་གཡས་པས་འཕྱར། །བཻ་ཌཱུརྱ་ལྟར་ ལྗང་གུ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནམ་མཁའི་ཁམས་ཀྱི་དབུས་སོན་པ། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །དེ་ཡི་ནང་སོན་ས་བོན་ནི། །བྲུྃ་ལས་སྤྱན་གྱི་དབྱིབས་སུ་ནི། །ཐོད་པའི་གདན་གྱི་དབུས་གནས་པར། །ཕྱག་ནི་བརྒྱད་ཀྱིས་རྣམ་ པར་བརྒྱན། །འཁོར་ལོའི་ལག་པ་མདའ་དང་གཞུ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །ཞགས་པ་རལ་གྲི་ཐོད་པ་ཉིད། །སྤྱན་གསུམ་པ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་ཡང་དག་གང་། །དོ་ཤལ་དང་ནི་རྐང་གདུབ་བརྒྱན། །ཁ་དོག་དཀར་མོ་ཤིན་ཏུ་མཛེས། ། དེ་བཞིན་ཐོད་པའི་དབུ་རྒྱན་ཉིད། །ནམ་མཁའི་ཁམས་ཀྱི་དབུས་སོན་པ། །ཟླ་བའི་དཀྱིལ་འཁོར་ཡོངས་གང་བ། །དེ་ཡི་ནང་སོན་བསམ་པར་བྱ། །ཧཱུྃ་ལས་མཱ་མ་ཀཱི་ཡི་དབྱིབས། །ཐོད་པའི་གདན་གྱི་དབུས་གནས་པར། །ཁ་དོག་སྔོན་མོ་འབར་ཆེན་མོ། །སྤྱན་གསུམ་ མ་ལ་ཞལ་གཅིག་མ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །མདའ་དང་གཞུ་ནི་འཛིན་པ་ཉིད། །ལྕགས་ཀྱུ་དང་ནི་རལ་གྲི་ཉིད། །ཞགས་པ་རྡོ་རྗེ་དེ་བཞིན་དུ། །དྲིལ་བུ་དང་ནི་ཐོད་པའོ། །འཁོར་ལོ་རིན་ཆེན་པདྨ་དང་། །ཁ་ཊྭཱཾ་ག་དང་བཅུ་གཉིས་ནི། །གསང་བའི་ དཀྱིལ་འཁོར་བྲི་བར་བྱ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །བྷ་གའི་དབུས་སུ་ཡོངས་གང་བའི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེར་ནི་ཧྲཱིཿནི་བསམ་བྱ་ཞིང་། །གོས་དཀར་ཞེས་བྱ་རྣམ་པར་བསྒོམ། །ཐོད་པའི་གདན་གྱི་དབུས་གནས་པར། །ཁ་དོག་ དམར་མོ་འབར་ཆེན་མོ། །རྒྱན་རྣམས་ཀུན་གྱིས་ཡོངས་གང་བ། །ཕྱག་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །གཞུ་དང་མདའ་ནི་འཛིན་པ་དང་། །པདྨའི་ལག་པར་རལ་གྲི་དང་། །ཐོད་པ་རྡོ་རྗེ་དྲིལ་བུ་དང་། །ཞགས་པ་དེ་བཞིན་རིན་ཆེན་ཉིད། །དོ་ཤལ་དང་ནི་རྐང་གདུབ་ སྒྲ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྣལ་འབྱོར་པས་ནི་འདི་བསྒོམས་ན། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །ནམ་མཁའི་དབུས་སུ་ཡོངས་གང་བའི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་ནང་སོང་ཏཱྃ་ཉིད་ནི། །སྒྲོལ་མའི་དབྱིབས་སུ་ བསམ་པར་བྱ། །ཐོད་པའི་གདན་གྱི་དབུས་གནས་པར། །ཕྱག་ནི་བརྒྱད་ཀྱིས་རྣམ་པར་བརྒྱན། །རལ་གྲི་ཕྱག་ན་ཆགས་བཅས་མ། །ཨུཏྤལ་དེ་བཞིན་ལྕགས་ཀྱུ་དང་། །ཐོད་པ་ཁྲག་གིས་གང་བ་དང་། །ཞགས་པ་དེ་བཞིན་འཁོར་ལོ་དང་། །གཞུ་དང་མདའ་ ནི་འཛིན་པ་ཉིད། །ཞལ་གཅིག་མ་ནི་ཡང་དག་བྲི། །ཁ་དོག་ལྗང་གུ་སྤྱན་གསུམ་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་ལྟར་རྣལ་འབྱོར་པས་བསྒོམས་པས། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་གསང་བ་དཔལ་ ཡང་དག་པར་སྦྱོར་བ་ལས་བྱུང་བ་ལས་བརྟག་པའི་རྒྱལ་པོ་གཉིས་པའོ།། །།ཧེ་རུ་ཀ་དང་བདག་མེད་མའི། །སྐྱེད་པའི་སྒྲུབ་དང་དེ་ཉིད་ཉོན། །གང་གིས་གདུག་པ་དྲག་པོ་ཡིས། །སེམས་ཅན་འདུལ་བར་འགྱུར་བ་ཡི། །མཁའ་འགྲོ་མཁའ་འགྲོ་མས་མཛད་པའི། ། དེ་དག་ཐམས་ཅད་ཁྱོད་ལ་བཤད། །རྡོ་རྗེ་སེམས་དཔར་གྱུར་ནས་ཀྱང་། །རྡོ་རྗེ་ཅན་ཉིད་རྡོ་རྗེར་དབབ། །འབར་བའི་ཕྲེང་འཁྲུགས་དྲག་པོ་ནི། །ཀུན་ཏུ་རྣམ་པར་སྤྲོ་བར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ས་བོན་ཕྲེང་བ་དེ་ནས་དགོད། །དེ་ནས་རྡོ་རྗེ་ཆགས་ ཆེན་ལས། །རིག་མར་བཅས་པ་ཁུ་བར་གྱུར། །སྣ་ཚོགས་གླུ་ཡི་མཆོད་པ་ལས། །དེ་ནས་རིག་མས་བསྐུལ་བར་བྱ། །རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་ མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། ། ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཡིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཨཾ་དང་ཧཱཾ་ལས་རྡོ་རྗེ་ཆེ། ། ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞབས་རྣམས་ས་ལ་རྡེགས་པ་དང་། །ལྷ་དང་ལྷ་མིན་སྡིགས་པར་མཛད། །གྃ་ཅྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། །འདི་ཡིས་ས་བོན་དབྱུང་བར་བྱ། །བདག་པོ་དགའ་མའི་ས་བོན་ལ། །ཨོྃ་ཧཱུྃ་སྔོན་པོ་འབར་གཙིགས་པས། །མ་མོའི་ འཁོར་ལོ་གྲོང་ཉམས་དགར། །གཙོ་བོ་འདི་ལྟར་བསྒོམ་པར་བྱ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་ཉིད། །འཇིགས་པ་ཡང་ནི་འཇིགས་པ་པོ། །སྒེག་ཅིང་དཔའ་བོ་མི་སྡུག་པ། ། རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །མགོ་ཡི་ཕྲེང་བས་དོ་ཤལ་མཛད། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཁ་དོག་ནག་པོ་འཇིགས་པ་པོ། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཉིད་ཀྱི་ཞལ་ ནས་ཧཱུྃ་སྤྲོ་ཞིང་། །ཐལ་བས་སྐུ་ལ་བྱུགས་པ་ཉིད། །བདག་མེད་ལྷན་ཅིག་མཉམ་སྦྱོར་ཞིང་། །དགའ་བ་གཉིས་གཉིས་སྙོམས་འཇུག་པས། །དབའ་རླབས་མེད་པའི་རང་བཞིན་ཅན། །རྩ་བའི་ཞལ་ནི་བཞད་ཅིང་ནག །གཡས་པའི་ཞལ་ནི་ཀུན་ད་མཚུངས། །གཡོན་ པ་དམར་ཞིང་ཆེར་འཇིགས་པ། །སྟེང་མའི་ཞལ་ནི་རྣམ་པར་གཙིགས། །སྤྱན་ནི་ཉི་ཤུ་རྩ་བཞི་ཆེ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །རྡོ་རྗེ་རལ་གྲི་འཛིན་པ་དང་། །མདའ་དང་དེ་བཞིན་འཁོར་ལོ་ཉིད། །དེ་བཞིན་གཤོར་དང་དབྱིག་པ་དང་། །རྩེ་གསུམ་པ་དང་ ལྕགས་ཀྱུ་ཉིད། །གཡོན་པར་དྲིལ་བུ་པདྨར་བཅས། །གཞུ་དང་ཁ་ཊྭཱཾ་ག་འཕྱར་ཞིང་། །ཐོད་པ་དང་ནི་རིན་ཆེན་ཉིད། །སྡིགས་མཛུབ་ཞགས་པ་དེ་བཞིན་ནོ། །སངས་རྒྱས་སྤྲིན་གྱི་འོད་ཟེར་ལྡན། །ཀུན་ཏུ་རྣམ་པར་སྤྲོ་བར་བྱ། །དེ་ལྟར་ཆོ་ག་སྣ་ཚོགས་ཀྱིས། །དཀར་ མོ་ལ་སོགས་དེ་ནས་དགོད། །དཀར་མོ་ཁ་དོག་དཀར་མོ་སྟེ། །གཞུ་དང་མདའ་ནི་འགེངས་པ་མཆོག །ཐོད་པ་ཁྲག་གིས་བཀང་བ་དང་། །དེ་བཞིན་རྡོ་རྗེ་གྲི་གུག་ཉིད། །ཆོམ་རྐུན་མ་ནི་ཁ་དོག་དམར། །འཁོར་ལོ་ལྕགས་ཀྱུ་འཛིན་མར་བརྗོད། །ཐོད་པ་དང་ནི་ ཅང་ཏེའུ་ཉིད། །གསལ་བའི་གཟུགས་ཅན་དགོད་པར་བྱ། །རྨོངས་བྱེད་མ་ནི་སྐུ་མདོག་ནག །དེ་བཞིན་ཐོད་པ་དང་ནི་གཤོར། །ས་ལ་ཟློག་པ་ཉིད་དང་ནི། །གཡས་པ་རྩེ་གསུམ་འཕྱར་བའོ། །རོ་ལངས་མ་ནི་དཀར་སེར་མཚུངས། །ཕྱག་དག་ན་ནི་ཆང་དང་ཆུ། ། རལ་གྲི་དང་ནི་ཐོད་པ་ཉིད། །མཛེས་མའི་གཟུགས་ཅན་བསྒོམ་པར་བྱ། །པུཀྐ་སཱི་ནི་ཁ་དོག་སེར། །དཔག་བསམ་ཤིང་གི་ལྕུག་མ་དང་། །ཤ་ཡིས་གང་བའི་ཐོད་པ་དང་། །རིན་ཆེན་དང་ནི་མཆོག་སྦྱིན་ཉིད། །གདོལ་པ་མོ་ནི་སྔོ་མདོག་མཚུངས། །དེ་བཞིན་རླུང་ གི་གོས་འཛིན་མ། །གཞན་བདག་གིས་ཐོད་པ་དང་། །དེ་བཞིན་པདྨ་དཀར་པོ་ཉིད། །གཡུང་མོ་སྔོ་དང་དཀར་བའི་མདོག །རྡོ་རྗེ་དང་ནི་ལྕགས་ཀྱུ་འཛིན། །གཡོན་པས་ཐོད་པ་འཛིན་པ་སྟེ། །གཞན་པས་རླུང་གི་གོས་འཛིན་མ། །གྷསྨ་རཱི་ནི་ལྗང་སེར་མཚུངས། ། རྡོ་རྗེ་མེ་ཐབ་དགྲ་སྟའི་ལག །ཐོད་པ་ཚིལ་བུས་ཡོངས་གང་བ། །གཡས་པ་མི་འཇིགས་སྦྱིན་བྱེད་མ། །རི་ཁྲོད་མ་ནི་དཀར་མདོག་མཚུངས། །ཁ་ཊྭཱཾ་ག་དང་ཐོད་པའི་ལག །རྡོ་རྗེ་དེ་བཞིན་ཞགས་པ་ཉིད། །སྣ་ཚོགས་གཟུགས་ཅན་བསྒོམ་པར་བྱ། །རོ་ཧི་ཏ་ དང་ཕག་ཉིད་དང་། །རུས་སྦལ་དེ་བཞིན་ལྟོ་འཕྱེ་ཉིད། །སེང་གེ་དེ་བཞིན་སྟག་ཉིད་དང་། །ཝ་དང་དགེ་སློང་ཉིད་རྣམས་ནི། །དེ་ལྟར་དཀར་མོ་ལ་སོགས་པའི། །ཐོད་པ་བརྒྱད་དུ་ཆོ་ག་བཞིན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །སྒེག་པ་ལ་ སོགས་རོ་དང་ལྡན། །རྟ་ཡི་གཟུགས་དང་ཕག་གི་གདོང་། །ཁྱི་གདོང་དེ་བཞིན་སེང་གེ་མ། །ཞལ་བཞི་མ་ལ་ཕྱག་བཞི་མ། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གླིང་བུ་དང་ནི་པི་ཝང་དང་། །མུ་ཀུནྡ་དང་རྫ་རྔ་སྟེ། ། ཕྱག་གཉིས་མ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནག་མོ་དཀར་སེར་ལྟ་བུ་དང་། །དེ་བཞིན་སྟེང་དུ་རྟ་གདོང་ལྗང་། །སེར་མོ་ནག་མོ་དཀར་མཚུངས་དང་། །དེ་བཞིན་སྟེང་དུ་ཕག་གདོང་དམར། །དམར་ཞིང་ནག་དང་ དཀར་མཚུངས་ཤིང་། །དེ་བཞིན་སྟེང་དུ་ཁྱི་གདོང་སར། །ལྗང་དང་ནག་དང་དཀར་བའི་གདོང་། །སྟེང་དུ་འབར་བའི་སེང་གེ་གདོང་། །ཐམས་ཅད་སྐྲ་ནི་སྟེང་དུ་འབར། །གཡོན་བརྐྱང་བ་ཡིས་རོ་མནན་ཅིང་། །སྤྱན་གསུམ་ཁྲོ་ཞིང་སྒེག་པ་དང་། ། རྒོད་པའི་བཞིན་ནི་བསྒོམ་པར་བྱ། །ཧེ་རུ་ཀ་བསྐྱེད་པ་གསུམ་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་ནི། །རྡོ་རྗེ་གཙོ་བོ་རྒྱལ་པོ་ཉོན། །གཉིས་མེད་ཡེ་ཤེས་ཆོས་ལྡན་པའི། །གཉིས་ཀྱི་དངོས་པོ་ སྤངས་པ་ཡིས། །རྣལ་འབྱོར་ཀུན་སོགས་དང་པོར་ནི། །དག་པ་གསུམ་ནི་གདོན་པར་བྱ། །སྭ་བྷ་བ་ཤུད་དྷཱཿ། སརྦ་དྷརྨཱ་སྭ་བྷ་བ་ཤུད་དྷོ྅་ཧཾ། །བཛྲ་ཤུད་དྷཱཿ། །སརྦ་དྷརྨཱ་བཛྲ་ཤུད་དྷོ྅ཧཾ། །ཡོ་ག་ཤུད་དྷཱཿ། སརྦ་དྷརྨཱ་ཡོ་ག་ཤུད་དྷོ྅ཧཾ། །དེ་ལྟར་བྱས་ ནས་རྣལ་འབྱོར་པས། །ཡང་ནི་བསམ་གཏན་དེ་ཉིད་བྱ། །ཡིད་དང་རྗེས་མཐུན་གནས་རྣམས་སུ། །དེ་ནས་བསམ་གཏན་བརྩམ་པར་བྱ། །བླ་རེ་ཡང་ནི་བྲེ་བ་ཉིད། །སྣ་ཚོགས་གོས་ནི་འཕྱང་བ་དང་། །འཕན་དང་རྒྱལ་མཚན་བསྒྲེང་བ་དང་། །ཕྱོགས་ བཅུའི་གནས་ནི་ཐམས་ཅད་དུ། །དྲི་ཞིམ་མེ་ཏོག་སྣ་ཚོགས་དང་། །དེ་བཞིན་དྲི་ཡི་དཀྱིལ་འཁོར་དུ། །སྐད་ཅིག་གཅིག་པའི་རྣལ་འབྱོར་གྱིས། །བདག་གི་ལུས་ནི་བསམ་པར་བྱ། །བློ་གྲོས་ལྡན་པས་སྔར་མཆོད་ནས། །ཡེ་ཤེས་མཁའ་འགྲོ་ མ་ནི་གཟུང་། །དེ་ལྟར་ཆོ་ག་སྣ་ཚོགས་ནི། །ངེས་པར་བསྒོམ་པ་ཉིད་དུ་བྱ། །ཡེ་ཤེས་རྒྱ་མཚོ་རི་བོའི་མགོར། །ཕྱོགས་སོགས་ཁ་དོག་བཞི་ནི་བསམ། །དེ་བཞིན་གསེར་གྱི་རྒྱན་བྱུང་དང་། །རིན་ཆེན་བདུན་གྱིས་རྣམ་པར་སྤྲས། །གཡེར་ ཀ་འབར་བའི་ཕྲེང་བ་ནི། །འདོད་པས་ཀུན་ཏུ་རྒྱས་པར་ནི། །གནས་ནི་ལྔ་རུ་སེང་གེ་ཡི། །གདན་ནི་བསྒོམ་པ་ཉིད་དུ་བྱ། །ཉི་མའི་དཀྱིལ་འཁོར་བསམས་ནས་ནི། །གདུགས་ནི་དཀར་པོས་རྣམ་པར་སྤྲས། །བདག་གིས་དབུགས་ཀྱིས་ཕྱུང་ ནས་ནི། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །ཞལ་གསུམ་པ་ལ་ཕྱག་དྲུག་ཉིད། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས། །མ་བཅིངས་སྐྲ་ཡིས་མཛེས་པ་དང་། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཁ་དོག་སྔོན་མོ་འཇིགས་ཆེན་མོ། །སྦྲུལ་ གྱི་རྒྱན་གྱིས་རྣམ་པར་བརྒྱན། །རྒོད་དང་ཁྲོ་བ་སྒེག་པ་དང་། །སྤྱན་གསུམ་གསལ་བའི་གཟུགས་ཅན་མ། །སྒྲ་ཆེར་རྒོད་དང་གཙིགས་པ་མོ། །གོས་ནི་དམར་པོས་ཤིན་ཏུ་མཛེས། །སྟེང་དུ་ཁ་ཊྭཱཾ་ག་ཉིད་དང་། །གཉིས་པ་ལ་ནི་དགྲ་སྟ་ཉིད། །གསུམ་ པ་ལ་ནི་རྡོ་རྗེ་ཉིད། །གཡོན་ན་དེ་བཞིན་དྲིལ་བུའི་སྒྲ། །གཉིས་པ་ལ་ནི་ལྷུང་བཟེད་ཉིད། །གསུམ་པར་དེ་བཞིན་རལ་གྲི་འཛིན། །འོད་ཟེར་འབར་བ་དུ་མ་དང་། །དབུས་སུ་མཁས་པས་བསྒོམ་པར་བྱ། །ཡེ་ཤེས་མཁའ་འགྲོའི་མདུན་དུ་ནི། །བདག་ གིས་དབུགས་ཀྱིས་ཕྱུང་ནས་ནི། །ཁ་དོག་དཀར་མོ་ཤིན་ཏུ་མཛེས། །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང་། །སྒེག་པའི་རོ་དང་ལྡན་པ་དང་། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །ཕྱག་གཉིས་ཀྱིས་ནི་རྣམ་པར་སྤྲས། ། རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱཾ་ག། །རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ། །ཡེ་ཤེས་བྱང་གི་ཆ་ལ་ནི། །བདག་གིས་དབུགས་ལས་ཕྱུང་ནས་ནི། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །བཙོ་མ་གསེར་གྱི་མདོག་ལྟ་བུ། །རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱཾ་ ག། །མ་བཅིངས་སྐྲ་ཡིས་རྣམ་པར་བརྒྱན། །ཡན་ལག་སྦྲུལ་གྱིས་བརྒྱན་དང་ནི། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །འཇིགས་པའི་མཁའ་འགྲོ་ཞེས་བྱ་བསྒོམ། །ཡེ་ཤེས་ནུབ་ཀྱི་ཆ་ལ་ནི། །ཡང་ནི་རོ་ལངས་མ་ཕྱུང་ནས། ། ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །ཁ་དོག་སྔོན་མོ་ཤིན་ཏུ་མཛེས། །རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱཾ་ག །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །ལུས་ལ་སྦྲུལ་གྱིས་བརྒྱན་པ་དང་། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །ཡེ་ཤེས་ལྷོ་ཡི་ཆ་ལ་ནི། །གདོལ་པ་མོ་ ནི་དམར་མོ་ལྟར། །རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱཾ་ག །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཡོངས་གང་གཟུགས་དང་གཟི་བརྗིད་ལྡན། །འདི་ནི་རྣལ་འབྱོར་པ་ཡིས་བསྒོམ། །དབང་ ལྡན་ལྷ་མོ་སེང་གེ་མ། །གདོང་ནི་སེང་གེར་བསམ་པར་བྱ། །དཀར་དང་སེར་བ་ལྟ་བུར་ནི། །ཀླུ་དབང་སྟན་ལ་གཡས་བརྐྱང་གནས། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ཞགས། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །འོད་ཟེར་འབར་བ་དུ་མས་ནི། །ལུས་ནི་ འབར་བར་བསྒོམ་པར་བྱ། །མེར་ནི་སྟག་མོ་ཞེས་བྱ་བ། །རིན་ཆེན་བདུན་པོ་མཆོག་གི་གདན། །ཕྱག་གཉིས་སྔོ་དང་དཀར་བ་མཚུངས། །གོས་དང་རྒྱན་གྱིས་བརྒྱན་པ་དང་། །འབར་བའི་རྡོ་རྗེ་ལྕགས་ཀྱུ་དང་། །དེ་བཞིན་སྡིགས་མཛུབ་ཞགས་པ་ཉིད། ། འོད་ཟེར་འབར་བ་དུ་མས་ནི། །ལུས་ནི་འབར་བར་བསྒོམ་པར་བྱ། །བདེན་བྲལ་ལྷ་མོ་ཝ་གདོང་མ། །སྒྲ་ཆེར་རྒོད་དང་འཇིགས་པ་མོ། །མ་ཧེའི་གདན་དང་ཡང་དག་ལྡན། །དམར་ཞིང་ནག་པའི་ཁ་དོག་མ། །ལུས་ལ་ཤིན་ཏུ་མཛེས་གོས་དང་། །ཕྱག་གཉིས་ ཀྱིས་ནི་རྣམ་པར་སྤྲས། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་མ། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པའོ། །རླུང་དུ་ལྷ་མོ་འུག་པ་མ། །སེར་དང་དམར་བའི་ཁ་དོག་མ། །ཀླུ་ཡི་གདན་ལ་གནས་པ་དང་། །དེ་ཉིད་རྒྱན་ནི་རབ་ཏུ་བརྟག །ཕྱག་གཉིས་སེམས་དཔའི་ སྐྱིལ་ཀྲུང་གནས། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་མ། །འོད་ཟེར་འབར་བ་དུ་མ་ཡིས། །ཐམས་ཅད་ཀྱི་ནི་ཐམས་ཅད་འབར། །མཁའ་འགྲོ་མ་བརྒྱད་དབུས་སུ་སྟེ། །ཕྱི་རོལ་དུ་ནི་བཞི་པོ་རྣམས། །དེ་ལྟར་དགོད་པའི་རིམ་བལྟས་ནས། །ཕྱི་ནས་ གནས་ནི་རབ་ཏུ་བརྟག །ཤར་དུ་མཁའ་འགྲོ་རྒྱལ་དབང་མོ། །ཕྱག་གཉིས་དང་ནི་མདོག་དཀར་མོ། །ཡི་དགས་གདན་ལ་གནས་པ་དང་། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང་། །སྐྲ་ནི་གྲོལ་ཞིང་དྲག་མོ་དང་། །མེ་ནི་འབར་བའི་འོད་ལྟ་བུ། །ཁར་ནི་ལག་པ་ བཅུག་ནས་ནི། །སྒྲ་ཆེར་རྒོད་དང་དེ་བཞིན་འབར། །བྱང་དུ་མར་མེ་རྒྱལ་མོ་དབང་། །ཁ་དོག་གསེར་མདོག་དྲག་ཤུལ་མ། །འཇིགས་པའི་གཟུགས་ཅན་གཙིགས་པ་ཅན། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །རབ་ཏུ་སོང་བའི་སྟན་ལ་གནས། །འབར་ བའི་མེ་ནི་ལྟ་བུའི་འོད། །ཐལ་མོ་གཉིས་ཀྱིས་ལག་པ་ནི། །མགོ་བོའི་སྟེང་དུ་མར་མེ་བཞིན། །ནུབ་ཏུ་ལྷ་མོ་འཇིབ་བྱེད་མ། །ཁ་དོག་དམར་མོ་འཇིགས་པ་མོ། །རབ་ཏུ་སོང་བའི་སྟན་ལ་གནས། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །ཁྲག་གི་སྲད་བུ་ ལག་པ་ཡི། །སྙིམ་པར་ཁྲག་ནི་འཐུང་བར་བྱེད། །མེ་ནི་འབར་བའི་འོད་དྲག་མོ། །ལྷ་མོ་གཙོ་མོ་འཇིབ་བྱེད་མ། །ལྷོ་རུ་གཡོ་ལྡན་མ་ཞེས་པ། །ཁ་དོག་ནག་པོའི་འོད་ལྟ་བུ། །རབ་ཏུ་སོང་བའི་སྟན་ལ་གནས། །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། ། གོས་ནི་དམར་པོ་ཤིན་ཏུ་མཛེས། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང་། །སྡིགས་མཛུབ་དང་ནི་གཏུན་ཤིང་ལག །ཐམས་ཅད་སེམས་ནི་རྨོངས་པར་བྱེད། །འབར་བའི་མེ་ཡི་འོད་དྲག་མོ། །ཐམས་ཅད་རིག་པས་ཐམས་ཅད་བསྒོམ། །འདི་རྣམས་ གཟུགས་སོགས་མདུན་དུ་ནི། །དམ་ཚིག་དེ་བཞིན་བསྟན་པར་བྱ། །རླུང་དང་མེ་ཡིས་བདུན་པའི་དོན། །རྡོ་རྗེའི་ས་བོན་གྱིས་ནི་བསྐུལ། །ཐིག་ལེ་སྒྲས་ནི་མནན་པས་ནི། །རྒྱུན་གྱི་ཆར་ནི་ཞེས་བྱར་གསུངས། །གསུམ་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །། དེ་ནས་བདག་མེད་སྒྲུབ་པ་ནི། །ཅི་གསུངས་མདོ་རུ་བསྡུས་ནས་བཤད། །ནམ་མཁའི་ཁམས་ཀྱི་དབུས་སོན་པར། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། ། འཁོར་ལོ་ས་དང་ཆུ་ནི་སྔོན། །གོ་རིམས་བཞིན་དུ་བྱིན་ཟ་དང་། །ལྷ་རྣམས་ཀྱི་ནི་རླུང་ཆེན་དང་། །ཇི་ལྟར་སྒོམ་པ་པོ་འབྱུང་བའི། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི། །འཕར་མ་གཉིས་དག་སྐྱོན་མེད་པ། །ཟེ་འབྲུ་ལས་ནི་གཅིག་ཡིན་ཏེ། །རྡོ་རྗེ་ཅན་ གྱི་སྐུ་གསུམ་མཆོག །བཅྭ་ལྔའི་གདན་དང་ལྡན་པ་ཡིས། །རོ་ནི་ངེས་པར་བསམ་པར་བྱ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཨཱ་ལི་ཟླ་བའི་ གཟུགས་ཀྱིས་གནས། །ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཟླ་བ་ཉི་མ་གཉིས་འདུས་པས། །དཀར་མོ་ལ་སོགས་རབ་ཏུ་གྲགས། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་ སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །གཟུགས་བརྙན་རྫོགས་པར་དག་པའོ། །མཁས་པས་ཆོ་ག་གསུངས་པ་ནི། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། ། ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་རྣམ་པ་འདོད་མི་བྱ། །སེམས་པའི་གཟུགས་བརྙན་ལས་བྱུང་བ། །དཀྱིལ་འཁོར་བདག་པོ་བསྒོམ་པར་བྱ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཐབས་དང་ཤེས་རབ་རང་ བཞིན་ལས། །དེ་ལྟར་ཐམས་ཅད་རྫོགས་པ་ཉིད། །ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །ཟླ་བ་ཉི་མའི་རབ་དབྱེ་བ། །གང་ཕྱིར་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བ་སོ་སོ་ཡིན། །དེ་ཕྱིར་ཀུན་ཏུ་རབ་འབད་པས། །དཀྱིལ་འཁོར་པ་ཡང་རབ་ཏུ་བརྟག ། རྣལ་འབྱོར་མ་ལྔ་འདི་དག་ནི། །ནང་གི་འཕར་མ་ཡང་དག་གནས། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །དབང་པོར་རྡོ་རྗེ་གཤིན་རྗེར་དཀར། །ཆུ་བདག་ཆུ་ཡི་རྣལ་འབྱོར་མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་ སུ་བདག་མེད་རྣལ་འབྱོར་མ། །ཕྱི་རོལ་འཕར་མར་དཀར་མོ་དང་། །ཆོམ་རྐུན་དེ་བཞིན་རོ་ལངས་མ། །གྷ་སྨ་རཱི་དང་པུཀྐ་སཱི། །རི་ཁྲོད་མ་དང་གདོལ་པ་མོ། །བརྒྱད་པ་གཡུང་མོས་གང་བའོ། །འོག་ལྡན་མ་དང་སྟེང་ལྡན་ཉིད། །མཁའ་སྤྱོད་ས་སྤྱོད་ མ་ཞེས་བརྗོད། །སྲིད་དང་ཞི་བའི་རང་བཞིན་གྱིས། །ངོས་སུ་གྱུར་མ་ཡང་དག་གནས། །ལྷ་མོ་ཐམས་ཅད་སྣ་ཚོགས་མདོག །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞལ་གཅིག་མ་ལ་ཕྱག་བཞི་མ། །སྤྱན་གསུམ་གསལ་བའི་གཟུགས་ཅན་མ། །འཁོར་ལོ་ རྣ་ཆ་མགུལ་རྒྱན་དང་། །ལག་པར་གདུ་བུ་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པས། །འདི་ལྔ་ཕྱག་རྒྱ་དག་པར་གསུངས། །ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །གཡོན་པས་རྣལ་འབྱོར་ལྷུང་བཟེད་དང་། །དེ་བཞིན་སྟེང་དུ་ ཁ་ཊྲཱ་ག །གཡས་ན་རྡོ་རྗེ་སྔོན་པོ་དང་། །དེ་བཞིན་དུ་ཡང་གྲི་གུག་ཉིད། །རོ་ལ་ཞོན་ཞིང་གཟི་བརྗིད་འབར། །སྤྱན་དམར་དེ་བཞིན་སྟེང་སྐྱེས་སེར། །ཁ་དོག་སྔོན་མོ་ཆེས་གསལ་མ། །སྟག་གི་པགས་པས་རྣམ་དཀྲིས་ཤིང་། །འཇིགས་པའི་མེ་ནི་ལྟ་བུར་ནི། །གསལ་བའི་གཟུགས་ ཅན་མ་དེ་གནས། །གཡས་ན་དཀར་དང་སྔོ་བ་སྟེ། །གཡོན་ན་མ་རྒད་སྔོ་དང་མཚུངས། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལག་པ་གཅིག་ནི་ཐོད་པས་བྲེལ། །གཡས་ན་གྲི་གུག་འཛིན་པ་མ། །རྒོད་དང་ཁྲོ་དང་སྒེག་པ་ དང་། །དེ་ནི་མཆོད་པའི་གཟུགས་གནས་པས། །སངས་རྒྱས་སྤྲིན་དང་མཉམ་པ་ཡི། །འོད་ཟེར་སྣ་ཚོགས་ཀུན་ཏུ་སྤྲོ། །དེ་ཉིད་གསུམ་གྱི་རང་བཞིན་བདག །མཁས་པས་དབུས་སུ་བསྒོམ་པར་བྱ། །གསུམ་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་པར་བྱ། །རྡོ་རྗེ་དབྱིངས་དང་མཉམ་པའི་དབྱིབས། །རྡོ་རྗེ་དབྱིངས་ཞེས་བྱ་བར་གསུངས། །དཀྱིལ་འཁོར་གནས་ནི་སྦྱངས་ནས་ནི། །ཕྱག་རྒྱ་ཆེན་པོར་ཡོངས་སུ་གཟུང་། ། ཐམས་ཅད་རྣམ་པར་བལྟས་ནས་ནི། །སྔགས་པས་འདི་ནི་བསྒྲུབ་པར་བྱ། །སར་པ་ལེགས་པར་བཀལ་བ་དང་། །ཤིན་ཏུ་ཚད་མ་མཛེས་པས་ནི། །སྲད་བུས་ཐིག་གདབ་ཤེས་རབ་ཅན། །ཇི་ལྟར་ནུས་པར་དཀྱིལ་འཁོར་ཉིད། །གྲུ་བཞི་པ་ལ་སྒོ་བཞི་པ། ། རྟ་བབས་རྣམས་ཀྱིས་ཤིན་ཏུ་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །གོས་དང་མེ་ཏོག་ཕྲེང་བས་བརྒྱན། །མཚམས་ཀྱི་ཆ་རྣམས་ཐམས་ཅད་དང་། །སྒོ་ཡི་ཁྱུད་ཀྱི་གྲྭ་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཕྱི་རོལ་དཀྱིལ་འཁོར་ཐིག་ གདབ་བྱ། །དེ་ཡི་འཁོར་ལོ་སོ་སོའི་སྐབས། །ནང་དུ་ཡང་ནི་ཞུགས་ནས་ནི། །རྡོ་རྗེ་ཐིག་ནི་ཡོངས་བཅུག་ཅིང་། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཀ་བའི་རྩེར་གནས་པ། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །དེ་ནས་དཀྱིལ་འཁོར་ནང་ དུ་ནི། །སངས་རྒྱས་གཟུགས་བརྙན་རྣམ་པར་དགོད། །གསུངས་པའི་དཀྱིལ་འཁོར་ཆོ་ག་ཡང་། །སྒྲུབ་པའང་ཁྱོད་ལ་བཤད་པར་བྱ། །དེ་ལ་དང་པོར་ལྷ་ཉིད་ཀྱི། །ཁྱིམ་དུ་སྔགས་པ་ཞུགས་ནས་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་ནི། །བསམས་ ནས་དེ་སྟེང་རྡོ་རྗེ་ནི། །དཀར་པོ་རྩེ་མོ་ལྔ་པ་ཉིད། །ཆོ་གས་བསམ་པར་བྱས་ནས་ནི། །དེ་བཞིན་གཤེགས་པ་ཀུན་སོགས་ལ། །མཆོད་ནས་ཕྱག་འཚལ་འདི་སྐད་གསོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པ་མཛད་དུ་ གསོལ། །བདག་ནི་ཆེ་གེ་མོ་ཞེས་བགྱི། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་ བགྱི། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །སོ་སོར་བདག་གིས་བརྟན་པར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། ། སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཉིད་ལས་ནི་སོ་སོར་གཟུང་། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་ཀྱི་རྣལ་ འབྱོར་གྱིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་རེ་རེ་དྲུག་བྱས་ནས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་སོ་སོར་གཟུང་། ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཐམས་ཅད་སོ་སོར་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པོ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་ གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་དག་བསྒྲལ་བར་བགྱི། །མ་གྲོལ་བ་དག་སྒྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་གཞག །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ ཐམས་ཅད་ཀྱི་རྩེ་མོ་ལས་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཚིག་འདི་དག་བཀའ་སྩལ་པ། དེ་ནས་བསམ་གཏན་གནས་འདུག་ནས། །ཆོས་རྣམས་ཐམས་ཅད་བདག་མེད་པར། །ཡང་དག་རྗེས་སུ་བལྟ་བར་བྱ། །ཕྱི་དང་ནང་གི་བདག་ ཉིད་ཅན། །འདི་དག་ཐམས་ཅད་སེམས་ཀྱིས་བརྟགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་དུ་ཡོང་པ་མ་ཡིན་ནོ། །ཆོས་ཀུན་རང་བཞིན་འོད་གསལ་བ། །ཆོས་ཀུན་དང་པོར་མ་སྐྱེས་ཕྱིར། །ཡིད་ཀྱིས་ཨ་ནུཏྤནྣ་བརྗོད། །དེ་ནས་རང་ སེམས་དེ་ཉིད་འདིས། །རང་བཞིན་གྱིས་ནི་འོད་གསལ་བ། །འདོད་པའི་སྔགས་ཀྱིས་བཟླས་པས་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་བལྟ། །ཨོཾ་ཙིཏྟ་པྲ་ཏི་བེ་དྷྃ་ཀ་རོ་མི། ཚོགས་ཀྱི་དཀྱིལ་འཁོར་ཆེ་དག་པ། །ནམ་མཁའ་ལྟ་བུ་དྲི་ མ་མེད། །ཡིད་གཉིས་ཀུན་ལས་རྣམ་པར་གྲོལ། །མཆོག་ཏུ་རྣམ་པར་རྟོག་པ་འཇོམས། །ཉོན་མོངས་དྲི་མ་ཐམས་ཅད་དག །དང་པོ་ཟླ་བ་ལྟར་བལྟས་ནས། །སངས་རྒྱས་ཀུན་གྱི་ཡོན་ཏན་འདིར། །ཨ་སོགས་གཟུགས་ཀྱིས་འཇུག་པར་འགྱུར། ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལཱྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨྃ་ཨཿ། བཅོམ་ལྡན་ཟླ་བའི་དཀྱིལ་འཁོར་གྱི། །ཡོན་ཏན་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གྲུ་གསུམ་རྒྱ་ཆེན་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་ གནས། །འདི་ནི་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཤེལ་དང་ཟླ་བ་ལྟ་བུར་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །སེམས་ནི་རང་བཞིན་འོད་གསལ་བས། །དེ་ཉིད་དགའ་བར་བྱེད་པའི་རྒྱུ། །སྔགས་པས་ འདི་ཡི་སྔགས་ཀྱིས་ནི། །བྱང་ཆུབ་སེམས་ནི་སྐྱེད་པར་བྱེད། །ཨོཾ་བོ་དྷི་ཙིཏྟ་ཨུཏྦཱ་ད་ཡཱ་མི། བྱས་པའི་རྗེས་སུ་རིམ་འབྱུང་བ། །སེམས་ཅན་རྗེས་སུ་འཛིན་པ་པོ། །དགེ་བའི་ཆོས་ཀྱིས་ཡང་དག་གང་། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཟླ་ བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །འདིར་ཡང་སྐར་མའི་རྣམ་པས་ནི། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །གཟུགས་ཀྱིས་གཟུགས་བརྙན་ལྟ་བུ་ཡི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ། འདི་ཡི་དཀྱིལ་འཁོར་ཆོ་ག་ཀུན། །རྒྱུད་ནི་གཞན་དུ་མ་གསུངས་སོ། །དེ་ལ་དབུས་སུ་རྩེ་ལྔ་པ། །འོད་ཟེར་དཀར་པོ་བཅས་པ་ཉིད། །ཀུན་ཏུ་བཟང་པོའི་སེམས་བསྐྱེད་ པས། །བརྟན་པར་བྱེད་པའི་རྒྱུ་ཡི་ཕྱིར། །བདག་ཉིད་རྡོ་རྗེའི་གཟུགས་བརྙན་དུ། །འདི་ཡི་སྔགས་ཀྱིས་བསྒོམ་པར་བྱ། །ཨོཾ་ཏིཥྛ་བཛྲ། བྱང་ཆུབ་སྤྱོད་པ་བླ་ན་མེད། །དེ་ཡི་ས་ནི་རྟོགས་པ་འདི། །ཡེ་ཤེས་དག་པ་ཟག་པ་མེད། །ཟླ་བའི་དཀྱིལ་ འཁོར་དབུས་སུ་ནི། །རྡོ་རྗེ་ངེས་པར་བརྟག་པར་བྱ། །ནམ་མཁའི་ཁམས་ནི་ཐམས་ཅད་ཀྱི། །ཚད་དུ་ཡང་དག་གང་བ་ཡི། །རྡོ་རྗེའི་ལུས་ཀྱི་བདག་ཉིད་དུ། །སྔགས་པས་བསྒོམ་པར་བྱ་བའོ། །འདིས་ནི་སྔགས་ཀྱི་རྣལ་འབྱོར་གྱིས། །སྤྲོ་བ་དང་ནི་ བསྡུ་བར་བྱ། །ཨོཾ་བཛྲ་ཨཱཏྨ་ཀོ྅་ཧྃ། སངས་རྒྱས་ཀུན་གྱི་སྐུ་གང་ནི། །སྣང་བ་མེད་ཅིང་གནས་པ་མེད། །མ་སྐྱེས་མ་བྱས་དག་པ་ཉིད། །དངོས་པོ་མེད་པ་ལ་སོགས་སྤངས། །གཅད་མེད་དབྱེར་མེད་གཟུང་དུ་མེད། །ཆོས་ཀྱི་སྐུ་ནི་གཟུགས་མེད་པ། ། རྡོ་རྗེ་བདག་མེད་ཡང་དག་གྱུར། །རྡོ་རྗེའི་སྐུ་ནི་གོང་ན་མེད། །དེ་ལྟར་ཡང་དེ་རྡོ་རྗེས་མཚན་པ་བསྒོམ་པར་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཉོན་ཅིག །ཡང་ནི་རྡོ་རྗེ་སེམས་དཔའ་ནི། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་ རྒྱས་རྣམས་ཀྱི་གཟུགས་བརྙན་ནི། །འདི་ཡི་སྔགས་ཀྱིས་བསྒོམ་པར་བྱ། །ཨོཾ་ཡ་ཐ་སརྦ་ཏ་ཐཱ་གཱ་ཏཱ་སྟ་ཐཱ་ཧྃ། སྐུ་དང་གསང་བ་དེ་བཞིན་སྤྱོད། །སྤྱོད་ཡུལ་དེ་ཉིད་རྟོགས་པ་ནི། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཀུན་གྱི་བདག་ཉིད་དགེ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་རྡོ་རྗེ་དང་། པདྨའི་རིགས་ཀྱི་མིང་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་ དེ་བཞིན་གཤེགས་པ་ཀུན་ལ་གནས། །པདྨའི་རིགས་ནི་ལྷ་མོ་ཆེན་མོ་ལྡན། །དེ་ཡི་རྡོ་རྗེ་པདྨའི་སྟེང་དུ་གནས། །དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དོན། །དེ་ནས་དེ་ལྟར་བདག་ཉིད་རྣམ་པར་སྣང་མཛད་དུ་བསྐྱེད་ནས་སྟེང་དང་འོག་ཏུ་སྔགས་ཀྱི་ཡི་གེ་ བཀོད་དེ། ཆོ་ག་བཞིན་དུ་རི་རབ་དང་། གྲུ་གསུམ་རྒྱ་ཆེན་པོ་བསྐྱེད་པར་བྱ་སྟེ། འོད་ཟེར་སྣ་ཚོགས་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ་ལས་ཡང་དག་པར་བྱུང་བའི་མཛེས་པའི་གནས་བསྒོམས་ནས། དེར་བྃ་ལས་བྱུང་བའི་སྣ་ཚོགས་པདྨར་ཉི་ མའི་དཀྱིལ་འཁོར་རོ། །རླུང་དང་མེའི་དཀྱིལ་འཁོར་དང་ལྡན་པ་ཡ་ར་ལ་ཝས་བརྒྱན་པའོ། །དེ་ནས་དེའི་སྟེང་དུ་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ཅིང་བསྟོད་པ། རབ་ཏུ་བསྔགས་པ། ནོར་བུ་རིན་པོ་ཆེ་ཆེན་པོ་འོད་གསལ་བ་དང་། ། ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་དཔྱངས་པ་དང་། རླུང་གིས་བསྐྱོད་པའི་གོས་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། དོ་ཤལ་དང་། དོ་ཤལ་ཕྱེད་པ་དང་། ཟླ་བས་ཉེ་བར་མཛེས་པར་རྡོ་རྗེ་ནོར་བུའི་རྩེ་མོར་གཞལ་མེད་ཁང་བསམ་པར་བྱའོ། །ཧཱུྃ་གི་སྔགས་ འདིས་རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་དུ་སྔགས་འདི་བཀོད་དེ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །ཡང་སངས་རྒྱས་ཐམས་ཅད་སྤྲོ་བ་དང་བསྡུ་བར་བྱ་ཞིང་རྡོ་རྗེ་དེ་ཉིད་ཡང་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ ཟླ་བའི་ཁ་དོག་གི་འོད་ལྟ་བུ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དཔའ་པོ་ཤེས་རབ་དང་དགའ་བ་གཅིག་པུས་མཛེས་པས་རྡོ་རྗེ་དང་། དྲིལ་བུ་དང་། རལ་གྲི་དང་། ལྕགས་ཀྱུ་ཉིད་དང་། ཐོད་པ་དང་། ཞགས་པ་ འཛིན་པ་ཉིད་དོ། །གཡས་པ་ནི་ཁ་དོག་ནག་པོའོ། །གཡོན་པ་ནི་པདྨ་རཱ་གའི་འོད་དོ། །ཞལ་གསུམ་པ་དང་། ཕྱག་དྲུག་པ་ཉིད་དང་། སྤྱན་གསུམ་པ་ཉིད་དང་། བཟང་པོའི་གཟུགས་ཅན་ཏེ། རང་གི་རིག་མའི་པདྨ་ལ་བཞུགས་པ། །དགྱེས་པའི་དཀྱིལ་ འཁོར་བསྒོམ་པར་བྱའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་དཀྱིལ་འཁོར་པའང་རབ་ཏུ་བརྟག་པར་བྱའོ། །ཤར་དུ་ནི་རྣམ་པར་སྣང་མཛད་དོ། །ལྷོར་ནི་རིན་ཆེན་འབྱུང་གནས་སོ། །ནུབ་ཏུ་ནི་འོད་དཔག་ཏུ་མེད་པའོ། །བྱང་དུ་ནི་གདོན་མི་ཟ་བར་གྲུབ་ པའོ། །དབང་ལྡན་དུ་ནི་སྤྱན་ནོ། །མེར་ནི་མཱ་མ་ཀཱིའོ། །བདེན་བྲལ་དུ་ནི་གོས་དཀར་མོའོ། །རླུང་དུ་ནི་སྒྲོལ་མའོ། །ཕྱི་རོལ་གྱི་འཕར་མ་ལ་དྲག་ཤུལ་མ་ནི་ཁ་དོག་དཀར་མོའོ། །ལྷོ་རུ་ནི་རྡོ་རྗེ་གཟུགས་བརྙན་མ་ནི་ཁ་དོག་སེར་མོའོ། །ནུབ་ཏུ་ནི་འདོད་ཆགས་རྡོ་ རྗེ་མ་ཁ་དོག་དམར་མོའོ། །བྱང་དུ་ནི་རྡོ་རྗེ་ཞི་བ་མོ་ཁ་དོག་ལྗང་གུ་མའོ། །དབང་ལྡན་དུ་ནི་རྡོ་རྗེ་གནོད་སྦྱིན་མོ་ཁ་དོག་དཀར་སེར་ལྟ་བུའོ། །མེ་རུ་ནི་རྡོ་རྗེ་མཁའ་འགྲོ་མ་དམར་སེར་ལྟ་བུའོ། །བདེན་བྲལ་དུ་ནི་སྒྲའི་རྡོ་རྗེ་མ་ནི་སྔོན་དམར་ལྟ་བུའོ། །རླུང་དང་སའི་རྡོ་རྗེ་མ་ནི་ ཁ་དོག་ལྗང་སྐྱ་མ་ལྟ་བུའོ། །ཕྱི་རོལ་གྱི་འཕར་མ་ལ་དབང་ལྡན་དུ་ནི་གླིང་བུ་མའོ། །མེ་རུ་ནི་བི་པྃ་མའོ། །བདེན་བྲལ་དུ་ནི་མུ་ཀུན་ད་མའོ། །རླུང་དུ་ནི་རྫ་རྔ་མའོ། །གླིང་བུ་མ་ལ་སོགས་པ་ནི་ཕྱག་གཉིས་མ་ལ་ཞལ་གཅིག་མའོ། །ཕྱི་རོལ་གྱི་སྣམ་བུ་ལ་མེ་ཏོག་ མ་ལ་སོགས་པའི་མཚན་མ་འཛིན་པའི་རྣལ་འབྱོར་མ་དེ་གཞག་པར་བྱ་སྟེ། དེ་བཞིན་དུ་ཕྱག་གཉིས་མའོ། །ཤར་གྱི་སྒོ་ལ་ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའ་སྔོ་བསངས་མའི་མདོག་བྲི་བར་བྱ་སྟེ། ཞལ་གཡས་པ་དང་། གཞན་པ་ནི་གནག་པ་དང་དཀར་ པོའོ། །ཕྱག་གཡས་པའི་དང་པོ་ནི་ལྕགས་ཀྱུའོ། །གཉིས་པ་ལ་ནི་རལ་གྲི་འཕྱར་བའོ། །གསུམ་པ་ལ་ནི་འཁོར་ལོའོ། །གཡོན་པ་ན་ནི་ཞགས་པ་དང་། སྡིགས་མཛུབ་དང་། དྲིལ་བུ་འཛིན་པ་སྟེ་ཕྱག་དྲུག་པ་བྲི་བར་བྱའོ། །ལྷོའི་སྒོར་ལྷ་མོ་རྡོ་རྗེ་ཞགས་ པ་མ་ཁ་དོག་དཀར་སེར་ཏེ། ཞལ་གཡས་པ་དང་། གཞན་པ་ནི་གནག་པ་དང་དམར་བའོ། །གཡས་པ་ན་ནི་ཞགས་པ་དང་། རྡོ་རྗེ་དང་། རལ་གྲི་འཕྱར་བའོ། །འཁོར་ལོ་དང་། དྲིལ་བུ་དང་། སྡིགས་མཛུབ་ཞགས་པ་ཅན་ཏེ་ཕྱག་དྲུག་གོ། །ནུབ་ཀྱི་སྒོ་ལ་ནི་རྡོ་རྗེ་ ལྕགས་སྒྲོག་མ་སྟེ། དེ་བཞིན་དུ་ཡང་ཁ་དོག་དམར་ཞིང་གཟི་བརྗིད་ཆེ་བ་སྟེ། ཞལ་གཡས་པ་དང་གཞན་པ་ནི་གནག་པ་དང་དཀར་བའོ། །ཕྱག་དྲུག་ན་ལྕགས་སྒྲོག་དང་། རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་། ལྕགས་ཀྱུའོ། ། བྱང་གི་སྒོ་ལ་ནི་རྡོ་རྗེ་དྲིལ་བུ་མ་འཇིགས་པར་བྱེད་མ་སྟེ། ཞལ་གསུམ་ནི་ལྗང་གུ་དང་། ནག་མོ་དང་། དཀར་མོའོ། །ཕྱག་དྲུག་ན་ནི་དྲིལ་བུ་དང་། རྡོ་རྗེ་དང་། ལྕགས་ཀྱུ་དང་། འཁོར་ལོ་དང་། རལ་གྲི་དང་། ཞགས་པའོ། །ཐམས་ཅད་ཀྱང་སྐྲ་སྟེང་དུ་ འབར་བ་སྟེ། སྣ་ཚོགས་པདྨར་ཉི་མའི་དཀྱིལ་འཁོར་དུ་གཞག་པར་བྱའོ། །མེའི་ཕྱོགས་ནས་བརྩམས་ཏེ་མེ་ཏོག་ལ་སོགས་པའི་མཚན་མ་འཛིན་པའི་རྣལ་འབྱོར་མ་དེ་གཞག་པར་བྱ་སྟེ་ཕྱག་གཉིས་མར་གསུངས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྣལ་འབྱོར་མ་ ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུའི་ལག་པ་མ་སྟེ། སྒོ་སྲུངས་མ་དང་ཡང་དག་པར་ལྡན་པའོ། །ཛཿཧཱུྃ་བྃ་ཧོཿཞེས་བྱ་བ་འདི་རྣམས་ཀྱི་སྙིང་པོ་བསྟན་པ་སྟེ་ཐེ་ཚོམ་མི་ཟའོ། །དེ་ལྟར་བཀོད་པ་དང་བྱས་པ་ལ་སོགས་པའི་ཚུལ་ གྱིས་ཀྱང་མཚན་མ་དང་ཕྱག་རྒྱ་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་རོ། །གོང་མ་ལྟ་བུ་དེའི་ཕྱེད་ཀྱིས་དེའི་ནང་དུ་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་རླུང་གི་དཀྱིལ་འཁོར་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་དང་། །ཕྱི་རོལ་དུ་རི་མོ་བཞིས་ཡོངས་སུ་ བསྐོར་བའོ། །ལྷ་མོ་ཐམས་ཅད་ཀྱི་གནས་སུ་ཇི་སྐད་གསུངས་པའི་གདན་རྣམས་ནི་དཀར་མོ་ལ་སོགས་པ་རབ་ཏུ་བརྟག་པར་བྱའོ། །དེ་ལ་དབུས་སུ་ཧྲཱིཿའི་ཡི་གེ་རྣམ་པར་བསྒོམ་པར་བྱའོ། །དེའི་ཤར་གྱི་རེའུ་མིག་ལ་ནི་ཧྲཱིཿའོ། །ལྷོ་རུ་ནི་ཧོའོ། །ནུབ་ཏུ་ནི་གཱིའོ། ། བྱང་དུ་ནི་ཛིའོ། །མེ་རུ་ནི་ཧྃ་ངོ་། །བདེན་བྲལ་དུ་ནི་ཛྃ་ངོ་། །རླུང་དུ་མྃ་ངོ་། །དབང་ལྡན་དུ་ཧྃ་ངོ་། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་དགོད་པ་ནི་མེའི་མཚམས་སུ་ནི་ཨྃ་ངོ་། །བདེན་བྲལ་དུ་ནི་ཨུའོ། །རླུང་དུ་ནི་ཨེའོ། །དབང་ལྡན་དུ་ནི་ཨཻ་དགོད་པར་བྱའོ། །ཤར་གྱི་ སྒོ་ལ་ཛཿའོ། །ལྷོ་རུ་ནི་ཧཱུྃ་ངོ་། །ནུབ་ཏུ་ནི་པྃ་མོ། །བྱང་དུ་ནི་ཧོཿད་གོད་པར་བྱའོ། །ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་བསམས་ཏེ། དེར་དབང་པོ་ལ་སོགས་པའི་འབྱུང་པོ་ཆེན་པོ་བརྒྱད་པོ་འཇིགས་པར་བྱེད་པར་དགོད་པར་བྱའོ། ། ཤར་དུ་ཧ་རི་བཱ་ས་ལ། །ལྷ་ཡི་ཚོགས་ནི་ཡང་དག་བྲི། །ལྷོ་རུ་ཙུ་ཏའི་ཤིང་ལ་ནི། །གཤིན་རྗེའི་གཙོ་བོའི་དབང་ཕྱུག་བྲི། །ནུབ་ཏུ་ཨ་ཤོ་ཀ་གནས་སུ། །སྤྲིན་གྱི་རྒྱལ་པོ་དེར་ནི་དགོད། །དེ་བཞིན་བྱང་དུ་བྱང་ཆུབ་ཤིང་། །གནོད་སྦྱིན་སྡེ་དཔོན་མཉམ་པར་ གཞག །དེ་བཞིན་མེར་ནི་ཀ་རཉྫར། །དྲང་སྲོང་ཚོགས་ཀྱིས་ཡའི་དག་ཁྱབ། །བདེན་བྲལ་ལ་ཏཱ་ཛཱ་ཊིར་ནི། །སྲིན་པོ་ལ་སོགས་དེ་ནས་དགོད། །རླུང་དུ་པཱརྠི་པ་ལ་ནི། །རླུང་གི་བདག་པོ་ཡང་དག་བྲི། །དབང་ལྡན་པ་ཊ་སྠ་ལར་ནི། །ཡི་དགས་ཚོགས་ནི་ ཡང་དག་བྲི། །དྲག་བཅས་དབང་བཅས་ཉེ་དབང་བཅས། །ཟླ་བཅས་ཉི་མ་གཤིན་རྗེའི་ཆ། །རྒྱས་བཏབ་རྨོངས་བྱས་ཟོས་བྱས་ཤིང་། །ཐལ་བའི་དངོས་བཅས་འཚོ་བར་བྱེད། །ཐབས་དང་ཤེས་རབ་རྣལ་འབྱོར་གྱིས། །གཡོན་པར་ཁ་ཊྭཱཾ་བརྟེན་ནས་སུ། ། དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཁྲག་གིས་བཀང་བའི་ཐོད་པ་བསྣམས། །གཡས་སུ་རྡོ་རྗེ་འབར་བ་སྟེ། །འཇིགས་པ་ཡང་ནི་འཇིགས་པར་མཛད། །སྐྱིལ་ཀྲུང་ཕྱེད་པ་བྱས་ནས་ནི། །ཉིད་ཀྱི་བརླ་སྟེང་གཡོན་པ་མནན། །ཚངས་པ་ལ་སོགས་ མནན་པ་དེ། །གྲགས་པ་ཉེ་བར་མི་ཟ་སྟེ། །ཀུན་དུ་འོད་ཟེར་སྣ་ཚོགས་ཀྱིས། །སངས་རྒྱས་སྤྲིན་དང་མཉམ་པ་འདིས། །སྤྲོ་བ་ཡང་ནི་སྦྱིན་པར་བྱ། །དེ་ལྟར་རྣལ་འབྱོར་པས་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དཔལ་ཡང་དག་པར་སྦྱོར་ བ་ལས་བྱུང་བ་སྟེ་བརྟག་པའི་རྒྱལ་པོ་གསུམ་པའོ།། །།བཅོམ་ལྡན་རྣལ་འབྱོར་རྣལ་འབྱོར་མའི། །ངག་གི་ཕྱག་རྒྱའི་མཚན་ཉིད་ཅི། །གསང་བ་ཉན་པར་འཚལ་ལགས་ན། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ མཁའ་འགྲོ་མ་རྣམ་པར་རྒྱལ་བའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་བཀའ་སྩལ་པ། ཀོལླ་ཨི་རིཊྛི་ཨ་བོལླ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎ་ཀི་པཱིནྣ་ཧོ་བཱཛྫཾ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཏ་ཧོཾ་བ་ ལཱ་ཁཱཛྫ་ཨི། གྷ་ཌེ་མ་ཨ་ཎཱ་པིཛྫ་ཨི། ཧ་ལེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུ་དྷུ་ར་བཛྫ་ཨ་ཨི། ཙ་ཨུ་ས་མ་ཀཱསྠུ་ར་སི་ཧླཱ། ཀཔྤུ་རུ་ལཱ་ཨི་ཨ་ཨི། མ་ལ་ཨིནྡྷ་ཎྃ་ཤ་ལི་ཛ། ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁེཊྚ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ན་མུ་ ཎི་ཨ་ཨི། ཎི་རྃ་ཤུ་ཨང་ག་ཅེ་ཌཱ་བི་ཨ། ཏ་ཧིཾ་ཛ་ས་རཱ་བ་པ་ཎི་ཨ་ཨི། མ་ལ་ཨ་ཛྃ་ཀུན་དུ་རུ་བཱཊྚ་ཨི། ཌིཾ་ཌི་མ་ཏ་ཧིཎྞ་བཛྫ་ཨ་ཨི། མུ་ཁེ་གྷོ་གྷུ་གུ་གྷུ། མུ་གྷུ་ལུ་གྷུ། དྲེཥྚཱ། འདི་རྣམས་བལྟས་ནས་རྣལ་འབྱོར་པས་མཚན་མ་གསུངས་པ་ཞེས་བྱ་ བ་ལ་སྤྲོ་བར་བྱའོ། །ཌཱ། ཌཱི། བུ། སུ། མཱ། ཡོ། བྷི། དྷཱི། ལུ། སྟྲཱི། ས། པེ། ཕཱི། བྷ། བྷུ། པཱི། བྷུ། ཧཱི། ག །ཏྲི། ཀུ། ཧཱ། ཛཱ། ཀེ། བྷ། སྭཱ། པུ། ཛཱ། ཨོ། ཨ། གོ། རཱ། དེ། མཱ། ཀཱ། ཨོ། ཏྲི། ཀོ། ཀ། ལ། ཀཱ། ཧི། པྲེ། གྲྀ། སཽ། སུ། ནཱ། ཤི། མ། ཀུ། དེ་ནས་ངག་གིཙྪོ་མ་ཡི། །ཆོ་གའི་རིམ་པ་བཤད་པར་བྱེ། །གང་གིས་སྤུན་དང་སྲིང་མོར་ཡང་། །ཐེ་ཚོམ་མེད་པར་ཤེས་བྱ་བ། །པོ་ཏྃ་གཱི་དང་། པྲ་ཏི་པོ་ཏྃ་གཱི་དང་། ག་མུ་དང་། ལུམྦ་དང་། ནི་ག་ར་དང་། ཙ་ཊུ་ཀྃ་དང་། ཧྲྀ་ད་ཡྃ་དང་། ཀཽ་ར་བ་དང་། ཀརྞྞི་ཀཱ་དང་། ཨ་ལི་ཀ་ར་ཎྃ་དང་། བ་རཱ་ཧ་དང་། ཤྲ་ཝ་ཎ་དང་། མནྫ་ན་དང་། ན་རཿདང་། ཏཱ་ལི་ཀཱ་དང་། ན་ར་ཀྃ་དང་། ཨ་མྲུ་ཀྃ་དང་། ཀཱ་ཁི་ལ་དང་། སྭ་ས་ཎྃ་དང་། པ་རི་དྷིཿདང་། བི་ར་དྷིཿདང་། ཀྲུ་རཱ་དང་། ཨནྟཿདང་། ཨ་ལི་ཀཱ་དང་། བྷ་གི་ནཱི་དང་། མུ་ ད་ཀྃ་དང་། གྲྀ་ཧ་ཎ་དང་། མུ་དྲཱ་དང་། དནྟ་སྤཪྴ་ཛི་ཧྭཱ་དང་། གནྡྷ་བ་ཧི་ནཱི་དྃང་། ཨཱ་ག་མ་ནྃ་དང་། སྠཱ་ནཱ་ཏ་དང་། ཀི་ར་ཎཿདང་། གོ་མ་དང་། ནཱ་དཱ་དང་། ལམྦོ་ད་ར་དང་། དནྟཿདང་། ནི་རོ་དྷ་དང་། བི་ཛྙ་པྟི་དང་། དྷུ་རྱ་དང་། དྷུ་མྲ་པྲི་ཡ་དང་། སཱ་ནུ་དང་། ས་རི་ཏཿདང་། ཨྃ་གུ་ལྱཱ་དང་། བ་ད་ནྃ་དང་། རཱ་ཛི་ཀཱ་དང་། ཨ་ད་ནཱ་དང་། པྃ་ཀྟི་དང་། ཙྪྣན་དོ་དང་། ཙ་ལོཿདང་། མྲྀ་ག་པ་ཏི་དང་། མཎྜ་ལྃ་དང་། ས་མྃ་དང་། ཕལ་གུ་ཥཾ་དང་། མ་ཧཱ་ཀྵ་རྃ་དང་། ཙྪཱ། ནཱ། གོ་དང་། མ་དང་། བྷ་དང་། ཧཱ་དང་། ཨ་པྱ་ཀཱ་དང་། སྠ་དང་། དནྟ་སྤཪྴ་ནེ་ དང་། མུ་ཁ་སྤཪྴ་ནེ་དང་། ཧོ་དང་། ཧྲཱི་ཀཱ་དང་། ཤཱུ་ནྱ་སྤཪྴ་ནེ་དང་། ཨུ་རུ་སྤཪྴ་ནེ་དང་། སྟེང་དང་། འོག་ཏུ་ཡོད་པ་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དུ་གསུངས་སོ། །ཡི་གེ་དང་ངག་གི་ཙྪོ་མ་སྟེ་བཞི་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། ། ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །གཟུགས་ཅན་མ་དང་འོ་བྱེད་མ། །ལཱ་མཱ་ཡོངས་གྱུར་བྱིས་བཅས་མོ། །མི་ལྡོག་མོ་དང་འདོད་པ་མོ། །འདི་དག་མཁའ་འགྲོ་བདུན་དུ་གསུངས། །མངོན་པར་ཞེན་པས་ལྟ་བ་དང་། །སྨིན་མ་ཡོན་པོར་གང་བྱེད་ཅིང་། །སྔོན་ གྱི་གཟུགས་ནི་སྡུད་པ་དང་། །ཕྱིས་ནི་འཇིགས་པར་བྱེད་པ་ཡང་། །དེ་ནི་གཟུགས་ཅན་མར་ཤེས་བྱ། །དཔའ་བོས་གཉིས་མེད་བསྟན་པའོ། །སྡུག་པའམ་གལ་ཏེ་མི་སྡུག་པའི། །བྱིས་པ་ལྟ་ཞིང་འོ་བྱེད་མ། །དེ་ནི་འོ་བྱེད་མར་ཤེས་བྱ། །མཁའ་འགྲོ་ མཆོག་ཀྱང་དེ་ཉིད་ཡིན། །བྱོལ་སོང་ལྟ་སྟངས་ཁྲོ་གཉེར་གདོང་། །འདི་ནི་སྨིན་སྒྱུར་སྡིགས་པར་བྱེད། །གཞན་དུ་དབུགས་ཀྱིས་འཇིགས་བྱེད་མ། །དེ་ནི་ལཱ་མཱར་རྣམ་པར་བསྟན། །ཕག་དང་ཅེ་སྤྱང་བྱི་ལ་དང་། །རྟ་རྣམས་ཐམས་ཅད་འཇིགས་བྱེད་མ། ། དེ་ནི་ཡོངས་གྱུར་མ་རུ་གསུངས། །རབ་ཏུ་དགའ་ཞིང་གསལ་བར་དགོད། །སོང་བར་གྱུར་ནས་མི་ལྡོག་མ། །དེ་ནི་བྱིས་བཅས་མོ་རུ་གསུངས། །གང་ཞིག་སྐྱོ་བས་ལག་པ་འམ། །བོང་པ་འམ་ནི་རྐང་པས་སམ། །གོས་མཐའ་མ་ཡང་ན་ཤིང་གིས་ནི། ། དེས་རེག་པ་ནི་འཚོ་མི་འགྱུར། །དེ་ནི་མི་ལྡོག་མར་ཤེས་བྱ། །རྒོད་དང་སྨྲ་དང་ངུ་བ་དང་། །གློ་བུར་དུ་ནི་ཁྲོ་འགྱུར་བ། །དེ་ནི་འདོད་པ་མར་ཤེས་བྱ། །མཁའ་འགྲོ་རྣལ་འབྱོར་མར་གསུངས་སོ། །ཐོད་པ་དགྲ་སྟ་མཆེ་བ་དང་། །ཆུ་སྲིན་རྒྱལ་མཚན་རལ་གྲི་ དང་། །འཕང་མདུང་དང་ནི་བདུན་དུ་གསུངས། །ཡང་དག་སྦྱོར་བའི་ཆོ་ག་འདི། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ལུས་སྲུལ་མོའི་མཚན་མ་དང་ཕྱག་རྒྱ་སྟེ་བཞི་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་ལཱ་མཱའི་མཚན་ཉིད་ནི། །ཡང་ དག་རབ་ཏུ་བཤད་པར་བྱ། །དམར་ཞིང་དཀར་བའི་བུད་མེད་གང་། །པདྨའི་འདབ་མ་ལྟ་བུའི་འོད། །དཀར་པོའི་གོས་ལ་རྟག་དགའ་ཞིང་། །ཙན་དན་སར་པའི་དྲི་དང་ལྡན། །བདེ་གཤེགས་འདུས་པ་ཉིད་ལ་དགའ། །ཆགས་ཤིང་ མཐོང་ན་རྗེས་འགྲོ་མ། །ཁྱིམ་དུ་པདྨ་འདྲི་བྱེད་པ། །པདྨ་གར་དབང་རིགས་ལས་བྱུང་། །སྨིན་མའི་དབུས་སུ་རྩེ་གསུམ་སོན། །ལུས་ནི་སྔོ་སངས་སྐྱ་བ་དང་། །ཨུཏྤལ་སྔོན་པོའི་དྲི་དང་མཚུངས། །ཁྱིམ་དུ་རྡོ་རྗེ་བྲིས་ནས་ནི། །རྟག་ཏུ་མཆོད་པ་བྱེད་པ་ ནི། །ཧེ་རུ་ཀ་དཔལ་རིགས་བྱུང་བ། །དེ་ནི་མཁའ་འགྲོ་མར་ཤེས་བྱ། །མིག་དམར་དཀར་དང་དམར་བ་དང་། །དེ་བཞིན་རྐང་པ་ལག་པ་དམར། །ར་སྐྱེས་ཁྱིམ་བྱ་དག་གིས་ཀྱང་། །རྟག་ཏུ་དགའ་བར་གྱུར་པ་དང་། །དེ་ཡི་ཁྱིམ་དུ་རྡོ་རྗེ་ནི། །བྲིས་ནས་ རྟག་ཏུ་མཆོད་བྱེད་པ། །ཧེ་རུ་ཀ་དཔལ་རིགས་བྱུང་བ། །མཁའ་འགྲོར་འདི་ལ་ཐེ་ཚོམ་མེད། །འཁོར་ལོ་གང་གི་དཔྲལ་བའམ། །ལག་པར་ཡང་ནི་མཐོང་གྱུར་པའི། །སེར་ཞིང་སྔོ་སངས་བུད་མེད་གང་། །རྟག་ཏུ་གོས་སེར་དགའ་བ་ཉིད། །མེ་ཏོག་ དཀར་པོའི་དྲི་ཆེན་དང་། །སྐལ་བཟང་ཕུན་སུམ་ཚོགས་མ་དེ། །ཁྱིམ་དུ་འཁོར་ལོ་འདྲི་བར་བྱེད། །དེ་བཞིན་གཤེགས་པའི་རིགས་རྗེས་འགྲོ། །གནག་ཅིང་སྔོ་སངས་བུད་མེད་གང་། །སོ་ནི་དཀར་ཞིང་མཐོ་བ་དང་། །རྟག་ཏུ་གདུག་པའི་གཡོན་པ་ནི། ། སྐྲ་ནི་རྟག་ཏུ་གྲོལ་བ་ཡིན། །རྟག་ཏུ་ཁྲུས་ལ་དགའ་བ་དང་། །སྤྱོད་ཅིང་མང་དུ་སྨྲ་བ་དང་། །རྡོ་རྗེ་ཁྱིམ་དུ་བྲིས་ནས་ནི། །རྟག་ཏུ་མཆོད་པ་བྱེད་པ་ནི། །རྡོ་རྗེ་ཕག་མོའི་རིགས་ལས་བྱུང་། །དཀར་ཞིང་གསེར་དང་མཚུངས་པ་དང་། །འབར་བའི་མིག་དང་བ་སྤུ་གང་། ། རྡོ་རྗེ་གང་གི་དཔྲལ་བའམ། །ལག་པར་ཡང་ནི་མཐོང་གྱུར་པ། །རྟག་ཏུ་རྒྱལ་སྲིད་དགའ་བ་དང་། །སྙེམས་ཤིང་བདེན་པར་སྨྲ་བ་དང་། །མ་ལི་ཀ་ཡི་དྲི་དང་ལྡན། །ཁྱིམ་དུ་རྡོ་རྗེ་བྲིས་ནས་ནི། །རྟག་ཏུ་མཆོད་པ་བྱེད་པ་ནི། །དུམ་སྐྱེས་མ་ཡི་རིགས་ལས་བྱུང་། ། རྣལ་འབྱོར་དབང་ཕྱུག་ཆེན་མོ་མཆོག །ཤ་ལ་དགའ་བའི་བུད་མེད་གང་། །མིག་སྨན་ནག་པོ་ལྟ་བུའི་འོད། །དཔྲལ་བར་མདུང་རྩེའི་རྣམ་པ་ཉིད། །དྲག་ཤུལ་ལས་ལ་དགའ་བ་གང་། །རྟག་ཏུ་དུར་ཁྲོད་འགྲོ་གང་དང་། །འཇིགས་མེད་སྐྱུགས་བྲོ་མེད་ པ་དང་། །གང་གི་དཔྲལ་བར་བསྡུས་ནས་ནི། །ཁྱིམ་དུ་ཐོད་པ་འདྲི་བྱེད་ཅིང་། །རྟག་ཏུ་མཆོད་པ་བྱེད་པ་ནི། །ཧེ་རུ་ཀ་ཡི་རིགས་ལས་བྱུང་། །ཆར་སྤྲིན་མདོག་འདྲའི་བུད་མེད་གང་། །སོ་ནི་མི་མཉམ་པར་གནས་ཤིང་། །རྟག་ཏུ་དྲག་ཤུལ་ལས་རྣམས་དང་། ། གཡོན་པའི་མཆེ་བ་བྱུང་བ་ནི། །ཁྱིམ་དུ་དགྲ་སྟ་འདྲི་བྱེད་ཅིང་། །རྟག་ཏུ་མཆོད་པ་བྱེད་པ་ནི། །རྣམ་པར་འདྲེན་པའི་རིགས་བྱུང་བ། །དེ་ནི་མཁའ་འགྲོར་ཐེ་ཚོམ་མེད། །གང་གི་སྐྲ་ནི་ལི་བ་དང་། །བཞིན་ནི་ཡོངས་སུ་ཟླུམ་པ་དང་། །རྟག་ཏུ་ཁ་ལ་སྨ་ར་དང་། ། སྨིན་མ་རིང་ཞིང་བ་སྤུ་དང་། །གོས་དཀར་གཙང་ཞིང་ཞི་བ་དང་། །མི་བསྐྱོད་བདེན་པར་སྨྲ་བ་དང་། །རྟག་ཏུ་དམ་པའི་ཆོས་དགའ་བ། །དཔའ་བོའི་སྲིང་མོར་དེ་ཤེས་བྱ། །པདྨའི་ཕྱག་རྒྱ་སྦྱིན་པར་བྱ། །ཡང་ན་རུ་སྦལ་ཕྱག་རྒྱ་བྱ། །རིལ་བ་སྤྱི་བླུགས་ མཆོད་བྱེད་པ། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །དེ་ནི་ཚེས་བཅུའི་རེས་དག་ལ། །ཁྱིམ་དུ་པདྨ་འདྲི་བར་བྱེད། །མ་མཆུ་འཕྱང་ཞིང་མིག་ཡངས་མ། །མིག་ནི་དམར་ཞིང་སེར་བ་དང་། །ཆེ་ཞིང་སྐལ་བཟང་ནོར་དང་ལྡན། །སེར་ཞིང་ཙམ་པ་ལྟ་བུ་ཉིད། ། རིང་ཞིང་ལག་པ་རིང་བ་དང་། །སྣ་ཚོགས་གོས་ལ་དགའ་བ་དང་། །རི་མོ་གསུམ་ནི་དཔྲལ་བ་འམ། །སྟེང་གི་མཚམས་སུ་ངེས་པར་གནས། །རྒོད་པ་དང་ནི་དགའ་བ་ཉིད། །ལམ་གྱི་རྣམ་པ་གནོན་ཅིང་གནས། །གཡུལ་དུ་ཤི་བ་རྣམས་ཀྱི་ནི། །གཏམ་ ལ་རྟག་ཏུ་དགའ་བ་ཉིད། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །མདུང་རྩེའི་ཕྱག་རྒྱ་རབ་བསྟན་བྱ། །རྐང་པ་གཡོན་པ་བསྐུམས་པ་ཡི། །གར་ཉིད་ཀྱང་ནི་རབ་བསྟན་བྱ། །གཡོན་གྱིས་ཡོངས་སུ་བསྐོར་བ་ནི། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །བཅུ་བཞི་བ་དང་ བརྒྱད་པ་ལ། །ཁྱིམ་དུ་མདུང་རྩེ་བྲིས་ཤིང་མཆོད། །འཇིག་རྟེན་དབང་ཕྱུག་མཚན་ཉིད་ཡིན། །དམར་ཞིང་དཀར་བའི་བུད་མེད་གང་། །མིག་ནི་ལྗང་ཞིང་སེར་བ་དང་། །དེ་བཞིན་སྐྲ་ནི་འཁྱིལ་བ་དང་། །དར་དཔྱངས་བཅིངས་པར་སྣང་བ་ ཉིད། །རི་མོ་གཅིག་པར་རབ་ཏུ་གནས། །དེ་བཞིན་སྟེང་དུ་རིང་བ་དང་། །རྟག་ཏུ་གོས་དམར་ལ་དགའ་ཞིང་། །རྟག་ཏུ་རྒོད་ཅིང་གླུ་ལེན་དང་། །གློ་བུར་དུ་ནི་ཁྲོ་བ་དང་། །ཁྱད་པར་དུ་ནི་སེམས་གཡོ་དང་། །རྩོད་པ་རྟག་ཏུ་དགའ་བ་ཉིད། །དེ་འདྲའི་རབ་མྱོས་ མཐོང་ནས་ནི། །འཕང་མདུང་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པ་ཡིས་ཀྱང་འབད་པ་ཡིས། །དྲིལ་བུའི་ཕྱག་རྒྱ་རབ་ཏུ་སྦྱིན། །གཡོན་གྱིས་ཡོངས་སུ་བསྐོར་བ་ནི། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །ཐུང་ཞིང་བྱིན་པ་སྦོམ་པ་དང་། །རྟག་ཏུ་གོས་སེར་ དགའ་བ་དང་། །མགྲིན་པ་ནས་ནི་གོས་འཕྱང་བ། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །འཁོར་ལོའི་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པའང་རབ་ཏུ་འབད་པས་ནི། །དུང་གི་ཕྱག་རྒྱ་སྦྱིན་པར་བྱ། །དེ་བཞིན་ཡོངས་སུ་བསྐོར་བ་ཉིད། །དེ་ཡི་དུས་ནི་བཅུ་ བཞི་ལ། །ཁྱིམ་དུ་རྡོ་རྗེ་འདྲི་བར་བྱེད། །ཡན་ལག་ཀུན་ལ་བ་སྤུར་བཅས། །མིག་ནི་ནག་ཅིང་སེར་བ་དང་། །གཙིགས་ཤིང་རྣམ་འགྱུར་འཇིགས་པ་དང་། །བཞིན་སྦོམ་ཁ་ནི་སྦོམ་པ་དང་། །མ་མཆུ་འཕྱང་ཞིང་ཁུང་མིག་དང་། །སྣ་ནི་ཉམས་པར་གྱུར་པ་ དང་། །རྟག་ཏུ་དྲི་ཟ་འདོད་པ་དང་། །སྤྲིན་གྱི་ཁ་དོག་ལྟོ་ཆེ་བ། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །ཀླུ་ཡི་ཕྱག་རྒྱ་རབ་སྦྱིན་བྱ། །གཉིས་པ་ཡང་ནི་འབད་པ་ཡིས། །འཕང་མདུང་ཕྱག་རྒྱ་སྦྱིན་པར་བྱ། །ཡོངས་སུ་བསྐོར་བ་གོང་མ་བཞིན། །དེ་ནི་བཅུ་གཅིག་ ཆེས་ལ་ནི། །མཆེ་བ་འདྲི་ཞིང་རྟག་ཏུ་མཆོད། །མཚན་མའི་ཕྱག་རྒྱ་སྟེ་བཞི་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་ཡན་ལག་ཕྱག་རྒྱ་ཡི། །མཚན་ཉིད་ཡང་དག་རབ་བཤད་བྱ། །བུད་མེད་གང་ཞིག་སྤྱི་གཙུག་རེག །སྤྱི་བོ་དེ་ལ་རབ་ བསྟན་བྱ། །གང་ཞིག་དཔྲལ་བ་སྟོན་པ་ལ། །མཁུར་ཚོས་དེ་ལ་རབ་བསྟན་བྱ། །གང་ཞིག་སོ་ནི་སྟོན་པ་ལ། །ལྕེ་ནི་དེ་ལ་རབ་བསྟན་བྱ། །གང་ཞིག་མ་མཆུ་སྟོན་པ་ལ། །ཀོས་ཀོ་དེ་ལ་རབ་བསྟན་བྱ། །གང་ཞིག་མགྲིན་པ་རེག་པ་ལ། །ལྟོ་བ་དེ་ལ་རབ་ བསྟན་བྱ། །གང་ཞིག་ལྟོ་བ་སྟོན་པ་ལ། །ལྟེ་བ་དེ་ལ་རབ་བསྟན་བྱ། །གང་ཞིག་མཇུག་མ་སྟོན་པ་ལ། །ས་ནི་དེ་ལ་རབ་བསྟན་བྱ། །གང་ཞིག་གསང་བ་སྟོན་པ་ལ། །ལིང་ག་དེ་ལ་རབ་བསྟན་བྱ། །གང་ཞིག་པུས་མོ་སྟོན་པ་ལ། །བྱིན་པ་དེ་ལ་རབ་བསྟན་བྱ། ། གང་ཞིག་ལག་པ་སྟོན་པ་ལ། །དཔུང་པ་དེ་ལ་རབ་བསྟན་བྱ། །གང་ཞིག་རྐང་པ་སྟོན་པ་ལ། །རྐང་མཐིལ་དེ་ལ་རབ་བསྟན་བྱ། །གང་ཞིག་སོར་མོ་སྟོན་པ་ལ། །སེན་མོ་དེ་ལ་རབ་བསྟན་བྱ། །གང་ཞིག་ས་ནི་སྟོན་པ་ལ། །ནམ་མཁའ་དེ་ལ་རབ་བསྟན་ བྱ། །གང་ཞིག་ནམ་མཁའ་སྟོན་པ་ལ། །ཉི་མ་དེ་ལ་རབ་བསྟན་བྱ། །གང་ཞིག་ཆུ་བོ་སྟོན་པ་ལ། །རྒྱ་མཚོ་དེ་ལ་རབ་བསྟན་བྱ། །གང་ཞིག་སོར་མོ་གཅིག་སྟོན་པ། །ལེགས་པར་འོངས་ཞེས་བརྗོད་པ་ཡིན། །གང་ཞིག་སོར་མོ་གཉིས་སྟོན་པ། །ཤིན་ ཏུ་ལེགས་འོངས་བརྗོད་པ་ཡིན། །གཡས་པའི་སྨིན་མ་སྒྱུར་ཚུལ་དང་། །གཡོན་པའི་སྨིན་སྒྱུར་ཚུལ་སྟོན་པ། །སློབ་དཔོན་གཉིས་དང་འདུ་བ་སྟོན། །རྒྱུད་ཐམས་ཅད་ཀྱི་གསང་བ་ཡང་དག་པར་སྦྱོར་བ་ལས་བྱུང་བ་རྡོ་རྗེ་མཁའ་འགྲོ་མའི་བརྡ་སྟེ་བརྟག་པའི་རྒྱལ་ པོ་བཞི་པའོ།། །།དེ་ནས་སྐྱེ་བོ་དམ་པ་ཀུན། །འདུ་བ་ཡང་དག་རབ་བཤད་བྱ། །དེ་ལ་ཟས་གཅིག་བཟའ་བར་བྱ། །སྣོད་གཉིས་སུ་ཡང་མ་ལུས་བརྩོན། །ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་དེ་བཞིན་ཉེ་བའི་ཞིང་། །ཙྪན་དོ་ཉེ་བའི་ཙྪན་དོ་ཧ། །འདུ་བ་དེ་བཞིན་ཉེ་འདུ་བ། །དུར་ཁྲོད་ཉེ་བའི་དུར་ཁྲོད་དང་། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་ བཅུའི་དབང་ཕྱུག་མགོན་པོ་ཉིད། །འདི་ནི་གཞན་གྱིས་བརྗོད་མི་བྱ། །ཀྱེ་བཅོམ་ལྡན་འདས་གནས་ལ་སོགས་པ་གང་ལགས། །དེ་བཞིན་དུ་ས་བཅུ་གཉིས་པོ་རྣམས་རྒྱ