Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 079_རྒྱུད་འབུམ།_ག

Văn bản gốc(Tây Tạng)

Trang 14 / 18 (50.000 ký tự/trang)
།རང་བཞིན་དགའ་
བ་ཆོས་སྐུ་སྟེ། །བྲལ་བའི་དགའ་བ་གཟུགས་སྐུ་གཉིས། །བཅུ་དྲུག་སྟོང་པ་བཅུ་དྲུག་གོ། །རྒྱུད་ཀྱི་ཚུལ་དུ་སྒྱུ་མ་ཙམ། །གང་ཞིག་རང་རིག་འདོད་པས་ཀྱང་། །དང་པོར་ངོ་བོ་ཤེས་བྱ་སྟེ། །དེ་ནས་དེ་ཉིད་ཤེས་པར་བྱ། །གལ་ཏེ་དེ་ཉིད་མི་ཤེས་པར། །ཟབ་མོའི་ལམ་
ཉིད་སྒོམ་བྱེད་ན། །འབྲས་བུ་མེད་ཅིང་བརླག་པར་ངེས། །ལྷ་ཡི་དེ་ཉིད་མ་ཤེས་ན། །དུར་ཁྲོད་གནས་པའི་སྲིན་པོ་འདྲ། །དེ་བཞིན་དུར་ཁྲོད་སྲིན་མོ་འདྲ། །སྤྱོད་པའི་དེ་ཉིད་མ་ཤེས་ན། །གྲོང་ཁྱེར་གནས་པའི་སྨྱོན་པ་འདྲ། །ཁྱི་ཕག་སྲིན་པོ་རཀྵ་འདྲ། །ཕྱག་
མཚན་དེ་ཉིད་མ་ཤེས་ན། །བརྒྱ་བྱིན་ལག་ན་མཚོན་ཐོགས་འདྲ། །ཕྱག་རྒྱའི་དེ་ཉིད་མ་ཤེས་ན། །རྒྱལ་པོ་པང་གི་བཙུན་མོ་འདྲ། །རླུང་གི་དེ་ཉིད་མ་ཤེས་ན། །བརྒྱ་བྱིན་སྤྱི་བོའི་དུད་པ་འདྲ། །རྩ་ཡི་དེ་ཉིད་མ་ཤེས་ན། །ཙནྡན་ཤིང་གི་སྤྲུལ་སོགས་འདྲ། །ལུས་ཀྱི་གཉེར་མ་

དག་དང་འདྲ། །ལུས་ཀྱི་དྲི་མ་ཆུ་དང་འདྲ། །ཐིག་ལེའི་དེ་ཉིད་མ་ཤེས་ན། །ཙནྡན་ཤིང་གི་འཛེར་པར་འདྲ། །འཁོར་ལོའི་དེ་ཉིད་མ་ཤེས་ན། །བརྒྱ་བྱིན་ལག་ན་འཁོར་ལོ་འདྲ། །དེ་བཞིན་སྲིད་པའི་འཁོར་ལོ་འདྲ། །པདྨའི་དེ་ཉིད་མ་ཤེས་ན། །འདམ་བུ་ཚལ་གྱི་པདྨ་
འདྲ། །སྟུག་པོའི་དེ་ཉིད་མ་ཤེས་ན། །མཆོད་རྟེན་གྱི་ནི་འཁོར་ལོ་འདྲ། །ཁ་སྦྱོར་དེ་ཉིད་མ་ཤེས་ན། །ཐལ་མོ་གཡས་གཡོན་སྦྱར་བ་འདྲ། །གནས་ཀྱི་དེ་ཉིད་མ་ཤེས་ན། །འཁོར་ལོ་སྒྱུར་རྒྱལ་ཕོ་བྲང་འདྲ། །བྱང་སེམས་དེ་ཉིད་མ་ཤེས་ན། མི་གཙང་སྒོ་ཡི་ལུད་པ་འདྲ། །སིཧླའི་
དེ་ཉིད་མ་ཤེས་ན། །མཚོན་སོགས་ལས་བྱུང་ཁྲག་དང་འདྲ། །དགའ་བའི་དེ་ཉིད་མ་ཤེས་ན། །སྨད་འཚོང་མ་ཡི་འདོད་ཆགས་འདྲ། །སྤང་བྱའི་དེ་ཉིད་མ་ཤེས་ན། །གྲོང་ཁྱེར་མེད་པའི་རྒྱལ་པོ་འདྲ། །གཉེན་པོའི་དེ་ཉིད་མ་ཤེས་ན། །རྒྱལ་པོ་མེད་པའི་གྲོང་ཁྱེར་འདྲ། །རང་རིག་དེ་ཉིད་མ་ཤེས་
ན། །འདུས་བྱས་ནམ་མཁའ་སྟོང་པ་འདྲ། །གཞན་ཡང་དེ་ཉིད་བཅྭ་བརྒྱད་ནི། །བླ་མའི་ཞལ་ནས་ཤེས་པར་བྱ། །ཐམས་ཅད་སྒྱུ་མའི་ཚུལ་དང་ནི། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །དེ་ཉིད་ཤེས་ན་གྲོལ་བར་འགྱུར། །ཀྱེ་ཧོ་མགོན་པོ་ཐུགས་རྗེ་ཆེ། །རང་རིག་ཡེ་ཤེས་ཚོལ་བ་ལ། །རང་དང་གཞན་
གྱི་སྡེ་པ་ལ། །འདི་ལ་ཁྱད་པར་མེད་དམ་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱད་པར་ཆེན་པོ་དེ་ཉིད་དེ། །གཞན་ནི་ཁྱད་པར་དབང་བཞི་དང་། །དེ་ཡི་ལམ་གྱི་དེ་ཉིད་བརྟགས། །ཆད་པ་བདག་དང་དབང་ཕྱུག་དང་། །ཕྱ་དང་བྱེད་པ་པོ་ཉིད་ལས། །རྒྱུ་སོགས་རྒྱུད་ལས་ཁྱད་པར་འཕགས། །
གང་ཟག་བདག་དང་བྲལ་བའི་ཕྱིར། །ཉན་ཐོས་རང་རྒྱལ་ཐེག་ཆེན་དང་། །རླུང་སོགས་ཆོས་ཀྱི་བདག་གིས་བཅིངས། །དམན་པ་རྣམས་ཀྱི་སྣང་བས་ཁྱབ། །ཐེག་ཆེན་རང་བཞིན་ལྷ་ཡིས་ཁྱད། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་སོགས། །དེ་ཉིད་ཀྱི་ནི་ཁྱད་པར་ཆེ། །ལེགས་པར་བསྟན་གྱིས་ལེགས་པར་
བཟུང་། །དེ་ནས་འཁོར་ཐམས་ཅད་དགའ་ཞིང་ཡིད་རངས་པར་གྱུར་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྣལ་འབྱོར་མ་ཙནྡྲ་མཱ་ལ་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱིཛྙཱ་ན་མཱ་ལ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀྱེ་ལགས་གསང་བདག་རྡོ་རྗེ་འཛིན། །གསང་བ་བླ་ན་མེད་པ་ཡི། །ལྟ་བ་ཞེས་པ་གང་གང་ལགས། །སྤྱོད་
པ་གང་དང་གང་ལགས་པ། །གཙོ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྟ་བ་ཤེས་རབ་ཕ་རོལ་ཕྱིན། །གདོད་ནས་སྤྲོས་བྲལ་ལྷུན་གྱིས་གྲུབ། །རང་རིག་ཡེ་ཤེས་དབྱིངས་ན་གསལ། །མ་རིག་མུན་པས་བསྒྲིབས་པ་མེད། །ཤེས་རབ་སྙིང་པོ་
རྩེར་བྱུང་བ། །ལྟ་བ་ཀུན་གྱི་ཡང་རྩེ་ཡིན། །དོན་དམ་རང་རིག་ཡེ་ཤེས་ལ། །བླང་བ་མེད་ཅིང་དོར་བ་མེད། །དམན་དང་གྱ་ནོམ་གཉིས་ཀ་མེད། །བསྒོམ་པ་པོ་མེད་བསྒོམ་བྱ་མེད། །དམིགས་མེད་གནས་སུ་སྙིང་རྗེ་དང་། །དམིགས་མེད་གནས་སུ་ཤེས་རབ་གཉིས། །བློ་དང་ལྷན་ཅིག་
གཅིག་གྱུར་པ། །ནམ་མཁར་ནམ་མཁའི་རང་བཞིན་ནོ། །རང་རིག་ཡེ་ཤེས་གང་འདོད་པས། །མཚན་མའི་རྣམ་རྟོག་བསྒོམ་པ་མིན། །དམན་པ་རྣམས་ལ་སྐུར་མི་གདབ། །དེ་ཉིད་ལ་ཡང་སྒྲོ་མི་གདགས། །དང་པོར་བསྐལ་པར་བསྒོམས་པ་དང་། །རང་རིག་སྐད་ཅིག་ཐོབ་པ་
གཉིས། །བརྒྱ་སྟོང་ལ་སོགས་ཆར་མི་ཕོད། །དཔེ་དང་བགྲང་བར་མི་ནུས་ཏེ། །དཔེར་ན་མཚོ་དང་རླབས་རྗེས་བཞིན། །དངོས་པོ་སྒོམ་པ་བསྒོམ་པ་མིན། །དངོས་མེད་སྒོམ་པ་སྒོམ་པ་མིན། །དངོས་དང་དངོས་མེད་རོ་མཉམ་ན། །མ་བསྒོམས་ན་ཡང་བསྒོམས་པ་ཉིད། །བསྒོམ་
དང་མི་བསྒོམ་གཉིས་ཀ་མེད། །འོད་གསལ་དེ་ལ་སེམས་ཟིན་ན། །གཟུང་འཛིན་དགྲ་ཡི་དཔུང་རྣམས་འཇོམས། །ཕྱོགས་བཅུ་འཇིག་རྟེན་ཁམས་བཅས་པའི། །དཔའ་བོ་མཁའ་འགྲོ་མཆོད་པའི་གནས། །རབ་ཀྱིས་མཉམ་གཞག་རྗེས་ཐོབ་སྤངས། །འབྲིང་གིས་རྗེས་ཐོབ་
སྟོང་པར་ལྟ། །ཐ་མས་རྗེས་ཐོབ་སྒྱུ་མར་ལྟ། །སེང་གེ་ལྟ་བུའི་ལྟ་སྤྱོད་ནི། །བཞི་པ་ཡིན་པར་ང་ཡིས་གསུངས། །དེ་ནས་སྤྱོད་པའི་རྒྱལ་པོ་བཤད། །སྤྱོད་པ་རྣམ་པ་གསུམ་ཡིན་ཏེ། །ཀུན་ཏུ་བཟང་པོ་བྷུ་སུ་ཀུ། །ཨ་བ་དྷཱུ་ཏཱི་གསུམ་ཡིན་ནོ། །སྤྱོད་པའི་དུས་དང་གནས་དང་

ཟས། །གང་ཟག་དང་ནི་དབྱེ་བ་དང་། །ངོ་བོ་དང་ནི་ཚད་དང་ཡང་། །ཐབས་དང་དགོངས་པ་དགོས་པ་དང་། །མཁས་པས་ཀུན་ལ་སྦྱར་བར་བྱ། །སངས་རྒྱས་རིགས་དང་རྡོ་རྗེའི་རིགས། །རིན་ཆེན་རིགས་དང་པདྨའི་རིགས། །ལས་ཀྱི་རིགས་དང་སྤྱོད་པ་ལྔ། །
ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན། །སྡོམ་པ་གསུམ་ལ་གནས་པ་དང་། །དཀོན་མཆོག་གསུམ་ནི་འཛིན་པ་དག །སངས་རྒྱས་ཀྱི་ནི་མཆོག་གི་སྤྱོད། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འཛིན། །བླ་མ་འཛིན་པ་རྡོ་རྗེའི་སྤྱོད། །དམ་ཚིག་ཡིད་འོང་དུས་བཞི་རུ། །སྦྱིན་པ་རྣམ་བཞི་རིན་ཆེན་སྤྱོད། །
ཐེག་པ་གསུམ་དང་དམ་ཆོས་འཛིན། །པདྨ་ཤར་གྱི་སྤྱོད་པ་ཡིན། །དམ་ཚིག་ཐམས་ཅད་ལྡན་པ་དང་། །མ་གྲོལ་ལ་སོགས་དགྲོལ་བ་ནི། །རྟ་ཡི་རྒྱལ་པོའི་སྤྱོད་པ་ཡིན། །ཟ་བ་ཉལ་བ་འཆག་པ་གསུམ། །རྣལ་འབྱོར་ཆེན་པོས་གནས་བྱ་སྟེ། །གཡེང་བས་གཡེང་བ་སྤོང་བ་ནི། །
བྷུ་སུ་ཀུ་ཡི་སྤྱོད་པའོ། །རྒྱན་འཆང་བ་དང་བདུད་རྩི་མྱང་། །ཕྱག་རྒྱ་བསྟེན་དང་རྣམ་པ་གསུམ། །ཨ་བདྷཱུ་ཏཱིའི་སྤྱོད་པ་སྟེ། །རྒྱན་ལ་དྲུག་སྟེ་ཕྱག་རྒྱ་ལྔ། །བདུད་རྩི་བཅུ་སྟེ་མི་གཙང་བས། །མི་གཙང་འཁྲུད་པའི་སྤྱོད་པའོ། །གནས་ནི་ཁ་ན་མ་ཐོ་མེད། །ཕྱི་ནང་གཡེང་མེད་གནས་
ཡིན་ནོ། །རྟོག་པ་འཇོམས་པ་སློབ་པའི་དུས། །གྲུབ་ན་རྫུ་འཕྲུལ་སྟོན་པའི་དུས། །ཐབས་ནི་གཞན་གྱིས་མཐོང་བ་དང་། །སྒྲོ་དང་སྐུར་པ་མེད་པའོ། །དགོངས་པ་གཉེན་པོའི་སྟོབས་ཡིན་ཏེ། །རྙེད་དང་བཀུར་སྟི་གྲགས་པ་དང་། །ཟུག་རྔུའི་ཁ་ཟས་མ་ཡིན་ཏེ། །བླ་མའི་
དུས་ཐབས་ལེགས་བསྟེན་བླང་། །ཁ་ཟས་རྣམ་རྟོག་ཆུང་བ་ཡི། །ལས་དང་པོ་ཡིས་བྱ་བར་གསུངས། །དབྱེ་བ་གསུམ་དང་བྱེ་བྲག་ནི། །གོང་དུ་གསུངས་པ་ཁོ་ནའོ། །ངོ་བོ་རྟོག་མེད་སེམས་དེ་ཉིད། །གཙང་སྨེ་འགགས་དང་སྤྲུལ་པ་སྟོན། །འདི་ཉིད་འགྲུབ་པའི་ཚད་ཡིན་ནོ། །
དགོས་པ་ལ་ཡང་གཉིས་ཡོད་དེ། །གཙང་སྨེ་སྤང་བ་དགོས་པ་ལས། །དགོས་པ་དངོས་ལ་རྣམ་པ་བཞི། །རང་སེམས་བརྟན་གཡོ་བརྟག་པ་དང་། །ཕྱག་རྒྱ་ཁྱད་པར་ཚོལ་བ་དང་། །དེས་འདུལ་གང་ཟག་གཞུག་པ་དང་། །མི་མོས་སྐུར་པ་དགག་པའོ། །གསང་སྔགས་

རྒྱལ་པོའི་ལྟ་སྤྱོད་ཀྱིས། །འཁོར་གྱི་དཔའ་བོ་མཁའ་འགྲོ་ཚོགས། །དུས་དང་བརྒྱལ་དང་འགྱེལ་གྱུར་པས། །དབུགས་དབྱུང་བ་ཡི་ཏིང་འཛིན་གྱིས། ཐམས་ཅད་དྲན་པ་སླར་རྙེད་ནས། །ཐམས་ཅད་མགྲིན་གཅིག་འདི་སྐད་གསོལ། །དངོས་པོ་རོ་མཉམ་གྱུར་པ་ཡི། །
ལྟ་བ་འདི་ཡང་ངོ་མཚར་ཆེ། །གཡེང་བས་གཡེང་བ་སྤང་བ་ཡི། །སྤྱོད་པ་འདི་ཡང་ངོ་མཚར་ཆེ། །ཆོས་རྣམས་སྟོང་པར་རོ་མཉམ་ན། །ལྟ་དང་མི་ལྟ་ག་ལ་ཡོད། །གཙང་སྨེ་བདུད་རྩི་རོ་གཅིག་ལ། །སྤྱོད་དང་མི་སྤྱོད་ག་ལ་ཡོད། །དབང་བསྐུར་བ་དང་རྡོ་རྗེ་འཛིན། །
མཉམ་གཞག་རྗེས་ཐོབ་ག་ལ་ཡོད། །ཐམས་ཅད་སེམས་ཀྱི་ངོ་བོ་ལ། །གཟུང་དང་འཛིན་པ་ག་ལ་ཡོད། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །འཁོར་བ་ཐོག་མ་མེད་པ་ནས། །ལྷན་ཅིག་སྐྱེས་པའི་སྒྲིབ་གཡོགས་ཀྱིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །ཟླ་བ་
རབ་རིབ་སེལ་བྱེད་དེ། །མིག་གིས་རང་གི་རྡུལ་མི་མཐོང་། །སེམས་ཀྱིས་དེ་ཉིད་མ་རྟོགས་པར། །ཐ་དད་གཟུང་འཛིན་སྣ་ཚོགས་འཛིན། །དེ་ཕྱིར་ལྟ་བའི་རྒྱལ་པོ་བསྟན། །མི་ཤེས་པ་ཡི་རབ་རིབ་ཀྱིས། །བདུད་རྩིའི་དེ་ཉིད་མ་ཤེས་ཏེ། །གཙང་དང་མི་གཙང་ལ་
སོགས་བརྟགས། །དེ་ཕྱིར་སྤྱོད་པའི་རྒྱལ་པོ་བསྟན། །གནས་པའི་རྐྱེན་དང་གཡེང་བའི་རྐྱེན། །དེ་ཕྱིར་ཟུང་འཇུག་རྒྱལ་པོ་བསྟན། །རྐྱེན་དང་དབང་པོ་རབ་འབྲིང་གིས། །མཉམ་གཞག་རྗེས་ཐོབ་རྒྱལ་པོ་བསྟན། །མི་ཤེས་པ་ཡི་རབ་རིབ་ཀྱིས། །འཁྲུལ་པས་
གཟུང་འཛིན་གཉིས་སུ་བརྟགས། །དེ་ཕྱིར་སེམས་ཀྱི་རྒྱལ་པོ་བསྟན། །ལྟ་སྤྱོད་འདི་ལ་ནན་ཏན་གྱིས། །དེ་ནས་ཐམས་ཅད་དགའ་ཞིང་མགུ་ནས་ཡི་རངས་ཏེ། ཕྱི་ནང་གི་མཆོད་པས་མཆོད་ནས་མི་སྣང་བར་གྱུར་ཏོ། །དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་
ལྟ་སྤྱོད་ཟུང་དུ་འཇུག་པ་རྫོགས་སོ།། །།རྣལ་འབྱོར་མ་ཙནྡྲ་མཱ་ལ་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱིཛྙཱ་ན་ཛྭ་ལ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཡེ་ཤེས་འབར་བའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །ངོ་མཚར་རྨད་དུ་བྱུང་བ་ཡི། །རྒྱུད་ནི་གང་ལགས་རྒྱལ་པོ་གང་། །
ཡེ་ཤེས་གང་ལགས་འབར་བ་གང་། །དཔལ་ནི་གང་ལགས་བདག་ལ་གསུངས། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །དཔལ་ནི་གཉིས་མེད་ཡེ་ཤེས་ཏེ། །གཉིས་མེད་བདེ་ཆེན་རོ་ལས་བྱུང་། །གཟུང་འཛིན་མཐའ་སྤངས་རང་རིག་གོ། །སྣ་ཚོགས་མདུད་པ་ཡེ་ཤེས་
ཆེ། །རང་བྱིན་བརླབ་པ་ལྟེ་བར་ཏེ། །དཀྱིལ་འཁོར་འཁོར་ལོ་གསང་བར་རོ། །སྨིན་མཚམས་ཀྱི་ནི་མཛོད་སྤུ་ལྟར། །ཐུང་དུ་གནས་ཤིང་རིང་དུ་འགྱུར། །དེ་ཉིད་དྲང་དང་ཁ་དབྱེ་དང་། །རྒྱས་པར་བྱ་བ་གསུམ་ཡོད་དེ། །དང་པོར་དྲང་བའི་རྣམ་པ་ཡང་། །འདྲོངས་པའི་
ཚད་ནི་གསུམ་ཡོད་དེ། །སྒོ་གསུམ་ཡོན་ཏན་གསུམ་ལྡན་ན། །སོར་བཞི་ཕྱི་རུ་འབྱུང་བར་ངེས། །འབྲིང་ལ་སོར་གཉིས་ཐ་མ་ལ། །སོར་དང་ནས་ཀྱི་ཚད་ཀྱིས་འབྱུང་། །སྦོམ་ཕྲ་གཞན་སྐྱེས་ཕྲ་མོ་ཙམ། །དང་པོ་བྱ་གདོང་ཉིད་ན་གནས། །རྣམ་ཐར་སོར་གཉིས་སྐྱེ་མཆེད་བཞི། །
སྟོང་པ་བཅུ་དྲུག་ཁམས་བཅྭ་བརྒྱད། །ཉི་ཤུ་ལྟེ་བར་ཉི་ཤུ་ལྔ། །སྙིང་ག་རུ་ནི་གནས་པའོ། །སྨན་ལ་སོགས་པ་ཀུན་ལྡང་བས། །དྲང་བའི་སྦྱོར་བ་བརྩམ་པར་བྱ། །རྣམ་སྣང་སྐུ་རགས་བཅིང་བ་དང་། །རྒྱབ་ཡོལ་དབུལ་དང་མཆོད་པ་དབུལ། །གདན་ཁྲི་དབུལ་དང་སྐུ་ཁྲུས་དབུལ། །
སྨན་མཆོད་དབུལ་དང་མེ་མཆོད་དབུལ། །དེ་ནས་རེག་བྱའི་མཆོད་པ་དབུལ། །ཀུན་རྫོབ་ལྕེ་ཡི་རྩེ་མོ་འམ། །ཁྲོ་བོ་མཛུབ་མོའི་རྩེ་མོ་ལ། །བདུད་རྩི་རིལ་བུ་ལེགས་བྱས་ཏེ། །མཁས་པས་རེག་བྱའི་མཆོད་པ་དབུལ། །མངོན་དུ་ཤེས་པ་གདོན་མི་ཟ། །བདེ་བ་ཆེན་པོའི་མཆོད་པ་
ཡིས། །ཁམས་གསུམ་མཆོད་པ་གདོན་མི་ཟ། །དར་རམ་མེན་ཏྲི་སོར་བཞིའི་ཚད། །རྐེད་པར་སྐ་རགས་དབུལ་བར་བྱ། །སྤྲུལ་པའི་གཡས་དང་གཡོན་གཉིས་སུ། །རས་བལ་ལ་སོགས་རྒྱབ་ཡོལ་དབུལ། །ཤིང་བུ་རིགས་དང་མཐུན་པ་ཡིན། །སྦོམ་ཕྲ་རིགས་ཀྱི་བདག་པོ་ཙམ། །

དྲི་མེད་སྨན་དང་སྣུམ་ལྡན་པའི། །ཟུག་རྔུ་མི་སྐྱེད་མཆོད་རྫས་ཀྱིས། །བཻ་རོ་ཙ་ནའི་ལམ་དུ་མཆོད། །དྲི་ཞིམ་ཆུ་ཡིས་ཁྲུས་བྱས་ཏེ། །ཁྲུས་ཀྱིས་ལུས་ལ་མཆོད་པ་དབུལ། །སྨན་དང་སྣུམ་གྱི་ཕྱེ་མ་ཡིས། །སྒོ་གཉིས་དག་ཏུ་མཆོད་པ་དབུལ། །ཤིན་ཏུ་དྲོ་བའི་མེ་དག་གིས། །
གཏུམ་མོའི་མེ་ལ་མཆོད་པ་དབུལ། །རྐེད་པའི་ཚད་མཉམ་ཀ་ཏི་ཀ། །གདན་ཁྲི་བསྟབ་པའི་མཆོད་པ་དབུལ། །དེ་ཡིས་འདྲོངས་པར་གདོན་མི་ཟ། །དེ་ནས་རྒྱས་པར་བྱ་བ་ཡང་། །གཞན་ནི་གོང་དང་འདྲ་བ་སྟེ། །ཕྱི་ནང་འདོད་པའི་མཚན་མ་ཀུན། །རྒྱས་པར་བྱེད་པའི་ལས་ཡིན་ཏེ། །
རྒྱས་པའི་སྦྱོར་བ་གསུམ་བྱས་ན། །དཔེར་ན་མེ་ཏོག་པདྨ་བཞིན། །དེ་ནས་དབྱེ་བའི་རིམ་པ་ཡང་། །གོང་དུ་གསུངས་པ་ཐུན་མོང་སྟེ། །དུས་གསུམ་ལྕེ་ཡི་རྩེ་མོས་ཀྱང་། །བསྐྱོད་ན་ངེས་པར་ཁ་འབྱེད་དོ། །དེ་ཉིད་གསུམ་ནི་མེ་རང་བཞིན། །མེ་འབར་བ་ཡི་རྐྱེན་གྱུར་པ། །རླུང་ཉིད་
ཡིན་པར་གསུངས་པ་སྟེ། །རྐྱེན་དེས་མེ་ཉིད་འབར་བར་བཤད། །གཞན་ཡང་རྐྱེན་གྱི་བྱེ་བྲག་དང་། །སྲོག་རྩོལ་རླུང་ནི་དབུ་མར་དགག །བུམ་པ་ཞབས་མེད་རླུང་ཕུལ་ནས། །སྒོ་དགུ་ཕྱི་རོལ་དྲག་ཏུ་བུད། །ལུས་ཀྱི་ངལ་དུབ་ཆ་མཉམ་སྟེ། །སྦྱོར་བ་རྫོགས་ན་བདེ་བའི་རྐྱེན། །
བདེ་བ་ལས་ནི་རྡོ་རྗེ་འཆང་། །བདེ་བ་ཡིས་ནི་བདེ་བ་འགྲུབ། །རྒྱུ་བདེ་བ་ལས་འབྲས་བུ་བདེ། །རྒྱུ་ཡི་ནང་ན་འདི་མཆོག་ལ། །འབྲས་བུའི་ནང་ན་འདི་མཆོག་གོ། །དེ་ནས་བདེ་བའི་རྐྱེན་གྱུར་པ། །སྲིད་པ་དགག་དང་རླུང་དགག་པ། །གནས་ནས་གནས་སུ་རྟེན་གཟུང་སྟེ། །གཡས་
བརྐྱང་བས་ནི་རོ་མ་དགག །དཔའ་བོ་གཡས་ནས་མཁའ་འགྲོ་གཡོན། །གཡོན་བརྐྱང་བས་ནི་རྐྱང་མ་སྟེ། །ས་གས་ཀུན་འདར་མ་རུ་གཟུང་། །དེ་བཞིན་ཟླུམ་པོས་དབུ་མར་གཟུང་། །དེ་དག་ཀུན་གྱི་བྱེ་བྲག་ཀྱང་། །དཔའ་བོས་གཡས་དང་གཞན་གྱིས་གཡོན། །དེ་བཞིན་ཀུན་ལ་སྦྱར་བར་
བྱ། །གཞན་ཡང་གཟུང་བའི་བྱེ་བྲག་ཀྱང་། །དྲིལ་ཅན་བུ་གུ་དགུ་ལམ་གྱིས། །རླུང་རྒྱུ་ཕྱི་རུ་བུས་བྱས་ཏེ། །རྐང་ལག་དྲག་ཏུ་བསྒྲིམས་བྱས་ན། །ཟིན་པར་འདི་ལ་ཐེ་ཙོམ་མེད། །དཔའ་བོ་མཁའ་འགྲོ་མ་གཉིས་ཀྱིས། །ཐུན་མོང་དུ་ནི་བྱ་བར་གསུངས། །བཻ་རོ་ཙ་ན་ལས་ཀྱི་

རླུང་། །གཞན་ཡང་ལམ་བརྒྱད་རླུང་རྣམས་དག །དང་པོ་ཉིད་དུ་བསྡམས་བྱས་ན། །ཟིན་པར་འདི་ལ་ཐེ་ཙོམ་མེད། །དབྱེ་བ་བསྡམ་པའི་མན་ངག་གོ། །བྱེད་པ་སྤེལ་མར་སོང་གྱུར་ན། །མི་ཟིན་པ་ལ་ཐེ་ཙོམ་མེད། །གནས་གསུམ་དག་ཏུ་ཀྵ་བསམས་ཏེ། །
དབུགས་གསུམ་པ་ཡིས་ཡར་དྲངས་ཏེ། །ལྟེ་བའི་གྱེན་ལ་དྲངས་ཀྱང་ཟིན། །འདི་ནི་གང་ཟག་མཆོག་གིས་ཡིན། །མཛེས་པའི་སྤྱི་བོ་དེ་ཉིད་ལ། །གྱེན་དུ་བཀན་དང་ཐུར་དུ་བཀན། །དྲང་པོར་གཡས་གཡོན་བཙན་ཐབས་ལ། །ཀ་ཏིའི་གཟེར་ནི་བཙན་ཐབས་གཅིག །སྦོམ་
པོ་ཁྲོ་མོས་མནན་པ་སྟེ། །བླ་མའི་ཞལ་ནས་མ་བླངས་ན། །ལུས་ཀྱི་ནད་བཞི་ཀུན་ནས་སྐྱེ། །ཆུ་འགགས་ཆུ་སོ་སྐྲངས་ལ་སོགས། །ལུས་སྨད་ནད་སྣ་ཉི་ཤུ་འབྱུང་། །གཞན་ཡང་བཙན་ཐབས་བཅུ་གཉིས་ནི། །བླ་མའི་ཞལ་ནས་ཤེས་པར་བྱ། །བླ་མ་མཉེས་
པར་བྱ་བའི་ཕྱིར། །ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཀྱིས། །དུས་གསུམ་མཎྜལ་དང་བཅས་མཆོད། །ལུས་སྲོག་བཏང་བར་ཕངས་པ་བས། །མན་ངག་དམ་པ་དེ་བས་ཕངས། །དེ་བས་བཙན་ཐབས་ལེགས་པར་སྦ། །མན་ངག་ཆུ་བོའི་རྒྱུན་འདྲ་བས། །དེ་ཉིད་རྒྱུད་དུ་ཤེས་
པར་བྱ། །ཟབ་མོའི་དོན་སྟོན་རྒྱལ་པོར་གསུངས། །རྡོ་རྗེ་ཕག་མོ་ལ་སོགས་རྣམས། །གསང་བའི་གསང་བ་རྨད་བྱུང་འདི། །ཁྱོད་ལ་གཏད་དོ་དམ་དུ་སྔོས། །ཀུན་ལ་སྤེལ་ན་དམ་ཚིག་ཉམས། །ཀྱེ་མ་རྒྱུད་ཀྱི་དོན་འདི་ལ། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །
དཔའ་བོ་མཁའ་འགྲོ་མ་ཡི་ཚོགས། །ཐམས་ཅད་ངོ་མཚར་ཆེར་སྐྱེས་ཏེ། །དགའ་ཞིང་མགུ་ནས་ཡི་རང་ངོ་། །དཔལ་ཡེ་ཤེས་འབར་བའི་རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མའི་གསང་བ་ལས་ཀྱང་ཆེར་གསང་བ་རྨད་དུ་བྱུང་བ་རྫོགས་སོ།། །།སིང་གྷ་ལའི་གླིང་གི་རྣལ་འབྱོར་
མ་ཙནྡ་མཱ་ལ་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙནྡྲ་མཱ་ལ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་

འཚལ་ལོ། ཀྱེ་ཧོ་མགོན་པོ་རྡོ་རྗེ་ཅན། །སྒྲོན་མ་ཉི་ཤུ་རྩ་བཞི་ཡི། །ངེས་པ་གང་ལགས་ཚད་གང་ལགས། །རང་བཞིན་གྲུབ་པ་ཇི་ལྟར་ལགས། །མགོན་པོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བཞིན་གྲུབ་པ་སྒྲུབ་འདོད་པ། །བླ་མའི་
བཀའ་དྲིན་ལེགས་མནོས་ཏེ། །དུར་ཁྲོད་ལ་སོགས་ས་ཕྱོགས་སུ། །བར་ཆད་གསུམ་མེད་ཡོན་ཏན་ལྡན། །བརྟགས་པ་ལས་དང་པོ་ཡི་གནས། །གང་ཟག་མཆོག་ལ་བརྟག་ཏུ་མེད། །ཡོན་ཏན་ལྡན་པའི་སར་འདུག་སྟེ། །བླ་མེད་སེམས་གཟུང་རྣལ་འབྱོར་པས། །སྒོ་གསུམ་
དལ་བའི་ཚད་བརྟག་སྟེ། །བཅིང་བ་གསུམ་ནི་ངེས་བསྒོམས་པས། །སྐྱེ་བ་གཅིག་གིས་གྲུབ་པར་ངེས། །དབུགས་བཅིང་ཀུན་རྫོབ་སྣ་རྩེ་ཡིན། །ཡིད་བཅིངས་སོར་བཞི་ནམ་མཁའི་ཁམས། །སེམས་བཅིངས་རང་རིག་བསམ་མི་ཁྱབ། །རྒྱུ་རྐྱེན་ལས་ནི་སྣ་ཚོགས་ལས། །སེམས་
ཅན་མོས་པ་སྣ་ཚོགས་འབྱུང་། །དེ་དག་བཅིངས་གསུམ་དག་པ་ཡིས། །སེམས་ཅན་བཅིངས་ལས་ངེས་པར་གྲོལ། །བླ་མའི་ཞལ་ནས་ཤེས་པར་བྱ། །འདུ་ཤེས་གསུམ་གྱི་ཆ་ལས་གྲོལ། །ཐིག་ལེ་ཆ་གསུམ་ཕྲ་མོ་ནི། །ཡན་ལག་ལྔ་ལྡན་འབྱུང་བའི་རིམ། །སྒྲ་དང་རང་རིག་རེ་
རེར་སྣང་། །སྟོང་ཉིད་ཐབས་དང་ཤེས་རབ་ཚུལ། །ས་དང་ལམ་སོགས་རིམ་པ་ཀུན། །རང་བཞིན་གྱིས་གནས་མཁས་པས་སྦྱར། །དེ་ནས་སྒྲོན་མའི་ཚད་བསྟན་ཏེ། །ཚད་ནི་སྤྱི་དང་བྱེ་བྲག་སྟེ། །བརྒྱ་ཕྲག་གཉིས་དང་བཅུ་གཉིས་དང་། །ཡི་གེ་གསུམ་ལས་ངེས་འབྱུང་བ། །
གསང་བ་གཅོད་པའི་རྒྱུད་ཀྱི་ཚད། །བརྒྱ་ཕྲག་གཅིག་དང་སུམ་ཅུ་ལྔ། །ཡི་གེ་བཅུ་དགུ་ལས་བྱུང་བ། །རིན་ཆེན་ཕྲེང་བའི་ངེས་པའི་ཚད། །བརྒྱ་ཕྲག་གཅིག་དང་སུམ་ཅུ་བཞི། །མི་འགྱུར་བཅུ་གསུམ་ལས་བྱུང་བ། །སྐུ་གསུང་ཐུགས་ཀྱི་སྒྲོན་མའོ། །བརྒྱད་ཅུ་རྩ་ལྔར་ཡི་གེ་བཞིས། །
མ་ཚང་པ་ལས་གང་འགྱུར་བ། །གསང་བ་བསམ་གྱིས་མི་ཁྱབ་པའོ། །བརྒྱད་ཅུ་རྩ་གཉིས་ཡི་གེ་གཅིག །རིན་ཆེན་འབར་བའི་ལྡང་ཚད་དོ། །སུམ་ཅུ་རྩ་གཅིག་ཡི་གེ་ནི། །ཉི་ཤུ་རྩ་གཉིས་ལས་བྱུང་བ། །ནམ་མཁའ་མཉམ་པའི་ཚད་ཡིན་ནོ། །དྲུག་ཅུ་རྩ་དྲུག་ཡི་གེ་དྲུག །དམ་

ཚིག་ཆེན་པོའི་རྒྱུད་ཀྱི་ཚད། །དྲུག་ཅུ་ཡི་གེ་ཉི་ཤུ་གཅིག །གསང་བ་རྡོ་རྗེར་རབ་ཏུ་གྲགས། །དྲུག་ཅུ་རྩ་གཉིས་མི་འགྱུར་བ། །བཅུ་དྲུག་སྟོབས་པོ་ཆེ་ཡི་ཚད། །བཞི་བཅུ་རྩ་གཅིག་ཡི་གེ་ལྔ། །ནམ་མཁའ་ཆེན་པོའི་ཚད་ཡིན་ནོ། །དྲུག་ཅུ་རྩ་དྲུག་ཡི་གེ་དྲུག །ཡེ་
ཤེས་འབར་བའི་ལྡང་ཚད་དོ། །སུམ་ཅུ་རྩ་དྲུག་ཡི་གེ་དགུ། །ཡེ་ཤེས་ཕྲེང་བའི་ཚད་ཡིན་ནོ། །སུམ་ཅུ་རྩ་བཞི་ཉི་ཤུ་བཞི། །མཁའ་འགྲོ་གསང་བའི་ཚད་ཡིན་ནོ། །སུམ་ཅུ་རྩ་བཞི་བཅུ་བཞི་དག །མེ་ཡི་ཕྲེང་བའི་ཚད་ཡིན་ནོ། །ཉི་ཤུ་རྩ་གཉིས་བཅྭ་བརྒྱད་དག །ཡེ་ཤེས་
རྒྱལ་པོའི་ལྡང་ཚད་དོ། །བདུན་ཅུ་རྩ་བརྒྱད་རྐང་པ་ཕྱེད། །ཆགས་པའི་རྒྱལ་པོའི་ཚད་ཡིན་ནོ། །ཚིགས་སུ་བཅད་པ་ཉི་ཤུ་ལྔ། །ཡེ་ཤེས་བསམ་པའི་ལྡང་ཚད་དོ། །དགུ་བཅུ་གོ་བརྒྱད་ལས་བྱུང་བ། །ཡེ་ཤེས་གསང་བའི་ཚད་ཡིན་ནོ། །ཉི་ཤུ་ཐམས་པ་གང་ཡིན་པ། །
གསང་བ་རྡོ་རྗེ་རྒྱལ་པོའི་ཚད། །བརྒྱ་དང་ཉི་ཤུ་རྩ་གཉིས་ནི། །རྡོ་རྗེ་རྒྱལ་པོ་ར་ལིའི་ཚད། །ལྔ་བཅུ་རྩ་གསུམ་ཡི་གེ་བཅུ། །དུར་ཁྲོད་རྒྱན་གྱི་ལྡང་ཚད་དོ། །སུམ་ཅུ་རྩ་གསུམ་ཡི་གེ་ནི། །བཅུ་དྲུག་མཁའ་འགྲོ་མ་སྡོམ་ཚད། །ལྔ་བཅུ་ཡི་གེ་བཅྭ་ལྔ་ལས། །བྱུང་བ་གསང་
བ་བདུད་རྩིའི་རྒྱལ། །བཞི་བཅུ་ཡི་གེ་ཉི་ཤུ་བཞི། །ཉི་མའི་འཁོར་ལོའི་གཞུང་ཚད་དོ། །སུམ་ཅུ་ཡི་གེ་བཅུ་དྲུག་ལས། །བྱུང་བ་ཟླ་བའི་ཕྲེང་ཚད་དོ། །དེ་ནས་ངེས་པར་བཤད་བྱ་སྟེ། །གསང་བའི་འཁོར་ལོ་གང་སྟོན་པ། །གསང་བའི་རྡོ་རྗེའི་དམ་ཚིག་དག །སྟོན་པ་དམ་
ཚིག་ཆེན་པོར་ངེས། །དགྲ་དྲུག་སྟོན་པ་སྟོབས་པོ་ཆེ། །དབང་བཞི་དགག་སྒྲུབ་གསང་བ་གཅོད། །རང་རིག་དེ་སྟོན་བསམ་མི་ཁྱབ། །ཡི་གེ་གསུམ་སྟོན་རིན་ཆེན་འབར། །སྒོ་གསུམ་ལམ་སྟོན་ནམ་མཁའ་མཉམ། །བཅོམ་ལྡན་ལ་སོགས་ཐེ་ཙོམ་མེད། །སྟོན་པ་
ནམ་མཁའ་ཆེན་པོ་སྟེ། །དབང་བཞིའི་དེ་ཉིད་གང་སྟོན་པ། །ཡེ་ཤེས་གསང་བའི་རྒྱུད་དུ་ངེས། །ལྟ་སྤྱོད་རྨད་དུ་གང་བྱུང་བ། །སྟོན་པ་ཡེ་ཤེས་ཕྲེང་བར་ངེས། །གླེང་བསླང་རྣམ་པ་ལྔ་ཡི་དོན། །སྟོན་པ་མཁའ་འགྲོ་གསང་བའི་རྒྱུད། །ཧེ་རུ་ཀ་དཔལ་གང་སྟོན་པ། །

མེ་ཡི་ཕྲེང་བའི་རྒྱུད་དུ་གྲགས། །དབང་གསུམ་དོན་ནི་གང་སྟོན་པ། །སྐུ་གསུང་ཐུགས་ཀྱི་ར་ལིར་ངེས། །སྣོད་བཅུད་རིན་ཆེན་སྟོན་བྱེད་པ། །རིན་ཆེན་ཕྲེང་བའི་ར་ལིར་ངེས། །ལྷན་ཅིག་སྐྱེས་སྟོན་ཡེ་ཤེས་བསམ། །རྡོ་རྗེ་རྙོག་པ་མེད་པའོ། །ལྷ་ཡི་དེ་ཉིད་གང་སྟོན་པ། །
ཆགས་པའི་རྒྱལ་པོའི་ར་ལིར་ངེས། །ངེས་པ་ལྔ་སྟོན་རྡོ་རྗེ་རྒྱལ། །རི་གི་ཨཱ་ར་ལི་ཞེས་གྲགས། །དུར་ཁྲོད་བརྒྱད་སྟོན་དུར་ཁྲོད་རྒྱན། །དམ་ཚིག་སྡོམ་པ་མཁའ་འགྲོ་གསུམ། །སྟོན་པ་མཁའ་འགྲོ་སྡོམ་པའོ། །དཀྱིལ་འཁོར་ལ་སོགས་དྲུག་སྟོན་པ། །གསང་བ་བདུད་རྩིའི་རྒྱལ་
པོའོ། །འཁྲུལ་པ་འཁྲུལ་གཞི་དེ་བསད་པ། །གསུམ་སྟོན་ཡེ་ཤེས་རྒྱལ་པོའི་རྒྱུད། །མ་སྤངས་ངེས་སྟོན་ཉི་འཁོར་ལོ། །ཚད་ངེས་བསྒྲུབ་གསུམ་སྟོན་ཟླ་ཕྲེང་། །རྒྱུད་སོགས་ལྔ་སྟོན་ཡེ་ཤེས་འབར། །དེ་ནས་འཁོར་ཐམས་ཅད་དགའ་ནས་རྒྱུད་ཐམས་ཅད་ཀྱི་དོན་ལ་ཡི་རངས་པར་
གྱུར་ཏོ། །དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་རཏྣ་ཛྭ་ལ་ཏནྟྲ་རཱ་ཛ་ནཱ་
མ། བོད་སྐད་དུ། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཧེ་ཧེ་རྡོ་རྗེ་སྙིང་པོ་དང་། །མཁའ་སྤྱོད་མ་ལ་སོགས་པ་དག །སྒོ་གསུམ་ལེགས་པར་བསྡུས་ནས་ནི། །ར་ལི་ཆེན་པོའི་དབྱེ་བ་ཉོན། །ལ་ལས་བྱུང་བ་ཐབས་ཀྱི་རྒྱུད། །
ར་ལས་བྱུང་བ་ཤེས་རབ་རྒྱུད། །ཨི་ཕྱིས་ཨ་ལས་གཉིས་མེད་རྒྱུད། །ཐབས་ནི་སྐུ་སྟེ་ཤེས་རབ་གསུང་། །གཉིས་མེད་ཐུགས་སུ་ཤེས་པར་བྱ། །སྐུ་གསུང་ཐུགས་ཀྱི་རང་བཞིན་ལས། །ཉི་ཤུ་རྩ་བཞི་བྱུང་བའོ། །ཨ་ལ་ལ་ཧོ་ཨེ་མའོ། །ཐབས་ནི་ལ་ལས་ཇི་ལྟར་བྱུང་། །ར་ལས་
ཤེས་རབ་ཇི་ལྟར་བྱུང་། །ཨ་ལས་གཉིས་མེད་ཇི་ལྟར་བྱུང་། །སྐུ་གསུང་ཐུགས་སུ་ཇི་ལྟར་འགྱུར། །ཉི་ཤུ་རྩ་བཞིར་ཇི་ལྟར་དབྱེ། །ཨེ་མའོ་མགོན་པོས་བཤད་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཨ་ལས་ཨ་བ་དྷཱུ་ཏཱི་སྟེ། །འདི་ཉིད་ལས་ནི་གཉིས་མེད་རྒྱུད། །

འབྱུང་བའི་གནས་དང་རྒྱུ་རུ་བརྟགས། །ལ་ལས་ལ་ལ་ནཱ་ཡི་རྩ། །དེ་ལས་ཐབས་ཀྱི་རྒྱུད་བྱུང་བའི། །རྒྱུ་དང་གནས་དང་ངོ་བོ་བརྟག །ར་ལས་ར་ས་ནཱ་ཡི་རྩ། །འདི་ཉིད་ལས་ནི་ཤེས་རབ་ཀྱི། །ར་ལི་འབྱུང་བའི་རྒྱུ་དང་གནས། །ར་ནི་ཆགས་ཕྱིར་ཤེས་རབ་
སྟེ། །ཤེས་རབ་ཡི་གེ་བཅུ་དྲུག་བརྡ། །ལ་ནི་ནུབ་ཕྱིར་ཐབས་ཡིན་ཏེ། །ཐབས་ཀྱི་ཡི་གེ་བཅུ་བཞིའི་བརྡ། །ཐོག་མ་ཉིད་ནས་མ་སྐྱེས་པ། །ཨ་ནི་གཉིས་མེད་རང་བཞིན་ཏེ། །གཉིས་མེད་བློ་ཡི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཕྱིར། །གཡས་ནི་ཐབས་ཡིན་ལ་ལ་ནཱ། །
གཡོན་པ་ཤེས་རབ་ར་ས་ནཱ། །ཨ་བ་དྷཱུ་ཏཱི་གཉིས་སུ་མེད། །ཐབས་དང་ཤེས་རབ་གཉིས་མེད་ཀྱི། །ར་ལིའི་ངོ་བོ་ཤེས་པར་བྱ། །འདོད་ཆགས་རྡུལ་ལ་ལུས་ནི་ཐབས། །ལ་ལ་ནཱ་ནི་སྐུ་ཡིན་ཏེ། །གཏི་མུག་མུན་པ་ངག་དང་ཡང་། །ཤེས་རབ་ར་ས་ནཱ་ནི་གསུང་། །ཞེ་སྡང་སྙིང་
སྟོབས་ཡིད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་འགྱུར་བའོ། །སྐུ་ལ་བརྒྱད་དེ་གསུང་ལ་བརྒྱད། །ཐུགས་ལ་བརྒྱད་དེ་ཉི་ཤུ་བཞི། །ར་ལི་ཉི་ཤུ་བཞི་རུ་ངེས། །གནས་ནི་ཉི་ཤུ་རྩ་བཞི་དང་། །ཙཎྜཱ་ལཱི་དང་ཕྱག་དག་དང་། །མཁའ་འགྲོ་འབྱུང་པོ་ཉི་ཤུ་བཞི། །དེ་ཉིད་བརྡ་རུ་ངེས་པ་སྟེ། །
སྐུ་གསུང་ཐུགས་ཀྱི་དབྱེ་བས་སོ། །གནས་དང་མཁའ་འགྲོ་ར་ལི་དབྱེ། །སྐུ་གསུམ་དུ་ནི་དེ་ཉིད་བསྡུ། །དང་པོར་རྒྱུད་ཀྱི་ངེས་པ་དང་། །རྒྱུ་ཡི་གནས་དང་གནས་ངེས་པ། །གཏད་ས་ངེས་དང་གོ་རིམས་ངེས། །གྲངས་ངེས་རིགས་ངེས་བཅྭ་ལྔར་ངེས། །མདོ་སྡེ་འདུལ་བ་མངོན་པ་
ཡི། །དམན་པའི་རིམ་པ་དང་པོར་གསུང་། །དམན་པ་རྣམས་ལ་བྱ་བའི་རྒྱུད། །དེ་རྗེས་རྣལ་འབྱོར་ཉིད་ཡིན་ཏེ། །སྐྱེས་པ་འདུལ་ཕྱིར་རྣལ་འབྱོར་རྒྱུད། །ཕྱི་ནས་རྣལ་འབྱོར་མ་རྒྱུད་ནི། །བུད་མེད་ཡོངས་སུ་གཟུང་ཕྱིར་རོ། །དང་པོ་རྩ་བའི་རྒྱུད་གསུངས་ཏེ། །དེ་ནས་བཤད་
པའི་རྒྱུད་ཉིད་དོ། །དེ་ནས་རྒྱུད་ནི་ཕྱི་མའོ། །དེ་རྗེས་ཕྱི་མའི་ཕྱི་མ་སྟེ། །རིམ་པ་བཅུ་ནི་བསྐོར་བ་སྟེ། །སྣོད་ངན་དམན་པའི་རིམ་པས་གསུངས། །མེ་ཏོག་སྙིང་པོའི་བཅུད་བཞིན་དུ། །ཕྱི་ཡི་ཕྱི་ནས་བདུད་རྩི་ཡི། །ར་ལིའི་སྙིང་པོ་སྙིང་པོ་རྒྱུད། །དང་པོར་ལ་ལས་སྐུ་ཡི་རྒྱུད། །

དཔའ་བོ་མཁའ་འགྲོ་མས་ཞུས་ནས། །སྐུ་ཡི་མཁའ་འགྲོ་བརྒྱད་ལ་གཏད། །དེ་རྗེས་ར་ལས་གསུང་གི་རྒྱུད། །གསུང་གི་མཁའ་འགྲོ་བརྒྱད་ལ་གཏད། །ཕྱི་ནས་ཨ་ལས་ཐུགས་ཀྱི་རྒྱུད། །ཐུགས་ཀྱི་མཁའ་འགྲོ་བརྒྱད་ལ་གཏད། །གཉིས་མེད་ཡེ་ཤེས་བདུད་རྩིའི་རོ། །ལུས་ལས་
ལུས་གསལ་མིག་གི་ལུས། །གསལ་བའི་ཕྱིར་ན་སྒྲོན་མ་སྟེ། །སེང་གེའི་གཟུགས་འདྲ་བདུད་རྩིའི་རོ། །ཉི་མའི་འོད་འདྲ་ཟླ་བའི་ཟེར། །འབྲུག་གི་སྒྲ་འདྲ་རྒྱ་མཚོའི་གཏིང་། །ཆུ་བོའི་རྒྱུན་འདྲ་རི་རབ་ལྷུན། །ཨུ་དུམ་བཱར་འདྲའི་ཞིང་གི་རྡུལ། །འདི་ལ་འདོད་འདོད་ཚོལ་བ་དང་། །རྟོག་
གེ་བ་ཡིས་དཔྱད་དུ་མེད། །གལ་ཏེ་རང་འདོད་དཔྱད་གྱུར་ན། །དཔའ་བོ་མཁའ་འགྲོ་ཁྲོས་གྱུར་ཏེ། །མགོ་ལུས་ཚལ་པ་བརྒྱ་རུ་འགས། །དེ་བས་རང་གི་ཆུང་མ་དང་། །བུ་དང་ཡུལ་འཁོར་ལུས་ངག་གིས། །བླ་མ་དམ་པ་མཉེས་བྱ་སྟེ། །ཆུ་བོའི་རྒྱུན་འདྲའི་མན་ངག་བླང་། །ཀྱེ་
མའོ་མགོན་པོ་སྙིང་རྗེ་ཅན། །ར་ལིའི་དབྱེ་བ་དེ་ལྟར་ན། །དེ་ཡི་ཆེན་པོ་ཇི་ལྟར་ལགས། །ནང་དུ་ཉི་ཤུ་རྩ་བཞི་ཡི། །ངེས་པ་སླར་ཡང་བདག་ལ་གསུངས། །རྡོ་རྗེ་ཅན་གྱིས་བཀའ་སྩལ་པ། །མ་སྤངས་ཉི་ཤུ་རྩ་བརྒྱད་ཀྱིས། །ར་ལི་འདི་ནི་ཆེན་པོར་ངེས། །རེ་རེ་ལ་ཡང་ཆེན་པོ་བདུན། །གང་
ཞིག་འབྲས་བུ་འདོད་པ་ལ། །རྒྱུ་ཉིད་གཙོ་བོར་གྱུར་པ་སྟེ། །སཱ་ལུ་ལས་ནི་མྱུ་གུ་བཞིན། །དེ་ཕྱིར་དང་པོ་རྒྱུ་མི་སྤང་། །ལྷན་ཅིག་སྐྱེས་གཉིས་རྒྱུ་ཡིན་ཏེ། །རང་བཞིན་ལྷན་ཅིག་སྐྱེས་པ་དང་། །ལྷན་ཅིག་ལྷན་ཅིག་སྐྱེས་པའོ། །ཐུན་མོང་དང་ནི་ཐུན་མོང་མིན། །བླ་མའི་ཞལ་ནས་ཤེས་བྱའི་
ཕྱིར། །དཔའ་བོ་མཁའ་འགྲོའི་ཞལ་ཡིན་ཏེ། །དེ་ཉིད་སྟོན་པའི་བཀའ་ལས་འདས། །དེ་ལས་འཁྲུལ་པ་སྙིང་རེ་རྗེ། །ཕུང་སོངས་རྩ་དང་ཤུ་ཀྲ་ནི། །ལྷན་ཅིག་སྐྱེས་པའི་རྒྱུ་ཡིན་ཏེ། །ལོག་རྟོག་འཁྲུལ་པ་རྒྱུར་འདོད་དང་། །ངོ་བོ་མ་གྲུབ་རྒྱུར་འདོད་དང་། །ཀུན་རྫོབ་བྱང་སེམས་
རྒྱུར་འདོད་པ། །འདི་ནི་རྨོངས་པ་མ་རུངས་པ། །ཕུང་པོ་འབྱུང་བ་དབང་པོ་དང་། །ཕྱི་ཡི་སྐྱེ་མཆེད་དམན་པོའི་རྒྱུ། །བརྟགས་པ་རྒྱུར་འདོད་སྙིང་རེ་རྗེ། །ནམ་མཁའི་མེ་ཏོག་གི་དྲི་གང་། །རང་བཞིན་གནས་པའི་རྩ་རླུང་སོགས། །ཁྱད་པར་ལམ་གྱི་རྒྱུ་ཡིན་ཏེ། །རང་བཞིན་གནས་པ་མ་ཤེས་

པར། །ལོག་པར་རྟོགས་པ་སྙིང་རྗེ་ཉམས། །དོན་དམ་བྱང་ཆུབ་སེམས་ཀྱིས་ནི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུ། །བླ་མ་མ་བསྟེན་དེ་ལས་འཁྲུལ། །ཀུན་རྫོབ་ཤུ་ཀྲ་རྒྱུར་འདོད་པ། །རྒྱུ་དང་འབྲས་བུ་འཁྲུལ་པའོ། །རྐྱེན་མེད་རྒྱུ་ཡིས་འབྲས་མི་འབྱིན། །དེ་ཕྱིར་
རྐྱེན་ནི་སྤང་མི་བྱ། །ཡེ་ཤེས་རླུང་དང་ཡེ་ཤེས་མེ། །ལྷན་སྐྱེས་གཉིས་མེད་རྐྱེན་ཡིན་ཏེ། །དེ་ཉིད་སྤང་བར་མི་བྱ་ཞིང་། །ལས་ཀྱི་རླུང་དང་མེ་ཉིད་དང་། །གཞན་དུ་འང་དེ་ཉིད་སྦྱར་བར་བྱ། །སྲིད་པ་ལེན་དང་བདེ་བ་ལེན། །ལས་མི་སྤང་ཞིང་བདེ་བ་ཡང་། །མི་སྤང་པ་ནི་བཞི་པའོ། །ལུས་
དང་ལུས་ཀྱི་སྙིང་པོའི་རྩ། །གནས་དང་གནས་ཆེན་མི་སྤང་བ། །ལྔ་པ་དྲུག་པ་ཡིན་པར་འདོད། །དེ་ཉིད་ཕྱི་དང་ནང་དུ་ཤེས། །ཕྱི་ནི་དབྱེ་བ་མ་སྤངས་པའོ། །སྣང་བ་དང་ནི་མུན་པའི་ཆ། །གང་བ་དང་ནི་སྟོང་པའི་ཆ། །འཕོ་བ་མ་སྤངས་བརྒྱད་པའོ། །རྒྱུ་ཡི་གནས་དང་འབྲས་བུའི་གནས། །
དེ་ཉིད་མི་སྤང་ཤེས་པར་བྱ། །རིན་པོ་ཆེ་ཡི་ཕོ་བྲང་དུ། །རྟེན་ནི་མི་སྤང་ཤུ་ཀྲ་གཟུང་། །གལ་ཏེ་དེ་རུ་མ་ཟིན་ན། །ཤོར་བ་མི་སྤང་རོ་མར་བསྟིམ། །གཉེན་པོ་མི་སྤང་གཟུགས་སྐུ་གཉིས། །མ་སྤངས་པ་ནི་བཅུ་གཉིས་པའོ། །ནོར་བུའི་རྟེན་ལས་སྐྱེས་པ་ཡི། །བདེ་བ་ལ་རྟེན་དབང་པོ་
ཡི། །སྒོ་བསྡུ་ངོ་བོ་མ་སྤངས་པའོ། །གོང་འོག་ཁྱད་པར་ཤེས་བྱས་ནས། །སྒྱུ་མས་གཉེན་པོ་མ་སྤངས་པའོ། །དགའ་བ་མཆོག་དགའ་ཤེས་བྱས་ཏེ། །སྔོན་དུ་འགྲོ་བ་མ་སྤངས་པའོ། །འཁོར་བ་ལུགས་ལས་བཟློག་བྱ་སྟེ། །གནས་ནས་གནས་སུ་ཟློག་བྱེད་པ། །གནས་ཀྱི་ཁྱད་
པར་མ་སྤངས་པའོ། །དེ་ཉིད་རིམ་པར་འཕོ་བྱེད་པ། །བླ་མའི་བླ་མ་ལས་བརྒྱུད་ཤེས། །འཁོར་བ་འཇུག་ལྡོག་བྱེ་བྲག་ནི། །འཕོ་བ་མ་སྤངས་རྣམ་པ་གཉིས། །ཡེ་ཤེས་མེ་ནི་ཆེར་འབར་བས། །ཕུང་པོ་འབྱུང་བ་དབང་པོ་སོགས། །ཐམས་ཅད་བདུད་རྩིར་གྱུར་པ་ནི། །རྐྱེན་གྱི་ཁྱད་པར་
མ་སྤངས་པའོ། །ལུས་ཀྱི་བ་སྤུའི་བུ་ག་དང་། །བརྟན་དང་གཡོ་བའི་དངོས་པོ་ཀུན། །བདེ་བའི་ངོ་བོར་གང་སྣང་བ། །ངོ་བོའི་ཁྱད་པར་མ་སྤངས་པའོ། །དེ་ཉིད་སྒྱུ་མའི་རང་བཞིན་མེད། །གཉེན་པོའི་ཁྱད་པར་མ་སྤངས་པའོ། །བཞིན་མཛེས་མིག་ཡངས་ཕྱག་རྒྱ་ནི། །ལྡན་པ་ཕྱག་

རྒྱ་མ་སྤངས་པའོ། །དམ་ཚིག་ཆོས་ཀྱི་ཕྱག་རྒྱ་དང་། དེ་ནས་ཡེ་ཤེས་ཕྱག་རྒྱ་ཆེ། །ཕྱག་རྒྱའི་ཁྱད་པར་མ་སྤངས་པའོ། །ཆགས་པའི་ཕྱག་རྒྱ་ལས་ཡིན་ཏེ། །དམ་ཚིག་ཆོས་ནི་མ་ནིང་གི། །ཕྱག་རྒྱ་གཉིས་སུ་ཤེས་པར་བྱ། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་གཉིས། །གྲོལ་བའི་ཕྱག་རྒྱ་
ཡིན་པར་འདོད། །ཕྱག་རྒྱའི་དབྱེ་བ་མ་སྤངས་པའོ། །དང་པོར་གསང་བའི་འཁོར་ལོར་ཏེ། །ཕྱི་ནས་རང་བཞིན་འཁོར་ལོར་ཡིན། །འཁོར་ལོའི་དབྱེ་བ་མ་སྤངས་པའོ། །དང་པོར་གསང་བའི་གཏུམ་མོ་སྟེ། །གཉིས་པར་རང་བཞིན་གཏུམ་མོ་ནི། །གཏུམ་མོའི་དབྱེ་བ་མ་སྤངས་པའོ། །
ལས་ཀྱི་རླུང་དང་མེ་གཉིས་ནི། །ཀུན་རྫོབ་འཁོར་བའི་རྐྱེན་ཡིན་ཏེ། །ཡེ་ཤེས་རླུང་དང་མེ་གཉིས་ནི། །དོན་དམ་གཉིས་མེད་རྐྱེན་ཡིན་ཏེ། །རྐྱེན་གྱི་དབྱེ་བ་མ་སྤངས་པའོ། །སྲིད་པ་བསྐྱེད་ཅིང་འཛག་པ་བདེ། །ཀུན་རྫོབ་ཤུ་ཀྲའི་ལས་ཡིན་ནོ། །སྲིད་པ་མི་ལེན་རང་རིག་སྐྱེས། །དོན་དམ་
བྱང་སེམས་ལས་ཡིན་ནོ། །ལས་ཀྱི་དབྱེ་བ་མ་སྤངས་པའོ། །སྦྱོར་ཐབས་རྩ་ནི་རྒྱས་པ་དང་། །ཁ་འབྱེད་པ་ཡི་ལས་ཡིན་ཏེ། །སྦྱོར་ཐབས་བཞི་ལ་མ་རྨོངས་པ། །འདི་ནི་མ་སྤངས་ཉི་ཤུ་བརྒྱད། །སྤྱི་མཐུན་ལས་ལས་གྲུབ་པ་ཡི། །མི་དྲུག་ལ་སོགས་གྲངས་ཀྱིས་བསྟན། །རང་རིག་ཡེ་ཤེས་
གང་འདོད་པས། །བླ་མའི་དུས་ཐབས་ལེགས་བསྟེན་ཏེ། །མི་སྤང་ངེས་པའི་གདམས་ངག་བླང་། །འདི་ཉིད་རྡོ་རྗེ་འཆང་གི་རྒྱུ། །དེ་ལས་བྱུང་བ་ཁྱད་པར་འབྲས། །དང་པོར་ཆ་སྟེ་ཐིག་ལེ་དང་། །ཚུལ་དང་ཚུལ་ཅན་མཆོག་གཞན་མཆོག །འདི་ཉིད་དེ་ཉིད་དྲུག་ཡིན་ཏེ། །དེ་ཉིད་དྲུག་ནི་ཙཎྜཱ་
ལཱི། །རེ་རེ་ལ་ཡང་བཞི་བཞི་སྟེ། །ཙཎྜཱ་ལཱི་ནི་ཉི་ཤུ་བཞི། །ར་ལི་ཉི་ཤུ་རྩ་བཞིར་ངེས། །ཕྱི་རུ་གནས་ནི་ཉི་ཤུ་བཞི། །སྤྱན་དང་ཕྱག་རྒྱ་ཉི་ཤུ་བཞི། །ཙཎྜཱ་ལཱི་དང་ར་ལི་ཡི། །ཕྱི་དང་ནང་དུ་གྲངས་སུ་ངེས། །ཧེ་ཧེ་དཔའ་བོ་རྡོ་རྗེ་འཆང་། །ར་ལིའི་འབྱུང་བའི་རྒྱུ་གང་ལགས། །ར་ལིའི་
ངོ་བོ་གང་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐུ་དང་ཕྱག་མཚན་རགས་པ་ཀུན། །ར་ལིའི་ངོ་བོ་དམན་པའི་ལམ། །མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད། །སྒོ་གསུམ་ལ་གནས་ཁྱད་པར་གྱི། །ར་ལིའི་ངོ་བོར་གསུངས་པ་ཡིན། །དགའ་བ་བཅུ་དྲུག་རྟེན་དང་

བཅས། །ཟབ་པའི་ར་ལིའི་ངོ་བོར་བརྟགས། །རང་རིག་སྟོང་པ་ཐབས་དང་བཅས། །མཐར་ཐུག་ར་ལིར་ཤེས་པར་བྱ། །ཨ་ནི་ཐོག་མར་མ་སྐྱེས་པ། །ལ་ནི་ནུབ་དང་སྐྱོང་བ་སྟེ། །ར་ནི་ཆགས་དང་རིན་པོ་ཆེ། །ར་ལས་འདོད་ཆགས་ཁྲག་ཡིན་ཏེ། །ལ་ལས་ཞེ་སྡང་
ཁུ་བའོ། །ཨ་ལས་གཏི་མུག་ཁུ་བ་སྟེ། །སེམས་ཅན་ར་ལིའི་རང་བཞིན་ཏེ། །ཡེ་ཤེས་ལྔ་དང་ས་བཅུ་སོགས། །ཀུན་ལ་ལྡན་པས་ར་ལིར་གནས། །སྐུ་ཡི་ར་ལི་སྤྱི་བོ་ཡི། །གཙུག་ཏོར་དག་ལས་བྱུང་བའོ། །གསུང་ནི་ལྗགས་ཀྱི་དབང་པོ་ལས། །ཐུགས་ཀྱི་ར་ལི་ཐུགས་ཀ་ནས། །བྱུང་བ་
རྣམ་པར་ངེས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྤྱན་རྣམས་ལ་ནི་རིམ་བཞིན་བྱུང་། །སྐུ་གསུང་ཐུགས་ཀྱི་གནས་ལ་སྟེ། །སྤྱི་བོ་ལ་སོགས་དག་ལས་བྱུང་། །ཕྱག་གི་མཐིལ་ནས་རིམ་པས་བྱུང་། །བླ་མའི་ཞལ་ནས་བླང་བར་བྱ། །བྱེ་བྲག་འབྱུང་བའི་སྒོ་ཡིན་ཏེ། །ཧེ་ཧེ་སེམས་ཅན་
སངས་རྒྱས་ཀྱི། །རང་བཞིན་ས་དང་ལམ་ལྡན་ཏེ། །ཟླ་བ་བཅུ་སོགས་ས་སོགས་ནི། །བརྫུས་སྐྱེས་ལ་སོགས་ཇི་ལྟར་ལགས། །འོན་ཏེ་སངས་རྒྱས་མིན་ནམ་ཅི། །སེམས་ཅན་ཐམས་ཅད་གདོད་མ་ནས། །སངས་རྒྱས་ཡིན་པར་གསུངས་པ་སྟེ། །བརྫུས་སྐྱེས་སྒོང་སྐྱེས་དྲོད་གཤེར་སོགས། །
སེམས་ཀྱི་གནས་བཅུ་ས་བཅུ་སྟེ། །རྣམ་ཤེས་བརྒྱད་ནི་བྱང་ཆུབ་ལྔ། །མཁན་པོ་སེམས་ཀྱི་རྒྱལ་པོ་སྟེ། །རང་བཞིན་དག་པ་ཆོས་གོས་ཡིན། །རང་བཞིན་གནས་པ་ཁ་སྤུ་བྲེགས། །ཨ་དང་ཧྃ་གཉིས་སྔགས་ཀྱི་དོན། །ཐམས་ཅད་སེམས་ལ་གནས་པ་སྟེ། །སེམས་མེད་སངས་རྒྱས་མ་ཡིན་
ཏེ། །ངམ་གྲོག་ལ་སོགས་བེམས་པོ་ཡི། །སེམས་ཉིད་སངས་རྒྱས་ཡིན་པའི་ཕྱིར། །སེམས་ཅན་སངས་རྒྱས་རང་བཞིན་ནོ། །རྒྱུ་དང་འབྲས་བུའི་ཚུལ་དང་ཡང་། །བག་ལ་ཉལ་དང་ཀུན་ཏུ་རྒྱུ། །ནུས་པའི་ཚུལ་དང་མངོན་སུམ་ཚུལ། །གཟུགས་ཅན་གཟུགས་མེད་མཁས་པས་བརྟགས། །
སངས་རྒྱས་སེམས་ཅན་དེ་བཞིན་ནོ། །དེ་ལྟར་སེམས་ཅན་སངས་རྒྱས་པས། །ར་ལི་སེམས་ཅན་རང་བཞིན་ཕྱིར། །ལུས་ལ་སྐུ་ཡི་ཕྱག་རྒྱས་གདབ། །ངག་ལ་གསུང་གི་ཕྱག་རྒྱས་གདབ། །སེམས་ལ་ཐུགས་ཀྱི་ཕྱག་རྒྱས་གདབ། །སྐུ་གསུང་ཐུགས་ཀྱི་རང་བཞིན་དུ། །དངོས་པོ་རོ་མཉམ་གྱུར་

པ་ལས། །སངས་རྒྱས་སེམས་ཅན་ག་ལ་ཡོད། །དམན་དང་གྱ་ནོམ་ག་ལ་ཡོད། །འཁོར་བ་ཡོངས་སུ་ཤེས་པ་ལ། །མྱ་ངན་འདས་ཞེས་དེ་ལ་བརྗོད། །ཐམས་ཅད་འཇིགས་དང་རྣམ་རྟོག་སྤོངས། །འདི་ལ་ཐམས་ཅད་ངོ་མཚར་གྱི། །ལེགས་པར་གཏད་ཀྱིས་དམ་དུ་སྦོས། །དེའི་ཚེ་འཁོར་འདུས་
པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་མི་སྣང་བར་གྱུར་ཏོ། །དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྣལ་འབྱོར་མ་ཟླ་བའི་ཕྲེང་བ་དང་ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་སཱུརྱ་ཙཀྲ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ་དཔའ་བོ་གྱེ། །ངོ་མཚར་རྨད་དུ་བྱུང་བ་ཡི། །བསྐྱེད་དང་རྫོགས་པ་ཆེན་པོ་སྟེ། །མ་སྤངས་པ་
དང་ངེས་པ་དག །མགོན་པོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་མ་སྤངས་བཤད་བྱ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་དག །བསྐྱེད་པའི་རིམ་པའི་རྒྱུ་མ་སྤངས། །ཕྱག་མཚན་ཉི་ཟླ་ཡིག་འབྲུ་དག །བླ་མའི་མན་ངག་རྐྱེན་མ་སྤངས། །ལུས་
ངག་སྒོ་བསྡམས་དམ་ཚིག་ལས། །སྐུ་གཉིས་འབྱུང་བ་འབྲས་མ་སྤངས། །ཞེ་སྡང་རུ་དྲར་སྐྱེ་བའི་ལས། །ཞེ་སྡང་རང་རིག་བསྐྱེད་པ་དང་། །ལུས་ཀྱི་དྲི་མ་འཁྲུད་པ་ལས། །ལས་ཀྱི་དབྱེ་བ་མ་སྤངས་པའོ། །པུལླི་ར་དང་ཛཱ་ལན་སོགས། །ནང་དུ་སྤྱི་བོ་སྤྱི་གཙུག་སོགས། །གནས་ཀྱི་དབྱེ་
པ་མ་བསྐངས་པའོ། །ཤར་སོགས་བདུད་ཀྱི་སྙིང་ག་རུ། །ཞབས་གནས་གནས་ཆེན་མ་སྤངས་པ། །གནས་དེ་ཕྱི་དང་ནང་དུ་ཤེས། །གནས་ཀྱི་དབྱེ་བ་མ་སྤངས་པའོ། །གསེར་འགྱུར་རྩི་ཡི་རྣམ་པ་བཞིན། །ཕུང་སོགས་ལྷ་རུ་འཕོ་བྱེད་པ། །འདི་ནི་འཕོ་བ་མ་སྤངས་པའོ། །རྒྱུ་ཡི་གནས་ནི་
སྙིང་ག་སྟེ། །འབྲས་བུའི་གནས་ནི་ཕུང་སོགས་ཏེ། །མ་སྤངས་པ་ནི་གཉིས་སུ་ཤེས། །ཕུང་སོགས་སྒྱུ་མར་འཛིན་བྱེད་པ། །འདི་ནི་རྟེན་པ་མ་སྤངས་པའོ། །གལ་ཏེ་ནང་དུ་མ་ཟིན་ན། །ཕྱི་རུ་དེ་ཉིད་ངོ་བོར་བསྒོམ། །དེ་ཉིད་ཤོར་བ་མ་སྤངས་པའོ། །གཉེན་པོ་མ་སྤངས་སྒྱུ་མར་བསྒོམ། །

ཕུང་སོགས་ལ་བརྟེན་ལྷ་རྣམས་ལ། །སྒོ་གསུམ་ངོ་བོ་མ་སྤངས་པ། །ཐ་མལ་པ་དང་བསྐྱེད་རིམ་གཉིས། །གོང་འོག་ཁྱད་པར་ཤེས་བྱ་སྟེ། །སྒྱུ་མས་གཉེན་པོ་མ་སྤངས་པའོ། །བདུན་པོ་རྣམ་དག་ལ་སོགས་པ། །སྔོན་དུ་འགྲོ་བ་མ་སྤངས་པའོ། །ཕུང་སོགས་རྟོག་
པ་ལས་ལོག་ནས། །ཕྲ་བའི་གནས་སུ་གནས་བྱེད་པ། །གནས་ཀྱི་ཁྱད་པར་མ་སྤངས་པའོ། །ལྷ་ཡི་རྣམ་པར་འཇུག་པ་དང་། །གོང་དུ་སྒྱུ་མར་བཟློག་པ་གཉིས། །འཕོ་བའི་ཁྱད་པར་མ་སྤངས་ཉིད། །ཡེ་ཤེས་མེ་ནི་ཆེར་འབར་ཏེ། །ཕུང་སོགས་སྒྱུ་མར་གང་འཛིན་པ། །རྟེན་གྱི་
ཁྱད་པར་མ་སྤངས་པའོ། །མཉམ་གཞག་རྗེས་ཐོབ་ཀུན་འགགས་ཏེ། །ཐམས་ཅད་རྟེན་དང་བརྟེན་པར་སྣང་། །ངོ་བོའི་ཁྱད་པར་མ་སྤངས་པའོ། །དེ་ཉིད་སྒྱུ་མ་རང་བཞིན་མེད། །གཉེན་པོའི་ཁྱད་པར་མ་སྤངས་པའོ། །ཤེས་རབ་ཕག་མོ་མ་སྤངས་པ། །ཕྱག་རྒྱ་མ་སྤངས་པ་རུ་
འདོད། །མ་སྤངས་གཅིག་ནི་གཞན་དང་འདྲ། །གོང་འོག་ལས་ཀྱི་ཁྱད་པར་རོ། །ཞེ་སྡང་ཐུགས་ལ་འདོད་ཆགས་གསུང་། །གཏི་མུག་སྐུ་ཡི་ཕྱག་རྒྱ་སྟེ། །ཕྱག་རྒྱའི་དབྱེ་བ་མ་སྤངས་པ། །སྐུ་དང་གསུང་དང་ཐུགས་འཁོར་ལོ། །བདེ་བ་ཆེན་པོའི་འཁོར་ལོ་དག །འཁོར་ལོའི་དབྱེ་བ་
མ་སྤངས་པའོ། །དང་པོ་སྒྱུ་མའི་ཡེ་ཤེས་མེ། །གཉིས་པ་སྒྱུ་མ་ལྟར་སྣང་མེ། །གཏུམ་མོའི་དབྱེ་བ་མ་སྤངས་པའོ། །ཕུང་སོགས་སྒྱུ་མ་ལས་གཡོ་ཞིང་། །ཕུང་སོགས་སྒྱུ་མས་ཡང་དག་བསྲེག །ཀུན་རྫོབ་རྟོགས་པའི་རྐྱེན་ཡིན་ཏེ། །སྒྱུ་མ་ལྟར་སྣང་ལས་གཡོ་ཞིང་། །སྒྱུ་མ་དེ་ཉིད་སླར་
བསྲེགས་པ། །དོན་དམ་གཉིས་མེད་རྐྱེན་ཡིན་ཏེ། །རྐྱེན་གྱི་དབྱེ་བ་མ་སྤངས་པའོ། །འཁོར་བ་སྤེལ་ཞིང་རྣམ་རྟོག་བསྐྱེད། །ཀུན་རྫོབ་བདེན་པ་སེམས་ཀྱི་ལས། །འཁོར་བར་མི་འཁོར་རང་རིག་བསྐྱེད། །དོན་དམ་སེམས་ཀྱི་ལས་ཡིན་ཏེ། །ལས་ཀྱི་དབྱེ་བ་མ་སྤངས་པ། །འདི་དག་མ་སྤངས་ཉི་
ཤུ་བརྒྱད། །བུམ་པའི་དབང་དང་འབྲེལ་པའོ། །གསང་དབང་བླ་མའི་ཞལ་ནས་བླང་། །ཤེས་རབ་ཡེ་ཤེས་གཞན་དུའོ། །བཞི་པའི་མ་སྤངས་ཉི་ཤུ་བརྒྱད། །རང་རིག་ལྷན་ཅིག་སྐྱེས་པ་ཡི། །ཆོས་ཉིད་མ་དག་བཞི་པའི་རྒྱུ། །ཞལ་གྱི་མན་ངག་རྐྱེན་མ་སྤངས། །འགྲོ་བའི་ཆོས་རྣམས་རང་རིག་མེས། །

བསྲེགས་པ་ལས་མ་སྤངས་པ་ཡིན། །གོང་འོག་རིམ་པས་དབྱེ་མ་སྤངས། །ཨ་བདྷཱུ་ཏཱི་ལོག་མིན་གནས། །གནས་དང་གནས་ཆེན་མ་སྤངས་པ། །དེ་ཉིད་ཕྱི་དང་ནང་དུ་ངེས། །ཕྱི་ནང་དབྱེ་བ་མ་སྤངས་པའོ། །སྟོང་པ་དང་ནི་གཟུང་འཛིན་ཆར། །འཕོ་བ་མ་སྤངས་ཨ་དང་ཧྃ། །རྟེན་མ་སྤངས་
ཏེ་རྟོག་པ་ལ། །སེམས་འཕྲོས་དེ་ཉིད་རང་རིག་སྒོམ། །ཤོར་བ་མ་སྤངས་པར་རིག་ལ། །དབང་པོའི་སྒོ་བསྡུ་ངོ་མ་སྤངས། །རྟོག་བཅོམ་གཉེན་པོ་མ་སྤངས་པའོ། །རང་རིག་སྤྱི་ལ་སེམས་པ་ལས། །སྔོན་འགྲོ་མ་སྤངས་མ་སྤངས་བརྒྱད། །བླ་མའི་ཞལ་ནས་ཤེས་པར་བྱ། །སྤྱི་དང་རང་གི་མཚན་
ཉིད་ལ། །འཕོ་བ་མ་སྤངས་རང་རིག་བསྒོམ། །ཕྱག་རྒྱ་མ་སྤངས་རང་རིག་ལས། །ཕྲིན་ལས་ཉི་ཤུ་རྩ་བཞི་འབྱུང་། །ལས་མ་སྤངས་ཏེ་གཞན་རྣམས་ནི། །བླ་མའི་ཞལ་ནས་ཤེས་པར་བྱ། །དད་མེད་བླ་མ་མ་བསྟེན་དང་། །བླ་མ་དམ་པ་མ་རྙེད་དང་། །མ་སྤངས་ངོ་བོ་མ་ཤེས་པར། །རང་རིག་
འབྲས་བུ་གང་འདོད་པ། །དེ་དག་མི་ཤེས་དྲི་མས་བསྒྲིབས། །དཔེར་ན་སྦྲུལ་གྱི་འོ་མ་བཞིན། །དེ་ནས་ངེས་པ་བཅྭ་ལྔ་ཡང་། །རྒྱུ་དང་རྐྱེན་དང་གནས་དང་ཡང་། །གཏད་པ་གོ་རིམས་གྲངས་དང་རིམ། །ངེས་པ་བདུན་ནི་གཞན་དུ་གསུངས། །སྔགས་ནི་སྤྲོས་བཅས་སྤྲོས་མེད་ངེས། །རྐྱེན་ནི་ཡེ་ཤེས་
མེ་རླུང་ངེས། །རྒྱུ་འབྲས་གནས་ནི་ཨ་ཧྃ་ངེས། །དབང་བཞི་གོང་འོག་ཁྱད་པར་ངེས། །སུན་འབྱིན་གཉེན་པོ་ངེས་པ་དང་། །ངོ་བོ་ངེས་དང་དབྱེ་བ་ངེས། །ལས་ངེས་པ་དང་བཅྭ་ལྔ་སྟེ། །དེ་ལས་བྱུང་བའི་ངེས་པ་དག །བཅུ་བདུན་བླ་མའི་ཞལ་ནས་ཤེས། །མ་སྤངས་པ་དང་ངེས་པ་ཡི། །མཚན་ཉིད་
ཡོངས་སུ་ཤེས་གྱུར་ན། །འཁྲུལ་པ་དང་ནི་འཁྲུལ་པའི་གཞི། །ཐམས་ཅད་འདི་ཡིས་སྤོང་བར་བྱེད། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །གོང་བུ་ཆུ་དང་གཟུགས་སུ་གནས། །དེ་བཞིན་གཟུགས་ལས་འདས་པ་སྟེ། །གནས་པ་རྣམ་པ་བཞི་རུ་ཡང་། །
རྒྱུད་ནི་ངེས་པ་ཁོ་ན་སྟེ། །རྒྱུད་ནི་དབང་པོའི་ངོ་བོར་གནས། །དེ་ཕྱིར་དངོས་གྲུབ་འདོད་པས་ཀྱང་། །འབད་པས་བླ་མ་མཉེས་བྱ་སྟེ། །རྒྱུད་ཀྱི་ངོ་བོ་དབང་རྣམས་དང་། །དེ་ཡི་མན་ངག་ཤེས་པར་བྱ། །བླ་མ་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བྱེད་

པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །དེ་བས་འབད་དེ་ནན་ཏན་བྱ། །དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་
ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་རཱ་ཛ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །
ཀྱེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་སེམས་ཅན་ཐམས་ཅད་ཀྱིས། །མྱ་ངན་འདས་པ་ཐོབ་བྱའི་ཕྱིར། །དད་དང་བརྩོན་འགྲུས་རྫོགས་བྱས་ཏེ། །བླ་མའི་རྗེས་སུ་འཇུག་པར་བྱ། །རང་རིག་གཉིས་སུ་མེད་པ་ལ། །གཞན་རིག་གཉིས་སུ་འཛིན་པས་འཁྲུལ། །གཟོད་ནས་
མ་སྐྱེས་མ་གྲུབ་ལ། །སྐྱེ་དང་གྲུབ་པར་འཛིན་པས་འཁྲུལ། །དངོས་པོ་རོ་མཉམ་གྱུར་པ་ལ། །དམན་དང་གྱ་ནོམ་འཛིན་པས་འཁྲུལ། །འཁོར་བ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་པར་བརྗོད་པ་ལ། །སངས་རྒྱས་སེམས་ཅན་རྟོག་པས་འཁྲུལ། །རང་བཞིན་ལྷུན་གྱིས་གྲུབ་
པ་ལ། །རྒྱུ་དང་རྐྱེན་གྱིས་སྐྱེ་བས་འཁྲུལ། །བརྡ་དང་ཐ་སྙད་བྲལ་བ་ལ། །བློ་ཡི་སྤྱོད་ཡུལ་བྱེད་པས་འཁྲུལ། །མཐའ་བྲལ་དབུ་མར་གནས་པ་ལ། །རྟག་དང་ཆད་པར་འཛིན་པས་འཁྲུལ། །ཤེས་བརྗོད་ཡུལ་ལས་འདས་པ་ལ། །བདག་དང་བདག་གིར་འཛིན་པས་འཁྲུལ། །
དངོས་པོ་མཚན་མ་ལ་སོགས་པའི། །རྣམ་རྟོག་ཀུན་གྱིས་སྟོང་པ་ལ། །དངོས་པོར་རྗེས་སུ་འཛིན་པས་འཁྲུལ། །རང་ཉིད་གཉིས་སུ་མེད་པ་ལ། །བདེན་པ་གཉིས་སུ་འཛིན་པས་འཁྲུལ། །གདུལ་བྱ་སྣ་ཚོགས་འདུལ་བ་ཡི། །ཐེག་པ་དུ་མའི་གོང་འོག་ལ། །སྒྲོ་དང་སྐུར་པ་འདེབས་པས་
འཁྲུལ། །སེམས་ཅན་འཁྲུལ་པ་སྣ་ཚོགས་ཀྱིས། །ལས་ཀྱི་རྣམ་སྨིན་ལ་སོགས་ལ། །ལྟ་བས་སྐུར་པ་འདེབས་པས་འཁྲུལ། །རང་རིག་གཟོད་ནས་འོད་གསལ་ལ། །སྐུ་མདོག་ཕྱག་མཚན་ལ་སོགས་པ། །རྡོ་རྗེ་འཛིན་པར་འདོད་པས་འཁྲུལ། །འཁྲུལ་བ་དང་ནི་འཁྲུལ་

པའི་གཞི། །འདོད་ཆགས་འདོད་ཆགས་ཆེན་པོ་སྟེ། །འཁྲུལ་གཞི་འཁྲུལ་པ་ལས་འདས་ན། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །ཞེ་སྡང་ཞེ་སྡང་ཆེན་པོ་དང་། །དེ་བཞིན་ཞེ་སྡང་བཅོམ་ལྡན་འདས། །གཏི་མུག་གཏི་མུག་ཆེན་པོ་སྟེ། །དེ་བཞིན་གཏི་མུག་བཅོམ་ལྡན་འདས། །
འདི་ཡིས་ངེས་པར་གྲོལ་འགྱུར་གྱིས། །འདི་སྤངས་གཞན་གྱིས་གྲོལ་བ་མིན། །བདག་པོ་ལྷ་དང་བླ་མ་སྤུན། །བདག་པོ་ལྷན་ཅིག་རྣལ་འབྱོར་ཙམ། །ཐེག་པ་སྤྱི་བསྡུས་དེ་ལས་གཞན། །སྐྱེ་བོའི་བེམས་པོ་ཆ་དང་བརྒྱད། །དེ་དག་རང་རིག་ཐོབ་པའི་རྒྱུ། །དེ་ཕྱིར་དམ་ཚིག་གཙོ་བོར་
བསྲུང་། །འབྲས་བུའི་ཁྱད་པར་རང་རིག་འབྱུང་། །ཀྱེ་མ་མགོན་པོ་ཀྱེ་སངས་རྒྱས། །འདོད་ཆགས་དབྱེ་བ་དེ་ལྟར་ན། །དེ་ཡི་ངོ་བོ་ཇི་ལྟར་ལགས། །ཞེ་སྡང་ལ་སོགས་དེ་དང་འདྲ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །ལས་དང་ལས་ཀྱི་རྣམ་སྨིན་གྱི། །རྒྱུ་
འབྲས་མི་ཤེས་གཏི་མུག་སྟེ། །ལུས་སེམས་ཀུན་ནས་འཁྲུག་པ་དག །ཞེ་སྡང་ཡིན་ཏེ་སྒོ་གསུམ་གྱིས། །ཀུན་ནས་བསླང་སྟེ་ནོར་བུའི་མཐར། །ས་བོན་འབྱུང་བ་འདོད་ཆགས་སོ། །དབང་སོགས་ངོ་བོ་གང་ལས་ཤེས། །འདོད་ཆགས་ལ་སོགས་ཆེན་པོར་ངེས། །རང་རིག་ངོ་བོ་གང་
ལ་གནས། །འོག་མ་སྤོང་བའི་གཉེན་པོ་སྟེ། །ངོ་བོར་སྒྱུ་མར་གང་ཤེས་དང་། །དབང་པོའི་སྒོ་བསྡུས་ཐབས་ཡིན་ནོ། །གོང་མ་སྐྱེ་བའི་རྒྱུར་འགྱུར་བའི། །ཕྱིར་ཡང་ཆེན་པོར་གྱུར་པ་སྟེ། །གཞན་གྱི་དོན་དུ་གྱུར་པ་དང་། །དེ་ལས་གཞན་དག་མོས་འགྱུར་དང་། །མང་པོ་མི་མོས་སྤོང་བ་དང་། །
ཉོན་མོངས་སྤྱི་ཡིས་ཟིལ་མ་ནོན། །བྱེ་བྲག་འདོད་ཆགས་ཞེ་སྡང་སོགས། །ཟིལ་གྱིས་མི་ནོན་འོག་མ་ཡི། །རྣམ་རྟོག་གང་ཡང་མི་སྐྱེ་དང་། །ཉོན་མོངས་སྤྱི་དང་བྱེ་བྲག་སྤོང་། །གཉེན་པོ་ཡིན་པར་ངེས་པ་དང་། །ཉོན་མོངས་སྐྲ་རྩེ་ཙམ་མི་སྐྱེ། །གཉིས་ནི་གོང་དང་འདྲ་བ་སྟེ། །བཅུ་གཉིས་
འདོད་ཆགས་ཆེན་པོ་དག །བཅོམ་ལྡན་འདས་སུ་གསུངས་པ་སྟེ། །ཞེ་སྡང་ལ་སོགས་དེ་བཞིན་ནོ། །ཟབ་མོའི་ལྟ་སྤྱོད་མ་རྟོགས་པར། །སྔགས་སྤྱོད་བཟླས་པ་ལ་སོགས་བྱེད། །དེ་དག་ངལ་བ་དོན་མེད་ཡིན། །དེ་དག་བླ་མ་དམ་པ་ལས། །མན་ངག་དམ་པ་བཙལ་བྱ་སྟེ། །འཁྲུལ་

པ་དང་ནི་འཁྲུལ་གཞི་ལས། །སད་པར་བྱེད་པའི་ཆོ་ག་བླང་། །དེའི་ཚེ་རྒྱུད་ཀྱི་དོན་ལ་དགའ་ཞིང་རྗེས་སུ་ཡི་རངས་པར་གྱུར་ཏོ། དཔལ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷར་དང་། ལོཙྪ་བ་དགེ་
སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་གུ་ཧྱ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་མངོན་རྫོགས་མགོན་པོ་ཀྱེ། །
དབང་རྣམས་དམ་པ་ཡོད་དམ་ཅི། །གཙོ་འཁོར་ཁྱད་པར་མེད་དམ་ཅི། །སེམས་ཅན་དང་ནི་སངས་རྒྱས་ལ། །བྱེ་བྲག་ཐ་དད་མེད་དམ་ཅི། །དམ་ཚིག་ཆེ་ཆུང་ཇི་ལྟར་མཆིས། །དེ་ཉམས་བཤགས་ཐབས་ཡོད་དམ་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣམ་རྟོག་གཟུང་འཛིན་
དགག་པ་དང་། །རང་རིག་ཡེ་ཤེས་བླུགས་པའི་ཕྱིར། །དབང་རྣམས་སྒྱུ་མ་ཙམ་དུ་ཡོད། །རྣལ་འབྱོར་སེམས་ཀྱི་ངོ་བོ་རུ། །དབང་ནི་ངེས་པ་ཁོ་ན་སྟེ། །ལུས་ངག་ཀུན་ནས་བཟང་བ་ལ། །དེ་ཕྱིར་སེམས་ཀྱི་དྲི་མ་ནི། །འཁྲུད་དང་གཏོར་དང་སྲེག་པ་དང་། །མཁྱེན་པའི་རྟེན་དང་གོ་
འབྱེད་པས། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་ལྟ་བུར་གསུངས་པ་སྟེ། །དང་པོ་གཉིས་པ་གསུམ་པ་དག །རིམ་གྱིས་མ་བགྲོད་དབང་མི་ཐོབ། །བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །
སྐས་ཀྱི་རིམ་པ་ལྟ་བུར་གསུང་། །གང་ཟག་མཆོག་དང་ལས་དང་པོ། །མངོན་པར་རྟོགས་པའི་རིམ་པ་དང་། །མངོན་པར་རྟོགས་པའི་ཡན་ལག་གོ། །འདི་ཡིས་ངན་འགྲོ་སྲིད་ལས་གྲོལ། །དབང་དང་མན་ངག་འབྲེལ་པས་སོ། །དེ་ནས་བཞི་པ་ཞལ་གྱི་དབང་། །སྔོན་དུ་འགྲོ་དང་མི་
འགྲོ་མེད། །འདི་ནི་དབང་གི་རྒྱལ་པོ་སྟེ། །སློབ་དཔོན་སེམས་ཀྱི་རྒྱལ་པོ་ཡིན། །འདི་ནི་རང་རིག་བཞི་པའི་དབང་། །འདི་ཡིས་ཐམས་ཅད་གྲོལ་བར་འགྱུར། །འདི་ལ་རྟག་ཏུ་ཕྱག་སོགས་བྱ། །རྡོ་ཤིང་འདྲ་འབག་ལ་སོགས་པའི། །གཟུགས་བརྙན་ཡོངས་སུ་རྫོགས་པ་དང་། །

རས་དང་ཚོན་ལ་སོགས་པ་ཡི། །གཟུགས་བརྙན་ཡོངས་སུ་རྫོགས་པ་ལ། །བྱིན་བརླབས་ཡེ་ཤེས་དབབ་བྱས་ནས། །ལྷ་ཡིན་ཟེར་ནས་མཆོད་སོགས་ཏེ། །བཅོས་མ་ལ་སོགས་དེ་ལྟར་ན། །ཕུང་སོགས་ཡེ་ནས་སངས་རྒྱས་ལ། །ཅི་ཡི་ཕྱིར་ན་མཆོད་མི་བྱེད། །དེ་ནས་གཞན་
ཡང་དབྱེ་བ་དག །འཁྲུལ་པ་དང་ནི་འཁྲུལ་པའི་གཞི། །བཅོས་མ་ཉེ་བར་བཅོས་མ་དང་། །འདྲ་བ་ཡིན་པ་ལྟ་བུ་ཡི། །དབང་བཞིས་གྲོལ་བར་མི་འགྱུར་ཏེ། །ལོག་པའི་སྲེད་པས་སྲིད་པར་འཆིང་། །འཁྲུལ་བའི་འཁོར་ལོས་འཁོར་བར་འཁོར། །དེ་བས་དངོས་གྲུབ་འདོད་
པས་ཀྱང་། །ལྷ་ཡི་བུ་ཡི་བདུད་སྤངས་ཏེ། །བླ་མ་དམ་པ་རྟག་ཏུ་བསྟེན། །ཡིད་ཆེས་རིགས་དང་ངེས་པ་སྐྱེ། །ལུང་གི་ཚད་མ་ཡིན་པ་དང་། །འོག་མ་སྤངས་ཤིག་གོང་མ་ཐོབ། །མན་ངག་ཚད་མ་ཡིན་པ་བླང་། །མོས་པའི་རྗེས་སུ་འབྲང་བྱེད་ཅིང་། །ཆེ་བའི་ང་རྒྱལ་ལ་གནས་ཤིང་། །
འཇིག་རྟེན་ལྟ་སྤྱོད་དང་འདྲེས་པའི། །སྣོད་བཅུད་བླང་བར་མི་བྱའོ། །དེ་ནས་གཙོ་འཁོར་བྱེ་བྲག་ཀྱང་། །གནས་ཀྱི་ཁྱད་པར་དབུས་སུ་སྟེ། །རྒྱན་གྱི་ཁྱད་པར་ཐལ་བའོ། །རིགས་ཀྱི་ཁྱད་པར་དྲུག་པའི་རིགས། །དེ་ནས་གཙོ་འཁོར་བྱེ་བྲག་ཀྱང་། །ཕྱག་དང་ཞབས་སོགས་ཁྱད་པར་གྱིས། །
གཙོ་བོ་འཁོར་ལས་ཁྱད་པར་འཕགས། །དཔེར་ན་ཕ་རོལ་ཕྱིན་དྲུག་ལས། །ཤེས་རབ་ཕ་རོལ་ཕྱིན་མེད་ན། །ཕ་རོལ་ཕྱིན་པ་ལྔ་དག་གིས། །ཕ་རོལ་ཕྱིན་པའི་མིང་མི་ཐོབ། །དཀྱིལ་འཁོར་དབུས་སུ་གང་གནས་པའི། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་ཏེ། །གང་ཞིག་དབུས་སུ་མི་གནས་ན། །
འཁོར་རྣམས་དཀྱིལ་འཁོར་དུ་མི་འགྱུར། །དཔེར་ན་རྒྱལ་པོ་མེད་པ་ཡི། །གྲོང་དང་གྲོང་ཁྱེར་ཇི་བཞིན་ནོ། །དེ་བཞིན་དམ་ཚིག་བྱེ་བྲག་ཀྱང་། །རྩ་བའི་དམ་ཚིག་ཉམས་གྱུར་ན། །ཡན་ལག་དམ་ཚིག་དེ་དང་འདྲ། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །སྐུ་གསུང་དམ་ཚིག་དེ་དང་
འདྲ། །སྲོག་གཅོད་དམ་ཚིག་ཉམས་གྱུར་ན། །བརྫུན་དང་མ་བྱིན་ལེན་པ་དང་། །འདོད་ཆགས་དམ་ཚིག་དེ་དང་འདྲ། །ལྟ་བའི་དམ་ཚིག་ཉམས་གྱུར་ན། །སྤྱོད་པའི་དམ་ཚིག་དེ་དང་འདྲ། །ཚུལ་འཆོས་མི་དགེ་མོས་པ་ཙམ། །དམ་ཚིག་ཉམས་པ་དེ་དང་འདྲ། །དཔེར་ན་འཁོར་ལོས་

སྒྱུར་བའི་རྒྱལ་པོ་དང་། །བྲལ་བའི་རིན་ཆེན་བདུན་པོ་དེ་དག་གིས། །འཁོར་ལོས་སྒྱུར་བའི་མིང་ནི་མི་ཐོབ་བཞིན། །བླ་མའི་ཞལ་ནས་ཐམས་ཅད་ཤེས་པར་བྱ། །དེ་ནས་སངས་རྒྱས་སེམས་ཅན་ཡང་། །རྡུལ་ཙམ་ཁྱད་པར་མེད་མོད་ཀྱང་། །རང་རིག་གཞན་རིག་
རྐྱེན་དག་དང་། །རང་སེམས་ལས་སུ་རུང་བ་དང་། །མ་རུང་པ་དང་ལས་ཀྱི་མཐའ། །ལོག་པ་དང་ནི་མ་ལོག་པ། །དོན་བྱེད་ནུས་དང་མི་ནུས་པ། །ཡོངས་སུ་རྫོགས་དང་མ་རྫོགས་པས། །སངས་རྒྱས་སེམས་ཅན་གཉིས་སུ་སྣང་། །ཐ་དད་པར་ནི་མི་བརྟག་སྟེ། །ཆུ་ཁམས་གསེར་དང་
ནམ་མཁའ་བཞིན། །རང་བཞིན་གྱིས་ནི་དག་པར་འདོད། །རང་སེམས་རང་གིས་རྟོགས་པ་ན། །སེམས་ཅན་གདོད་ནས་སངས་རྒྱས་སོ། །རྡོ་རྗེ་ཕག་མོས་ཡང་ཞུས་པ། །སྲོག་གཅོད་ལ་སོགས་དམ་ཚིག་གི། །དབྱེ་བ་ཁྱེད་ཀྱིས་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །
རང་གི་ལུས་ངག་སེམས་གཡོས་ཀྱང་། །གསོད་པའི་འདུ་ཤེས་མ་སྐྱེས་ན། །སྲོག་གཅོད་ཉམས་པ་ཆུང་ངུར་ངེས། །གཞན་གྱིས་གནོད་པར་ཚོར་བ་དག །ཉམས་པ་འབྲིང་དུ་གསུངས་པ་ཡིན། །དེ་ལས་བཟློག་པ་ཆེན་པོར་ངེས། །གང་ཞིག་མ་བྱིན་ཆུང་བླངས་ཀྱང་། །གཞན་ལ་ཉོན་མོངས་ཆེར་
སྐྱེས་ན། །དེ་ཉིད་ཉམས་པ་འབྲིང་དུ་ངེས། །ཆེར་བླངས་ཉོན་མོངས་ཆུང་ན་འབྲིང་། །ཆེན་པོ་ལས་ནི་ཉོན་མོངས་ཆེར། །དེ་ནི་ཆེན་པོ་ཁོ་ནར་ངེས། །ཚུལ་འཆོས་ལྟུང་བ་ཆེན་པོ་སྟེ། །མི་ཤེས་པ་དང་བག་མེད་དག །བརྗེད་ངས་ལ་སོགས་འབྲིང་དུ་གསུངས། །གཞན་ཡང་དམ་ཚིག་ཉམས་པ་ཡི། །
ཆེ་འབྲིང་ཆུང་ངུའི་ལྡང་ཚད་དག །རང་དང་གཞན་དང་གཉི་ག་ཡིས། །རྒྱུ་རྐྱེན་དག་ལས་ཤེས་བྱ་སྟེ། །ལྟུང་བའི་ངོ་བོས་ཟིན་པ་དང་། །ཕྱི་ནང་རྡོ་རྗེ་སློབ་དཔོན་གྱིས། །སྤྱན་སྔར་དཀྱིལ་འཁོར་ཆེན་པོ་བཞེངས། །ཚུལ་དང་མཐུན་པར་བཤད་པ་བྱ། །དམ་ཚིག་གོང་འོག་བྱེ་བྲག་གིས། །བླ་མའི་
དཀྱིལ་འཁོར་ཤེས་པར་བྱ། །གཞན་ཡང་བཤགས་པའི་བྱེ་བྲག་ལ། །སྦྱིན་སྲེག་གིས་ནི་སྡིག་བསྲེག་ཕྱིར། །ནང་གི་སྦྱིན་སྲེག་ཆེན་པོ་བརྩམ། །ཟབ་པའི་མེ་ནི་རྒྱུན་གཞག་མེད། །ཐབས་ཀྱི་རྒྱུན་གཞག་མེ་ཡིན་ཏེ། །ལོ་བདུན་དང་ནི་ལོ་གཅིག་དག །ཕྱི་ཡི་རྒྱུན་གཞག་ཆེན་པོའི་མེ། །

ཟླ་བ་བདུན་དང་གསུམ་དག་ནི། །འབྲིང་དུ་གསུངས་ཏེ་ཞག་བདུན་སོགས། །རྒྱུན་གཞག་མེ་ནི་ཆུང་ངུར་གསུངས། །རྒྱས་པ་ལ་སོགས་དེ་བཞིན་ཏེ། །རང་བཞིན་གདོད་ནས་གནས་པ་ཡི། །གཏུམ་མོ་ཡེ་ཤེས་མེ་རང་བཞིན། །འདི་ནི་རྒྱུན་གཞག་ཆེན་པོའི་མེ། །ཐོག་མཐའ་མེད་པར་
གནས་པའི་ཕྱིར། །དམ་ཚིག་ཉམས་པའི་བུད་ཤིང་སོགས། །ཡེ་ཤེས་མེ་ཡི་བུད་ཤིང་ཡིན། །མན་ངག་ཅན་གྱིས་བསྲེགས་བྱས་ན། །ཉམས་པའི་ཤིང་སོགས་འཚིག་པར་ངེས། །དགང་གཟར་ལ་སོགས་དེ་བཞིན་ཏེ། །རྒྱས་པ་ལ་སོགས་དེ་དང་འདྲ། །རྒྱུད་འདི་གཏད་ཀྱིས་ལེགས་
པར་ཟུང་། །ཐམས་ཅད་དགའ་ཞིང་མགུ་བར་གྱུར། །དཔལ་རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛྭ་ལ་ཨགྣི་གུ་ཧྱ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་འཁོར་འདུས་པའི་ནང་ན་རྡོ་རྗེ་ཕག་མོས་གསོལ་པ། རྣལ་འབྱོར་གང་ལགས་འཕོ་བ་གང་། །འཆི་བ་གང་ལགས་ཤི་བ་གང་། །རོ་ནི་གང་ལགས་རོ་ཆེན་གང་། །དེ་བཞིན་ཤི་བ་ཆེན་
པོ་གང་། །ཐལ་བ་གང་ལགས་ཐལ་ཆེན་གང་། །ཚ་ཚ་གང་ལགས་ཚ་ཚ་ཡི། །ཆེན་པོ་གང་ལགས་གནས་ནི་གང་། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐབས་དང་ཤེས་རབ་སྙོམས་འཇུག་ལ། །རྣལ་འབྱོར་ཞེས་ནི་གསུངས་པ་
ཡིན། །དུས་མིན་ལྷ་ནི་གསོད་པ་སྟེ། །དང་པོར་འཕོ་བའི་རྟགས་དང་ཡང་། །དུས་ཚོད་ངེས་པར་ཤེས་བྱ་སྟེ། །བར་ཆད་མེད་པའི་ཏིང་འཛིན་གྱིས། །འཁྲུལ་འཁོར་བཅས་ཏེ་ཁྱད་པར་གྱིས། །འབྲས་བུ་འབྱུང་བར་འཕོ་བར་ངེས། །ཁམས་དང་འབྱུང་བ་སོ་སོར་ཐིམ། །སྲོག་གི་

རྩོལ་བ་ལ་ཐིམ་སྟེ། །རྩོལ་བ་རྣམ་ཤེས་ལ་ཐིམ་པའི། །སྐད་ཅིག་དང་པོ་འཆི་བ་སྟེ། །རྡོ་རྗེ་ཅན་སོགས་རིགས་བཞི་དང་། །རྣམ་སྣང་ཐ་དད་བྲལ་བ་ཡི། །སྐད་ཅིག་དང་པོ་ཤི་བ་སྟེ། །དེ་ནས་ཞག་བདུན་བར་དུ་གཞག །ལུས་ཀྱི་མཁའ་འགྲོ་མྱ་ངན་འདས། །དེ་ནི་ཤི་བ་
ཆེན་པོར་གྲགས། །ལུས་ནི་ཏ་ལའི་མགོ་བོ་འདྲ། །འདི་ཉིད་རོ་ཞེས་གསུངས་པ་སྟེ། །ཡེ་ཤེས་དབབ་དང་ཡེ་ཤེས་བརྟན། །མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད། །སྤྱི་བོ་མགྲིན་པ་སྙིང་ག་རུ། །དྲི་ཡི་ཐིག་ལེ་གསུམ་བྱས་ཏེ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ཐོག་མར་དྲི་ཞིམ་སྣ་
ཚོགས་ཀྱིས། །ཁྲུས་བྱས་གནས་ནི་བཅུ་གཉིས་སུ། །དྲི་ཡི་ཐིག་ལེ་བཅུ་གཉིས་བྱ། །དཔའ་བོ་མཁའ་འགྲོས་བྱིན་གྱིས་བརླབ། །གཞན་ཡང་རྒྱན་ལ་སོགས་པ་ཀུན། །དངོས་སུ་གནས་པས་རབ་ཏུ་ངེས། །རི་མོར་བྲིས་པ་འབྲིང་པོ་སྟེ། །དྲི་ཡི་ཐིག་ལེ་ཐ་མར་ངེས། །གཡས་བརྐྱང་ལ་
སོགས་འདུག་སྟངས་ཀྱིས། །ཧེ་རུ་ཀར་གྲགས་ཆེན་པོར་བཞེངས། །རང་རིག་བདག་པོ་གང་ཡིན་པ། །ཧེ་རུ་ཀ་རུ་ངེས་པ་དང་། །དེ་ལ་དུས་དྲུག་མཆོད་པས་མཆོད། །འདི་དག་རོ་ནི་ཆེན་པོ་སྟེ། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །རང་བཞིན་བསྲེགས་
པ་ཐལ་བ་སྟེ། །རྩ་བའི་དཀྱིལ་འཁོར་ལ་བརྟེན་ནས། །ཆོས་སྐུ་གཟུགས་བརྙན་རིམ་བཞིན་བརྩིག །ཡང་ན་བུམ་པ་ལྟ་བུ་ཡི། །གཞལ་ཡས་ཁང་པ་བརྩེག་མར་བརྩིག །མི་འཆི་བཅུ་ཕྱེད་སྙིང་པོ་དང་། །ཙནྡན་གུར་ཀུམ་ལ་སོགས་པའི། །དྲི་ཡིས་བྱུགས་ཤིང་བསྒོ་བར་བྱ། །ཙནྡན་དམར་
པོ་ལ་སོགས་པའི། །དྲི་ཞིམ་ལྡན་པའི་ཤིང་བུ་འམ། །ཡང་ན་འབྲས་བུ་ཡོད་པ་ཡི། །བུད་ཤིང་ཚད་དང་མཐུན་པ་ཡིས། །ཐབ་ཁུང་ཆེན་པོར་རྫོགས་པར་བརྩིག །བླ་མ་དམ་པ་མཉེས་བྱས་ལ། །ཞལ་ནས་ཡང་དག་ཤེས་པར་བྱ། །ཟུར་བཞི་རྒྱལ་པོ་ཆེན་པོ་བཞི། །ཕྱོགས་བཞི་མི་འཇིགས་སེང་གེ་
བརྒྱད། །ཀ་བ་བཞི་དང་གདུང་བཞིར་ལྡན། །ཆོ་ག་ཡོངས་སུ་རྫོགས་པ་དང་། །རིག་པའི་དཀྱིལ་འཁོར་གཞུག་པ་དང་། །སྔར་གྱི་དབང་ཐོབ་རྫོགས་པར་བསྐུར། །དེ་ནས་རྒྱུན་གཞག་མེ་སྦར་ཏེ། །མེ་ལྷ་ལ་སོགས་གཞན་དང་འདྲ། །དེ་ནས་རིག་པ་དེ་ཉིད་ཀྱང་། །མེ་ཡི་ཁང་པ་མཛེས་པ་རུ། །རང་

བཞིན་སྤྱན་དྲངས་བཞུགས་སུ་གསོལ། །མེ་མཆོད་སྡིག་པ་བསྲེག་པ་ཡི། །སྔགས་དང་རྫས་སོགས་གཞན་དང་འདྲ། །མེ་དང་དུ་བ་རླུང་སོགས་ཀྱི། །མཚན་མ་མཁས་པས་བརྟག་བྱ་སྟེ། །བཀྲ་ཤིས་རྟགས་རྣམས་བྱུང་ན་ལེགས། །མེད་ན་སྡིག་པ་བསྲེག་པར་བྱ། །དུང་ལ་སོགས་པ་
བྱུང་ན་རབ། །མ་བྱུང་ན་ཡང་ཆོ་ག་རྣམས། །རྫོགས་པ་ལས་བྱུང་རུས་པ་རྣམས། །འདི་ནི་ཐལ་བ་ཆེན་པོ་སྟེ། །དེ་ལས་གཞན་པ་ཐལ་བར་གསུངས། །དེ་ནས་རུས་བ་ཞག་གསུམ་ནི། །གུར་ཀུམ་ལ་སོགས་དྲིས་གཏོར་ཏེ། །རུས་པའི་མཚན་མ་བརྟག་བྱ་སྟེ། །ཁ་དོག་དབྱིབས་དང་དྲི་དང་རོ། །
བླ་མའི་ཞལ་ནས་ཤེས་པར་བྱ། །གདོན་བསལ་ཁྲུས་བྱ་རུས་པ་བརྡུང་། །མཉམས་དུམ་བུ་གཅིག་པ་ལ། །དྲི་སོགས་བསྒོས་པའི་ནང་དུ་སྟེ། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡི། །སྟེང་དུ་སེང་གེའི་ཁྲི་དག་ལ། །སེང་གེ་རྒྱལ་ཆེན་འོག་གི་རྒྱན། །སྟེང་ནས་གདུགས་དང་རྒྱལ་མཚན་ཏེ། །
གནས་དེར་རུས་པ་གཞག་བྱས་ལ། །མེ་ཏོག་བྱས་ནས་ཞག་ལྔ་རུ། །བསྙེན་པ་བྱས་ཏེ་དྲུག་པ་ལ། །གདུང་བྱུང་སྟ་གོན་བདུན་པ་ལ། །ཚ་ཚ་རབ་ཏུ་གནས་པར་བྱ། །དང་པོར་རོ་བསྲེགས་དུས་སུ་ཡང་། །ཤི་བ་དང་པོ་ནས་བཟུང་སྟེ། །ཞག་ལྔ་རོ་ཡི་བསྙེན་པ་སྟེ། །དྲུག་པ་རོ་ཡི་སྟ་གོན་ནོ། །བདུན་
པ་དུར་ཁྲོད་རབ་ཏུ་གནས། །དང་པོར་སྣང་བ་གཉིས་པར་རོ། །གསུམ་པ་རུས་པ་མྱ་ངན་འདས། །མྱ་ངན་འདས་པ་རྣམ་པ་གསུམ། །གཞན་ལ་མེད་ཅིང་རང་ལ་མེད། །དམན་ལ་མེད་ཅིང་དེ་རྗེས་མེད། །ཐབས་སུམ་གསུངས་ཤེས་རབ་ཀྱི། །རྩ་རྒྱུད་བཤད་རྒྱུད་ཕྱི་མ་དང་། །ཕྱི་མའི་ཕྱི་མར་མ་
གསུངས་པའོ། །མྱ་ངན་འདས་པ་རྣམ་པ་གསུམ། །བདུད་རྩི་སྒྲོན་མ་ར་ལི་ཡི། །རྒྱུད་དུ་ཁྱོད་ལ་ང་ཡིས་བཤད། །དེ་ནས་ཚ་ཚའི་རིམ་པ་ཡང་། །སྣང་བ་རྒྱལ་པོ་ལ་སོགས་ལ། །མཐུན་པའི་གཏམ་གྱིས་ས་སོགས་བླང་། །མི་སྣང་ས་བདག་ལ་སོགས་ལ། །གཏོར་མ་མེ་ཡིས་ས་སོགས་བླང་། །
དེ་ནས་སྐུད་པ་རྣམ་ལྔ་ཡང་། །ཕན་པ་རྡོ་རྗེ་ཅན་དང་ཡང་། །གཟི་བརྗིད་གར་དང་རྡོ་རྗེ་རྒྱལ། །སྲད་བུས་ས་གཟུངས་སྦྱང་སོགས། །ཆོ་ག་གཞན་དང་མཐུན་པར་བྱ། །དུར་ཁྲོད་གནས་སུ་རྩ་བ་ཡི། །དཀྱིལ་འཁོར་ཆེན་པོ་བཞེངས་པར་བྱ། །ལྷ་གྲངས་དུ་ཡོད་གཏོར་མ་གཏང་། །སྦྱིན་སྲེག་དག་

གིས་ཞི་བྱས་ཏེ། །གཅིག་གམ་ལྔའམ་བདུན་ནམ་ནི། །ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད། །ཅི་ནུས་པར་ནི་གདབ་པར་བྱ། །དུས་ནི་མཚན་མོ་ཤེས་པ་སྟེ། །དང་པོ་ལ་ནི་དཀྱིལ་འཁོར་གྱིས། །ཕྱག་རྒྱ་ཆེན་པོ་རྫོགས་པ་སྟེ། །གསུམ་པ་བཞི་པ་གཉིས་པ་དག །ཆོས་
ཀྱི་སྐུ་ཡི་གཟུགས་བརྙན་གདབ། །བུམ་དབང་ས་ལ་གདབ་པ་སྟེ། །གསང་དབང་ས་དང་ཆུ་ལ་གདབ། །གསུམ་པ་མེ་དང་རླུང་ལ་གདབ། །བཞི་པ་ནམ་མཁར་གསུངས་པའོ། །དང་པོ་འཕོ་བས་མ་ལྷུང་ལ། །གཉིས་པ་རོ་བསྲེག་མ་ལྷུང་བའོ། །གསུམ་པ་ཚ་ཚས་མ་ལྷུང་ན། །འཆི་
བསླུ་བའི་དམ་པ་སྟེ། །སྲིད་པའི་འཆི་བ་ལས་གྲོལ་ངེས། །དམན་པའི་འཕོ་བ་ལ་སོགས་པས། །ལྷུང་ཞིང་འཆི་བ་ཁོ་ནར་ངེས། །དེ་བས་སྲིད་ལས་གྲོལ་འདོད་པས། །བླ་མ་དམ་པ་རབ་མཉེས་ཏེ། །འཕོ་བ་ལ་སོགས་གདམས་ངག་བླང་། །རྒྱུད་འདི་གཏད་ཀྱིས་ལེགས་པར་ཟུང་། །དེའི་
ཚེ་འཇིག་རྟེན་གྱི་ཁམས་ཀྱི་ས་ཆེན་པོ་ཡང་གཡོས་པར་གྱུར་ཏོ། །མཆོད་པ་སྣ་ཚོགས་པའི་ཆར་ཡང་བབ་བོ། །དཔའ་བོ་དང་མཁའ་འགྲོ་མ་དང་དུར་ཁྲོད་ན་གནས་པའི་རོ་ལངས་ཆེན་པོ་ཐམས་ཅད་རྒྱུད་ཀྱི་དོན་ལ་རྗེས་སུ་ཡི་རངས་པར་གྱུར་ཏོ། །དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ་
རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨ་མྲྀ་ཏ་གུཧྱ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ། བཅོམ་
ལྡན་འདས་དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་གསོལ་པ། དཀྱིལ་
འཁོར་དབྱེ་བ་ཇི་ལྟ་བུ། །སྔགས་དང་གཏོར་མ་ཇི་ལྟ་བུ། །སྦྱིན་སྲེག་མཆོད་སོགས་ཇི་ལྟ་བུ། །ཁྱོད་ཀྱིས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་དཀྱིལ་འཁོར་དབྱེ་བ་ཡང་། །ཕྱི་ལ་གཟུགས་བརྙན་དཀྱིལ་འཁོར་ཏེ། །ནང་དུ་ལུས་ཀྱི་དཀྱིལ་

འཁོར་རོ། །གསང་བར་བྷ་གའི་དཀྱིལ་འཁོར་ཏེ། །བཞི་པ་རང་རིག་བྱང་ཆུབ་སེམས། །དེ་རྣམས་ལྷ་ཡི་མཚན་ཉིད་ཀྱང་། །སྐུ་མདོག་ཕྱག་མཚན་རགས་པའི་ལམ། །ཁྲོ་ཚུལ་དྲུག་ཅུ་རྩ་བཞི་དང་། །འབར་བའི་གར་དགུ་ཕྱག་རྒྱ་དྲུག །མཚན་ཉིད་སྒྱུ་མ་ལྟ་བུ་ཡིས། །ཐ་མལ་པ་ཡི་རྣམ་
རྟོག་སྤོང་། །ལུས་ཀྱི་དྲི་འཁྲུ་ཞེ་སྡང་དག །ལོངས་སྤྱོད་རྫོགས་པའི་སྐུར་གྱུར་པའོ། །འདི་དག་ཕྱི་ཡི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་དབུས་སུ་གང་གྱུར་པ། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་ཏེ། །རྡོ་རྗེ་ཅན་དང་ཕན་པ་དང་། །དེ་བཞིན་རྡོ་རྗེ་གཟི་བརྗིད་དང་། །པདྨ་གར་གྱི་དབང་ཕྱུག་དང་། །དེ་
བཞིན་རྟ་བདུན་རྡོ་རྗེ་སེམས། །སྙིང་པོ་ཡོངས་གཟུང་དཀྱིལ་འཁོར་ཏེ། །དེ་དག་ཕྱི་ཡི་དཀྱིལ་འཁོར་ཡིན། །དེ་ནས་ནང་གི་དཀྱིལ་འཁོར་ཡང་། །རྣལ་གྲོལ་སྟེང་དུ་གདན་ཁྲི་རླུང་། །རང་རིག་བདག་པོའི་ལྷ་ཡིན་ནོ། །དང་པོར་དེ་ཉིད་ཤེས་བྱ་སྟེ། །རགས་པ་དང་ནི་ཕྲ་བ་དང་། །ཟུང་འཇུག་སྒོ་
གསུམ་ཉི་ཁྲི་དང་། །ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཙམ། །ལས་ནི་རགས་པའི་ལམ་འཇོམས་ཤིང་། །ངག་གི་དྲི་འཁྲུ་གཏི་མུག་དག །སྤྲུལ་པའི་སྐུ་ཡི་རྒྱུར་གྱུར་པ། །མཁའ་སྤྱོད་རླུང་དུ་ཤེས་པར་བྱ། །གང་ཞིག་སྣང་བ་བསྒོམ་པ་དང་། །དེ་བཞིན་མུན་པ་བསྒོམ་པ་དག །ཉིན་དང་མཚན་
མོར་རབ་ཏུ་གྲགས། །གནོད་མཛེས་ལྟ་སྟངས་དམན་པ་སྟེ། །ཚུལ་དེ་དེ་ལས་བཟློག་པའོ། །དང་པོར་ཡིད་བཅིང་སྣ་རྩེར་བྱ། །དེ་བཞིན་སེམས་བཅིང་རླུང་བཅིང་ཡང་། །ནམ་མཁའ་སོར་བཞི་དེ་ནས་སྟོང་། །དེ་ནས་བར་དུ་ཐིག་ལེ་ཡང་། །ཡན་ལག་དང་བཅས་ཡན་ལག་མེད། །ཤིན་
ཏུ་ཡན་ལག་མེད་པ་སྟེ། །ཡན་ལག་བཅས་པ་བཅུ་གསུམ་སྟེ། །ཐབས་ལ་ཐབས་ཀྱི་སྦྱོར་བ་ནི། །བླ་མའི་ཞལ་ནས་ཤེས་པར་བྱ། །མ་ནིང་འདུས་པའི་སྒོ་རུ་གསུངས། །དེ་ནས་འོག་སྒོར་ཙཎྜཱ་ལཱི། །ཁ་སྦྱོར་དང་ནི་སྟུག་པོ་སོགས། །རྐྱེན་དང་བཅས་དང་རང་བཞིན་དང་། །བདག་སྦྱང་བ་
དང་གཞན་སྦྱང་དང་། །གཏུམ་མོ་རང་བཞིན་སྦར་བ་དང་། །གཏུམ་མོ་གོ་བཟློག་སྦར་བ་དང་། །གཏུམ་མོ་རྐྱེན་གྱིས་སྤར་བ་དང་། །གཏུམ་མོ་ཞར་ལ་སྦར་བ་དང་། །གཏུམ་མོ་བྱེ་བྲག་སྦར་བ་དང་། །སྤྱི་ཡི་གཏུམ་མོ་སྦར་བ་དང་། །གྲོལ་བའི་རང་བཞིན་གཏུམ་མོ་དང་། །ཆགས་

པའི་རང་བཞིན་གཏུམ་མོ་སྟེ། །ནང་གི་ལྷ་ཡི་ངོ་བོ་སྟེ། །གསང་བའི་ལྷ་ཡི་རིང་བའི་རྒྱུ། །དེ་ནས་གསང་བའི་དཀྱིལ་འཁོར་ཡང་། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །དེ་ཡི་ཕྱིར་ན་བྷ་ག་ཡིན། །དགའ་བ་ལ་སོགས་སྒྱུ་མ་ཡི། །ཕྲ་བའི་ལམ་སྤོང་ལས་ཡིན་
ཏེ། །སེམས་ཀྱི་དྲི་འཁྲུད་འདོད་ཆགས་དག །རང་རིག་སེམས་ཀྱི་རྒྱལ་པོའི་རྒྱུ། །དེ་ནས་བཞི་བའི་དཀྱིལ་འཁོར་ནི། །ཆོས་སྐུ་སྐྱེ་མེད་ནམ་མཁའ་བཞིན། །རང་རིག་སྟོང་པ་འོད་གསལ་ལ། །བསྒོམས་པས་ཉེས་པ་མ་ཡིན་ཏེ། །མ་བསྒོམས་པས་ཀྱང་ཉེས་པ་མིན། །བསྒོམ་
པ་ཉིད་ཀྱང་རྟོག་པ་སྟེ། །མི་བསྒོམ་པ་ཡང་རྟོག་པ་ཉིད། །བསྒོམ་དུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འདི། །ལྷ་ཡི་རྒྱལ་པོ་ཡིན་པར་འདོད། །དཀྱིལ་འཁོར་རྣམས་ཀྱི་མཆོག་གྱུར་པ། །རང་རིག་ཡེ་ཤེས་མེ་བོ་ཆེ། །ཐམས་ཅད་འདི་ལ་གནས་པ་སྟེ། །དཔེར་
ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དག །ཡུལ་དང་གྲོང་ཁྱེར་དག་ཏུ་མི་འགྲོ་ཡང་། །ཡུལ་ན་འདོད་པ་ཐམས་ཅད་སྡུད་པ་ལྟར། །མཆོད་དང་གཏོར་མ་ལ་སོགས་པའི། །ལས་དང་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་ཤེས་གྱུར་ན། །ཐམས་ཅད་འདི་ལ་སྡུད་པར་ངེས། །ལས་
ནི་ཟབ་པའི་ལམ་སྤོང་སྟེ། །སྒོ་གསུམ་རྣམ་དག་དུག་གསུམ་འཇོམས། །གཟུགས་སྐུ་གཉིས་ནི་འབྱུང་བའི་རྒྱུ། །སྦྱིན་སྲེག་རྣམ་པ་བཞི་ཡིན་ཏེ། །སྤྱི་ཡི་ཐུན་མོང་ཡིན་པར་གསུངས། །དེ་ནས་ནང་གི་སྦྱིན་སྲེག་ཀྱང་། །ལྟེ་བ་སྙིང་ག་སྤྱི་བོ་མགྲིན། །རིགས་ནི་ངེས་པའི་ཐབ་ཁུང་སྟེ། །
སྐུ་ནི་སྤྱི་བོ་གསུང་མགྲིན་པ། །སྙིང་གར་ཐུགས་ཏེ་ཡོན་ཏན་དང་། །ཕྲིན་ལས་གཏུམ་མོ་གཉིས་སུ་ངེས། །རླུང་དང་རྩ་དང་ཐིག་ལེ་དང་། །རང་བཞིན་གནས་པའི་ཡེ་ཤེས་མེ། །མེ་ལྷ་དག་པས་བདག་པོའི་ལྷ། །སྐུ་མདོག་ཕྱག་མཚན་རྣམ་རྟོག་དག །སྲེག་རྫས་བསྲེག་སྟེ་མེ་
མཆོད་བྱ། །ཉེ་བར་ཞི་བ་སྦྱིན་པ་དང་། །རྣམ་རྟོག་སྲེག་ཕྱིར་སྦྱིན་སྲེག་སྟེ། །རང་ལུས་ཡེ་ཤེས་མེ་ཡིས་ནི། །རྟོག་པའི་བུད་ཤིང་བསྲེག་བྱ་བ། །འདི་ནི་སྦྱིན་སྲེག་ཚད་མ་སྟེ། །ཏིལ་སོགས་སྡིག་པར་ངེས་པའམ། །ལས་ཀྱི་མེ་ཉིད་ཡེ་ཤེས་སམ། །བསྲེགས་པས་ངེས་པར་

ཚིག་གམ་ཅི། །སྲེག་རྫས་རྟོག་པ་སྲེག་བྱེད་མེ། །དབང་པོས་སྤྱོད་ཡུལ་མ་ཡིན་ཏེ། །དེ་ཕྱིར་ལས་ཀྱི་མེ་ཉིད་ལ། །ཏིལ་སོགས་བསྲེགས་པའི་ལས་བྱས་ཀྱང་། །ངེས་པར་སྡིག་པ་ཚིག་མི་འགྱུར། །མཆོད་པ་ལ་སོགས་དེ་བཞིན་ནོ། །བསྟན་པ་ཙམ་དུ་ངེས་པ་སྟེ། །རྒྱུད་ནི་དོན་དམ་
མ་ཡིན་ཏེ། །དོན་དམ་རྟོགས་པས་བསྟན་པ་མེད། །དགང་གཟར་བླུགས་གཟར་ལ་སོགས་པ། །བླ་མའི་ཞལ་ནས་ཤེས་པར་བྱ། །དེ་ནས་གསང་བའི་སྦྱིན་སྲེག་ཀྱང་། །ཐབ་ཁུང་ལྟེ་བའམ་སྣ་རྩེ་སྟེ། །ཆགས་གྲོལ་གནས་ནི་ངེས་པ་དང་། །རང་བཞིན་དང་ནི་གསང་བ་ཡི། །
གཏུམ་མོ་ཡེ་ཤེས་མེ་སྦར་ཏེ། །གཡས་གཡོན་དགང་གཟར་བླུགས་གཟར་གྱིས། །ཤུཀྲ་རྩ་དང་རླུང་སོགས་ཀྱི། །ཕྲ་མོའི་རྟོག་པའི་སྲེག་རྫས་བསྲེག །བདེ་བའི་མེ་ལྷ་མཆོད་པར་བྱ། །ཞི་རྒྱས་ལས་ཀྱི་རིམ་པ་དང་། །བཞི་པ་ཞལ་ནས་ཤེས་པར་བྱ། །དེ་ནས་སྔགས་ཀྱི་དབྱེ་བ་ཡང་། །
ཕྱི་ཡི་སྔགས་ནི་ཨོཾ་ཨཱཿཧཱུྃ། །ནང་དུ་བདུད་རྩིའི་མཚན་ཉིད་དེ། །གསང་བར་མཆོག་ཚད་དབུས་ན་གནས། །མཐར་ཐུག་མཐའ་བྲལ་རང་རིག་གོ། །སྤོས་སོགས་ཕྱི་ཡི་མཆོད་པ་སྟེ། །བདུད་རྩི་ལ་སོགས་ནང་དུའོ། །གསང་བར་བདེ་བའི་རོ་ཡིས་མཆོད། །མཐར་ཐུག་སྟོང་པའི་རོ་ཡིས་མཆོད། །
འབྲས་སོགས་ཕྱི་ཡི་གཏོར་མ་སྟེ། །དམན་པའི་བགེགས་སོགས་ཞི་བར་བྱེད། །ཨ་བ་དྷཱུ་ཏཱིའི་ཀ་པཱ་ལར། །ཤ་སོགས་བདུད་རྩིའི་རང་བཞིན་གནས། །རྣམ་རྟོག་བགེགས་ཆེན་ཞི་བར་བྱེད། །བདེ་བ་ཆེན་པོའི་བདུད་རྩིའི་རོས། །ཕྲ་བའི་གདོན་ཆེན་ཞི་བྱས་པ། །འདི་ནི་གསང་བའི་གཏོར་
མར་གསུངས། །རང་རིག་སྟོང་པའི་བདུད་རྩིའི་རོས། །བདེ་ཆེན་གདོན་ནི་ཞི་བྱས་པ། །འདི་ནི་བཞི་པའི་གཏོར་མར་ངེས། །ཕྱག་འཚལ་སྐོར་བ་ལ་སོགས་དང་། །སྤྱང་སོགས་བླ་མའི་ཞལ་ནས་ཤེས། །གང་གི་ཕྱིར་ན་སྦྱིན་སྲེག་ནི། །དངོས་གྲུབ་དམ་པ་སྟེར་བ་དང་། །རྣམ་རྟོག་སྲེག་ཕྱིར་
སྦྱིན་སྲེག་སྟེ། །ཤིང་སོགས་སྲེག་པ་སྦྱིན་སྲེག་མིན། །མཉེས་པའི་དོན་གྱིས་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག །མཉེས་པས་མཆོད་པ་ཆེན་པོ་སྟེ། །གདོན་དང་གནོད་པ་ཞི་བ་དང་། །བར་ཆད་ཞི་དང་དངོས་གྲུབ་དག །འབྱུང་བའི་ཕྱིར་

ན་གཏོར་མ་སྟེ། །འབྲས་སོགས་ཕྱི་ཡི་གཏོར་མ་ཡིས། །གདོན་སོགས་ཞི་བར་མི་འགྱུར་ཏེ། །རང་གི་སྒོ་གསུམ་རྣམ་རྟོག་དག །གདོན་ལ་སོགས་པར་སྣང་བ་སྟེ། །འཁྲུལ་པའི་རྣམ་རྟོག་མ་སྤངས་པར། །གདོན་སོགས་ཞི་བར་མི་འགྱུར་ཕྱིར། །སྒོ་གསུམ་རྣམ་
རྟོག་འཇོམས་པ་ཡི། །སེམས་ཀྱི་གཏོར་མ་གཏོར་མའི་མཆོག །གདོན་དང་གནོད་པ་ཞི་བ་དང་། །དམ་ཚིག་གསོ་དང་ལྷ་རྣམས་འགོ། །དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར། །ཕྱི་ནང་གཏོར་མར་ངེས་པའོ། །རྒྱུད་རྣམས་ཉེ་བར་ཞི་བ་དང་། །ལུས་ལས་འབྱུང་ཕྱིར་ལྷ་ཡིན་ཏེ། །ཕྱི་ཡི་
དཀྱིལ་འཁོར་ལྷ་མ་ཡིན། །ལུས་དང་ཡན་ལག་ལྷ་མ་ཡིན། །ཁ་མིག་ལ་སོགས་ལྷ་མ་ཡིན། །ལུས་ལས་མ་བྱུང་གཡེང་བའི་ཕྱིར། །དབང་པོ་སྒོ་གསུམ་གཡེང་བ་དགག །རང་གི་ལུས་ལ་རང་ལུས་འབྱུང་། །སྒོ་གསུམ་ཞི་ཕྱིར་ལྷ་ཞེས་བརྗོད། །ཡིད་སྐྱོབ་ཕྱིར་ན་སྔགས་ཡིན་ཏེ། །
རང་སེམས་ལས་སུ་རུང་བ་དང་། །རྣམ་རྟོག་གདོན་རྣམས་ལས་སྐྱོབ་ཕྱིར། །འདི་ནི་སྔགས་ཀྱི་རྒྱལ་པོར་གསུངས། །གཞན་ཡང་དངོས་གྲུབ་འདོད་པ་ཡིས། །ཐམས་ཅད་བླ་མའི་ཞལ་ནས་བླང་། །རྒྱུད་འདི་གཏད་ཀྱིས་ནན་ཏན་གྱིས། །དེའི་ཚེ་འཁོར་འདུས་པ་ཐམས་ཅད་རྒྱུད་ཀྱི་དོན་ལ་ཡི་
རངས་པར་གྱུར་ཏོ། །དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ག་ཡ་བྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཤྨཱ་ཤཱ་ནི་ཨ་ལཾ་ཀཱར་ཏནྟྲ་
རཱ་ཛ། བོད་སྐད་དུ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཆེ་ལ་ཕྱག་འཚལ་ཏེ། །ཞབས་ལ་སྤྱི་བོས་ལེགས་བཏུད་ནས། །དུར་ཁྲོད་གང་ལགས་རྒྱན་གང་ལགས། །རྒྱུད་ནི་གང་ལགས་རྒྱལ་པོ་གང་། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། །ལེགས་སོ་རྡོ་རྗེ་སྙིང་པོ་ལེགས། །ལེགས་པར་ཉོན་ལ་ལེགས་པར་ཟུང་། །དང་པོར་དུར་ཁྲོད་བཤད་བྱ་སྟེ། །དུར་ཁྲོད་སྤྱི་དང་བྱེ་བྲག་གནས། །གཞལ་ཡས་ཁང་གི་ཕྱི་རོལ་ཏེ། །རྡོ་རྗེ་ར་བའི་ནང་རོལ་དུ། །འཇིགས་པ་ཆེན་པོ་སྤྱི་ཡི་གནས། །བྱེ་བྲག་ཤར་ལ་སོགས་

པ་སྟེ། །སྣོད་ཀྱི་ཞེན་པ་བཟློག་པ་ཡང་། །ལྕགས་རི་ནག་པོ་ཚུན་ཆད་དེ། །རྡོ་རྗེ་ར་བས་དེ་ཉིད་དོ། །ཆེན་པོ་ཁྲུ་ནི་ཉི་ཤུ་སྟེ། །ཆུང་བ་ཁྲུ་གང་ཚུན་ཆད་དོ། །དེ་ལས་གཞན་པའི་དཀྱིལ་འཁོར་ནི། །ཚད་ལས་ངེས་པར་འདས་པའོ། །རྣམ་ཤེས་ཚོགས་བརྒྱད་རྣམ་རྟོག་བརྒྱད། །
མི་མངའི་རྟགས་སུ་དུར་ཁྲོད་བརྒྱད། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་དགོད། །ཚོགས་བརྒྱད་ཡོན་ཏན་བརྒྱད་ལྡན་པའི། །རྟགས་སུ་ཤིང་བརྒྱད་རིམ་པས་དགོད། །དེ་བཞིན་གདུག་པ་བརྒྱད་བཅོམ་པའི། །རྟགས་སུ་ཀླུ་བརྒྱད་རིམ་པས་དགོད། །ཚོགས་བརྒྱད་མི་དགེ་བཅུ་བཅོམ་
པའི། །རྟགས་སུ་ཕྱོགས་སྐྱོང་རིམ་པས་དགོད། །ལུས་ངག་གཉིས་ཀྱིས་སེམས་ཅན་གྱི། །དོན་མཛད་ཕྱིར་ནི་ཆར་སྤྲིན་དགོད། །དེ་ཉིད་དུར་ཁྲོད་འཇིགས་པ་ཆེ། །ཐབས་དང་ཤེས་རབ་གཉིས་མེད་རྒྱུ། །རྣམ་རྟོག་ཟིལ་གནོན་བརྒྱད་པོར་བཤད། །མཛེས་པའི་ཕྱིར་ན་རྒྱན་ཡིན་ནོ། །
དེ་ཉིད་གསལ་བར་བྱ་བའི་ཕྱིར། །དང་པོར་དུར་ཁྲོད་བཤད་པར་བྱ། །ཤར་དུ་གཏུམ་དྲག་ནག་པོ་ཆེ། །ལྷོ་རུ་ཧ་ཧར་དགོད་སེར་ཆེ། །ནུབ་ཏུ་མི་བཟད་དམར་པོ་སྟེ། །བྱང་དུ་ཚང་ཚིང་ལྗང་གུ་ཆེ། །མེ་རུ་གཡེར་ཀ་ཅན་ཡིན་ཏེ། །བདེན་བྲལ་མཚམས་སུ་འབར་བ་འཛིན། །རླུང་མཚམས་
དམྱལ་སོགས་གནས་པ་སྟེ། །དབང་ལྡན་དུ་ནི་དབྱིབས་ཅན་ནོ། །བྷུ་ཅེ་རི་ཁི་ཙ་ཤ་ནི། །ས་སྟེངས་ཤར་གྱི་ཕྱི་རུ་དགོད། །པ་ཏ་ལི་དང་བཱ་ས་ནི།