Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 079_རྒྱུད་འབུམ།_ག
Văn bản gốc(Tây Tạng)
Trang 13 / 18 (50.000 ký tự/trang)
གྲགས། །བླ་མ་གཅིག་ལ་སྣོད་བཅུད་གཉིས། །ཐོབ་ན་དེ་ཉིད་དམ་པ་སྟེ། །བླ་མ་གཅིག་ལ་དབང་ཐོབ་ནས། ། བླ་མ་གཅིག་ལ་མཉན་པར་བྱ། །བླ་མ་རྣམ་པ་གཉིས་སུ་གསུངས། །ཕྱི་ཡི་བླ་མ་དེ་ཉིད་དེ། །ནང་གི་བླ་མ་བདག་པོའི་ལྷ། །བདུད་དང་དགྲ་ཡི་སྡེ་རྣམས་ཀུན། །ཐམས་ཅད་འཇིགས་ཤིང་སྐྲག་བྱེད་པས། །འཇིགས་པ་ཞེས་ནི་གསུངས་པ་སྟེ། །དགྲ་དང་བདུད་ཀྱི་གཡུལ་ ལས་རྒྱལ། །དམིགས་པ་ལྷ་སོགས་བདུན་དང་ལྡན། །དེ་ཕྱིར་ཆེན་པོ་ཞེས་ནི་གསུངས། །དེའི་ཚེ་འཁོར་འདུས་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དང་། ཐམས་ཅད་རྒྱུད་ལ་དགའ་ཞིང་མགུ་ནས་རྗེས་སུ་ཡི་རང་བར་གྱུར་ཏེ། །དཔལ་ནམ་མཁའ་ ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ཡ་བཱཀྩིཏྟ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་འདོད་ཆགས་ཆེ། །མཆོག་གྱུར་འདི་ལ་ཡང་དག་གནས། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཁྱོད་ཀྱིས་བདག་ལ་བཤད་དུ་གསོལ། །རྡོ་རྗེ་འཛིན་པས་ བཀའ་སྩལ་པ། །སྐུ་ནི་བུམ་པའི་ངོ་བོ་སྟེ། །གསུང་ནི་གསང་བའི་ངོ་བོ་འདོད། །ཐུགས་ཀྱང་ཤེས་རབ་ཡེ་ཤེས་ཏེ། །སངས་རྒྱས་སྤྱན་དང་མཱ་མ་ཀཱི། །དམ་ཚིག་སྒྲོལ་མ་གོས་དཀར་མོ། །རྡོ་རྗེ་འཛིན་ལ་འདི་སྐད་གསོལ། །རྒྱུད་ཀྱི་དོན་ལ་རབ་གོམས་ཤིང་། །སྨྲ་བའི་ཚིག་གིས་མ་ རྨོངས་ལ། །གཞན་གྱི་རྩོད་པས་མི་རྫི་ཡང་། །དབང་དང་མན་ངག་མ་ཐོབ་པར། །དབང་བསྐུར་རབ་གནས་སྦྱིན་སྲེག་སོགས། །སྔགས་སྤྱོད་ངལ་བ་དོན་མེད་ཡིན། །ཤི་ནས་སེམས་ཅན་དམྱལ་བར་སྐྱེ། །དེ་ཕྱིར་གཙོ་བོས་དབང་བསྐུར་གྱི། །མན་ངག་ཡང་དག་བཤད་དུ་གསོལ། ། རྡོ་རྗེ་འཛིན་པས་བཀའ་སྩལ་པ། །དང་པོར་བུམ་དབང་རིམ་པ་ཡང་། །གནས་ནི་ཤིན་ཏུ་བསྔགས་པ་བཙལ། །བཀྲ་ཤིས་ཡིད་དགའ་ཤིན་ཏུ་སྣུམ། །བཀྲ་ཤིས་བྱ་རྣམས་སྙན་པར་སྒྲོགས། །དཔག་བསམ་ཤིང་རྒྱས་ཡོད་པར་འདོད། །གཞན་ཡང་དུར་ཁྲོད་ཤིང་གཅིག་གམ། ། ཆུ་ངོགས་དག་ལ་སོགས་པ་རུ། །ས་བདག་ས་ཡི་ལྷ་མོ་ལ། །གཏོར་མ་སྦྱིན་སྲེག་མཆོད་ཡོན་གྱིས། །ས་བསླང་ཕྱིར་ནི་མཐོ་རྣམས་གཟུགས། །དེ་ནས་དང་པོ་བསྙེན་པ་དབུལ། །བསྙེན་པ་གསུམ་ནི་རབ་འབྲིང་ཐ། །མཚན་མ་གྲངས་དང་དུས་སུ་གསུངས། །རེ་རེ་ལ་ཡང་གསུམ་ གསུམ་སྟེ། །མཚན་མ་གཟུགས་དང་འོད་དང་སྒྲ། །གྲངས་ནི་སྟོང་དང་ཁྲི་དང་འབུམ། །དུས་ནི་བཅྭ་ལྔ་བཅུ་གསུམ་དང་། །བདུན་དུ་བསྙེན་པ་རྫོགས་པ་དང་། །ལྷ་རྣམས་བསྙེན་པས་མཉེས་བྱས་ནས། །ལྷ་དང་སློབ་མ་རྫས་རྣམས་ཀུན། །ལྷག་པར་གནས་པ་ཚུལ་བཞིན་བྱ། ། བཀྲ་ཤིས་ལོ་གྲངས་ལྡན་པ་ཡི། །བུ་མོས་ས་ཡི་ཕྱོགས་མཐུན་པའི། །ཀུ་ཤ་བཙལ་ལ་མཚན་མ་བརྟག །སོ་ཤིང་རྩེ་མོར་མེ་ཏོག་དྲི། །བསྲུང་སྐུད་ལ་སོགས་མཚན་མ་བརྟག །དབང་གི་དཀྱིལ་འཁོར་བསྐྱེད་པར་བྱ། །དཀྱིལ་འཁོར་སློབ་མ་རབ་འབྲིང་ཐ། ། ཏིང་འཛིན་མེ་ཏོག་རྡུལ་ཚོན་རིམ། །གང་དང་ལྡན་པ་དེ་ཉིད་དོ། །དེ་ནས་མཆོད་རྫས་རིམ་པ་དགྲམ། །ཁཾ་བཱིར་ཡི་སྔགས་ཀྱིས་ཀྱང་། །དེ་ལ་རྡོ་རྗེ་བྱ་བ་པར་བྱ། །དེ་ནས་ཀུ་ཤ་ལ་སོགས་པ། །སྤོགས་པའི་ཆོ་ག་དང་བཅས་བྱ། །གཞན་ཡང་སྔོན་དུ་འགྲོ་བའི་རྫས། །བླ་མ་མཉེས་ པར་བྱ་བ་དང་། །དཀྱིལ་འཁོར་ལྷ་རྣམས་མཆོད་པའི་ཕྱིར། །རྟ་དང་གླང་པོ་མ་ཧེ་དང་། །རིན་ཆེན་ལ་སོགས་གཏེར་རྣམས་དང་། །སྤོས་དང་མར་མེ་ལ་སོགས་པ། །བརྒྱའམ་སྟོང་ངམ་ཁྲིའམ་འབུམ། །བླ་རེ་རྒྱན་དང་བ་དན་སོགས། །བྱིན་བརླབས་ཚོགས་བསག་ཕྱི་རུ་དགོད། ། དེ་ནས་སློབ་མ་གཞུག་པར་བྱ། །ཁྲུས་དང་ཡན་ལག་དྲི་ཡིས་བྱུག །ཀྱེ་ཧོ་ཁྱོད་ནི་ཇི་ལྟ་བུ། །འཇིག་རྟེན་འཕྲུལ་པ་ལས་སད་ན། །ཧེ་རུ་ཀར་གྲགས་ཆེན་པོ་ཡི། །དཀྱིལ་འཁོར་ཆེན་པོར་ཁྱོད་རོལ་ལམ། །དད་པ་དང་བཅས་སྤྲོ་བར་གྱིས། །རྣམ་རྟོག་དང་བྲལ་རྡོ་རྗེ་སེམས། །དགའ་ ཆེན་ཁྱོད་བདག་སྟོན་པ་པོ། །རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོར་ལུང་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །པདྨ་ལས་བྱུང་བདག་ལ་སྩོལ། །གསང་བ་དགྱེས་པ་བདག་ ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ལེགས་སོ་ལེགས་སོ་རིགས་ཀྱི་བུ། །རྒྱལ་སྲས་ཀུན་གྱི་ནང་ན་མཆོག །རྣམ་རྟོག་ཐམས་ཅད་འཇིག་བྱེད་པས། །གཉིས་མེད་ཁྱོད་ཀྱིས་བླང་བར་བྱ། །མི་བསྐྱོད་བཅོམ་ལྡན་དང་ མཚུངས་པའི། །ཟིལ་གྱིས་མི་ནོན་ཁྱོད་ཀྱིས་བླངས། །དམ་ཚིག་སྤྱོད་པ་སྤྱད་པ་ཡི། །མཆོག་གི་དེ་ཉིད་བླང་བར་བྱ། །ཐབས་དང་ཤེས་རབ་ཟུང་དུ་སྦྲེལ། །ནམ་ཡང་ཁྱོད་ཀྱིས་སྤང་མི་བྱ། །ཚངས་སྤྱོད་དེ་བཞིན་བསམ་གཏན་ལ། །འབད་པས་སེམས་ནི་བརྟན་པར་བྱ། ། ཆང་ནི་རྟག་བཏུང་ཁྲོ་མི་བྱ། །དེ་བཞིན་ཤ་ཡང་ཤེས་པར་བྱ། །གཞན་གྱི་ཕྱག་རྒྱ་བསྟེན་པར་བྱ། །འདི་ནི་དམ་ཚིག་བརྒྱད་ཡིན་ནོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །ཐུན་མོང་སྡོམ་དང་སེམས་སྐྱེད་སྦྱིན། །བསྐོར་བ་ལན་གསུམ་ཕྱག་གསུམ་བྱ། །ཡོལ་བས་ བར་དུ་བཅད་ནས་ནི། །མིག་ལ་སོགས་པ་ལྔ་བཀབ་ལ། །ལྷ་གྲངས་དུ་ཡོད་མེ་ཏོག་སྦྱིན། །ཀུན་བྱེད་ཆུ་ཡིས་བསལ་དག་བྱ། །མེ་ཏོག་དང་བཅས་རྡོ་རྗེ་ཡང་། །དེ་ཡི་སྙིང་ལ་གཞག་ལ་བསྒོམ། །སློབ་དཔོན་ལ་ནི་བརྙས་བྱེད་སོགས། །ལྟུང་བའི་ཉེས་པ་བརྗོད་པར་བྱ། །ཕྱི་ ཡི་རྡོ་རྗེ་འཛིན་པ་དབབ། །སྔོན་དུ་སྡིག་པ་ལན་གསུམ་དྲལ། །མིག་གིས་གཟུགས་རྣམས་མཐོང་བ་དང་། །རྣ་བས་སྒྲ་དང་སྣ་ཡིས་དྲི། །ལྕེ་ཡིས་རོ་དང་ལུས་ཀྱིས་རེག །དངོས་གྲུབ་ཕྲིན་ལས་སོ་སོ་རུ། །མཁས་པས་བརྟག་པར་ཤེས་པར་བྱ། །མེ་ཏོག་དོར་ཏེ་ལྷ་ཡང་སྦྱིན། ། འཁོར་རྣམས་གཙོ་བོའི་ཡན་ལག་ཡིན། །གཙོ་བོའི་མཚན་ཉིད་ཤེས་པར་བྱ། །ཇི་ལྟར་གསོ་བའི་སྨན་པ་ཡིས། །དབང་པོ་ལྔ་ཡི་ཟུག་རྔུ་འབྱིན། །དེ་བཞིན་སེམས་དཔའ་ཆེན་པོ་ཡིས། །མི་ཤེས་པ་ཡི་རབ་རིབ་ཀུན། །རྒྱལ་བ་རྣམས་ཀྱིས་ཡང་དག་བསལ། །དེ་ལ་གཟུགས་ བརྙན་དཀྱིལ་འཁོར་བསྟན། །དབང་གི་དཀྱིལ་འཁོར་བྱང་ཤར་དུ། །པདྨ་འདབ་མ་བརྒྱད་པ་རུ། །གཞག་ལ་རིག་པའི་དབང་ལྔ་བསྐུར། །ཆུ་ཁམས་མི་བསྐྱོད་མེ་ལོང་གིས། །རྡོ་རྗེ་རིགས་ཀྱི་ཕྲིན་ལས་འགྲུབ། །དབུ་རྒྱན་རིན་ཆེན་འབྱུང་ལྡན་ཏེ། །མཉམ་ཉིད་ཡེ་ཤེས་རང་ བཞིན་གྱིས། །རིན་ཆེན་རིགས་ཀྱི་ཕྲིན་ལས་འགྲུབ། །འོད་དཔག་མེད་པའི་རྡོ་རྗེའི་དབང་། །སོ་སོར་རྟོག་པའི་རང་བཞིན་གྱིས། །པདྨ་རིགས་ཀྱིས་ཕྲིན་ལས་བྱེད། །དྲིལ་བུ་དོན་ཡོད་གྲུབ་པ་སྟེ། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །ཕྲིན་ལས་སྣ་ཚོགས་བྱེད་པར་འགྱུར། ། རིགས་ལས་དྲས་ནས་མིང་གི་དབང་། །རྡོ་རྗེ་དང་སྦྱར་རྡོ་རྗེ་སེམས། །རྣམ་སྣང་ཆེན་པོའི་ངོ་བོ་སྟེ། །ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས། །དེ་བཞིན་ཉིད་ཀྱི་མཚན་ཉིད་འཛིན། །མི་འཇིགས་སེང་གེའི་ཁྲི་སྟེངས་སུ། །རིགས་བྱེད་སློབ་དཔོན་དབང་སྦྱིན་བྱ། །བདུད་བཞི་ འཇོམས་པས་རྒྱལ་ཆེན་བཞི། །ཆོས་རྣམས་མི་ནུབ་རྒྱལ་མཚན་གཟུགས། །ཆོས་ཀྱི་སྐུ་ཡིས་ཀུན་ལ་ཁྱབ། །གདུགས་ཀྱིས་སྟེང་ནས་དགབ་པར་བྱ། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་གཉིས། །ཕྱག་རྒྱ་དམ་ཚིག་གསུམ་པོ་ཡིན། །དབུགས་དབྱུང་བ་དང་ ལུང་བསྟན་དང་། །རྗེས་སུ་གནང་དང་ཕྱིར་མི་ལྡོག །བརྟན་པར་བྱེད་དང་རྣམ་པ་ལྔ། །གཞན་ཡང་རྫས་ཀྱི་བྱེ་བྲག་རྣམས། །རིན་ཆེན་བདུན་ལ་སོགས་པ་ཀུན། །ཐུན་མོང་ཡིན་པར་ང་ཡིས་གསུངས། །བུམ་པའི་དབང་ལ་རྣམ་གསུམ་སྟེ། །དཀྱིལ་འཁོར་དུ་འཇུག་དང་པོ་ཡིན། ། གཉིས་པ་རིག་པའི་དབང་ཡིན་ཏེ། །བརྟན་པར་བྱེད་པ་གསུམ་པའོ། །དེ་ནས་གསང་བ་བཤད་བྱ་བ། །ལུས་ནི་རི་རབ་ལྷུན་པོ་ལ། །བྱང་ཆུབ་སེམས་ཀྱི་གནས་བཅས་ནས། །བདེ་བའི་སྟན་ལ་གནས་ནས་སུ། །གསང་བའི་དབང་གི་རྟེན་གྱུར་པ། །རིག་མ་དང་པོ་བཙལ་བར་བྱ། ། དང་པོ་ཤེས་པས་བརྟག་པ་དང་། །བདག་དབང་ཡོད་པར་བླང་བ་དང་། །ཉེས་པ་དག་པར་སྦྱང་བ་དང་། །དཀྱིལ་འཁོར་བསྐྱེད་པར་བྱ་བ་དང་། །བར་ཆོད་བགེགས་རྣམས་ཞི་བ་དང་། །བསྲུང་དང་དེ་ལ་ཚོགས་ཀྱིས་མཆོད། །དྲི་ཡི་ཐིག་ལེ་དུ་མ་བྱ། །གཡོན་ན་གནས་པ་དེ་ཉིད་དང་། ། བསྲུབ་དང་བསྲུབ་བཅས་སྦྱོར་བྱས་དང་། །བསྲུབས་ལས་བདེ་བའི་ཆུ་རྒྱུན་གྱིས། །ལུས་ཀུན་ཁྱབ་ནས་གསང་བ་རུ། །དཀར་ལ་རྩ་དམར་ལྟ་བུར་འཇག །དཀྱིལ་འཁོར་དུ་འཇུག་གོང་དང་འདྲ། །རོ་མའི་འཁོར་ལོར་བྱཱ་བསམས་ལ། །ལྕེ་དེ་པདྨར་བྱིན་བརླབས་ཏེ། །ལྕེ་ཡི་རྩེ་ མོར་བྷྱཿབསམས་ལ། །སིཧླ་ག་པུར་འདྲེས་པ་ཡིས། །བྷྱཿལ་བཞག་སྟེ་དེ་ལ་བསྟིམ། །སོ་གཉིས་ལོངས་སྤྱོད་མཉམ་སྦྱར་ལ། །དབུས་སུ་མི་དམིགས་བསྒོམ་པར་བྱ། །གསང་བའི་དབང་ལ་རྣམ་གསུམ་སྟེ། །རྡོ་རྗེ་གཙོ་མོར་སྦྱིན་པ་དང་། །སྦོམ་པོ་ཁྲོ་མོས་སྦྱིན་པ་དང་། །རྡོ་རྗེ་ གྲེ་ཚངས་སྦྱིན་པའོ། །ཤེས་རབ་ཡེ་ཤེས་དབང་ལ་ཡང་། །དང་པོར་ཤེས་རབ་བརྟག་པ་ནི། །ལུས་དང་ངག་དང་ཡིད་དང་གསུམ། །མཁས་པས་བརྟག་ཅིང་ཤེས་པར་བྱ། །དེ་ནས་ཁྱད་པར་ལྔ་བརྟགས་ཏེ། །རིགས་དང་ལང་ཚོ་ལོངས་སྤྱོད་དང་། །རྒྱན་དང་གཟུགས་ཀྱི་ཁྱད་ བར་ལྔ། །ཕྱི་ཡི་བརྟག་པ་ཡིན་པར་གསུངས། །སེམས་བརྟན་རྡོ་རྗེ་ཡི་ནི་རིགས། །ཁྱད་པར་ཡིན་པར་ང་ཡིས་གསུངས། །རྣམ་རྟོག་ཆུང་བ་རྡོ་རྗེ་ཡི། །ལང་ཚོའི་ཁྱད་པར་ཡིན་པར་གསུངས། །མི་རྟོག་པས་བརྒྱན་ཤེས་པ་སྟེ། །རྡོ་རྗེའི་རྒྱན་གྱི་ཁྱད་པར་ཡིན། །དེ་ ཉིད་གསུམ་དུ་མི་འགྱུར་བ། །མི་ནུབ་ཆོས་ཀྱི་རྒྱལ་མཚན་ཏེ། །རྡོ་རྗེ་གཟུགས་ཀྱི་ཁྱད་པར་ཡིན། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །དེ་ཡི་རོ་ལ་ལོངས་སྤྱོད་པས། །རྡོ་རྗེའི་ལོངས་སྤྱོད་ཁྱད་པར་རོ། །ཀུན་འདར་མ་སྟེ་ཐུགས་ཀྱི་རིགས། །རིགས་ཀྱི་ཁྱད་པར་ཡིན་པའོ། ། དེ་ཉིད་མདའ་ལྟར་མཁྲང་བ་ནི། །ཐུགས་ཀྱི་ལང་ཚོའི་ཁྱད་པར་རོ། །རྩ་དེ་དམར་ལ་དངས་པ་དང་། །བྱང་ཆུབ་སེམས་ནི་དཀར་ལ་དངས། །གཉིས་སུ་མེད་པར་གསལ་བའི་ཚུལ། །དཔེར་ན་ནོར་བུ་ཀེ་ཀེ་རུ། །དར་ལ་བརྒྱུས་པ་ཇི་བཞིན་དུ། །ཐུགས་ཀྱི་གཟུགས་ཀྱི་ཁྱད་ པར་རོ། །ལ་ལ་ནཱ་དང་ར་ས་ནཱ། །ཨ་བ་དྷཱུ་ཏཱིར་གཉིས་མེད་ལ། །ཐུགས་ཀྱི་ལོངས་སྤྱོད་ཁྱད་པར་རོ། །དང་པོར་ཕྱི་ལ་གཉིས་པ་ནང་། །གསུམ་པ་གསང་བའི་བརྟག་པའོ། །ལུས་བརྟག་པ་ནི་སྐུ་ཡིན་ཏེ། །ངག་བརྟག་པ་ནི་གསུང་དུ་འགྱུར། །ཡིད་བརྟག་ཐུགས་སུ་ འགྱུར་བའོ། །སྒྱུ་མ་ཙམ་གྱིས་དགོངས་པའི་དོན། །ཀུན་ལ་ཁྱབ་པར་ཤེས་པར་བྱ། །ལུས་ཀྱི་དྲུག་ལ་ངག་གི་བདུན། །སེམས་ཀྱི་བདུན་པོ་སྒྱུ་མའི་ཚུལ། །དང་པོར་སྨིག་རྒྱུ་ཆུར་འཁྲུལ་དང་། །གཉིས་པ་སྨིག་རྒྱུ་ཉིད་ཡིན་ཏེ། །གསུམ་པ་སྨིག་རྒྱུ་མི་སྣང་བཞིན། །དེ་ བཞིན་ཞལ་ནས་ཤེས་པར་བྱ། །ཆུ་ལ་བདུན་ནོ་མར་ལ་གཅིག །དྲི་ནི་བདུན་ཏེ་ཤ་ལ་གཉིས། །སྒོ་ང་བཞི་སྟེ་འོ་མ་གསུམ། །འདི་རྣམས་བཙལ་བའི་རྟེན་གྱུར་པ། །ལོ་ནི་གསུམ་བཞི་ཡིན་པར་གསུངས། །ཀ་ར་གཉིས་ཏེ་བུ་རམ་གཅིག །ཆང་ནི་གཉིས་སུ་ཤེས་པར་ བྱ། །རྒྱན་ནི་བྱེ་བྲག་སྣ་ཚོགས་སོ། །དགུན་དང་དེ་བཞིན་སྟོན་གྱི་ཤ། །ཞག་གཅིག་ན་ནི་བཅུད་དང་ལྡན། །དབྱར་དང་དཔྱིད་ཀྱི་ཤ་རྣམས་ཀྱང་། །དྲོད་དང་ལྡན་ན་བཅུད་དང་ལྡན། །རང་བཞིན་ཤི་བའི་ཤ་ཡིན་ཏེ། །འདུན་པ་བྱས་ན་དམ་ཚིག་ཉམས། །རྩ་བ་ལྔ་དང་ཡན་ ལག་བཅས། །གཞན་ཡང་འབྲས་བུ་ལ་སོགས་སྨན། །མར་དང་བཅས་པས་སྦྱར་བར་བྱ། །ཤ་ཡང་མར་གྱི་དེ་བཞིན་ནོ། །ཁ་བས་ཀུན་གྱི་བཅུད་སྐྱེད་དེ། །མངར་བ་ཀུན་གྱིས་རོ་ཙ་བྱེད། །བཅུད་བསྐྱེད་ཤ་ནི་གཞོན་ནུ་ཞེས། །རོ་ཙ་ཤ་ནི་བཅྭ་ལྔ་ཡིན། ། བཅུད་བསྐྱེད་ཤ་དང་མར་གཉིས་ཀྱང་། །ལྔ་དང་ལྔ་ཡི་ཆ་ཡིས་བསྲེས། །ཆང་ནི་མཉམ་པོར་གསུངས་པའོ། །རོ་ཙ་བ་ཡི་ཤ་ལ་ཡང་། །འོ་མ་སྒོ་ང་ཆ་མཉམ་པར། །ལྔ་གསུམ་ལྔ་གཉིས་གཙོ་བོར་བྱ། །ཁ་རའི་ཆང་ངམ་འོ་མ་འམ། །ཤ་དང་མཉམ་པོར་སྦྱིན་པར་བྱ། །འདི་ ནི་ཡན་ལག་སྤྲོས་བཅས་སོ། །དེ་ནས་མཚམས་བཅད་བསྙེན་པ་དང་། །དམ་ཚིག་སྣ་ཚོགས་བྱ་བ་ཡང་། །སྤྲོས་པ་མེད་པའི་ཡན་ལག་ཡིན། །དབང་བསྐུར་སྔོན་དུ་བསྒོམ་པའི་དོན། །དབང་ཐོབ་ཕྱིར་ནི་ང་ཡིས་གསུངས། །རིག་མ་གཏད་དང་མན་ངག་སྦྱིན། །བརྡ་རྣམས་ བྱ་ཞིང་འདོད་པའི་རྟགས། །བརྟག་པ་ཤིན་ཏུ་སྤྲོས་པ་མེད། །ཕྱག་དང་ཞབས་ལ་སོགས་པས་འཁྱུད། །དང་པོའི་སྦྱོར་ཐབས་ཞེས་གསུངས་སོ། །དབུ་རྒྱན་མགུལ་རྒྱན་ལ་སོགས་པ། །སྦྱོར་ཐབས་ཆེན་པོ་ཞེས་བྱ་སྟེ། །ལངས་པ་ཙོག་པུ་གན་རྐྱལ་དང་། །ཁ་སྦུབ་འཕྲེད་དང་ ལྔ་ཡིན་ཏེ། །འདི་རྣམས་ཀུན་གྱི་དགོངས་པ་ཟབ། །དགོངས་མེད་སྤྱད་པ་སྤྱོད་བྱེད་པ། །འདི་ནི་མནར་མེད་སྐྱེ་བའི་རྒྱུ། །ཐ་མལ་པ་ལས་བརྒྱ་འགྱུར་གྱིས། །བུམ་པའི་དབང་དང་འབྲེལ་པའོ། །བུམ་པ་དང་ནི་གསང་བ་སྟེ། །གསང་བ་ལས་གཞན་གསུམ་པ་སྟེ། །དེ་ཡི་རྣམ་ སྨིན་བརྗོད་མི་ལང་། །དཀྱིལ་འཁོར་དུ་འཇུག་རིམ་པ་ནི། །བླ་མའི་ཞལ་ནས་ཤེས་པར་བྱ། །ཡན་ལག་བདུན་བསྒོམས་སྦྱོར་བ་དངོས། །ཁྱད་པར་རྣམ་པ་གསུམ་ལས་བྱུང་། །སྔགས་དང་སྨན་ནི་དང་པོ་སྟེ། །གཉིས་པ་སྦྱོར་ཐབས་ཡིན་པར་གསུངས། །གསུམ་པ་ཏིང་ངེ་འཛིན་ ཡིན་ཏེ། །སྔགས་དང་སྨན་གྱིས་ཀུནྡ་དྲང་། །རྐེད་བཅིང་ཚད་དང་གནས་པའི་ཚད། །དྲང་བའི་ཚད་རྣམས་ཤེས་པར་བྱ། །འབྱུང་བ་བཞི་དང་རིགས་མཐུན་པའི། །རྐེད་བཅིང་རྐེད་པའི་ཚད་དང་མཉམ། །སོར་གསུམ་སོར་བཞི་དར་རམ་མེན། །གནས་པའི་ཚད་ནི་རྣམ་པ་ དྲུག །རྣམ་ཐར་གསང་བའི་ཕོ་བྲང་གནས། །སྐྱེ་མཆེད་རིག་པར་གནས་པའོ། །སྟོང་པ་རྟ་མགྲིན་འཁོར་ལོར་གནས། །ཁམས་རྣམས་གསང་བ་བདེ་སྐྱོང་གནས། །འདབ་ལ་སྤྲུལ་པའི་འཁོར་ལོར་གནས། །ཡང་དག་སྤོང་བ་སྙིང་གར་གནས། །ཧེ་རུ་ཀར་ནི་མ་གཤིགས་ཤིང་། ། རྡོ་རྗེ་མངའ་ཡིས་མ་བརྒྱབ་པའོ། །དྲང་བའི་ཚད་ནི་སོར་བཞི་འབྱུང་། །དང་པོར་ཁྲུས་བྱས་གཉིས་པ་ལ། །སྨན་དང་སྣུམ་དང་དྲི་དང་གསུམ། །སུམ་ཆ་སུམ་གཉིས་སྟོད་སྨད་དུ། །ལུས་ལ་བསྐུ་ཞིང་མེ་ལ་བདུག །རྩེ་གསུམ་རྩ་ནི་ཤིན་ཏུ་ཟབ། །བ་སྤྲུ་བ་དང་ལྕ་བ་དང་། །ར་མཉེ་བ་དང་ ཉེའུ་ཤིང་དང་། །ར་མོ་ཤགས་དང་ཡན་ལག་བཅས། །རྡོ་ལ་སོགས་པ་ལྔ་སྦྱར་དང་། །གཞན་ཡང་སྨན་དང་སྣུམ་དང་དྲི། །དར་ལ་སོགས་པའི་ནང་དུ་བླུགས། །སྒོ་གཉིས་ནས་ནི་ཐོ་ལྡོས་བདུག །ཟབ་པའི་སྔགས་བཏབ་བསྒོམས་བྱས་ན། །དང་པོར་མཚན་མ་ཤེས་པར་བྱ། ། ཆགས་པའི་གཟི་ལྡན་སྣ་ཚོགས་འབྱུང་། །ཐ་མའང་གསུམ་མམ་བདུན་ན་འབྱུང་། །དགོངས་པའི་བྱེ་བྲག་ཤེས་གྱུར་ནས། །སྔགས་དང་སྨན་གྱི་ཁྱད་པར་རོ། །དགོངས་པ་མི་ཤེས་འདོད་ཆགས་ཕྱིར། །སྨན་ལ་སོགས་པ་བཙལ་མི་བྱ། །འདི་ཡི་སྡིག་པ་བསམ་མི་ཁྱབ། ། བདུག་པའི་སྦྱོར་ཐབས་ཤེས་གྱུར་ན། །དབུས་ཀྱི་རྩ་ཡི་ཁ་འབྱེད་པ། །སྦྱོར་ཐབས་ཁྱད་པར་ཡིན་པར་གསུངས། །བདེ་ཆེན་གོ་བཟློག་སྦྱོར་བ་དང་། །འཁོར་ལོའི་གོ་བཟློག་སྦྱོར་བ་དང་། །སྐུ་ཡི་གོ་བཟློག་སྦྱོར་བ་དང་། །ཡེ་ཤེས་གོ་བཟློག་སྦྱོར་བ་དང་། །འབྱུང་བ་གོ་བཟློག་ སྦྱོར་བ་དང་། །ཡུམ་གྱི་གོ་བཟློག་སྦྱོར་བ་དང་། །ཐིག་ལེ་གོ་བཟློག་སྦྱོར་བ་དང་། །བསམ་གཏན་གོ་བཟློག་སྦྱོར་བ་དང་། །ཡི་གེ་གོ་བཟློག་སྦྱོར་བ་དང་། །སྟོང་པའི་གོ་བཟློག་སྦྱོར་བ་དང་། །དབུགས་ཀྱི་གོ་བཟློག་སྦྱོར་བ་དང་། །དགའ་བའི་གོ་བཟློག་སྦྱོར་བ་དང་། །གཏུམ་མོའི་ གོ་བཟློག་སྦྱོར་བ་དང་། །རྩ་ཡི་གོ་བཟློག་སྦྱོར་བ་དང་། །བྱང་སེམས་གོ་བཟློག་སྦྱོར་བ་དང་། །གཡས་གཡོན་གོ་བཟློག་སྦྱོར་བ་དང་། །བརྡ་ཡི་གོ་བཟློག་སྦྱོར་བ་དང་། །རྟེན་གྱི་གོ་བཟློག་སྦྱོར་བ་རྣམས། །ཀུན་མཁྱེན་གྱིས་ཀྱང་མ་གཟིགས་པ། །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་གསང་། ། བྱང་ཆུབ་སེམས་དཔའ་ཀུན་གྱི་ཡུམ། །སྲས་རྣམས་ཐུན་མོང་མ་ཡིན་བསྐྱེད། །ཏིང་ངེ་འཛིན་གྱི་ཁྱད་པར་རོ། །འདི་ཡི་ཁྱད་པར་མ་དཔགས་པར། །ཟབ་པའི་དོན་ནི་ཡོད་མ་ཡིན། །དབང་བསྐུར་བ་ཡི་སྔོན་དུ་ཡང་། །གདམས་ངག་སྦྱིན་པར་གསུངས་པ་ཡིན། ། གདམས་ངག་དེ་ཡིས་དབང་ཐོབ་འགྱུར། །ཤེས་རབ་མ་ལ་བརྟེན་ནས་སུ། །བདེ་བའི་ཡེ་ཤེས་བསྐྱེད་པས་ན། །ཤེས་རབ་ཡེ་ཤེས་དབང་དུ་གསུངས། །སིཧླ་ག་པུར་ཤེས་རབ་སྟེ། །དེ་ཡི་བདེ་བ་ཡེ་ཤེས་ཡིན། །སིཧླ་ཤེས་རབ་ཅེས་བྱ་སྟེ། །ག་པུར་ཡེ་ཤེས་སུ་ནི་བཤད། །རྩ་གསུམ་ འདུས་པ་ཤེས་རབ་སྟེ། །དེ་ཡི་ཐིག་ལེ་ཡེ་ཤེས་ཡིན། །ལ་ལ་ནཱ་ནི་ཡེ་ཤེས་སོ། །ར་ས་ནཱ་ནི་ཤེས་རབ་སྟེ། །རྩ་ནི་ཤེས་རབ་ཞེས་བྱ་སྟེ། །བྱང་ཆུབ་སེམས་ནི་ཡེ་ཤེས་སོ། །མཁའ་འགྲོ་མ་ནི་ཤེས་རབ་སྟེ། །དཔའ་བོ་ཡེ་ཤེས་སུ་ནི་བཤད། །དགའ་བ་གསུམ་ནི་ཡེ་ཤེས་ཏེ། །རང་ བཞིན་དགའ་བ་ཤེས་རབ་ཡིན། །འོག་ནི་ཤེས་རབ་ཅེས་བྱ་སྟེ། །སྟེང་ལ་ཡེ་ཤེས་སུ་ཡང་བཤང་། །གཡོན་པ་ཤེས་རབ་ཅེས་བྱ་སྟེ། །གཡས་པ་ཡེ་ཤེས་སུ་ཡང་བཤད། །ཆོས་དབྱིངས་ཤེས་རབ་ཅེས་བྱ་སྟེ། །ཡེ་ཤེས་བཞི་ནི་ཡེ་ཤེས་ཡིན། །ཕྱག་མཚན་མིང་དང་ཡི་གེ་རྣམས། ། གཞན་ཡང་བྱེ་བྲག་ཤེས་པར་བྱ། །ཤེས་རབ་ཡེ་ཤེས་ལ་ཡང་གསུམ། །ཚིག་ལ་བསླབ་པའང་གནང་བ་ཡིན། །གཟུགས་བརྙན་ལ་ནི་བཤད་པ་སྟེ། །མངོན་པར་རྟོགས་པས་བསྒོམ་པ་གསུངས། །ཨེ་ཝྃ་མ་ཡཱའི་རྣམ་པ་བཞི། །ཨེ་ནི་ས་སྟེ་ཝྃ་ནི་ཆུ། །མ་ནི་མེ་སྟེ་ཡཱ་ནི་རླུང་། ། ཨེ་ནི་སྙིང་རྗེ་ཝྃ་ནི་བྱམས། །མ་ནི་དགའ་བ་ཡཱ་བཏང་སྙོམས། །ཨེ་ནི་སྤྱན་ཝྃ་མཱམ་ཀཱི། །མ་ནི་གོས་དཀར་ཡཱ་སྒྲོལ་མ། །ཨེ་ནི་སྦྱིན་པ་ཝྃ་ཚུལ་ཁྲིམས། །མ་ནི་བཟོད་པ་ཡཱ་བསམ་གཏན། །ཨེ་ནི་ཕྱག་རྒྱ་ཆེན་པོ་སྟེ། །ཝྃ་ནི་དམ་ཚིག་ཕྱག་རྒྱ་ཡིན། །མ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། །ཡཱ་ནི་ ཤེས་རབ་ཕྱག་རྒྱའོ། །ཨེ་ནི་ཤར་ཏེ་ཝྃ་ལྷོ་ཕྱོགས། །མ་ནི་ནུབ་ཕྱོགས་ཡཱ་བྱང་ཕྱོགས། །ཨེ་ནི་སྐུ་ཡི་ཐིག་ལེ་སྟེ། །ཝྃ་ནི་གསུང་ལ་མ་ནི་ཐུགས། །ཡཱ་ནི་ཡེ་ཤེས་ཐིག་ལེའོ། །ཨེ་ནི་སྔོན་པོ་ཝྃ་ལྗང་ཀུ། །མ་ནི་དམར་པོ་ཡཱ་སེར་པོ། །ཨེ་ནི་མཁའ་འགྲོ་ཝྃ་ལཱ་མ། །མ་ནི་དུམ་སྐྱེས་ཡཱ་ གཟུགས་ཅན། །ཨེ་ནི་ཡེ་ཤེས་མཁའ་འགྲོ་ཡིན། །ཝྃ་ནི་རྡོ་རྗེའི་མཁའ་འགྲོ་ཡིན། །མ་ནི་ཤ་ཟའི་མཁའ་འགྲོ་སྟེ། །ཡཱ་ནི་ལས་ཀྱི་མཁའ་འགྲོའོ། །ཨེ་ནི་འགོག་པ་ཝྃ་ནི་ལམ། །མ་ནི་སྡུག་བསྔལ་ཡཱ་ཀུན་འབྱུང་། །ཨེ་ནི་བདེ་ཆེན་ཝྃ་ལོངས་སྤྱོད། །མ་ནི་ཆོས་ལ་ཡཱ་སྤྲུལ་པ། ། ཨེ་ནི་མཚན་ལ་ཝྃ་སྟོང་པ། །མ་ནི་རྣམ་ཐར་ཡཱ་དཔེ་བྱད། །ཨེ་ནི་རྣམ་པ་སྣ་ཚོགས་ཏེ། །ཝྃ་ནི་རྣམ་པར་སྨིན་པའོ། །མ་ནི་རྣམ་པར་ཉེད་པ་སྟེ། །ཡཱ་ནི་རྣམ་པ་མཚན་ཉིད་བྲལ། །ཨེ་ནི་ཆུང་བ་ཝྃ་འབྲིང་པོ། །མ་ནི་ལྷག་པ་ཡཱ་ཆེར་ལྷག །ཨེ་ནི་གཡས་ནས་མེ་རྒྱུ་སྟེ། ཝྃ་ནི་གཡོན་ ནས་རླུང་རྒྱུའོ། །མ་ནི་འོག་ནས་ས་རླུང་རྒྱུ། །ཡཱ་ནི་སྟེང་ནས་ཆུ་རླུང་རྒྱུ། །ཨེ་ནི་གནས་བརྟན་ཝྃ་ཕལ་ཆེན། །མ་ནི་བཀུར་བ་ཡཱ་ཐམས་ཅད། །ཨེ་ནི་བསྙེན་པ་ཝྃ་ཉེ་བསྟེན། །མ་ནི་སྒྲུབ་པ་ཡཱ་བསྒྲུབ་ཆེ། །ཨེ་ནི་ཤར་ལྷོ་ཝྃ་ལྷོ་ནུབ། །མ་ནི་ནུབ་བྱང་ཡཱ་བྱང་ཤར། །ཨེ་ནི་རྒྱུད་ལ་ཝྃ་ནི་ སྔགས། །མ་ནི་ཡེ་ཤེས་ཡཱ་གསང་བ། །ཨེ་ནི་སྣང་བ་ཝྃ་སྣང་མཆེད། །མ་ནི་སྣང་ཐོབ་ཡཱ་འོད་གསལ། །ཨེ་ནི་བདག་གི་བཟང་པོ་ཡིན། །ཝྃ་ནི་དུས་ཀྱི་བཟང་པོའོ། །མ་ནི་ཡེ་ཤེས་བཟང་པོར་གསུངས། །ཡཱ་ནི་རླུང་གི་བཟང་པོ་ཡིན། །ཨེ་ནི་བདག་གི་གནས་ཡིན་ཏེ། །ཝྃ་ནི་རྣལ་ འབྱོར་གནས་སུ་བསྟན། །མ་ནི་གཞན་གྱི་གནས་ཡིན་ཏེ། །ཡཱ་ནི་རྒྱུད་ཀྱི་གནས་ཡིན་ནོ། །ཨེ་ནི་དགའ་བ་ཝྃ་མཆོག་དགའ། །མ་ནི་ལྷན་ཅིག་ཡཱ་དགའ་བྲལ། །ཨེ་ནི་མེ་ལོང་ཝྃ་མཉམ་ཉིད། །མ་ནི་ཀུན་རྟོག་ཡཱ་ནན་ཏན། །ཨེ་ནི་ཆོས་སྐུ་ཝྃ་ལོངས་སྤྱོད། །མ་ནི་སྤྲུལ་སྐུ་ཡཱ་བདེ་ ཆེན། །ཨེ་ནི་ཞི་བ་ཝྃ་ནི་དབང་། །མ་ནི་རྒྱས་པ་ཡཱ་གསོད་པ། །ཡི་གེ་བཏུས་པའི་སྔགས་ཆེན་གསུམ། །ཨོཾ་ནི་སྐུ་ཡི་འཁོར་ལོ་སྟེ། །ཨཱཿནི་གསུང་གི་འཁོར་ལོའོ། །ཧཱུྃ་ནི་ཐུགས་ཀྱི་འཁོར་ལོ་ཡིན། །ཨོཾ་ནི་རྣམ་སྣང་ཨཱཿའོད་དཔག །ཧཱུྃ་ནི་མི་བསྐྱོད་རང་བཞིན་ནོ། །ཨོཾ་ནི་ཕྱག་ གཡོན་ཧཱུྃ་ནི་གཡས། །ཨཱཿནི་དབུས་ཀྱི་སྙིང་ག་ཡིན། །ཨོཾ་ནི་གཡོན་གྱི་སྤྱན་ཡིན་ཏེ། །ཧཱུྃ་ནི་གཡས་པ་ཨཱཿདབུ་མ། །ཨོཾ་ནི་སྲོག་ཡིན་ཧཱུྃ་རྩོམ་པ། །ཨཱཿནི་གནས་པར་ཤེས་པར་བྱ། །ཨོཾ་ནི་སྐུ་ལ་ཧཱུྃ་ནི་ཐུགས། ཨཱཿནི་གསུང་དུ་ཤེས་པར་བྱ། །ཨོཾ་ནི་ལུས་ལ་ཨཱཿནི་ངག ། ཧཱུྃ་ནི་ཡིད་དུ་ཤེས་པར་བྱ། །ཨོཾ་ནི་ཐབས་ལ་ཧཱུྃ་ཤེས་རབ། །ཨཱཿནི་གཉིས་སུ་མེད་པའོ། །ཨོཾ་ནི་གཡོན་གྱི་ལ་ལ་ནཱ། །ཧཱུྃ་ནི་གཡས་ཀྱིར་ས་ནཱ། །ཨཱཿནི་ཨ་བ་དྷཱུ་ཏཱི་ཡིན། །ཨོྃ་ནི་གཡས་ཀྱི་ར་ས་ནཱ། །ཧཱུྃ་ནི་གཡོན་གྱི་ལ་ལ་ནཱ། །ཨཱཿནི་དེ་བཞིན་དབུས་ ན་གནས། །ཨོྃ་ནི་ག་པུར་ཧཱུྃ་སིཧླ། །ཨཱཿནི་དཀར་དམར་རྩ་དག་ཡིན། །ཨོྃ་ནི་མཆོག་དགའ་ཧཱུྃ་ཁྱད་དགའ། །ཨཱཿནི་རང་བཞིན་དགའ་བའི་དོན། །དགའ་བ་ལྷན་ཅིག་སྐྱེས་དགར་འགྱུར། །ལྷན་ཅིག་སྐྱེས་པ་དགའ་བར་འགྱུར། །རྒྱུ་ལ་འབྲས་བུ་སྦྱོར་བ་དང་། །འབྲས་ བུ་ལ་ཡང་རྒྱུ་སྦྱོར་དང་། །རྒྱུ་ལ་རྒྱུ་ཡི་སྦྱོར་བ་དང་། །འབྲས་བུ་ལ་ཡང་འབྲས་བུར་སྦྱོར། །རྒྱུ་འབྲས་གཉིས་སུ་མེད་པར་སྦྱོར། །ཐབས་ལ་ཤེས་རབ་སྦྱོར་བ་དང་། །ཤེས་རབ་ལ་ཡང་ཐབས་ཀྱིས་སྦྱོར། །ཐབས་ལ་ཐབས་ཀྱིས་སྦྱོར་བ་དང་། །ཤེས་རབ་ཤེས་རབ་སྦྱོར་བ་ དག །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །སྦྱོར་བ་འདི་ཡི་དགོངས་པ་ཡང་། །ཀུན་མཁྱེན་གྱིས་ཀྱང་རྟོགས་པར་དཀའ། །ཨ་ནི་རྣམ་སྣང་མི་བསྐྱོད་པ། །ན་རོ་རིན་ཆེན་འབྱུང་ལྡན་ཏེ། །ཟླ་ཚེས་འོད་དཔག་མེད་པ་ཡིན། །ཐིག་ལེ་དོན་ཡོད་གྲུབ་པའོ། །ཨོྃ་ནི་བདེ་གཤེགས་ ལྔ་རང་བཞིན། །ཞབས་སྐྱེད་དོན་ཡོད་གྲུབ་པ་སྟེ། །འ་ནི་དེ་བཞིན་འོད་དཔག་མེད། །ཧ་ནི་རྣམ་པར་སྣང་མཛད་དེ། །ཟླ་ཚེས་རིན་ཆེན་འབྱུང་ལྡན་ཡིན། །ཐིག་ལེ་མི་བསྐྱོད་རང་བཞིན་ནོ། །ཞབས་སྐྱེད་སྒྲོལ་མའི་རང་བཞིན་ཏེ། །འ་ནི་གོས་དཀར་ངོ་བོ་ཡིན། །ཧ་ནི་རྡོ་རྗེ་དབྱིངས་ཕྱུག་མ། ། ཟླ་ཚེས་མཱ་མ་ཀཱི་རང་བཞིན། །ཐིག་ལེ་སྤྱན་དུ་ཤེས་པར་བྱ། །འབྱུང་བ་ལྔ་དང་སྐུ་ལྔ་དང་། །འཁོར་ལོ་ལྔ་དང་དགའ་བ་ལྔ། །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞབས་སྐྱེད་བྱ་བ་ནན་ཏན་ཡིན། །འ་ནི་མཉམ་ཉིད་ཡེ་ཤེས་སོ། །ཧ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །ཟླ་ཚེས་སོ་སོར་རྟོག་པའོ། །ཐིག་ ལེ་མེ་ལོང་ཡེ་ཤེས་སོ། །འདི་དག་ཀུན་གྱི་དགོངས་པའི་དོན། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་། །ཀུན་ཏུ་གསང་ཞིང་དཔྱད་པར་དཀའ། །ཡི་གེ་ཚུལ་གྱིས་རྒྱས་བཏབ་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། མཁའ་འགྲོ་མའི་ཚོགས་ཀྱིས་མཆོད་པས་མཆོད་ནས་ མི་སྣང་བར་གྱུར་ཏོ། །མཁའ་འགྲོ་མ་དྲ་བའི་སྡོམ་པ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་རཏྣ་མཱ་ལ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ལྷ་མོས་གསོལ་པ་རྡོ་རྗེ་འཛིན། །དཔལ་ལྡན་འཁོར་ལོ་སྡོམ་པ་རུ། །རིན་ཆེན་ཕྲེང་བའི་དོན་མ་རྟོགས། ། ཁྱོད་ཀྱིས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ལྷ་མོ་སྤྱན་བཟང་རིང་། །དཔལ་ལྡན་འཁོར་ལོ་སྡོམ་པ་རུ། །མ་གསུངས་ང་ཡིས་ཁྱོད་ལ་བཤད། །རིན་པོ་ཆེ་ནི་རྣམ་པ་གསུམ། །དེ་ཡི་ཕྲེང་བའང་རྣམ་པ་གསུམ། །དང་པོ་སྣོད་ཀྱི་ རིན་པོ་ཆེ། །གཉིས་པ་བཅུད་ཀྱི་རིན་པོ་ཆེ། །སྣོད་བཅུད་གཉིས་དང་རང་བཞིན་བྲལ། །དེ་ནི་རིན་ཆེན་གསུམ་པ་ཡིན། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །རྣམ་པ་གསུམ་དུ་གསུངས་པ་ལས། །དེ་རྣམས་རིན་ཆེན་ཇི་ལྟར་ལགས། །དེ་ཡི་ཕྲེང་བ་ཇི་ལྟར་ལགས། ། དེ་རྣམས་སུ་ཡི་སྤྱོད་ཡུལ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་སྣོད་ཀྱི་རིན་པོ་ཆེ། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཀ་ཀ་རུ་ནི་དཀར་པོ་ཆེ། །མི་བསྐྱོད་པ་ཡི་བྱིན་བརླབས་ཏེ། །དབྱིབས་ནི་ཟླ་གམ་ལྟ་བུ་ལ། །རབ་ནི་ངང་པའི་སྒོ་ང་ཙམ། །འདི་ནི་རིན་ ཆེན་འབར་བ་སྟེ། །བ་དཀར་ར་དཀར་ལུག་དཀར་མོའི། །འོ་མ་བསྐུ་ཞིང་སྦངས་པ་དང་། །མི་བསྐྱོད་པ་ལ་མཆོད་པར་བྱ། །དེ་ནི་སྤྱི་བོར་གདགས་པའོ། །མཆོད་པའི་བྱེ་བྲག་ཀུན་ལ་བྱ། །ཤར་གྱི་གདོན་རྣམས་ཐུབ་པ་དང་། །གང་ལ་ཡོད་པ་དེ་ལ་སྐྱོབ། །འབྲིང་ནི་ གཞན་སྐྱེས་སྦོམ་པོ་ཙམ། །འདི་ནི་རིན་ཆེན་དགེ་བ་སྟེ། །དངུལ་ཆུ་རྣམ་པ་གཉིས་བླུགས་ལ། །རྐྱེན་གྱི་རྫས་རྣམས་ཚང་བ་དང་། །ཁ་ཡི་ནང་དུ་གཞུག་པ་སྟེ། །རོ་མའི་འཁོར་ལོ་ལྕེས་མནན་ལ། །དེ་ནས་དལ་གྱིས་བསྐྱོད་པ་དང་། །གསང་བའི་རྡོ་རྗེ་སྣ་རྩེ་རུ། །བདེ་བ་ཆེན་པོ་ སྐྱེས་ཙམ་ན། །རོ་མའི་འཁོར་ལོར་དོག་པ་མནན། །དཔེར་ན་སྦྲུལ་གྱི་ཤ་ཟོས་པ། །མགོ་བོ་མནན་པས་ཕྱི་རུ་འབྱུང་། །དེ་བཞིན་མནན་པས་བྱང་ཆུབ་སེམས། །སྣ་རྩེ་ལས་ཀྱང་གྱེན་ལ་ལྡོག །ཏིལ་དང་ཏིལ་མར་བཞིན་དུ་གནས། །ཁྱད་པར་བདེ་བ་ གྱེན་ལ་སྐྱེ། །བདེ་བ་སྟེར་ཕྱིར་རིན་པོ་ཆེ། །དེ་ཡི་ཕྲེང་བ་དུ་མར་བཤད། །ཐ་མ་སྐྱེས་པའི་ཁྲོ་མོ་ཙམ། །ཨེ་ར་ཎ་ལ་སོགས་སྨན་ལྔ་དང་། །སྤྱི་བོའི་གཙུག་ཏུ་བཏགས་གྱུར་ན། །ལུས་ཀྱི་གཉེར་མ་ཟད་པར་བྱེད། །དེ་ནས་ཡང་དག་གཉིས་པ་ཡང་། །བཻ་ཌཱུརྱ་ནི་སྔོན་ པོ་སྟེ། །རིན་ཆེན་འབྱུང་ལྡན་བྱིན་བརླབས་ཏེ། །དབྱིབས་ནི་སོག་ཀ་ལྟ་བུ་སྟེ། །རབ་ཀྱི་ཚད་ནི་གླང་པོའི་མིག །འདི་ནི་རིན་ཆེན་མྱུ་གུ་སྟེ། །ངང་པའི་སྒོ་ང་ལྡོང་རོས་དང་། །སྤང་ཤ་མ་དང་གསུམ་སྦྱར་ནས། །དེ་གདུགས་རྣ་བ་གཡས་སུ་གདགས། །ལྷོ་ཡི་ གདོན་རྣམས་ཐུབ་པར་གསུངས། །གང་ལ་ཡོད་པ་དེ་ལ་སྐྱོབ། །འབྲིང་ནི་ངང་པའི་སྒོ་ང་ཙམ། །འདི་ནི་རིན་ཆེན་ཨེ་རཎྜ། །ག་པུར་རཀྟ་དངུལ་ཆུ་གསུམ། །དེ་ཡི་ནང་བླུགས་ལྕེ་ལྐོག་ཏུ། །གྱེན་ཐུར་གཉིས་ནི་སྣ་དང་འཇུག །དེ་ཡི་བྱང་ཆུབ་སེམས་བཟུང་སྟེ། །མགལ་ མེའི་འཁོར་ལོ་བཞིན་དུ་གནས། །ཐ་མ་བྱེའུའི་སྒོ་ང་ཚང་ཙམ། །ཨ་རུ་ར་དང་སྐྱུ་རུ་ར། །བ་རུ་ར་དང་ལྡོང་རོས་རྣམས། །བསྲེས་ཏེ་ལུས་ལ་བྱུགས་བསྐུལ་ཏེ། །འདི་ནི་དྷནྡྷ་ཀ་སྤུ་ར། །ལུས་ཀྱི་སྲིན་བུ་འབྱེར་བར་བྱེད། །དེ་ནས་ཡང་དག་གསུམ་པ་ཡང་། །པདྨ་རཀྟ་དམར་པོ་སྟེ། ། དབྱིབས་ནི་ཟླུམ་པོ་ལྟ་བུ་ལ། །འོད་དཔག་མེད་ཀྱིས་བྱིན་བརླབས་ཏེ། །རབ་ནི་ཀཱརྵཱ་པ་ཎ་སྟོང་། །གུར་ཀུམ་ག་པུར་ལྔ་སྦྱར་ལ། །དེ་ལ་བསྐུ་ཞིང་བྱུག་པ་བྱའོ། །ལྟེ་བའི་དབུས་སུ་གཞག་ལ་བཅིང་། །འདི་ནི་རཏྣ་ཀེ་རུ་ར། །ནུབ་ཀྱི་གདོན་རྣམས་ཐུབ་པར་གསུངས། །འབྲིང་ ནི་ཀཱརྵཱ་པ་ཎ་སྟེ། འདི་ནི་རཏྣ་ཀ་ར་སྟེ། །མར་དང་ས་ལེ་སྦྲམ་དང་ལྔ། །བཟོ་རུ་བྱས་པའི་དངུལ་ཆུ་རྣམས། །དེ་ཡི་ནང་བླུགས་ལྟེ་བར་མནན། །འདི་ཡིས་བྱང་ཆུབ་སེམས་གཟུང་སྟེ། །ཆུ་ལ་ཆུ་གཞག་ཇི་བཞིན་ནོ། །ཐ་མ་ཀཱཪྵཱ་པ་ཎ་སྟེ། །འབྲས་བུ་གསུམ་དང་རུ་རྟ་དང་། ། མར་གྱི་སྙིང་པོ་དང་སྦྱར་ཏེ། །སྤྱི་བོའི་གཙུག་ཏུ་སྦ་བ་དང་། །འདི་ནི་རཏྣ་དེ་བ་སར། །སྐྲ་དཀར་མེད་པར་བྱེད་པའོ། །དེ་ནས་ཡང་དག་བཞི་པ་ཡང་། །དེ་ནི་མརྒད་ལྗང་གུ་སྟེ། །དབྱིབས་ནི་གྲུ་བཞི་ལྟ་བུ་སྟེ། །དོན་ཡོད་གྲུབ་པར་བྱིན་བརླབས་ཏེ། །རབ་ནི་བེ་ཅོན་དབྱུག་པ་ ཙམ། །འདི་ནི་རཏྣ་ག་ག་ནི། །རྩ་བ་ལྔ་དང་ཡན་ལག་བཅས། །བསྐུས་ལ་རྣ་བ་གཡོན་དུ་གདགས། །འདི་ཡིས་བྱང་གི་གདོན་རྣམས་ཐུབ། །འབྲིང་ནི་བྱ་མོའི་སྒོ་ང་ཙམ། །མ་ཧཱ་དེ་བ་ཨུ་མ་དེ། །གཉིས་ཀྱི་ག་པུར་རཀྟ་ཡིས། །བྱུགས་ལ་ལྟེ་བའི་ནང་དུ་གཞུག །ག་པུར་སིཧླ་ གཉིས་ཀ་འཛིན། །ཐ་མ་གཞན་སྐྱེས་སྒོ་ང་ཙམ། །ལྡོང་རོས་སེར་པོ་གསེར་དང་གསུམ། །མན་ཆ་གཅིག་ནི་བྱིན་ནས་ནི། །འདི་ནི་ཨེ་རུ་ན་ར་སྟེ། །སྲིན་བུ་མི་སྐྱེ་བདེ་དང་ལྡན། །འདི་ནི་རཏྣ་སནྡ་ཧ། །དེ་ནས་ཡང་དག་ལྔ་པ་ཡང་། །ཁ་དོགས་དབྱིབས་ནི་དུ་མར་སྣང་། །རྣམ་པར་སྣང་ མཛད་བྱིན་བརླབས་ཏེ། །དོན་རྣམས་སོ་སོ་དུ་མ་བྱེད། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །མ་འོངས་སོ་སོ་སྐྱེ་བོ་ཡིས། །རིན་ཆེན་གནས་རྣམས་གང་ལས་བཙལ། །རིན་ཆེན་མི་འཚལ་ཇི་ལྟར་ལགས། །རིན་པོ་ཆེ་ནི་ཇི་ལྟར་བརྟག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། །རྒྱ་མཚོ་ཆེན་པོའི་ཕྱི་རོལ་ན། །རིན་པོ་ཆེ་ཡི་གླིང་ཡོད་དེ། །དེ་ཡི་གནས་ནས་བཙལ་བར་བྱ། །གཞན་ཡང་རིན་ཆེན་གནས་རྣམས་ནི། །གསེར་དངུལ་ལ་སོགས་རྡོ་རྣམས་ཀྱི། །གནས་ནི་ཀུན་ན་ཡོད་པར་གསུངས། །རིན་ཆེན་ཤེས་པ་རྣམ་པ་ལྔ། །དང་པོར་རྒྱུད་རྣམས་ཐམས་ ཅད་ལ། །རྨོངས་པ་མེད་པས་ཤེས་པ་དང་། །བླ་མའི་མན་ངག་ཤེས་པས་ཐོབ། །གཉིས་པ་རྣལ་འབྱོར་བཅས་པས་ཤེས། །གསུམ་པ་རྒྱུད་ཀྱི་མན་ངག་ལ། །ཞུགས་པའི་ཚོང་དཔོན་ཆེན་པོས་ཤེས། །བཞི་པ་ཡོན་ཏན་ཀུན་ལྡན་པའི། །རྒྱལ་པོ་ཆེན་པོ་དེས་ཤེས་སོ། །ལྔ་ པ་རྣལ་འབྱོར་མཁས་པ་དང་། །རྒྱལ་པོ་དང་ནི་འབྲེལ་པ་ཡི། །གསེར་མགར་མཁས་པས་རྟོགས་པར་འགྱུར། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །དང་པོའི་མན་ངག་ཇི་ལྟར་ཡིན། །གཉིས་པ་རྣལ་འབྱོར་ཇི་ལྟར་ལགས། །གསུམ་པ་རྒྱུད་ནི་ཇི་ལྟར་ལགས། །བཞི་ པའི་ཡོན་ཏན་ཇི་ལྟར་ལགས། །ལྔ་པ་འབྲེལ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་མན་ངག་ཤེས་པ་ཡང་། །རིན་ཆེན་ངོ་བོ་གཅིག་ཉིད་ལ། །ཡོན་ཏན་དུ་མར་ཤེས་པ་སྟེ། །དཔེར་ན་རྫས་ཀྱི་ཕ་ལམ་བཞིན། །ཆུ་ལ་ མི་འབྱིང་འབིགས་ལ་སོགས། །དུ་མ་ཤེས་པ་མན་ངག་ཡིན། །རྣལ་འབྱོར་ཤེས་པ་རྩེ་གཅིག་སྟེ། །དེ་ཡིས་ཐམས་ཅད་ཤེས་པ་ཡིན། །རྒྱུད་ཀྱི་དོན་ནི་ཤེས་པ་ཡི། །ཚོང་དཔོན་དེ་ཡིས་ཤེས་པ་ཡིན། །སྔགས་དང་རྒྱུད་ལ་སོགས་པ་ཡི། །ཡོན་ཏན་ཀུན་ལྡན་རྒྱལ་པོ་ ཤེས། །རྒྱལ་པོ་རྣལ་འབྱོར་དང་འབྲེལ་པའི། །ས་འོག་གསེར་གི་རླངས་པ་ཤེས། །གསེར་མགར་དེ་ཡིས་ཤེས་པའོ། །བརྟག་པ་རྣམ་པ་གཉིས་ཡིན་ཏེ། །མངོན་སུམ་དང་ནི་མཚན་མ་སྟེ། །རྡོ་རྗེ་ཕ་ལམ་ལ་སོགས་དང་། །ཨེ་རཎྜ་ལ་སོགས་པ་ཡི། །མངོན་ སུམ་གཏན་ལ་ཕབ་པ་ཡིན། །མ་ཧཱ་ནཱི་ལ་ལ་སོགས་པ། །གདོན་རྣམས་ཐུབ་ཅིང་ལྷ་རྣམས་སྐྱོབ། །དམ་ཚིག་ཉམས་པ་གསོ་བ་དང་། །ཚེ་རྣམས་རིང་བ་ལ་སོགས་སོ། །དང་པོར་གདོན་གྱི་མཚན་མ་ནི། །མཁས་པས་བརྟག་ཅིང་ཤེས་པར་བྱ། །དེ་ནས་གདོན་གྱི་མཚན་ མ་ལ། །དེ་ཉིད་ཆོ་ག་ཚུལ་བཞིན་བྱ། །དེ་ནས་ཆུ་མིག་གཙང་མ་རུ། །གཏོར་མ་བཏང་ལ་ཆུ་གཙང་བླང་། །གསེར་དངུལ་སྣོད་དུ་ཆུ་བླུགས་ལ། །ལྷ་འམ་ཀླུ་འམ་གནོད་སྦྱིན་སོགས། །མཚན་མ་གཉིས་ཀྱི་མཎྜལ་ལ། །རྣལ་འབྱོར་པ་ཡིས་གཞག་པར་བྱ། །གོམ་པ་ གསུམ་གྱིས་གཅད་པར་བྱ། །གཡོན་གྱི་མཎྜལ་ཐོག་ཏུ་ནི། །ཆུ་ཡི་ནང་དུ་མེ་ལོང་གཞག །ཕྱི་རུ་གཏོར་མ་ཆ་གཅིག་གཞག །ནང་དུ་ཡོལ་བ་དཀར་པོས་བཅད། །དེ་རུ་ཚོགས་དང་བཀྲ་ཤིས་གཞག །རྣལ་འབྱོར་ཡན་ལག་ཁྲུས་བྱས་ལ། །ལྷ་ཡི་རྣལ་འབྱོར་རྫོགས་པ་ དང་། །ཁྲོ་བོས་དྲག་ཏུ་མཚམས་བཅད་ལ། །སྦོམ་པོ་ཁྲོ་མོ་ལྷ་རུ་བསྒོམ། །དེ་ཡིས་རིན་ཆེན་དང་པོ་གཟུང་། །དེ་ནས་སོར་བཞི་འཕྱང་དུ་གཞུག །ཐུབ་བམ་མི་ཐུབ་ལ་སོགས་པ། །མཁས་པས་བརྟགས་ཤིང་ཤེས་པར་བྱ། །དབྱིབས་དང་ཁ་དོག་རིན་པོ་ཆེ། །ཡོན་ཏན་ མེད་པ་ག་ལ་སྲིད། །དཔེར་ན་བུ་གཅིག་སྐྱེས་གྱུར་ན། །ཕ་མེད་པ་ཡང་ག་ལ་སྲིད། །དེ་བས་མཁས་པས་བརྟག་པར་བྱ། །ལྷ་མོས་གསོལ་བ་བཅོམ་ལྡན་འདས། །གསེར་དངུལ་ལ་སོགས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསེར་ནི་རྣམ་པ་ གཉིས་ཡིན་ཏེ། །རང་བཞིན་དང་ནི་བཟོར་བྱས་ཡིན། །རང་བཞིན་གྱིས་ནི་འཆི་བ་བསླུ། །བཟོར་བྱས་པ་ནི་རྣམ་པ་གཉིས། །གསེར་འགྱུར་གསེར་གྱི་རྒྱན་ཡིན་ཏེ། །བདར་བའི་གསེར་གྱིས་སྲིད་ལམ་འགེགས། །ལོ་དང་ཟླ་བ་ཟླ་བ་ཕྱེད། །མཁས་པས་བརྟགས་ཤིང་ཤེས་པར་ བྱ། །དངུལ་ལ་སོགས་པའང་དེ་བཞིན་ཏེ། །མདོར་ན་སྣང་ཞིང་སྲིད་པའི་རྫས། །ཐམས་ཅད་རིན་པོ་ཆེ་ཡིན་ཏེ། །མན་ངག་ཅན་གྱིས་ཤེས་པར་བྱ། །དེ་ནས་བཅུད་ཀྱི་རིན་པོ་ཆེ། །ལུས་ཀྱི་རི་རབ་ལྷུན་པོ་ལ། །རིན་ཆེན་གསེར་གྱི་དབྱེ་བ་ཡང་། །ཐབས་དང་ཤེས་རབ་རིན་ པོ་ཆེ། །ཤེས་རབ་རྩ་ཡི་རང་བཞིན་ཏེ། །ཐབས་ནི་བྱང་ཆུབ་སེམས་ཡིན་ནོ། །དམར་དང་དངས་པ་ཤེས་རབ་སྟེ། །དཀར་དང་དངས་པ་ཐབས་སུ་གསུངས། །ཨ་བ་དྷཱུ་ཏཱི་རིན་ཆེན་ལས། །ཐིག་ལེ་དུ་མ་ཕྲེང་བ་ཡིན། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །ཨ་བ་དྷཱུ་ཏཱི་ཇི་ལྟར་ ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨ་བ་དྷུ་ཏཱིའི་རང་བཞིན་ལས། །སྟེང་དུ་སྒོ་ལྔ་ཡང་དག་གནས། །བར་དང་འོག་ཏུ་འང་དེ་བཞིན་ཏེ། །བསྐྱེད་དང་རྫོགས་དང་རང་བཞིན་ལས། །ཡོན་ཏན་སྐྱོན་གྱི་མཚན་ཉིད་དོ། །བདེ་ཆེན་ཐིག་ལེ་ཧྃ་ཡིན་ནོ། །ཨོཾ་དང་ ཨཱཿཧཱུྃ་ཧ་དང་བཞི། །བདེ་བ་ཆེན་པོའི་འཁོར་ལོ་རུ། །སྐུ་གསུང་ཐུགས་དང་བདེ་བ་ཆེ། །འབར་བ་བཞི་རུ་ཡང་དག་བཤད། །སྐུ་གསུང་ཐུགས་དང་བདེ་བ་ཆེ། །མགྲིན་པ་རུ་ནི་འཇུག་པ་བཞི། །སྙིང་གར་ཡང་ནི་འཛག་པ་བཞི། །སྤྲུལ་པ་རུ་ཡང་དེ་བཞིན་ཏེ། །ཆོས་ཀྱི་སྐུ་ནི་རིན་ ཆེན་ལ། །སྟོང་པ་བཅུ་དྲུག་ཕྲེང་བར་བཤད། །དེ་ནས་ཤིན་ཏུ་གསང་བའི་དོན། །པདྨ་རྡོ་རྗེ་གཉིས་པ་ཡང་། །ཨ་བ་དྷཱུ་ཏཱི་རིན་པོ་ཆེ། །ཨ་ཕཊ་ཨེ་དང་ཝཾ་དང་བཞི། །གསང་བའི་ཐིག་ལེ་བཞི་རུ་བཤད། །ཨ་ནི་མེ་ལོང་ལྟ་བུ་སྟེ། །ཕཊ་ནི་བྱ་བ་ནན་ཏན་ཡིན། །ཨེ་ནི་སོ་ སོར་རྟོག་པ་སྟེ། །ཝཾ་ནི་མཉམ་ཉིད་ཡེ་ཤེས་སོ། །རིན་ཆེན་ཆོས་དབྱིངས་ཡེ་ཤེས་ཏེ། །རྣམ་པར་ཐར་དང་སྟོང་པ་དང་། །མཚན་དང་དེ་བཞིན་དཔེ་བྱད་རྣམས། །ཨ་ནི་འཁོར་ལོ་འབྱུང་བ་བཞི། །ཕཊ་ཀྱི་གནས་སུ་ཡེ་ཤེས་ལྔ། །ཨེ་ཡི་གནས་སུ་སྙོམས་ འཇུག་དགུ། །ཝཾ་གི་གནས་སུ་ལྔ་བཅུ་བརྒྱད། །དེ་ཁོ་ན་རུ་ཤེས་པར་བྱ། །ཀྵ་ཨོཾ་ཨེ་ཏ་ས་བོན་བཞི། །ཡོན་ཏན་སྐྱོན་གྱི་མཚན་ཉིད་ཀྱིས། །ཀུན་ལ་ཁྱབ་ཅིང་ཤེས་པར་བྱ། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །འདི་ཡིས་གདོན་རྣམས་ཇི་ལྟར་ཐུབ། །བྱང་སེམས་ དགག་པ་ཇི་ལྟར་ལགས། །སྐྲ་དཀར་གཉེར་མ་ཇི་ལྟར་ཞི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣམ་པར་རྟོག་པ་གདོན་ཡིན་ཏེ། །མཚན་དང་དཔེ་བྱད་སྤོང་བ་དང་། །ཕུང་པོ་ལྔ་ནི་བདུད་རྩི་ལྔ། །སྐྱེ་མཆེད་དེ་ནི་ལྔ་རུ་འགྱུར། །ཁམས་རྣམས་རྟེན་གྱི་ངོ་བོ་སྟེ། །དེ་ རྣམས་རྟེན་རྩིའི་ངོ་བོ་སྟེ། །རྣམ་རྟོག་སྤོང་ཕྱིར་རིན་པོ་ཆེ། །བྱང་ཆུབ་སེམས་དགག་རིམ་པ་ཡང་། །གཡས་བརྐྱང་བས་ནི་ཐབས་ཀྱིས་ཏེ། །གཡོན་གྱིས་ཤེས་རབ་རྩ་མདུད་དགག །ས་གས་ནམ་མཁའ་དགག་པར་བྱ། །ཟླུམ་པོས་གསང་བའི་སྣ་རྩེར་དགག ། ལ་ལ་ནཱ་དང་ར་ས་ནཱ། །ཨ་བ་དྷཱུ་ཏཱིའི་ནང་ཆུད་པ། །དེ་ནི་ནམ་མཁའ་ཟླུམ་པོ་སྟེ། །དཔེར་ན་སྦྲུལ་གྱི་ལྕེ་གཉིས་ལ། །དུག་དང་སྨན་ནི་ཡོད་པ་བཞིན། །གཞན་ཡང་འདུག་སྟངས་བྱེ་བྲག་གིས། །དགག་པའི་སྦྱོར་བ་ཤེས་པར་བྱ། །དགག་པ་སྲོག་དང་རྩོལ་བའི་ རྟེན། །དེ་ལྟར་དབུས་སུ་གནས་པ་དང་། །རིམ་ནས་རིམ་པར་གྱེན་ལ་དྲང་། །སྐད་ཅིག་ནས་བཟུང་ལོ་ཡི་བར། །སྐྲ་དཀར་གཉེར་མའི་རང་བཞིན་དགག །གང་ལ་བརྟེན་པ་དེ་ཡི་ཚད། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །དབུས་སུ་གནས་པ་ཇི་ལྟར་ལགས། ། རིམ་ནས་རིམ་དུ་ཇི་ལྟར་དྲང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐབས་ཞེས་བྱ་བ་རྟག་པའི་མཐའ། །ཤེས་རབ་ཞེས་པ་ཆད་པའི་མཐའ། །སྙོམས་པར་འཇུག་པ་དབུ་མའི་དོན། །གཡས་ཀྱི་སྲོག་ནི་རྟག་པའི་མཐའ། །གཡོན་གྱི་རྩོལ་བ་ཆད་པའི་མཐའ། ། དེ་གཉིས་གནས་པ་དབུ་མའི་དོན། །རོ་མ་རྟག་པའི་བྱང་ཆུབ་སེམས། །རྐྱང་མ་ཁྲག་ནི་ཆད་པའོ། །ཀུན་འདར་མ་རུ་གང་གནས་པ། །དེ་ནི་དབུ་མར་ཤེས་པར་བྱ། །མཆོག་གི་དགའ་བ་རྟག་པའི་མཐའ། །བྲལ་བའི་དགའ་བ་ཆང་པའི་མཐའ། །ལྷན་ཅིག་དགའ་བ་ དབུ་མར་བཤད། །ཨོཾ་དང་ཧཱུྃ་ནི་མཐའ་གཉིས་ཏེ། །ཨཱཿཡི་རྣམ་པ་དབུ་མར་གནས། །ཨཱ་ལི་ཀཱ་ལི་མཐའ་གཉིས་ཏེ། །མ་ནིང་ཡི་གེ་དབུ་མ་ཡིན། །སྐྱེས་པ་བུད་མེད་མཐའ་གཉིས་ཏེ། །མ་ནིང་གཉིས་སུ་མེད་པར་གསུངས། །འདི་ནི་སྒོམ་པ་ཟུང་དུ་འཇུག །དེ་ནི་ གནས་པར་དབུ་མའི་དོན། །ཤེས་རབ་ཕ་རོལ་ཕྱིན་པ་རུ། །འབྲེལ་བ་ཟུང་དུ་འཇུག་པར་གསུངས། །བྱ་བའི་རྒྱུད་དང་རྣལ་འབྱོར་རྒྱུད། །སྣང་བ་ཟུང་དུ་འཇུག་པར་གསུངས། །དཔལ་ལྡན་གསང་བ་འདུས་པ་རུ། །སྟེང་སྒོའི་རླུང་ལ་ཟུང་དུ་འཇུག །ཤེས་རབ་རྣལ་འབྱོར་བླ་ མ་རུ། །སིཧླ་ག་པུར་ཟུང་དུ་འཇུག །རིམ་ནས་རིམ་དུ་དྲང་བ་ཡང་། །གསང་བའི་འཁོར་ལོ་ཨ་ལ་ནི། །བདེ་བ་རྫོགས་པའི་ཚད་བསྟན་པ། །པདྨ་རྡོ་རྗེ་འགགས་པ་སྙམ། །དེ་ནི་ཡོངས་སུ་རྫོགས་པའི་ཚད། །དེ་ནས་གསང་བའི་འཁོར་ལོ་ནས། །བདེ་ཆེན་འཁོར་ལོའི་བར་ དུ་དྲང་། །དང་པོར་དེ་ལྟར་ཤེས་པར་བྱ། །དེ་ལྟར་སེམས་ནི་བརྟན་འགྱུར་ན། །བདེ་བ་ཆེན་པོའི་འཁོར་ལོ་ནས། །གསང་བའི་སྣ་རྩེ་བར་དུ་དྲང་། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །བཅུད་ཀྱི་རིན་ཆེན་གང་ན་གནས། །དེ་ནི་ཤེས་པ་སུ་ཡིས་ཤེས། །དེ་ཡི་བརྟག་པ་ ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྤྱི་བོ་ཚངས་པའི་བུ་གནས། །གསང་བའི་འཁོར་ལོ་ཡན་ཆད་དུ། །ཨ་བ་དྷཱུ་ཏཱི་ཙནྡ་ན་གནས། །ལ་ལར་ས་སྦྲུལ་ལྟར་གནས། །གཞན་རྣམས་པ་ཐག་ཁུག་པར་གནས། །འདི་རྣམས་རང་བཞིན་ཀུན་ལ་གནས། ། རྩ་དང་འཁོར་ལོ་འདི་རྣམས་ནི། །དེ་བཞིན་གཤེགས་པའི་སྙིང་པོར་གསུངས། །ཕྱི་ཡི་རྩ་དང་ནང་གི་རྩ། །གསང་བ་དེ་བཞིན་མཐར་ཐུག་པའི། །མན་ངག་ཡོད་པས་ཤེས་པར་གསུངས། །བརྟག་པ་རྣམ་པ་གཉིས་སུ་བསྟན། །དང་པོ་ལུས་ཀྱི་བརྟག་པ་སྟེ། །གཉིས་ པ་དག་ཏུ་ཤེས་པར་བྱ། །ལུས་ལ་སྤྱི་དང་བྱེ་བྲག་གཉིས། །སྒུན་རླུང་གི་རང་བཞིན་ཏེ། །ཡན་ལག་ཐུང་བ་ཆུ་ཡི་ཁམས། །ཡན་ལག་རྒྱས་པ་ས་ཡི་ཁམས། །སྨད་ཞེང་ཆེ་བ་མེ་ཡི་ཁམས། །སྣ་ཚོགས་དུ་མ་ནམ་མཁའི་ཁམས། །སྤྱི་རུ་ དཀར་བ་ཆུ་ཡི་ཁམས། །དམར་བ་མེ་རུ་ཤེས་པར་བྱ། །སེར་ན་དེ་བཞིན་ས་ཡི་ཁམས། །སྔོ་ན་རླུང་དུ་ཤེས་པར་བྱ། །ཡང་ན་རླུང་གི་ཁམས་ཡིན་ཏེ། །དྲོད་རྣམས་ཆེ་ན་མེ་ཡི་ཁམས། །བརྟན་ན་ས་ཡི་ཁམས་སུ་གསུངས། །ཆུ་ཁམས་ཆེ་ན་ཆུ་ཡི་ཁམས། །དེ་རྣམས་ ཀུན་ལྡན་ནམ་མཁའི་ཁམས། །འཇུག་པ་བདེ་ཆེན་ས་ཡིན་ཏེ། །ལྡོག་པ་སྤྲུལ་པ་ཆུ་རུ་གསུངས། །རྣལ་འབྱོར་རྒྱུད་ནི་བྱེ་བྲག་གིས། །སེམས་ཀྱི་གནས་སུ་ཤེས་པར་བྱ། །ཤུ་ཀྲ་རླུང་ལ་སིཧླ་མེ། །སྦྲུལ་དང་ཆོས་སུ་ཁ་སྦྱར་ཡིན། །གཞན་ཡང་མཁས་པས་ཤེས་པར་ བྱ། །དེ་ནས་བྱེ་བྲག་གསུངས་པ་ཡི། །དབྱིབས་དང་ཁ་དོག་མཚན་མ་གསུམ། །ཀུན་ལ་མཁས་པས་ཤེས་པར་བྱ། །དང་པོར་དབྱིབས་ཀྱི་བརྟག་པ་ཡང་། །དབྲལ་བའི་དབྱིབས་ལ་རྣམ་པ་བཞི། །གྲུ་བཞི་ཟླུམ་པོ་ཟླ་གམ་དང་། །གྲུ་གསུམ་དུ་ཡང་ཤེས་པར་བྱ། ། དཀར་པོ་ལ་སོགས་དེ་དང་འདྲ། །རྣ་བ་ནས་གཟུང་རྐང་པའི་བར། །ཀུན་ལ་བརྟག་ཅིང་ཤེས་པར་བྱ། །སྐད་ནི་ཕྲ་དང་སྦོམ་པ་དང་། །རིང་དུ་འདོན་དང་ཐུང་བ་དང་། །འདར་བ་ལ་སོགས་བྱེ་བྲག་རྣམས། །མཁས་པས་བརྟག་ཅིང་ཤེས་པར་བྱ། །རྟགས་དེས་བརྟག་པའི་ མཚན་མ་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །འདོད་ཆགས་སྐུ་དང་ཞེ་སྡང་ཐུགས། །མུན་པ་གསུང་དུ་ཤེས་པར་བྱ། །དང་པོ་འདོད་ཆགས་དབྱེ་བ་ཡང་། །ཡར་ངོ་མར་ངོ་མཚམས་དང་གསུམ། །དབྱིབས་དང་ཁ་དོག་སྐད་གསུམ་ལ། །མཁས་པ་འདོད་པ་སྐྱེ་བ་བརྟག ། ཉིན་བར་བཞི་དང་མཚན་བར་བཞི། །དེ་བཞིན་སྐད་ཅིག་ཐང་རྣམས། །མཁས་པས་བརྟག་ཅིང་ཤེས་པར་བྱ། །མིག་འཛུམས་པ་སྦུ་ལྡང་ལ་སོགས། །དབྱིབས་ཀྱི་འདོད་པ་སྐྱེ་བའི་རྟགས། །འདོད་པའི་གཟུགས་ལྡན་ཅུང་ཞིག་དམར། །སྣ་བུག་དཀར་ལ་སོགས་པ་དང་། ། སྐད་འདར་ཁ་ནི་སྐམ་ལ་སོགས། །འདོད་པ་སྐྱེ་བའི་རྟགས་སུ་བཤད། །གཞན་ཡང་འདོད་པ་རྒྱས་པའི་རྟགས། །ཁ་དོག་དབྱིབས་ལ་བརྟག་པར་བྱ། །སྲ་ཕྱིར་འདོད་པ་ས་ཡི་ཁམས། །ཆུ་ལ་སོགས་པ་དེ་བཞིན་ནོ། །གསུང་དང་ཐུགས་ལའང་ཤེས་པར་བྱ། །ལྷ་མོས་གསོལ་ པ་བཅོམ་ལྡན་འདས། །འདོད་ཆགས་ཞེས་པ་ཇི་ལྟར་ལགས། །དེ་ཡི་ཆེན་པོ་ཇི་ལྟར་ལགས། །ཞེ་སྡང་ལ་སོགས་ཇི་ལྟར་ལགས། །སྐུ་གསུང་ཐུགས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདོད་ཆགས་ཉོན་མོངས་འཁོར་བ་སྟེ། །གབ་པའི་གསང་བ་ མ་གཏོགས་པར། །སྦས་པའི་གསང་བ་ལ་ཞེན་ནས། །སྲིད་པའི་ས་བོན་མི་ཟབ་པས། །དཔེར་ན་རྒྱུད་ཀྱི་མདའ་བཞིན་དུ། །འབྲས་བུ་མནར་མེད་དམྱལ་བར་སྐྱེ། །ཆེན་པོ་མི་རྟོག་རང་བཞིན་ཏེ། །འབྲས་བུ་གཉིས་མེད་ཡེ་ཤེས་སྐྱེད། །འདོད་ཆགས་ཞེས་པ་སྤང་བྱ་སྟེ། ། དེ་ཡི་ཆེན་པོ་གཉེན་པོར་གསུངས། །འདོད་ཆགས་ཞེས་པ་མེ་ཏོག་སྟེ། །དེ་ཡི་ཆེན་པོ་དྲི་དང་འདྲ། །གཞན་ཡང་བྱེ་བྲག་ཤེས་པར་བྱ། །ཞེ་སྡང་ལ་སོགས་གོང་དང་འདྲ། །ཐམས་ཅད་རྟེན་པ་སྐུ་རུ་བསྟན། །བརྗོད་པ་དང་བྲལ་གསུང་དུ་བསྟན། །རྣམ་རྟོག་བྲལ་བ་ཐུགས་སུ་ ཤེས། །རྣམ་རྟོག་ཆུང་ཞིང་གཏོང་ཕོད་ཆེ། །བླ་མ་ལ་གུས་སྙིང་རྗེ་ཆེ། །གཞན་ཡང་བྱེ་བྲག་ཀུན་ཤེས་པ། །འདི་ལ་བསྟན་གྱི་ཀུན་ལ་གསང་། །བླ་མ་ཡོན་ཏན་ཀུན་ལྡན་ཞིང་། །དབང་དང་མན་ངག་འབྲེལ་ཤེས་དང་། །གསང་བའི་དོན་ལ་མ་རྨོངས་ཤིང་། །ཐུགས་རྗེ་ཆེན་ པོ་དང་ལྡན་པས། །ཆོས་ལ་སེར་སྣ་མེད་པ་དང་། །གསལ་ལ་གསོང་པོར་སྨྲ་བ་དང་། །རིགས་བཅས་ཀུན་གྱིས་བཀུར་བ་དང་། །ལས་ཀྱི་ཕྱག་རྒྱ་འཆང་བ་དང་། །དམ་ཚིག་དང་ལྡན་བླ་མ་སྟེ། །འདི་ལ་བཀུར་གྱི་ཐམས་ཅད་ལ། །བསྙེན་ཅིང་བཀུར་བར་བྱ་བ་མིན། །དེ་ནས་རིན་ ཆེན་གསུམ་པ་ནི། །གཉིས་མེད་ལྷན་ཅིག་སྐྱེས་པ་སྟེ། །རྟོག་བྲལ་སྤྲོས་པ་མེད་པ་ཡིན། །དེ་རྟོགས་རིན་ཆེན་ཕྲེང་བའོ། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །གབ་པ་ཞེས་པ་ཇི་ལྟར་ལགས། །དེ་ཡི་འབྲས་བུ་ཇི་ལྟར་སྨིན། །སྦས་པ་ཞེས་པ་ཇི་ལྟར་ལགས། །དེ་ཡི་ འབྲས་བུ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གབ་པ་ཞེས་པ་ཡེ་ཤེས་ཏེ། །སུམ་ཅུ་རྩ་བདུན་སྐུ་གསུང་ཐུགས། །ཆོས་དང་ལོངས་སྤྱོད་སྤྲུལ་སྐུ་གསུམ། །དགའ་བ་བཞི་རུ་མདོར་བསྡུས་པ། །དམིགས་པའི་རྐྱེན་ནི་གསང་བའོ། ། བདུན་དང་ལྡན་ཕྱིར་ཆེན་པོའོ། །སུམ་ཅུ་རྩ་བདུན་ལ་སོགས་པའི། །གཉེན་པོ་སྟོབས་ཀྱིས་མ་ཞུགས་པར། །སྦས་པ་པདྨ་རྡོ་རྗེ་གཉིས། །སྙོམས་པར་ཞུགས་ན་འདོད་པ་སྐྱེ། །འདི་ནི་རྐུན་པོ་མ་རུངས་པ། །དཔེར་ན་ལྗོན་ཤིང་རྩ་བ་ལས། །ཡལ་ག་མེ་ཏོག་ཐམས་ཅད་སྐྱེས། །ཉོན་ མོངས་རྩ་བ་འདོད་ཆགས་ལས། །དུག་གསུམ་ལ་སོགས་ཐམས་ཅད་དེ། །སྦས་པའི་གསང་བ་འཁོར་བ་སྟེ། །གབ་པ་མྱ་ངན་འདས་པར་གསུངས། །འཁོར་བ་མནར་མེད་དམྱལ་བ་དང་། །དུར་ཁྲོད་བརྒྱད་པོ་དྲེགས་པ་ཅན། །སྙིང་རྗེ་མེད་ཅིང་ཤ་ཁྲག་ཟ། །ཤིང་རྟའི་འཁོར་ལོ་ བཞིན་དུ་གནས། །མྱ་ངན་འདས་པ་སྐུ་གསུམ་སྟེ། །སྐྱོབ་པ་མྱ་ངན་འདས་གྱུར་ཀྱང་། །འཁོར་ལོ་འཁོར་བའི་ཚུལ་དུ་ནི། །ཚོགས་ཀྱི་ཤུགས་ཀྱི་མཐུ་ཡིས་སུ། །སེམས་ཅན་དོན་ལ་ཡང་དག་འཇུག །ཆོས་སྐུ་སྤྲོས་བྲལ་ནམ་མཁའ་བཞིན། །སྐུ་གཉིས་སྤྲིན་དང་ཆར་ལྟ་བུ། །སྐུ་ གཉིས་སེམས་ཅན་དོན་མཛད་པ། །སེམས་ཅན་ལས་དང་སྨོན་ལམ་སྟོབས། །དེ་ཡི་སྟོབས་ཀྱི་སྣང་བ་ལས། །ཡང་དག་ཉིད་ལ་སྣང་རྒྱུ་མེད། །སྐུ་གསུམ་དེ་ཉིད་བཞི་བཅུའི་དོན། །དུར་ཁྲོད་ལ་སོགས་བརྡ་རུ་ཤེས། །སུམ་ཅུ་རྩ་གཉིས་ཆོས་སྐུའི་བརྡ། །བརྒྱད་ནི་གཟུགས་སྐུ་ གཉིས་ཀྱི་བརྡ། །གཞན་ཡང་བརྡ་ཡི་བྱེ་བྲག་ནི། །སྦོམ་པོ་གསང་བའི་རྡོ་རྗེའི་བརྡ། །ཁྲོ་མོ་གསང་བའི་པདྨའི་བརྡ། །སྒུ་དང་དྲང་བ་ཡོན་ཏན་སྐྱོན། །མཛུབ་མོ་ལ་བརྟེན་མཐེའུ་ཆུང་ནི། །ང་ཡི་གན་དུ་ཚུར་ཤོག་ཡིན། །མཐེ་བོ་ལ་བརྟེན་མཛུབ་མོ་བར། །ཁྱོད་ཀྱི་གན་དུ་འོང་གིས་ ཡིན། །མཐེ་བོང་མཛུབ་གཉིས་ཟུར་གསུམ་ནི། །བྷ་ག་རྒྱས་སམ་དྲི་བ་ཡིན། །བྷ་ག་རྒྱས་པ་ཟླུམ་པོར་སྟོན། །བདེ་བའི་གནས་སུ་འདུ་བ་ཡང་། །སྲོད་དམ་ནམ་གུང་ཐོ་རངས་གསུམ། །མཛུབ་ཚིགས་དང་པོ་ནས་གཟུང་ནས། །ཐ་མའི་བར་དུ་བརྡ་ཡིན་ནོ། །སྐུ་གསུང་ཐུགས་ ཀྱིས་བྱིན་བརླབས་ཀྱིས། །ལན་གསུམ་བར་དུ་ནན་ཏན་གནད། །གཞན་ཡང་བརྡ་ཡི་བྱེ་བྲག་རྣམས། །རྒྱུད་རྣམས་ཀུན་ཏུ་མ་གསུངས་པ། །གནས་ནི་ཐབས་ཀྱི་འདུག་སྟངས་སོ། །ཉེ་གནས་ཤེས་རབ་འདུག་པར་གསུངས། །ཞིང་ནི་ཐབས་ཀྱི་བཟའ་བའི་ཚོགས། །དེ་ བཞིན་ཤེས་རབ་ཉེ་བའི་ཞིང་། །འདུ་བ་ཐབས་ནི་འོང་བ་སྟེ། །ཤེས་རབ་འོང་བ་ཉེ་འདུ་ཡིན། །ཙྪནྡོ་ཐབས་ཀྱི་སྟན་དང་རྒྱན། །ཤེས་རབ་དེ་བཞིན་ཉེ་ཙྪནྡོ། །དུར་ཁྲོད་ཐབས་ཀྱི་རྣམ་རྟོག་བྲལ། །དེ་བཞིན་ཤེས་རབ་ཉེ་དུར་ཁྲོད། །གཞན་ཡང་བརྡ་ཡི་བྱེ་བྲག་རྣམས། །ཁ་དོག་ དེ་བཞིན་དབྱིབས་དང་ཡང་། །ཡན་ལག་ཚུལ་ལས་ཤེས་པར་བྱ། །དེ་ནས་ལྷ་མོ་ལ་སོགས་པས་མཆོད་པ་སྣ་ཚོགས་པས་མཆོད་ནས་མི་སྣང་བར་གྱུར་ཏོ། །དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསང་བ་སྟེ་རང་བཞིན་གྱིས་གསང་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་རིན་ཆེན་རྡོ་རྗེ་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱིས་ཀྱང་དཔེ་ཕྱི་མོ་ལ་གཏུགས་ནས་བཅོས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ས་མ་ཡ་ཏནྟྲ་ རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་དམ་ཚིག་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་ བྷ་ག་ལ་སྙོམས་པར་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དང་། རྣལ་འབྱོར་མ་གྲངས་མེད་པའི་ནང་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་ཞལ་འཛུམ་པ་མཛད་ནས། དམ་ཚིག་གི་རིམ་པ་བཀའ་སྩལ་པ། དམ་ཚིག་དང་ནི་མི་ལྡན་ན། །བསྒྲུབས་ཀྱང་ འགྲུབ་པར་མི་འགྱུར་ཏེ། །རྒྱུ་མེད་པ་ཡི་འབྲས་བུ་བཞིན། །ཚེ་ཡི་དུས་བྱས་དམྱལ་བར་འགྲོ། །དེ་ཕྱིར་དམ་ཚིག་ཤིན་ཏུ་བསྲུང་། །སངས་རྒྱས་བླ་མ་ལས་ཐོབ་ཕྱིར། །ཐུན་མོང་མ་ཡིན་བླ་མ་ཡི། །ལྔ་བཅུའི་བདག་ཉིད་བསྲུང་བར་བྱ། །ཐུན་མོང་བརྒྱད་དང་བཅུ་བཞི་སྟེ། །དེ་རྣམས་ ངེས་པར་ཤེས་པར་བྱ། །དེ་རྣམས་སྤྱི་ཡི་དམ་ཚིག་སྟེ། །བྱེ་བྲག་དམ་ཚིག་བསྲུང་བར་བྱ། །ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །འབྱུང་བ་ལྔ་ནི་ཡུམ་ལྔའོ། །སྐྱེ་མཆེད་སེམས་དཔའ་སེམས་མ་ཡིན། །གཟུགས་ཕུང་རྣམ་པར་སྣང་མཛད་ལ། །བརྗེད་དང་བརྙས་ པ་ལ་སོགས་སྤང་། །དེ་ལ་མཆོད་དང་བསྟོད་སོགས་བྱ། །དོན་དམ་པར་ནི་རང་རིག་སྟེ། །ཚོགས་བསགས་ཕྱིར་ན་ང་ཡིས་གསུངས། །ཚོར་བ་ལ་སོགས་དེ་དང་འདྲ། །ས་ནི་སངས་རྒྱས་སྤྱན་ཡིན་ཏེ། །སྤྱོད་ལམ་གསུམ་དུ་མ་ཡེངས་ཤིག །གང་དུ་གསུངས་པའི་ཚུལ་བཞིན་བསྲུང་། ། ཆུ་ལ་སོགས་པ་དེ་བཞིན་ནོ། །མིག་ལ་སོགས་པ་དེ་བཞིན་ནོ། །གཟུགས་ལ་སོགས་པ་དེ་བཞིན་བསྲུང་། །དཀྱིལ་འཁོར་དུ་ཞུགས་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་བཞིན་དུ་མཆོད། །བརྙས་ཤིང་གཤེ་བ་ལ་སོགས་སྤང་། །སེམས་ཅན་ཕོ་དང་མོ་ཀུན་ལ། །དཔའ་བོ་དཔའ་ མོ་དམ་ཚིག་བསྲུང་། །བཟའ་བ་ལ་སོགས་དུས་སུ་ཡང་། །བདུད་རྩི་སྦྱོར་བས་དམ་ཚིག་བསྲུང་། །ཤ་ལྔ་བདུད་རྩི་ལྔ་རྣམས་ལ། །རང་གི་སྤྱོད་དང་གཞན་སྤྱོད་ལ། །རྗེས་སུ་ཡི་རང་དམ་ཚིག་ཡིན། །མདོར་ན་སྣང་ཞིང་སྲིད་པའི་རྫས། །དམ་ཚིག་བསྲུང་ཞིང་མཆོད་པའི་ཕྱིར། ། ལུས་ཀྱི་ཉེས་སྡོམ་སྐུ་ཡིན་ཏེ། །ངག་གི་ཉེས་སྡོམ་གསུང་དུ་གསུངས། །ཡིད་ཀྱི་ཉེས་སྡོམ་ཐུགས་སུ་གསུངས། །ཨོྃ་གྱི་འོད་ཟེར་དཀར་པོ་ཡིས། །འདོད་ཁམས་དག་པར་གྱུར་པ་ནི། །སྐུ་ཡི་དམ་ཚིག་བསྲུང་བའོ། །དེ་ལ་མཆོད་དང་བསྟོད་སོགས་བྱ། །བསྡུ་བའང་ཨོྃ་དུ་ཤེས་པར་ བྱ། །ཨཱཿནི་ཁ་དོག་དམར་པོ་ཡིས། །གཟུགས་ཁམས་དག་པའི་གསུང་དམ་ཚིག །ཧཱུྃ་གི་ཁ་དོག་ནག་པོ་ཡིས། །གཟུགས་མེད་དག་པའི་དམ་ཚིག་གོ། །ཨོྃ་ནི་སྤྱི་བོར་ཡང་དག་གནས། །ཨཱཿནི་དེ་བཞིན་མགྲིན་པར་གནས། །ཧཱུྃ་ནི་སྙིང་གར་སྤྲོ་དང་བསྡུ། །སྐུ་ཡི་མཁའ་འགྲོ་བཅུ་ གཉིས་སུ། །འདོད་ཁམས་དག་པའི་དམ་ཚིག་གོ། །གསུང་གི་མཁའ་འགྲོ་བཅུ་གཉིས་སུ། །གཟུགས་ཁམས་དག་པའི་དམ་ཚིག་ཡིན། །ཐུགས་ཀྱི་མཁའ་འགྲོ་བཅུ་གཉིས་སུ། །གཟུགས་མེད་དག་པའི་དམ་ཚིག་སྟེ། །ཨོྃ་དང་ཨཱཿདང་ཧཱུྃ་ལ་བསྡུ། །ཨོྃ་ནི་རྒྱུ་ཡི་སྐུ་བཅུ་ གཉིས། །ཨཱཿནི་ལམ་གྱི་སྐུ་བཅུ་གཉིས། །ཧཱུྃ་ནི་འབྲས་བུ་སྐུ་བཅུ་གཉིས། །བདེ་བ་ཆེན་པོའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ ཤེས་གཅིག་གྱུར་སྡོམ་པའོ། །སྤྲུལ་པ་ཡང་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །བདེ་ཆེན་སྙིང་པོ་ཧྃ་ཉིད་ལ། །སྐུ་དང་གསུང་དང་ཐུགས་དང་ཡང་། །ཡེ་ཤེས་དང་ནི་རྣམ་པ་བཞི། །ཨོྃ་དང་ཨཱཿདང་ཧཱུྃ་དང་ཡང་། །ཡན་ལག་བཞི་བཞིར་ཐུབ་པས་ གསུངས། །རྒྱུ་དང་ལམ་དང་འབྲས་བུ་ལ། །བཞི་བཅུ་རྩ་བརྒྱད་ཤེས་པར་བྱ། །ཨྃ་དང་ཧྃ་གཉིས་རང་བཞིན་གྱི། །སྔགས་ཀྱི་ངོ་བོར་ཤེས་པར་བྱ། །སྔགས་ཀྱི་གྲངས་ནི་ཉི་ཁྲི་སྟོང་། །དྲུག་བརྒྱ་བཟླས་པར་ཤེས་པར་བྱ། །ལག་པ་བསྐྱོད་པ་རང་བཞིན་གར། །རྐང་པ་རང་ བཞིན་དཀྱིལ་འཁོར་རོ། །དེ་ལྟར་གནས་ན་དམ་ཚིག་གོ། །གཞན་ཡང་དམ་ཚིག་བྱེ་བྲག་ཡང་། །འཇིག་རྟེན་ཐ་སྙད་སྤང་བའི་ཕྱིར། །མི་བསྐྱོད་རྣམ་སྣང་ལ་སོགས་དང་། །དཔའ་བོ་མཁའ་འགྲོ་མ་ཞེས་པ། །གསང་བའི་རྡོ་རྗེ་པདྨ་དང་། །ཇི་ལྟར་རོལ་པའི་སྤྱོད་པ་ཀུན། །ཐ་ སྙད་ཀྱང་ནི་ལམ་ལ་འཇུག །གཞན་ཡང་གསང་བའི་དམ་ཚིག་ནི། །རྩ་བ་བཞི་དང་ཡན་ལག་བཅུ། །ཐེག་པ་ཆེ་ལ་སྨོད་པ་དང་། །གསང་བའི་དོན་ལ་སྐུར་འདེབས་དང་། །རྣལ་འབྱོར་ཀུན་ལ་གནོད་པ་དང་། །སེམས་ཅན་ཀུན་ལ་འཚེ་བྱེད་པ། །འདི་གསང་བ་ནི་དམ་ཚིག་ཡིན། ། སྦས་པ་བསྲུང་བའི་རིམ་པ་ཡང་། །མ་བྱིན་བླང་བའི་དམ་ཚིག་སྟེ། །འདོད་པ་ཆེན་པོ་དང་ལྡན་པའི། །འདོད་ཆགས་སྤྱོད་པའང་དེ་དང་འདྲ། །རང་གི་དམ་ཚིག་བསྲུང་བའི་ཕྱིར། །བརྫུན་དུ་སྨྲ་བ་བཞི་པ་ཡིན། །རོ་ཙའི་ཤ་དང་བཅུད་ཀྱི་ཤ། །ཁ་བའི་ཆང་དང་མངར་བའི་ཆང་། །མར་ ལ་གཅིག་སྟེ་འོ་མ་གཉིས། །གཞན་ནི་གསུམ་སྟེ་ཡན་ལག་བཅུ། །འདི་ལྟར་དམ་ཚིག་ཡིན་པར་གསུངས། །བདུད་རྩི་ཉིད་ལ་དུས་གསུམ་དུ། །བཅོམ་ལྡན་སྐུ་གསུང་ཐུགས་ཀྱི་སྟེ། །དང་པོར་ཡུངས་ཀར་ཐ་མ་ཡང་། །བྱི་ལའི་ཁམ་གྱི་ཚུལ་དུ་བཟའ། །མཚན་མོ་ཤེས་རབ་སྐུ་ གསུང་ཐུགས། །ཉིན་མོ་ཐབས་ཀྱི་སྐུ་གསུང་ཐུགས། །ཉི་མ་ནུབ་དང་ཉི་མ་ཤར། །ཉི་མ་གུང་ནི་ཐབས་ཀྱི་དུས། །ནམ་སྲོད་ནམ་ནི་ལངས་པ་དང་། །ནམ་གྱི་གུང་ནི་ཤེས་རབ་དུས། །དུས་དྲུག་མཆོད་པ་རྒྱུན་མི་གཅད། །དམ་ཚིག་འདི་ལས་མཉམས་ན། །ཕྱོགས་བཅུ་ འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས། །མཆོད་དང་བསྲུང་བ་ལ་སོགས་བྱེད། །གཞན་ཡང་གསང་བའི་བྱེ་བྲག་ལ། །གསང་བ་སྒོམ་པའི་རྣལ་འབྱོར་པས། །ལུས་ལ་མེ་དང་ཁྲག་མི་གདོན། །སྲོག་གམ་ཟུག་རྔུའི་ཕྱིར་མ་གཏོགས། །སྲོག་ཆགས་འདོད་ པ་སྤྱོད་མཐོང་ན། །རང་གི་རྣལ་འབྱོར་ཤོར་མི་བྱ། །དམ་ཚིག་བསྲུང་ཕྱིར་དབེན་པར་འདུག །ལས་སུ་རུང་ན་གཡེང་བར་འཁྱམ། །འདི་སྐད་ཅེས་བྱ་ཡན་ལག་བརྒྱད། །བདག་གི་བཅུ་བཞི་ཡིན་པར་གསུངས། །ཐོས་པའི་དུས་གཅིག་ལྔ་བཅུའི་དོན། །བཅོམ་ལྡན་འདས་ནི་རྩ་བ་བཞི། ། དེ་བཞིན་གཤེགས་པ་ཡན་ལག་བཅུ། །སྐུ་གསུང་ཐུགས་ནི་ལུས་ངག་ཡིད། །རྡོ་རྗེ་མི་ཕྱེད་ཕྱིར་དམ་ཚིག །བཙུན་མོ་དམ་ཚིག་གིས་བརྒྱན་མཛེས། །བྷ་ག་མཉམ་པར་འཇོག་པས་སོ། །སྙོམས་པ་དུས་གསུམ་མི་འགྱུར་བ། །བཞུགས་པ་བདེ་བའི་ངོ་བོ་ལའོ། །རྡོ་རྗེ་སྙིང་པོ་ལ་སོགས་ པ། །བྱེ་བྲག་ཡིན་པར་ང་ཡིས་གསུངས། །ཨེ་ནི་ཡན་ལག་བརྒྱད་ཡིན་ནོ། །བྃ་ནི་བཅུ་པོའི་རང་བཞིན་ཏེ། །མ་ནི་ལྔ་བཅུའི་རང་བཞིན་ནོ། །ཡཱ་ནི་གཞན་རྣམས་ཡིན་པར་གསུངས། །ཨེ་ནི་སྲོག་ཆགས་གསོད་པ་སྟེ། །བྃ་ནི་མ་བྱིན་ལེན་པའོ། །མ་ནི་བརྫུན་དུ་སྨྲ་བའོ། །ཡཱ་ནི་ འདོད་ཆགས་སྤྱོད་པའོ། །ཨེ་ནི་སྐུ་ཡི་དམ་ཚིག་སྟེ། །བྃ་ནི་གསུང་གི་དམ་ཚིག་གོ། །མ་ནི་ཐུགས་ཀྱི་དམ་ཚིག་གོ །ཡཱ་ནི་བཟའ་བའི་དམ་ཚིག་གོ། །དུས་གསུམ་དམ་ཚིག་མ་བསྲུངས་ན། །འཇིག་རྟེན་པ་དང་འབུམ་འགྱུར་བའི། །རྣམ་སྨིན་ཆེ་བར་ང་ཡིས་གསུངས། །དམ་ཚིག་ ཉམས་པའི་མཚན་མ་ནི། །ལུས་ཀྱི་ཉེས་པ་སྣ་ཚོགས་འབྱུང་། །ངག་གི་ཉེས་པ་སྣ་ཚོགས་སྨྲ། །ཁ་དོག་དབྱིབས་རྣམས་འགྱུར་བ་དང་། །ལག་གི་རྫས་རྣམས་མི་ཐུབ་ཅིང་། །འབྲས་དང་ཤུ་བ་ལ་སོགས་འབྱུང་། །དེ་ཚེ་རྣལ་འབྱོར་ཉམས་པ་དེས། །དམ་ཚིག་ཉམས་པ་ཤིན་དུ་བསམ། ། བླ་མ་རྡོ་རྗེ་སྤུན་གྲལ་དུ། །ཚོགས་ཀྱི་དཀྱིལ་འཁོར་སྤྲུལ་བྱས་ལ། །གསེར་དངུལ་ལ་སོགས་བརྒྱ་འམ་སྟོང་། །རྟ་དང་གླང་པོ་ལ་སོགས་དང་། །བཻ་ཌཱུརྱ་དང་མན་ཤེལ་དང་། །གདུགས་དང་རྒྱལ་མཚན་བརྒྱ་འམ་སྟོང་། །མར་མེ་ལ་སོགས་དེ་བཞིན་ནོ། །ཚོགས་ཀྱི་འཁོར་ ལོ་ཆེན་པོ་བསྐོར། །ཚོགས་བསགས་པས་ནི་ཉམས་པ་གསོ། །གལ་ཏེ་ཉམས་པ་མ་གསོས་ན། །ཉམས་པ་དེ་དང་རྣལ་འབྱོར་གཞན། །གནས་གཅིག་དང་ནི་ཆུ་གཅིག་གམ། །ཡུལ་དང་ལམ་གྱི་གནས་གཅིག་གམ། །སྐད་ཅིག་ཙམ་ཡང་འདུག་མི་བྱ། །འདུག་ན་ཉེས་པ་བསམ་ མི་ཁྱབ། །རབ་གནས་སྦྱིན་སྲེག་དབང་བསྐུར་དང་། །གཏོར་མ་མཆོད་དང་བཟླས་པ་དང་། །རིལ་བུ་མིག་སྨན་ལ་སོགས་དང་། །ཞི་རྒྱས་ལ་སོགས་ལས་རྣམས་དང་། །འཇིག་རྟེན་མཚན་མ་བརྒྱད་དག་དང་། །འཇིག་རྟེན་འདས་པའི་མཚན་མ་བཞི། །སངས་རྒྱས་པ་ཡི་མཚན་ མ་གཅིག །གཞན་ཡང་དངོས་གྲུབ་མ་ལུས་པ། །དམ་ཚིག་འདི་ལས་འབྱུང་བར་འགྱུར། །འབྲུ་རྣམས་སྣ་ཚོགས་སྐྱེ་འགྱུར་བ། །རིན་ཆེན་ས་ལས་སྐྱེས་པ་བཞིན། །དམ་པ་སྐུ་གསུང་ཐུགས་ཡིན་ཏེ། །དེ་ལས་འདས་ན་འཚིག་པར་འགྱུར། །ཇི་ལྟར་བུ་ནི་མེད་པའི་ཁྱིམ། ། ཤི་མ་ཐག་ཏུ་སྟོང་པར་འགྱུར། །དེ་བཞིན་དམ་ཚིག་འདི་མེད་ན། །མནར་མེད་སེམས་ཅན་དམྱལ་བར་སྐྱེ། །པི་ཝང་གླིང་བུ་སྦྱོར་ཀུན་སོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དམ་ཚིག་མེད་གྱུར་ན། །སྔགས་བཟླས་བསྒོམ་པ་ལ་སོགས་པ། །འབྲས་བུ་མེད་པར་ བརླག་པར་འགྱུར། །ནས་ལས་ནས་ཀྱི་མྱུ་གུ་སྐྱེ། །དམ་ཚིག་ལས་ནི་རྡོ་རྗེ་འཆང་། །ཚེ་འདིར་ཐོབ་པར་གསུངས་པ་སྟེ། །དུས་ནི་གཞན་མིན་རྩོད་ལྡན་དུས། །བསྟན་བྱ་གཞན་མིན་ང་ཡིས་ཏེ། །སྐྱེ་བ་གཞན་མིན་ཕ་དང་མ། །མན་ངག་གཞན་མིན་ས་མ་ཡ། །བཞི་ནི་ཡིན་པར་ གསུངས་པའོ། །དེ་ལྟར་དམ་ཚིག་དང་ལྡན་པ། །བུད་མེད་འདུ་ཞིང་དགའ་བར་འགྱུར། །མཁའ་འགྲོ་རྣལ་འབྱོར་མ་མོ་སྟེ། །སྐུ་གསུང་ཐུགས་ཀྱི་མཚན་མར་སྟོན། །ནོར་དང་བྲན་དང་གཡོག་འཁོར་དང་། །རྒྱལ་པོའི་འཁོར་ཡུལ་ལ་སོགས་འདུ། །ངག་ནི་སྙན་ཅིང་བདེ་བར་ འགྱུར། །སྲོག་གཅོད་ལ་སོགས་ཚིག་སྨྲས་ཀྱང་། །སེམས་ཅན་སྐྲག་པར་མི་འགྱུར་རོ། །ལུས་ཀྱིས་སེམས་ཅན་བསད་བྱས་ཀྱང་། །རྣམ་སྨིན་འབྱུང་བར་མི་འགྱུར་རོ། །སྐུ་ནི་ཐོབ་པར་གསུངས་པའོ། །ངག་གིས་ཕྲ་མའི་ཚིག་སྨྲས་ཀྱང་། །ཉེས་པར་མི་ འགྱུར་གསུང་ཐོབ་འགྱུར། །ཡིད་ཀྱིས་མནར་སེམས་བསམས་བྱས་ཀྱང་། །ཉེས་པར་མི་འགྱུར་ཐུགས་ཐོབ་འགྱུར། །དམ་ཚིག་ལྡན་པའི་ཡོན་ཏན་ནོ། །ཨེ་མའོ་རྒྱུད་ནི་ངོ་རེ་མཚར། །དཔལ་དམ་ཚིག་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་ དང་། །ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་བ་ལ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་སྡོམ་པའི་སྙིང་པོ་ལ་ཕྱག་འཚལ་ ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པ་དཔའ་བོའི་ཚོགས་དང་། ལཱ་མ་ལ་སོགས་པ་མཁའ་འགྲོ་མའི་ཚོགས་དང་། རྣལ་འབྱོར་མ་དང་། མ་མོའི་ཚོགས་ཀྱིས་བསྐོར་ནས་བཙུན་མོའི་བྷ་ག་ལ་སྙོམས་པར་བཞུགས་སོ། །འཇིག་རྟེན་ན་ནི་ཆེར་གྲགས་པ། །དགྲ་ནི་ཆེན་པོ་དྲུག་ཡིན་ཏེ། །ཇི་ལྟར་ཉི་མ་ནུབ་པའི་ཚེ། །གྲོང་ཁྱེར་གྱི་ནི་མི་རྣམས་ཀྱིས། །རྟ་དང་གླང་པོ་ལ་སོགས་པ། །རྫས་རྣམས་ཡོངས་སུ་འཕྲོག་པར་བྱེད། ། ཐམས་ཅད་དབུལ་པོར་སྐྱེ་བར་འགྱུར། །དེ་བཞིན་ཡུལ་དྲུག་གི་ནི་དགྲས། །ཤེས་རབ་ཉི་མ་ནུབ་པའི་ཚེ། །མ་རིག་པ་ཡི་མུན་པ་ལ། །སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི། །ཡེ་ཤེས་ལྔ་ལ་སོགས་པ་ཡི། །རྫས་རྣམས་ཡོངས་སུ་འཕྲོག་པར་བྱེད། །བདེ་བ་མེད་པའི་གནས་སུ་སྐྱེ། ། དགྲ་དེ་ཡོངས་སུ་གཞོམ་པའི་ཕྱིར། །མཆོད་པ་མེད་ཅིང་བཟླས་པ་མེད། །གཏོར་མ་སྦྱིན་སྲེག་དཀྱིལ་འཁོར་མེད། །ཀློག་དང་སྒོམ་པ་བསམ་གཏན་མེད། །གཡེང་བའི་ཚེས་དང་སྐར་མའི་ཚོགས། །ཐམས་ཅད་སྤངས་ཏེ་བདེ་བ་ཡི། །སྟན་ལ་བདག་ཉིད་ལེགས་འདུག་ སྟེ། །ཤེས་རབ་ཡེ་ཤེས་བསྲུབ་པར་བྱ། །ཤིང་རྟ་ཡི་ནི་འཁོར་ལོ་ལྟར། །ཡུལ་ལ་ཡང་དག་རྒྱུག་པའི་སེམས། །དེ་དག་ལས་ནི་བཟློག་ནས་སུ། །ལས་ཀྱི་རླུང་ནི་ཆེན་པོ་གཡོས། །ཡེ་ཤེས་མེ་ནི་ཆེན་པོ་འབར། །རྣམ་རྟོག་སྲེག་སྟེ་བདུད་རྩིའི་རོས། །ཏིལ་གྱི་འབྲུ་བཞིན་ གང་བ་སྟེ། །སྐྱེ་བ་མེད་པའི་གནས་སུ་གཟུང་། །དེ་ནས་སེམས་ནི་བརྟན་གྱུར་ནས། །མཚན་མར་སྣང་བ་འགག་པར་འགྱུར། །དེ་ཉིད་ལས་ནི་བཟློག་ནས་སུ། །རང་སེམས་སྟོང་པར་བསྒོམ་པར་བྱ། །ཆོས་ལ་བདག་མེད་རྟོགས་པ་ན། །དེ་ཚེ་སེམས་ནི་རྟོགས་པར་ འགྱུར། །ཐམས་ཅད་སྟོང་པར་རོས་གང་སྟེ། །བདེ་བ་ཆེན་པོའི་སྐུ་ཞེས་བརྗོད། །ཤེས་རབ་ཕ་རོལ་ཕྱིན་པ་སྟེ། །འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅི་ཡང་མེད། །དེ་ཉིད་མཐོང་བས་རྣམ་པར་གྲོལ། །རིགས་གཅིག་དང་ནི་རིགས་གསུམ་དང་། །རིགས་ལྔ་ རིགས་ནི་བརྒྱ་ལ་སོགས། །དེ་ཉིད་འདི་ལ་ཐ་དད་མེད། །ཇི་ལྟར་གླང་པོ་རྙེད་གྱུར་ནས། །གླང་པོའི་རྗེས་ནི་མི་བཙལ་ལྟར། །སེམས་ཀྱི་དེ་ཉིད་རྙེད་གྱུར་ན། །རྣམ་རྟོག་གང་ཡང་མི་བཙལ་ལོ། །ཇི་ལྟར་དུག་ནི་འདོད་པ་ལ། །སྨན་ཉིད་དུག་ཏུ་སྦྱར་ཏེ་བྱིན། །སྨན་ལས་དུག་འབྱུང་སྦྱོར་ བ་ཡང་། །སྨན་པ་མཁས་པས་སྦྱོར་བ་ཤེས། །གཞན་ཡང་མར་དང་ཁ་ར་དང་། །མར་གྱི་སྙིང་པོ་ལ་སོགས་པ། །འཐུངས་ཏེ་ཞུ་ན་སྨན་དུ་འགྱུར། །དེ་བཞིན་ང་ཡིས་གསུངས་པ་ཡང་། །དྲང་བའི་དོན་དང་ངེས་པའི་དོན། །སྒྲ་ནི་ཇི་བཞིན་ཇི་བཞིན་མིན། །དགོངས་ པ་དང་ནི་དགོངས་པ་མིན། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པའམ། །གཞན་གྱིས་མཁས་པ་འཇུག་མི་བྱ། །ཇི་ལྟར་སྐྱེ་བོ་བླུན་པོ་སྟེ། །དགྲ་རུ་གྱུར་པའི་སྐྱེ་བོ་ཡིས། །སྨན་ཡིན་བྱས་ཏེ་དུག་བྱིན་ ན། །སྨན་དུ་དམིགས་ཏེ་དུག་ཟོས་ན། །ཟོས་པའི་རྗེས་ལ་འཆི་བར་འགྱུར། །ཐབས་རྣམས་ཐམས་ཅད་སྒྱུ་མར་ཤེས། །ཤེས་རབ་བརྗོད་དུ་མེད་པར་གསུངས། །ཇི་ལྟར་རིག་པ་མཁས་པ་ཡིས། །དུག་ནི་དུག་གིས་འབྱིན་པར་བྱེད། །ཇི་ལྟར་མེ་ཡིས་ཚིག་པ་ལ། །དེ་བཞིན་མེ་ཡིས་ གདུང་བར་བྱ། །ཇི་ལྟར་འདོད་ཆགས་ཆེ་བ་ལ། །འདོད་ཆགས་ཉིད་ཀྱིས་སྤང་བར་བྱ། །ཇི་ལྟར་ཞེ་སྡང་ཆེ་བ་ལ། །ཞེ་སྡང་ཉིད་ཀྱིས་སྤང་བར་བྱ། །དེ་བཞིན་གཏི་མུག་ཆེ་བ་ལ། །གཏི་མུག་ཉིད་ཀྱིས་སྤང་བར་བྱ། །དཔེར་ན་རླུང་ན་མར་མེ་འཇིག་པའི་རྒྱུ། །དེ་ཉིད་ ནགས་སྲེག་མེ་ཡི་གྲོགས་སུ་འགྱུར། །དེ་བཞིན་འདོད་ལ་བརྟེན་པ་བདེ་བའི་ཡུལ། །དུག་གིས་དགྲ་རྣམས་བཅོམ་ནས་གཉིས་མེད་ཐོབ། །རིལ་བུ་མིག་སྨན་ལ་སོགས་པ། །འདི་ཉིད་ལས་ནི་ཐམས་ཅད་བྱུང་། །ཇི་ལྟར་ཕ་རོལ་ཐབས་ལྡན་པས། །གཟིངས་ལ་བརྟེན་ནས་ཕ་རོལ་ འགྲོ། །ཕ་རོལ་ཕྱིན་ནས་འདོར་བར་བྱེད། །དེ་བཞིན་རང་རིག་ཚོལ་བས་ཀྱང་། །བུད་མེད་སྒྱུ་མ་ལ་བརྟེན་ཏེ། །རང་རིག་ཡེ་ཤེས་ཐོབ་པར་བྱ། །རང་རིག་ཡེ་ཤེས་ཐོབ་པ་དང་། །བུད་མེད་སྒྱུ་མ་དོར་བར་བྱ། །ཟབ་མོའི་དགོངས་པ་མ་ཤེས་ཤིང་། །ཟབ་མོའི་དགོངས་པ་མ་རྟོགས་ པར། །ཟབ་མོའི་སྤྱོད་པ་སྤྱོད་པར་བྱེད། །སེམས་ཅན་དམྱལ་བ་ཆེན་པོར་ལྟུང་། །ཇི་ལྟར་རི་ཡི་རྩེ་མོ་ནས། །སྐྱེས་བུ་འགའ་ཞིང་ལྷུང་འགྱུར་ན། །དེ་ནི་ལྷུང་བ་ཆེན་པོར་འགྱུར། །གཞན་ཡང་དར་གྱི་སྲིན་བུ་ཡིས། །རང་ལ་རང་གིས་འཆིང་བར་བྱེད། །མཚན་མོ་མེ་ཡི་སྲིན་བུ་ ཡང་། །རང་གིས་རང་ནི་སྲེག་པར་བྱེད། །སྒྱུ་མ་ཙམ་གྱི་ཚུལ་གནས་ཤིང་། །མཐའ་བཞི་ལས་ནི་རྣམ་པར་གྲོལ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི། །མཚོན་བྱ་མཚོན་བྱེད་མ་ཡིན་ཏེ། །ལྟ་བའི་དབུས་ན་གནས་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་པའོ། །དཔལ་སྟོབས་པོ་ཆེའི་རྒྱུད་ ལས་མངོན་པར་རྟོགས་པའི་ལེའུ་སྟེ་དང་པོའོ།། །།གང་ཞིག་བརྟག་པར་བྱེད་པ་ཡང་། །གནས་ནི་ཤིན་ཏུ་བསྔགས་པ་རུ། །ཁྲུ་དོ་པ་ཡི་མཎྜལ་ལ། །དང་པོ་བ་ཡི་རྣམ་ལྔ་ཡིས། །སོར་གཅིག་ཙམ་དུ་བྱུག་པར་བྱ། །དེ་ནས་དྲི་ཆེན་དྲི་ཆུ་ཡིས། །བྱུགས་ཏེ་མེ་ཏོག་ སྔོན་པོ་དགྲམ། །རྒྱན་ལ་སོགས་པས་མཛེས་པར་བརྒྱན། །བུམ་པ་ལྔ་ནི་ཕྱོགས་དང་དབུས། །དེ་ནས་བཟླས་པ་ཁྲིའམ་འབུམ། །བདུད་རྩི་ཆུ་རུ་བྱིན་བརླབས་ཏེ། །གང་ཞིག་བརྟག་པའི་མི་དེ་ལ། །དང་པོ་མཚམས་གཅད་ཁྲུས་བྱས་ཏེ། །སློག་པ་ནག་པོ་ཕྱིར་བཟློག་གོན། །སྐྲ་ནི་ གྱེན་བཅིངས་ཤ་བཅིངས་དང་། །བེར་ཀ་ཐོགས་ཏེ་ཤར་སྒོར་གཞག །ཚིལ་ཆེན་མེ་མར་ཤར་དུ་གཏམ། །ནུབ་ཏུ་མེ་ལོང་དངུལ་ལ་སོགས། །དག་པ་དེ་ལ་སྨན་ལྔ་དང་། །དྲི་ལྔས་བྱུགས་ཏེ་བཀྲུ་བར་བྱ། །དེ་ནས་མེ་ལོང་ནང་དུ་ཡང་། །གདོན་གྱི་མཚན་མ་བརྟག་བྱ་སྟེ། །གཙོ་བོའི་ སྔགས་ཀྱི་མཐའ་རུ་ནི། །གདོན་གྱི་མིང་དང་སྔགས་བཏགས་ན། །ལྷ་ཡི་གདོན་ལ་སོགས་པ་ཀུན། །མཚན་མར་འབྱུང་བ་ཐེ་ཙོམ་མེད། །མི་དེ་རྒྱན་ནི་ཐ་དད་དེ། །ལྷ་ལ་སོགས་མཐོང་བྱེ་བྲག་གོ། །དུས་ནི་འབྱུང་པོའི་ཉི་མ་སོགས། །མཚན་མ་སྣ་ཚོགས་བྱུང་བའི་ཚེ། །དེ་ཚེག་དོན་ནི་དབང་ དུ་བསྡུ། །ཚེ་དང་བསོད་ནམས་ལོངས་སྤྱོད་དང་། །མཛའ་བཤེས་ཟུག་རྔུ་ལ་སོགས་པ། །གདོན་ལ་སོགས་པ་བསལ་བའི་ཕྱིར། །དཔལ་ལྡན་མཁའ་འགྲོ་མ་ལ་སོགས། །བརྟག་པའི་རྫས་ཀྱི་བྱེ་བྲག་ཀྱང་། །མཆོད་དང་ཚོགས་ཀྱི་འཁོར་ལོ་སོགས། །བསྐོར་ལ་མཚན་མ་བརྟག་ པར་བྱ། །དབང་བསྐུར་དུས་སུ་ཡེ་ཤེས་ཀྱང་། །དབབ་པ་དེ་བཞིན་སྡིག་ལ་སོགས། །མཚན་མ་མེ་ལོང་དག་ལ་ནི། །བརྟགས་ཏེ་གཞན་ཡང་ཅི་འདོད་པའི། །མཚན་མ་བརྟག་ལ་བླ་མ་ཡི། །ཞལ་ནས་ཡང་དག་ཤེས་པར་བྱ། །ནད་ཀྱི་ཟུག་རྔུ་དབྱུང་བའི་ཕྱིར། །གསོ་བའི་རིག་ པ་ལས་གསུངས་པའི། །རླུང་དང་པད་ཀན་མཁྲིས་པ་དང་། །འདུས་པ་དང་ནི་ཡན་ལག་བཅས། །གནས་བཞིར་འཁོར་ལོར་གནས་པ་སྟེ། །ལུས་ཀུན་ཁྲུས་བྱས་གནས་བཞི་རུ། །སྔགས་པས་ལག་པས་མཉེ་བྱ་སྟེ། །མེ་ལོང་དཀྱིལ་དུ་བརྟགས་བྱས་ན། །རླུང་ལ་སོགས་པ་ཤེས་ པར་ངེས། །དེ་རྗེས་འཁོར་ལོ་དེ་ཉིད་ལ། །གསོ་བའི་སྦྱོར་བ་ཤེས་པར་བྱ། །དུག་ནི་བརྟག་པའི་རིམ་པ་ཡང་། །ནད་གྲོལ་ཡན་ལག་ཐམས་ཅད་ལ། །གང་དུ་དུག་ཞུགས་མཆེན་མ་བརྟག །དེ་ནས་གསོ་བའི་སྦྱོར་བ་ཡང་། །སྨན་དང་སྔགས་དང་ཆུ་སྦྱར་ཏེ། །མཁས་པས་ བརྟགས་ནས་གསོ་བར་བྱ། །དཔལ་སྟོབས་པོ་ཆེའི་རྒྱུད་ལས་མཚན་མ་ཐམས་ཅད་བརྟག་པའི་ལེའུ་སྟེ་གཉིས་པའོ།། །།གང་ཞིག་བསྲུང་བའི་རྟེན་དེ་ཡང་། །གང་དང་ལྡན་པའི་རིམ་པ་ཡིས། །སྲུང་བའི་འཁོར་ལོ་བརྩམ་པར་བྱ། །གཙོ་བོའི་བཟླས་པ་ཁྲིའམ་ འབུམ། །བསྙེན་པ་བྱས་ཏེ་དེ་ནས་ཡང་། །གསེར་རམ་དངུལ་ལས་བཟོ་བྱས་ཏེ། །ནང་དུ་དཀྱིལ་འཁོར་རྫོགས་པའམ། །ཡང་ན་འདབ་བརྒྱད་ལྟེ་བར་བཅས། །རྡོ་རྗེ་ར་བ་ལ་སོགས་བྱ། །ཡུངས་ཀར་ལ་སོགས་འབྲུ་ལྔ་དང་། །རིན་ཆེན་ལྔ་དང་སྨན་ལྔ་དང་། ། དེ་ནང་གཞག་སྟེ་རབ་གནས་བྱ། །ཡོངས་སུ་རྫོགས་ནས་བཅིང་བར་བྱ། །གཞན་ཡང་གྲོག་འམ་ཤིང་ཤུན་ནམ། །དུར་ཁྲོད་དག་གི་རོ་རས་ལ། །བསང་དང་བགེགས་བསྐྲད་ཚུལ་བཞིན་བྱ། །བཟླས་པ་གོང་དང་འདྲ་བ་སྟེ། །དཀྱིལ་འཁོར་ཡོངས་སུ་རྫོགས་གྱུར་ན། །སྔགས་ཀྱང་ ཡོངས་སུ་རྫོགས་པར་བྲི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིས། །ལུས་ངག་ཡིད་ལ་བསྲུང་བར་བྱ། །ཡོངས་སུ་མ་རྫོགས་ཟུར་དྲུག་ལ། །དཔའ་བོ་དྲུག་གི་སྔགས་བྲིས་ཏེ། །བསྲུང་བའི་ལུས་ལ་མཚན་པར་བསྒོམ། །རྩིབས་མཆན་དྲུག་ལ་གཡུང་དྲུང་གི། །ཡི་གེ་དྲུག་ནི་བྲིས་པ་ སྟེ། །བསྲུང་བྱའི་ལུས་ལ་མཚན་པར་བསྒོམ། །དབུས་སུ་ཡི་གེ་ཀྵ་བྲིས་ཏེ། །བར་ཆད་ཐམས་ཅད་བསལ་བར་བསམ། །ཆོ་ག་ཡོངས་སུ་རྫོགས་བྱ་སྟེ། །བཟོ་བྱས་སྣོད་ནི་ཁ་དོག་སྒྱུར། །ལེགས་པར་སྦས་ཏེ་སྤྱི་བོ་འམ། །མགྲིན་པ་དེ་བཞིན་དཔུང་བ་ཡི། །ཚངས་པའི་བུ་ག་ལོངས་སྤྱོད་ མཉམ། །སོར་བཞི་དག་ཏུ་བཅིང་བར་བྱ། །གཞན་ཡང་ནད་པའམ་རྣལ་འབྱོར་པ། །ངག་ལ་སྲུང་ན་དང་པོར་ཡང་། །གདོན་བསལ་བསངས་ཏེ་གནས་གསུམ་དུ། །ཐིག་ལེ་གསུམ་བྱས་སྔགས་གསུམ་དགོད། །གཞན་ཡང་གནས་ནི་སུམ་ཅུ་བདུན། །ཐིག་ལེ་བྱས་ཏེ་སྔགས་རྣམས་དགོད། ། དེ་ནས་གོ་ཆ་མཚན་མ་ཡང་། །ཚུལ་བཞིན་མཐུན་པར་ཤེས་པར་བྱ། །དེ་ནས་སྟན་ནམ་མལ་ཆ་ལ། །ཨོཾ་ཨཱཿབཛྲ་རཀྵ་རཀྵ་ཧཱུྃ་ཕཊ། །སྒོམ་མམ་གཞན་ལའང་བྲི་བར་བྱ། །གཞན་ཡང་ལག་པ་གཡས་པ་ཡིས། །མཐིལ་དུ་གུར་ཀུམ་དག་སྦྱར་ཏེ། །གཡོན་གྱི་སྦོམ་མོ་ཁྲོ་མོ་ཡིས། ། སྤྱི་བོ་དཔྲལ་བ་རྣ་བ་མིག །སྣ་དང་ཁ་དང་མགྲིན་པ་དང་། །དཔུང་པ་སྙིང་ག་ལྟེ་བ་དང་། །འོག་གི་སྣོད་གཉིས་ཡན་ལག་ལ། །སྔགས་དང་བཅས་པས་ལེགས་པར་འཚོ། །གཞན་ཡང་སྐུད་པ་སྣ་ལྔ་ལ། །སྔགས་དང་བཅས་ན་བསྲུང་བར་འགྱུར། །དཔལ་སྟོབས་པོ་ཆེའི་རྒྱུད་ལས་བསྲུང་ བའི་འཁོར་ལོའི་ལེའུ་སྟེ་གསུམ་པའོ།། །།མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །དེ་ཉིད་ལ་ནི་ཕྱག་འཚལ་ཏེ། །རྡོ་རྗེ་སྙིང་པོས་ཡང་ཞུས་པ། །བསྲུང་བའི་འཁོར་ལོ་དེ་ལྟར་ན། །ཡེ་ཤེས་བྱེ་བྲག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡེ་ཤེས་ཀྱིས་ནི་ དེ་ཉིད་ཀྱི། །རྟོག་པ་རབ་ཏུ་བཤད་པར་བྱ། །དེ་ལ་ཡེ་ཤེས་ཀྱི་ནི་གནས། །རྣམ་པ་ལྔ་རུ་ཤེས་བྱ་སྟེ། །ཕྱི་དང་ནང་དང་གསང་བ་དང་། །རབ་ཏུ་གསང་དང་གསང་བ་ཆེ། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །དེ་ལ་ཕྱི་ཡི་ཡེ་ཤེས་ནི། །སྐུ་མདོག་ཕྱག་མཚན་དང་འབྲེལ་པའོ། ། དེ་ལྟར་རྟོགས་པ་ཕྱིའི་ཡེ་ཤེས། །ནང་གི་ཕུང་སོགས་ལྷ་རུ་རྟོགས། །དེ་ཉིད་དང་བྲལ་ཡེ་ཤེས་སོ། །དེ་ནས་གསང་བའི་ཡེ་ཤེས་ནི། །རྩ་དང་རླུང་དང་ཐིག་ལེར་རྟོགས། །རྟོག་པ་དེ་དང་བྲལ་བ་ནི། །གསང་བའི་ཡེ་ཤེས་ཡིན་པར་བཤད། །དགའ་བ་མཆོག་དང་བྲལ་བའི་དགའ། ། ལྷན་ཅིག་སྐྱེས་དགའ་གང་ཡིན་པ། །བདེ་བར་རྟོག་པ་རྣམ་རྟོག་སྟེ། །དེ་སྤོང་རབ་གསང་ཡེ་ཤེས་སོ། །དེ་ནས་ཡེ་ཤེས་ཆེན་པོ་བཞི། །དང་པོ་རོ་མཉམ་མཐའ་སྤངས་པའི། །ཡེ་ཤེས་དེ་ཉིད་ཡོད་པ་ལ། །རྣམ་རྟོག་སྤོང་སྟེ་དེ་བཞིན་འཇོག །དེ་ཉིད་རང་རིག་ཆེན་པོ་སྟེ། །དེ་ ཉིད་ཡེ་ཤེས་ཆེན་པོའོ། །དེ་ལྟར་ཤེས་ན་རྡོར་འཛིན་གྱི། །ས་ནི་ངེས་པར་ཐོབ་པའོ། །དཔལ་སྟོབས་པོ་ཆེའི་རྒྱུད་ལས་ཡེ་ཤེས་བརྟག་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡེ་ཤེས་ཆེན་པོ་ཡི། །བརྟག་པ་དེ་ཉིད་བཤད་པར་བྱ། །དང་པོར་རོ་མཉམ་གྱུར་པའོ། །སྟོང་ པ་ཉིད་ཀྱི་རོ་མཉམ་ལ། །སྐུ་མདོག་ཕྱག་མཚན་ལ་སོགས་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །རྩ་དང་རླུང་དང་ཐིག་ལེ་དང་། །དགའ་དང་མཆོག་དགའ་བྲལ་བ་དང་། །དེ་ལ་སོགས་པ་ཐམས་ཅད་ཀུན། །སྒྱུ་མ་ཙམ་དུ་ཤེས་པར་བྱ། །དེ་ཉིད་གཞན་རིག་ཅེས་བྱ་སྟེ། ། རང་རིག་སེམས་ཀྱི་དེ་ཉིད་ལ། །གཉིས་སུ་མེད་པར་བསྒོམ་པ་ནི། །དེ་ཉིད་ཡེ་ཤེས་ཆེན་པོ་སྟེ། །མཐར་ཕྱིན་བརྟག་པ་རྫོགས་པའོ། །དཔལ་སྟོབས་པོ་ཆེའི་རྒྱུད་ལས་ཡེ་ཤེས་ཆེན་པོ་བརྟག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། ། རྡོ་རྗེ་སྙིང་པོ་ལ་སོགས་པ་དཔའ་བོ་དང་། མཁའ་འགྲོ་མ་དང་། རྣལ་འབྱོར་མ་དང་། མ་མོའི་ཚོགས་ཐམས་ཅད་རྗེས་སུ་ཡི་རངས་ནས་ཕྱི་ནང་གསང་བའི་མཆོད་པས་མཆོད་ནས། གཡོན་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ནས་མི་སྣང་བར་གྱུར་ཏོ། ། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གུ་ཧྱ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་གྱི། །རང་ལུས་རྩ་ཡི་འཁོར་ལོ་བཞིའི་གཙོ་བོ། །སྙིང་པོ་དེ་ལ་ཡང་དག་ཕྱག་འཚལ་ལོ། །དབང་བཞིའི་དེ་ཉིད་བདག་ལ་གསུངས། །ཉོན་ཅིག་ རྡོ་རྗེ་སྙིང་པོའི་བདག །བསྐྱེད་པའི་རིམ་པའི་ལྷ་རྣམས་ཀྱི། །དེ་ཉིད་དང་པོར་བཤད་བྱ་སྟེ། །དྲུག་ཅུ་རྩ་བཞི་དཔེ་བྱད་ཡིན། །སུམ་ཅུ་རྩ་བདུན་བྱང་ཆུབ་ཕྱོགས། །ལྔ་ནི་ཡེ་ཤེས་ལྔ་ཡིན་ཏེ། །དཔའ་བོ་གཅིག་པ་ཆོས་ཀྱི་དབྱིངས། །ཕྱག་མཚན་སྐུ་མདོག་གཞན་ནས་གསུངས། ། གུ་ཧྱའི་རྡོ་རྗེ་དྲིལ་བུའི་ཚད། །ནས་དང་སོར་ཚིགས་ཡིན་པར་འདོད། །དེ་ཉིད་ཐབས་དང་ཤེས་རབ་ཡིན། །དོན་དམ་ཉིད་ལ་དབྱེར་མེད་དེ། །བསྒོམ་བྱ་མེད་དེ་སྒོམ་པ་མེད། །བསྒོམས་པས་ཐོབ་པ་ཅི་ཡང་མེད། །རྒྱུ་དང་རྐྱེན་གྱིས་བསྐྱེད་དུ་མེད། །སེམས་ཀྱི་གཞི་ལ་སྐུ་ལྔ་དང་། ། སྟོན་པ་མེད་ཅིང་བསྟན་པ་མེད། །འཇིགས་དང་རྣམ་རྟོག་ཀུན་དང་བྲལ། །དེ་ཉིད་བཞི་པའི་དེ་ཉིད་དོ། །དང་པོ་རླུང་གི་དེ་ཉིད་དེ། །སྲོག་རྩོལ་གཉིས་ནི་ཨ་དང་ཧྃ། །ཨ་ནི་ཆོས་རྣམས་ཐོག་མ་ནས། །མ་སྐྱེས་པ་ཡི་དོན་ཡིན་ནོ། །ཧྃ་ནི་གཟུང་འཛིན་གཉིས་ཀྱིས་སྟོང་། །ལྡང་འཇུག་ གསུམ་ནི་སྐུ་གསུང་ཐུགས། །སེམས་ཀྱི་གཞི་དང་སྐུ་ལྔ་དང་། །རྣམ་པར་ཐར་དང་སྟོང་བ་དང་། །དེ་བཞིན་མཚན་དང་དཔེ་བྱད་སོགས། །དེ་དག་རླུང་གི་དེ་ཉིད་དེ། །དེ་ནས་ཐིག་ལེའི་དེ་ཉིད་ཀྱང་། །ཉི་ཟླ་ཐབས་དང་ཤེས་རབ་སྟེ། །སྔགས་ཀྱི་ཕྲེང་བ་མཚན་དཔེ་ཡིན། །ཐིག་ལེ་ཡེ་ཤེས་ ལྔ་རང་བཞིན། །གཉིས་སུ་མེད་པའི་དེ་ཉིད་ཡིན། །ཕྲ་མོ་ལ་སོགས་གཞན་ནས་ཤེས། །དེ་ནས་འོག་གི་སྒོ་དག་ནི། །དེ་ཉིད་ཡང་དག་བཤད་བྱ་སྟེ། །རྩ་གསུམ་སྐུ་གསུང་ཐུགས་ངོ་བོ། །རྩ་ལྔ་ཡེ་ཤེས་ལྔ་ཡིན་ནོ། །ཙཎྜཱ་ལཱི་ནི་ཉི་ཤུ་བཞི། །དེ་ཉིད་ཡེ་ཤེས་ཉི་ཤུ་བཞི། །ཆོས་སྐུའི་ ཕྲིན་ལས་ཉི་ཤུ་བཞི། །ཁ་སྦྱར་ཐབས་དང་ཤེས་རབ་སྟེ། །འཛག་དང་འབར་བ་གཉིས་མེད་ཡིན། །འཁོར་ལོ་བཞི་ནི་སྐུ་བཞི་སྟེ། །དྲུག་ནི་དེ་ཉིད་དྲུག་ཡིན་ཏེ། །སྒྲོལ་མ་རླུང་གི་དེ་ཉིད་དེ། །མེ་ནི་གོས་དཀར་ངོ་བོ་ཉིད། །བཅུ་དྲུག་སྟོང་པ་བཅུ་དྲུག་ཡིན། །བཞི་ནི་ཡེ་ཤེས་བཞི་ ཡིན་ནོ། །རྣམ་པར་ཐར་དང་སྟོང་པ་དང་། །དེ་བཞིན་མཚན་དང་དཔེ་བྱད་དང་། །རིག་སྔགས་སྙོམས་འཇུག་ཕྲ་བ་དགུ། །ཡེ་ཤེས་ལྔ་བཅུ་ལ་སོགས་པ། །རྩ་འདབ་དེ་ཉིད་ཡིན་པར་ངེས། །རྩ་དེ་གནས་པའི་རིམ་པ་ཡང་། །འཁོར་ལོ་བ་ཐག་ཁུག་པ་ལས། །གཡས་ གཡོན་སྦྲུལ་ལྟར་འཁྲིལ་བ་སྟེ། །ཕྱི་ཡི་གཡས་གཡོན་གཞུ་ལྟ་བུ། །གསུམ་པའི་དབང་གིས་དེ་ཉིད་ཀྱང་། །སིཧླ་ཤེས་རབ་ཆོས་དབྱིངས་ཏེ། །ག་པུར་ཐབས་ཀྱི་ཡེ་ཤེས་བཞི། །རྩ་ནི་འོག་མིན་གནས་ཡིན་ཏེ། །དགའ་བ་མཆོག་དགའ་བྱང་ཆུབ་ཕྱོགས།