Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 079_རྒྱུད་འབུམ།_ག
Văn bản gốc(Tây Tạng)
Trang 12 / 18 (50.000 ký tự/trang)
རྒྱ་མ་བསྟེན་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདེ་བ་ལ་ གནས་གསང་བའི་དོན། །ཁྱོད་ཀྱི་ངོར་མཛད་ང་ཡིས་བཤད། །སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང་། །སྟན་ཡང་གཅིག་ལ་མི་འདུག་སྟེ། །འདོད་ཆགས་བསམ་པ་ཡང་མི་བྱ། །གལ་ཏེ་དེ་འདྲ་བསྟེན་གྱུར་ན། །འཇིག་རྟེན་ཕལ་པའི་འདོད་ཆགས་ཏེ། ། ཤི་ནས་མནར་མེད་དམྱལ་བར་སྐྱེ། །འདོད་ཆགས་སྤྱོད་པ་ཤལ་མ་རི། །ལྕགས་ཀྱི་སོར་ནི་བཅུ་དྲུག་པ། །ཡར་ལ་འཛེག་ཅིང་མར་ལ་འབབ། །ཐབས་མེད་རྣལ་འབྱོར་འདྲ་བ་འབོད། །དེ་ཕྱིར་སྦྱོར་ཐབས་མཁས་པས་བསྟེན། །སྦྱོར་ཐབས་ལས་ནི་བདེ་བ་སྐྱེ། །དེ་ ཕྱིར་བདེ་བ་ཁྱད་པར་འཕགས། །བདེ་བ་ཐབས་མེད་ལུས་ཟུངས་ཉམས། །རླུང་མཁྲིས་བད་ཀན་ཀུན་ནས་སྐྱེ། །ལས་ཀྱི་ཕྱག་རྒྱ་རྟག་ཏུ་བསྟེན། །ཕྱག་རྒྱ་མ་བསྟེན་དམ་ཚིག་ཉམས། །ཕྱག་རྒྱ་བསྟེན་པའི་དུས་སུ་ཡང་། །རྣལ་འབྱོར་མིང་སྲིང་བརྡ་ཡིས་མཚོན། ། གང་ཞིག་འཛུབ་མོ་སྟོན་པ་ན། །འོངས་སམ་ཞེས་ནི་འདྲི་བ་ཡིན། །སོར་མོ་གཉིས་ནི་སྟོན་པ་དང་། །མཐེ་བོ་དྲང་པོར་སྟོན་པ་དང་། །དེ་བཞིན་སྲིན་ལག་དྲང་པོར་སྟོན། རྡོ་རྗེ་བོ་ལ་ཞེས་བྱ་སྟེ། །པདྨ་ཀཀྐོ་ལ་ཞེས་བྱ། །དེ་ལྟར་མ་བྱས་དམ་ཚིག་ཉམས། །བརྡ་ཡི་བྱེ་ བྲག་མ་ལུས་པ། །སམྦུ་ཊ་རུ་ཞེས་པར་བྱ། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །རྡོ་རྗེ་པདྨ་དགའ་བའི་གནས། །དེ་རུ་གཟུང་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་རུ་གཟུང་བ་རྣམ་པ་གཉིས། །རབ་ཀྱི་དབུགས་དང་ཤེས་པས་ གཟུང་། །དང་པོ་བཙན་ཐབས་སྦྱོར་བས་གཟུང་། །སྦྱོར་བ་རྣམ་པ་བཅུ་རུ་གཟུང་། །གཅིག་ནི་སྦོམ་པོ་ཁྲོ་མོས་གཟུང་། །གཟུང་བའི་རྟེན་ནི་རྣམ་པ་བཞི། །མན་ངག་ཅན་གྱིས་ཤེས་པར་བྱ། །གལ་ཏེ་དེ་རུ་མ་ཟིན་ན། །འཁོར་བར་ལྟུང་བས་རང་གིས་སུ། །ཏིང་ངེ་ འཛིན་གྱི་ཧྃ་ལ་བསྡུ། །ལྕེ་ཡིས་བྱང་ཆུབ་སེམས་བླངས་ལ། །རོ་མའི་འཁོར་ལོ་རུ་ནི་བསྟིམ། །དེ་ལྟར་མ་བྱས་དམ་ཚིག་ཉམས། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །ཤེས་རབ་སྦྱོར་ཐབས་འབའ་ཞིག་གམ། །ཐབས་ཀྱི་བསྐྱོད་པ་འབའ་ཞིག་གམ། ། རྣལ་འབྱོར་ཕ་དང་རྣལ་འབྱོར་མ། །བདེ་བ་ཁྱད་པར་མེད་དམ་ཅི། །བདེ་བའི་ངོ་བོ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བསྐྱོད་པ་བུད་མེད་ཀྱིས་ཀྱང་བསྐྱོད། །སྦྱོར་ཐབས་ཀྱང་ནི་ཐབས་ཀྱིས་བྱ། །དེ་ལས་བདེ་བ་ཁྱད་པར་འཕགས། ། དཔེར་ན་དར་དང་སྣལ་མ་བཞིན། །ཐབས་ཀྱིས་སྣལ་མའི་ཆ་ཙམ་མྱོང་། །ཤེས་རབ་དར་གྱི་ཤམ་བུ་ཙམ། །དེ་ཕྱིར་རྣལ་འབྱོར་མ་ཡི་རྒྱུད། །རྣལ་འབྱོར་མ་ཡིས་འགྲུབ་པར་གསུངས། །རྒྱུད་ཀྱི་ནང་ན་མཆོག་ཡིན་པས། །རབ་གནས་སྦྱིན་སྲེག་དབང་བསྐུར་ དང་། །མཆོད་དང་བཟླས་དང་གཏོར་མ་དང་། །ཁྲུས་དང་བསྲུང་བ་ལ་སོགས་པ། །གསང་བ་འདི་ལས་གཞན་ན་མེད། །འབྲས་བུའི་ནང་ན་འདི་མཆོག་སྟེ། །ཡེ་ཤེས་ལྔ་ཡི་སྤྲོས་དང་བྲལ། །དེ་ནས་ལྷ་མོས་འཁོར་དཔག་ཏུ་མེད་པ་དང་། །མཁའ་འགྲོ་མ་རྣམས་ འདོད་ཆགས་ཀྱི་ཐེ་ཚོམ་ཡོངས་སུ་ཟད་ནས། བཅོམ་ལྡན་འདས་ལ་ཀུན་གྱིས་འཁྱུད་ནས་གསང་བའི་མཆོད་པས་བདེ་བ་ཆེན་པོའི་རོས་གང་བར་མཆོད་ནས་མི་སྣང་བར་གྱུར་ཏོ། །གསང་བའི་ཡང་གསང་བ་གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་འཁོར་ལོ་སྡོམ་པའི་རྟོག་པ་རྒྱུ་དང་འབྲས་ བུའི་དེ་ཁོ་ན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ར་རཏྣ་བཛྲ་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་སརྦ་ཙྪིནྡ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་གཡོན་གྱི་ཕྱོགས་ནས་སྐོར་བ་ལན་གསུམ་བྱས་ནས་ཕྱི་ནང་གསང་བའི་མཆོད་པས་མཆོད་ ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཛིན། །གསང་བ་ཞེས་པ་ཇི་ལྟར་ལགས། །དེ་ཡི་གཅོད་པ་ཇི་ལྟར་ལགས། །རྒྱུད་ཀྱི་དོན་ནི་ཇི་ལྟར་ལགས། །དེ་ཡི་རྒྱལ་པོའང་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བ་ ཞེས་པ་རྣམ་པ་བཞི། །དང་པོ་བུམ་དབང་དང་འབྲེལ་བའི། །བསྐྱེད་པའི་རིམ་པའི་རྣལ་འབྱོར་ཏེ། །རྟེན་དང་བརྟེན་པར་བསྒོམ་པ་ནི། །སྣོད་བཅུད་གཟུང་འཛིན་རྣམ་རྟོག་རྣམས། །སྤང་ཕྱིར་ང་ཡིས་གསུངས་པ་ཡིན། །དེ་ཡི་ཁྱད་པར་དགོངས་པའི་དོན། །དང་པོ་ སྟོང་ཉིད་ལ་སོགས་པ། །རྒྱུད་གཞན་དུ་ནི་ང་ཡིས་གསུངས། །རྟེན་དང་བརྟེན་པའི་བྱེ་བྲག་ལ། །དང་པོ་རྟེན་གྱི་དགོངས་པ་ཡང་། །ཐུགས་ཀའི་ཡི་གེ་ཧཱུྃ་ལས་ནི། །མར་མེ་གཅིག་ལས་གཉིས་ཀྱི་ཚུལ། །ཁ་དོག་ནག་པོའི་ཨེ་འཕྲོས་པས། །གྲུ་གསུམ་རྒྱ་ཆེ་ གཏིང་རིང་བསམ། །གྲུ་གསུམ་སྐུ་གསུང་ཐུགས་ཡིན་ཏེ། །དུག་གསུམ་འཇོམས་པ་དགོངས་པའི་དོན། །ལོགས་ནི་རྣམ་ཐར་གསུམ་ཡིན་ཏེ། །ལུས་ངག་ཡིད་གསུམ་ལས་བྱུང་བའི། །མི་དགེ་བཅུ་འཇོམས་དགོངས་པའི་དོན། །ཆོས་ཀྱི་སྐུ་ནི་དྲི་མེད་ཀྱིས། །རང་ བཞིན་གྱིས་ནི་ཀུན་ལ་ཁྱབ། །དེ་ཕྱིར་རྒྱ་ཆེན་དགོངས་པའི་དོན། །འཕགས་པ་ཉན་ཐོས་རང་རྒྱལ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། །ཆོས་སྐུ་རྟོགས་པ་མ་ཡིན་པས། །གཏིང་རིང་བ་རུ་དགོངས་པས་བཤད། །དེ་ནས་ཐུགས་ཀའི་ཧཱུྃ་ལས་ཡང་། ། ཧཱུྃ་འཕྲོས་པ་ལས་རྡོ་རྗེར་གྱུར། །རྡོ་རྗེ་གུར་དུ་གྱུར་པ་ཡང་། །དང་པོ་ཚེ་ཡི་བར་ཆད་དང་། །གཉིས་པ་ཐར་པའི་བར་ཆད་དེ། །བགེགས་ནི་རྣམ་པ་གཉིས་ཡིན་ཏེ། །ཕྱི་ཡི་བགེགས་དང་ནང་གི་བགེགས། །ཕྱི་ཡིས་ཚེ་ཡི་བར་ཆད་བྱེད། །ནང་གིས་ཐར་པའི་ བར་ཆད་བྱེད། །བར་ཆད་རྣམ་པ་གཉིས་བསྲུང་བ། །རྡོ་རྗེ་གུར་གྱི་དགོངས་པའི་དོན། །ཡྃ་ལས་བྱུང་བའི་གོང་དང་འདྲ། །དབྱིབས་ནི་ཟླ་གམ་ལྟ་བུ་སྟེ། །རྣམ་པར་རྟོག་པ་སྤོང་བ་དང་། །མི་རྟོག་པ་ནི་སྐྱེ་བ་ལ། །དབང་དུ་བྱེད་པས་དབང་གི་དོན། །བ་དན་ བཞི་ཡི་དགོངས་པ་ཡང་། །ཆོས་རྣམས་དུས་གསུམ་གནས་པ་ཡི། །དགོངས་པ་ཡིན་པར་ང་ཡིས་གསུངས། །རྃ་ལས་མེ་ཡི་དཀྱིལ་འཁོར་ནི། །ཟུར་གསུམ་དྲག་པོའི་དགོངས་པ་ཡིན། །རྡོ་རྗེ་རྩེ་གསུམ་སྐུ་གསུམ་དོན། །བྃ་ལས་ཆུ་ཡི་དཀྱིལ་འཁོར་ཏེ། ། ཟླུམ་པོ་སྤྲོས་པ་ཞི་བར་གསུངས། །བུམ་པ་ཆོས་སྐུའི་ཡན་ལག་བཞི། །ལྃ་ལས་གསེར་གྱི་ས་གཞི་སྟེ། །གྲུ་བཞི་རྒྱས་པའི་རང་བཞིན་ཏེ། །རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ། །དེ་སྟེང་རི་རབ་རྩེ་མོ་བརྒྱད། །རྣམ་ཐར་བརྒྱད་ཀྱི་དགོངས་པ་ཡིན། །སྣོད་བཅུད་རྣམ་རྟོག་མི་ མངའི་རྟགས། །དུར་ཁྲོད་བརྒྱད་ནི་གཡས་དང་གཡོན། །གོ་རིམས་བཞིན་དུ་དགོད་པར་བྱ། །རེ་རེའི་བྱེ་བྲག་རྣམ་རྟོག་ཡང་། །བླ་མའི་ཞལ་ལས་ཤེས་པར་བྱ། །གཉེན་པོའི་སྟོབས་ནི་ཡོངས་སུ་རྒྱས། །ཤིང་རྣམས་རིམ་བཞིན་རྟག་ཏུ་དགོད། །རྣམ་རྟོག་ མི་དགེ་བཅུ་ཡི་དོན། །འཇོམས་པའི་རྟགས་སུ་ཕྱོགས་སྐྱོང་དགོད། །འདོད་ཆགས་ཞེ་སྡང་མ་རིག་པ། །གདུག་པ་འཇོམས་ཕྱིར་ཀླུ་བརྒྱད་དགོད། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །གཟུགས་སྐུ་གཉིས་ཀྱི་ང་རྒྱལ་གྱིས། །ལུས་དང་ངག་གི་སེམས་ཅན་གྱིས། ། དོན་མཛད་ཕྱིར་ནི་ཆར་སྤྲིན་དགོད། །ནང་དང་གསང་བ་དེ་བཞིན་ནོ། །དེ་བཞིན་མཐར་ཐུག་བཞི་པ་ཡང་། །སྙན་ནས་བརྒྱུད་པ་ཤེས་པར་བྱ། །དེ་ནས་ནང་དུ་གཞལ་ཡས་ཁང་། །བྷྲུྃ་ལས་འཁོར་ལོ་རྩིབས་བརྒྱད་དེ། །རྩིབས་བརྒྱད་རྣམ་ཤེས་བརྒྱད་ཀྱི་ དངོས། །ཡོངས་སུ་གྱུར་པས་རྣམ་སྣང་སྐུ། །ཕྱི་ནས་བལྟས་པས་ནང་དུ་གསལ། །དེ་བཞིན་ནང་ནས་ཕྱི་རུ་སྟེ། །ཐམས་ཅད་གཅིག་ཏུ་སྣང་བའི་དོན། །ཚོན་ཆེན་སྣ་ལྔ་སྐུ་ལྔའི་དོན། །ཁ་དོག་ལྔ་ནི་རིགས་ལྔའི་དོན། །གྲུ་བཞི་ཚངས་པའི་གནས་བཞིར་གསུངས། ། ལོགས་བཞི་བསྡུ་བའི་དངོས་པོ་སྟེ། །སྒོ་བཞི་དྲན་པ་ཉེར་གཞག་ཡིན། །ཀ་བ་བརྒྱད་ནི་རྣམ་ཐར་བརྒྱད། །གདུང་བཞི་ཡེ་ཤེས་བཞི་ཡི་དོན། །ཏྭ་ར་ཎལ་སོགས་པ་ཀུན། །སྟོབས་ལ་སོགས་པ་ཡིན་པར་གསུངས། །དེ་ནས་ནང་དུ་གདན་རྣམས་ནི། །པདྨའི་ས་བོན་ དབྱངས་ལས་སྐྱེས། །འདོད་ཆགས་ལ་སོགས་ཉོན་མོངས་ཀྱིས། །མ་གོས་རྟགས་སུ་པདྨའི་གདན། །དེ་སྟེང་ཉི་མ་ཟླ་བ་སྟེ། །ཐབས་དང་ཤེས་རབ་གཉིས་ཀྱི་བརྡ། །དང་པོ་རོ་ནི་ང་བདག་གམ། །རྣམ་རྟོག་འཇོམས་ཕྱིར་གསུངས་པ་ཡིན། །ཡན་ལག་བཞི་ལྡན་ གཙོ་བོའི་གདན། །འཁོར་ལ་རེ་རེ་གདན་དུ་སྦྱིན། །གཙོ་བོའི་ཡན་ལག་ཡིན་པའི་ཕྱིར། །དགོངས་པའི་དོན་དང་བཅས་པ་ཡིས། །རྟེན་གྱི་དཀྱིལ་འཁོར་རྫོགས་པའོ། །དེ་ནས་ལྷ་རྣམས་བསྐྱེད་པ་ནི། །སྐྱེ་བ་བཞི་ཡི་ཚུལ་ཡིན་ཏེ། །སྐད་ཅིག་ལས་བྱུང་རྫུས་པའི་ཚུལ། ། དཔེར་ན་ཆུ་གཏིང་ལས་ནི་ཉ། །རྐྱེན་ལས་སྐྱེས་པ་དྲོད་གཤེར་སྐྱེས། །དཔེར་ན་ཉི་མས་པདྨ་བཞིན། །སྤྲོ་ཞིང་བསྡུ་བ་སྒོང་སྐྱེས་ཚུལ། །དཔེར་ན་རྡོ་ལས་ཟངས་བཞིན་ནོ། །སྦྱོར་བ་ལས་བྱུང་མངལ་སྐྱེས་ཚུལ། །ཡར་ལ་སྲེག་ཅིང་མར་ལ་གསོ། །དཔེར་ན་སྤྲ་ཚིལ་ ལས་ནི་གཟུགས། །ཕོ་བྲང་རྣམ་པར་སྣང་མཛད་རྫོགས། །རྗེས་སུ་སྐྱེད་པ་ཧེ་རུ་ཀ། །དབང་བསྐུར་བཅོམ་ལྡན་མི་བསྐྱོད་པ། །བསྟོད་པ་རིན་ཆེན་འབྱུང་ལྡན་ཡིན། །མཆོད་པ་དོན་ཡོད་གྲུབ་པའོ། །བདུད་རྩི་མྱང་བ་འོད་དཔག་མེད། །ཡན་ལག་དྲུག་ལས་བྱུང་བ་ཡི། ། དངོས་གྲུབ་འདི་ནི་ཁྱད་པར་འཕགས། །དེ་ནས་བཟླས་པའམ་བསྒོམ་པ་ནི། །དབང་པོ་རབ་འབྲིང་ཐ་མའི་སྟེ། །རབ་ཀྱིས་ཡོངས་སུ་རྫོགས་པ་ཡི། །བསྒོམ་པའམ་བཟླས་པ་བྱ་བར་གསུངས། །འབྲིང་གིས་གཙོ་བོ་ཡབ་ཡུམ་ཡིན། །ཐ་མས་དབུ་མའི་སྤྱན་ལ་ འཇུག །དབུ་མའི་སྤྱན་ལ་བརྟན་གྱུར་ནས། །སུམ་ཅུ་རྩ་བདུན་རྫོགས་པར་སྒོམ། །འབྲིང་པོ་ཡིས་ཀྱང་དེ་བཞིན་ཏེ། །གནས་པ་རྩ་དང་གཡོ་བ་རླུང་། །བཀོད་པ་སེམས་དང་དམན་པ་དབྱིབས། །ཟབ་པ་སྔགས་དང་ཐིག་ལེ་དང་། །མཐར་ཐུག་ཆོས་དང་ཡན་ལག་བདུན། ། འདི་ཡིས་བསྟན་པ་ཤིན་ཏུ་ཟབ། །གོང་དུ་གསུངས་པ་ཐམས་ཅད་ཀྱང་། །རྣམ་པ་བཞི་རུ་ཤེས་པར་བྱ། །རེ་རེ་ལ་ཡང་བཞི་བཞི་སྟེ། །དུ་མའི་ཚུལ་ནི་ཤིན་ཏུ་ཟབ། །ཕྱི་དང་ནང་ནི་སྔགས་ཀྱི་དོན། །གཟུགས་བརྙན་དཀྱིལ་འཁོར་ཕྱི་ཡི་དོན། །ཕྱི་ལ་ལྟོས་ནས་ནང་ ཡིན་ཏེ། །དེ་ཉིད་གསང་བ་གསང་བའི་དོན། །ལས་སུ་རུང་བ་མཐར་ཕྱིན་དོན། །གཟུགས་བརྙན་དཀྱིལ་འཁོར་མཚན་ཉིད་ནི། །ནང་དུ་དཀྱིལ་འཁོར་མཚན་ཉིད་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །རེ་རེ་ལྷ་རུ་བྱིན་བརླབས་ལ། །ལྔ་འམ་དྲུག་གམ་སུམ་ཅུ་བདུན། ། གཡས་གཡོན་སྟེང་འོག་སྒོ་ལ་སོགས། །བླ་མའི་ཞལ་ལས་ཤེས་པར་བྱ། །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །སུམ་ཅུ་རྩ་བདུན་ཞེས་བྱ་བའི། །ཡོངས་སུ་རྫོགས་པ་ཇི་ལྟར་ལགས། །བསྐྱེད་པ་ཞེས་བྱ་ཇི་ལྟར་ལགས། །དེ་ཡི་རིམ་པ་ཇི་ལྟར་ལགས། །གཞན་ ཡང་རྟེན་གྱི་དཀྱིལ་འཁོར་དང་། །ཐུན་དང་ཐུན་མཚམས་ཇི་ལྟར་ལགས། །ལྟ་སྤྱོད་ཟུང་དུ་ཇི་ལྟར་འཇུག །དཔའ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སུམ་ཅུ་རྩ་བདུན་ཡང་དག་རྒྱུ། །འབྲས་བུ་གཉིས་མེད་ཡེ་ཤེས་བསྐྱེད། ། དེ་ཕྱིར་འབྲས་བུ་སྔོན་འགྲོ་བའི། །རྒྱུ་ནི་གཙོ་བོར་གྱུར་པ་ཡིན། །ཧེ་རུ་ཀར་གྱུར་གཅིག་ལ་ཡང་། །རྒྱུ་རྣམས་ཡོངས་སུ་རྫོགས་པ་སྟེ། །གནས་ནི་ཉི་ཤུ་རྩ་བཞི་སོགས། །བླ་མའི་ཞལ་ནས་ཤེས་པར་བྱ། །རྒྱུ་ནོར་བ་ལས་མ་ཡིན་ཏེ། །གྲོ་ལས་ནས་ཀྱི་མྱུ་གུ་མིན། ། མ་ཚང་བ་ལས་མ་ཡིན་ཏེ། །འབྲུ་ཉམས་པ་ལས་མྱུ་གུ་མེད། །རྒྱུ་མེད་པ་ལས་མ་ཡིན་ཏེ། །ནམ་མཁའི་མེ་ཏོག་ལས་ནི་དྲི། །རྒྱུ་དེ་རྐྱེན་མེད་པ་ལས་མིན། །ནགས་སྲེག་མེ་ལ་རླུང་མེད་བཞིན། །དེ་ལྟར་ཡན་ལག་བཞི་ལྡན་ པའི། །ལས་དང་པོ་ཡིས་རྣམ་རྟོག་སྤང་། །ལྷ་ཡི་རྣལ་འབྱོར་ལ་གནས་པས། །བསྐྱེད་པ་ཞེས་ནི་གསུངས་པ་ཡིན། །ཕྱི་དང་ནང་དུ་དུ་མའི་ཆ། །དེ་ཡི་རིམ་པར་བཤད་པ་ཡིན། རྟེན་གྱི་དཀྱིལ་འཁོར་བྱེ་བྲག་ཀྱང་། །ཁྱམས་དང་བླ་གབ་མེད་པ་དང་། ། བླ་གབ་བཅས་དང་རྣམ་པ་གསུམ། །མོས་པའི་དབང་དུ་གསུངས་པ་ཡིན། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །ཉིན་ཐུན་བཞི་ཡི་དབྱེ་བ་ཡི། །ཉིན་མཚན་བཞི་རུ་གསུངས་པ་ཡིན། །མཚམས་ཀྱང་བཞི་རུ་ཤེས་པར་བྱ། །དབྱུག་གུ་ཆུ་ཚོད་འཕོ་བ་ དང་། །ཐུན་བརྒྱད་བསྒོམ་པའི་རྣལ་འབྱོར་པས། །ཐུན་དང་མཚམས་ནི་མཉམ་པར་གསུངས། །མཚམས་ཀྱི་ཚེ་ན་རྣལ་འབྱོར་པ། །དབང་པོ་འབྲིང་དང་ཐ་མ་ཡིས། །ལྷ་རྣམས་རྫོགས་པར་སྤྲོ་བྱས་ལ། །མར་མེ་གཅིག་ལས་གཉིས་ཀྱི་ཚུལ། ། མཆོད་པ་ལ་སོགས་ཚུལ་བཞིན་བྱ། །ལྟ་བ་ཞེས་པ་མཉམ་གཞག་སྟེ། །རྗེས་ཐོབ་སྤྱོད་པ་རུ་ནི་བཤད། །བསྐྱེད་པའི་རིམ་པ་བསྒོམ་པ་ལས། །རྒྱན་དྲུག་འཆང་བའི་སྤྱོད་པ་གནང་། །གསང་བའི་དབང་དང་འབྲེལ་བ་ལ། །རྒྱན་དང་བདུད་རྩིའི་སྤྱོད་པ་གནང་། ། རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །སྤྱོད་པ་གནང་བ་ང་ཡིས་གསུངས། །ཤེས་རབ་ཡེ་ཤེས་དང་འབྲེལ་བས། །གོང་དུ་གསུངས་པ་ཐུན་མོང་སྟེ། །ཁྱད་པར་ཕྱག་རྒྱའི་སྤྱོད་པ་གནང་། །ལྟ་བ་མི་ལྡན་སྤྱོད་པ་དང་། ། སྤྱོད་པ་མི་ལྡན་ལྟ་བ་གཉིས། །འདི་ནི་གསང་སྔགས་དམ་སྲི་སྟེ། །མནར་མེད་སེམས་ཅན་དམྱལ་བར་སྐྱེ། །དེ་ཕྱིར་ལྟ་མེད་སྤྱོད་པ་སྤང་། །སྲིན་པོ་ཁྲོས་པའི་སྤྱོད་པའོ། །སྤྱོད་མེད་ལྟ་བའང་སྤང་བ་སྟེ། །དཀའ་ཐུབ་ཀྱིས་ནི་ལུས་གདུངས་ཤིང་། །ཕུང་སོགས་ རྣམ་སྣང་ལ་སོགས་ལ། །བརྙས་པ་རྟོག་གེ་སྐམ་པོ་ཡིན། །དེས་ན་ལྟ་སྤྱོད་ཟུང་དུ་འཇུག །གླང་ཆེན་བཞེངས་ཀྱང་མཉམ་པར་བཞེངས། །གླང་ཆེན་བཞུགས་ཀྱང་མཉམ་པར་བཞུགས། །རྡོ་རྗེ་སྙིང་པོས་ཡང་ཞུས་པ། །བདུད་རྩི་ཞེས་པ་ཇི་ལྟར་ལགས། ། དེ་ཡི་སྤྱོད་པ་ཇི་ལྟར་ལགས། །དེ་ཡི་ཡོན་ཏན་ཇི་ལྟར་འབྱུང་། །རྒྱན་ལ་སོགས་པའི་དོན་རྣམས་ཀུན། །གཙོ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདུད་རྩི་རྣམ་པ་གསུམ་དུ་གསུངས། །དང་པོར་ཕྱི་ཡི་བདུད་རྩི་བསྟེན། །བདུད་ རྩི་ལྔ་དང་ཤ་ལྔ་ལ། །ལྕགས་ཀྱུ་ལྔ་ནི་དགོད་པ་སྟེ། །བརྒྱད་དང་བཅུ་བཞི་དང་པོར་འཛག །སི་ཧླ་མི་བསྐྱོད་ལུད་སྐམ་བླང་། །བཅུ་གཉིས་བཅུ་དྲུག་དང་པོར་འཛག །ཧེ་རུ་ཀ་དང་རྣམ་སྣང་དང་། །ལུད་སྐམ་སྙིང་པོ་བླང་བར་བྱ། །ཡར་གྱི་ངོ་དང་མར་ གྱི་ངོ་། །བརྒྱད་དང་བཅུ་བཞི་བཅྭ་ལྔ་ལ། །ཐམས་ཅད་བཟང་པོའི་དུས་སུ་གསུངས། །སེང་གེའི་གཟུགས་ནི་དཀར་པོ་བཟང་། །ལུས་ངག་སྡོམ་ཞིང་ཉེས་པ་མེད། །འདི་ནི་ཤ་ཡི་སྒྲུབ་པའི་རྟེན། །གླང་པོ་གླང་པོ་ཆེན་པོ་སྟེ། །ཀེ་ཏ་ཀ་ཡི་རྒྱུ་ཉིད་ལས། ། གླ་རྩི་ལ་སོགས་འབྱུང་བའི་ཤ། །བ་ལང་གི་ཝང་ལྡན་པའི་ཤ། །རྟ་ནི་རྟ་ཡི་རྒྱལ་པོ་སྟེ། །ཁ་དོག་དཀར་མིན་དམར་བ་མིན། །དབྱིབས་དང་ཁ་དོག་མི་འགྱུར་ཤ། །མི་ནི་སྐྱེ་བ་བདུན་པའི་ཤ། །ལུས་ངག་ཡིད་ལ་མཁས་པས་བརྟགས། །བཟའ་བའི་སྣོད་ ནི་དུམ་བུ་གཅིག །དེ་ཡི་ནད་དུ་བསྒྲུབ་པར་བྱ། །རབ་འབྲིང་ཐ་མའི་མཚན་མ་ནི། །འབར་དང་དུད་པ་སྤྲོ་བ་རྣམས། །མཚན་མ་ཕྱི་ཡི་ཡིན་པར་བཤད། །གཞན་སྐྱེས་དོན་ནི་རྒས་ཆེན་སེལ། །སྐད་མ་ཕྱིན་ན་དངོས་གྲུབ་མེད། །སྐད་ཕྱུང་བས་ནི་ཚངས་པར་ འགྱུར། །ནང་གི་བདུད་རྩི་རང་བྱུང་ཡིན། །དྲིལ་ཅན་བུ་ག་དགུ་ལམ་ནས། །འཛག་པའི་བདུད་རྩི་རྒྱུན་ཆད་ནས། །ཏིལ་གྱི་འབྲུ་བཞིན་གང་བ་སྟེ། །ཨ་བ་དྷཱུ་ཏཱིར་དབུགས་ཆུད་པས། །སྟེང་གི་དྲུག་པའི་རྒྱུ་བ་ཡིན། །སི་ཧླ་ག་བུར་དབུས་ན་གནས། ། འོག་གི་དྲུག་པ་རྒྱུ་བ་ཡིན། །འདི་ནི་གསང་བའི་བདུད་རྩི་སྟེ། །སྐྲ་དཀར་གཉེར་མ་འཆི་བ་སྤོང་། །སྤྱོད་པའི་རྣལ་འབྱོར་རྣམ་པ་གཉིས། །གང་ཟག་མཆོག་དང་ལས་དང་པོ། །བསྐྱེད་པའི་རིམ་པར་ལེགས་གནས་ཤིང་། །རིགས་སུ་ འཛིན་པ་སྤང་བའི་ཕྱིར། །ཕྱི་ཡི་དྲུག་པའི་བདུད་རྩི་སྦྱིན། །ལས་དང་པོ་ལ་ཕྱི་ནང་གཉིས། །འདི་ཡི་ནུས་པའང་དུ་མ་སྟེ། །སྐྲ་དཀར་མེད་ཅིང་རྣམ་རྟོག་འཇོམས། །དཀྱིལ་འཁོར་བཞི་ལ་རབ་ཏུ་གནས། །ལྔ་པ་གོམས་པར་གྱུར་པ་ཡིས། །དྲུག་པ་གཟུང་བར་ གསུངས་པ་སྟེ། །ཀུན་རྫོབ་སྟེང་གི་སྣ་རྩེ་ནས། །སོར་བཞི་ནས་ནི་དབུས་སུ་བཞུགས། །ལྟེ་བའི་གནས་སུ་དབུགས་གནས་པ། །སྟེང་གི་དྲུག་པ་ཟིན་པ་ཡིན། །འདི་ཡི་ནུས་པའང་དུ་མ་སྟེ། །སྲེད་པ་མེད་ཅིང་ཡང་བའོ། །འདབ་ཆགས་རྒྱལ་པོ་ཇི་བཞིན་དུ། ། ནམ་མཁར་འཕུར་ཞིང་ལྟུང་བ་མེད། །མཆོག་དང་ཆད་པའི་དབུས་གནས་པ། །འོག་གི་དྲུག་པ་ཡིན་པར་བཤད། །གང་ཟག་མཆོག་ལ་གསུངས་པ་ཡིན། །འདི་ཡི་ནུས་པའང་དུ་མ་སྟེ། །དྲིལ་ཅན་བུ་ག་འགག་པར་བྱེད། །རྒྱན་གྱི་དང་པོ་ཞེ་སྡང་འཇོམས། ། དུར་ཁྲོད་ཆེན་པོ་སིཧླ་ལིང་། །རུ་དྲ་འདུལ་བའི་རིམ་པ་སྟེ། །བདུད་རྩིས་རྣམ་རྟོག་ལ་སོགས་འཇོམས། །ཕྲིན་ལས་བཞི་ནི་ཐུན་མོང་ཡིན། །ཕྱག་རྒྱས་འདོད་ཆགས་རྣམ་པར་དག །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །དྲུག་པ་ཞེས་པ་ཇི་ལྟ་བུ། །གང་ཟག་ མཆོག་ནི་ཇི་ལྟ་བུ། །འདོད་ཆགས་ཇི་ལྟར་རྣམ་པར་དག །དཔའ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཡས་གཡོན་སྟེང་འོག་བཞི་ལས་ནི། །ལྔ་པ་ནམ་མཁའ་འབྱུང་བ་ཡིན། །ལྔ་པ་རང་བཞིན་མེད་པ་སྟེ། ། དྲུག་པ་ཞེས་ནི་གསུངས་པ་ཡིན། །དགའ་བ་མཆོག་དགའ་ལྷན་ཅིག་དགའ། །བྲལ་བའི་དགའ་བ་སྔོན་འགྲོ་བས། །ལྔ་པ་བདེ་བ་ཆེན་པོ་འབྱུང་། །བདེ་ཆེན་རང་བཞིན་མེད་པ་དག །འོག་གི་སྒོ་ཡི་དྲུག་པ་ཡིན། །དེ་ཕྱིར་དྲུག་པ་འདོད་པས་ཀྱང་། །བཞི་པ་ སྔོན་དུ་སོང་བ་ཡིས། །ལྔ་པ་ཡོངས་སུ་རྫོགས་པ་བསྒོམ། །དཔེར་ན་ཟངས་ཀྱི་དངོས་པོ་ལ། །གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ཟངས་ཉིད་གསེར་དུ་གྱུར་པ་སྟེ། །ཟངས་ལས་མ་གཏོགས་གསེར་ཉིད་དང་། །ལྔ་པ་ལས་གཞན་དྲུག་པ་ནི། །སངས་རྒྱས་ ཀྱིས་ཀྱང་མ་གསུངས་སོ། །ལོ་དང་ཟླ་བ་ཟླ་བ་ཕྱེད། །ཉིན་ཞག་དུས་དྲུག་དུས་གཉིས་ལ། །སྐད་ཅིག་རེ་ཙམ་དྲུག་ལ་འབྱུང་། །ལས་དང་པོ་ཡི་སྤྱོད་ཡུལ་མིན། །དཔེར་ན་ཆུ་ཡི་སྣོད་ནང་དུ། །བདུད་རྩི་ཐིགས་པ་གཅིག་གཞག་པ། །ཆུ་རུ་ཉམས་སུ་ མྱོང་བ་ལས། །ཅིག་ཤོས་ཉམས་སུ་མྱོང་བ་མེད། །ཆུ་ལ་བརྟེན་ནས་བདུད་རྩི་ཡང་། །ཉམས་སུ་མྱོང་བར་བྱེད་པ་སྟེ། །དེ་བཞིན་སྤྲོས་བཅས་ལྔ་པ་ལ། །བརྟེན་ནས་སྤྲོས་མེད་དྲུག་པ་འབྱུང་། །རྒྱུད་གཞན་དུ་ནི་ང་ཡིས་གསུངས། །མཚན་མ་ལྔ་འམ་རོ་བརྒྱད་ དམ། །ས་བརྒྱད་ནོན་ནས་མངོན་ཤེས་ལྡན། །ལས་ཀྱི་ཕྱག་རྒྱ་ཡོངས་སུ་སྤངས། །ཡེ་ཤེས་ཕྱག་རྒྱ་ལ་གནས་ཤིང་། །ཕྱག་རྒྱ་ཆེན་པོ་ལ་འཇུག་པ། །འདི་ནི་གང་ཟག་མཆོག་ཡིན་ཏེ། །འདི་ཡིས་དྲུག་པ་ཟིན་པར་བཤད། །འདོད་ཆགས་ཞེས་པ་འཁོར་ བ་སྟེ། །རྣམ་དག་མྱ་ངན་འདས་པར་གསུངས། །དེ་ནས་གསང་བ་གཉིས་པ་ཡང་། །གསང་བའི་དབང་དང་འབྲེལ་བ་སྟེ། །རྟེན་ཅིང་འབྲེལ་པ་ཟབ་མོའི་དོན། །དང་པོ་ལྷ་ཡི་ང་རྒྱལ་བྱ། །མཁའ་འགྲོ་རྩ་རུ་ཤེས་པར་བྱ། །དཔའ་བོ་བྱང་ཆུབ་སེམས་སུ་ཤེས། ། འཁོར་ལོའི་གནས་དང་འཁོར་ལོ་དང་། །དེ་ནས་བསྒྲུབ་བྱ་ཤེས་པར་བྱ། །བདེ་བ་ཆེན་པོའི་འཁོར་ལོ་ནས། །ཚངས་མདོའི་བར་དུ་སོར་མོའི་ཚད། །བཅུ་ཚན་བཞི་དང་བརྒྱད་ཡིན་ཏེ། །སོར་གསུམ་ལ་ནི་འཁོར་ལོ་རེ། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན། ། དབང་གི་གནས་དང་འཁོར་ལོའི་གནས། །བླ་མའི་ཞལ་ནས་ཤེས་པར་བྱ། །ཚངས་མདོ་མེ་ལ་གཞང་ཁ་རླུང་། །སོར་གསུམ་སོར་བཞི་མཁས་པས་བརྟག །གནས་གསུམ་གསང་བའི་གནས་ཡིན་ཏེ། །དེ་བཞིན་གནས་གསུམ་རིག་པའོ། །སོར་བཞི་རྟ་མགྲིན་ གནས་ཡིན་ཏེ། །སོར་བརྒྱད་གསང་བ་བདེ་སྐྱོང་གནས། །རྣལ་འབྱོར་ཕ་དང་རྣལ་འབྱོར་མའི། །ལུས་ཀྱི་རྟེན་གྱི་བྱེ་བྲག་ལས། །སོར་མོ་བཞི་བཅུ་བརྒྱད་ཉིད་ལས། །བརྒྱད་ནི་གསང་བའི་འཁོར་ལོའི་གནས། །བཞི་བཅུ་ལ་ནི་འཁོར་ལོ་ གཞན། །བླ་མའི་ཞལ་ནས་ཤེས་པར་བྱ། །ཐམས་ཅད་སྒལ་ཚིགས་དབྱུག་གུ་སྟེ། །ཕྱི་དང་ནང་དུ་མཁས་པས་བརྟག །འཁོར་ལོ་ལ་ཡང་རྣམ་པ་གཉིས། །དང་པོར་འཁོར་ལོ་གཉིས་པ་རྩ། །རྐྱེན་དང་གསང་བ་རང་བཞིན་དང་། །དབང་དང་རྣམ་པ་བཞི་རུ་ གསུངས། །རྐྱེན་ལ་གཉིས་ཏེ་གསང་བ་བཞི། །རང་བཞིན་བཅུ་དྲུག་དབང་ནི་གཉིས། །ཙཎྜ་ལཱི་ནི་ཉི་ཤུ་བཞི། །འཁོར་ལོ་བཞི་རུ་སྦས་པ་སྟེ། །བླ་མ་ཚོགས་ནང་མཐོང་ན་རྒྱབ་ཀྱིས་ཕྱོགས། །མན་ངག་གཞན་དུ་སྤེལ་ཞིང་འཕྱར་ལ་དགའ། །འདོད་ཆགས་ སྤྱོད་ཕྱིར་སྦས་པའི་རིམ་པ་ནོད། །གབ་པའི་དོན་ལ་རྒྱབ་ཕྱོགས་སྐུར་པ་འདེབས། །གསང་སྔགས་བར་གཅོད་རྣལ་འབྱོར་གཞན་ལ་གཤེ། །འདི་ནི་མནར་མེད་སེམས་དམྱལ་ཆེན་པོར་སྐྱེ། །སངས་རྒྱས་སྟོང་རྩ་གཅིག་རྫོགས་ཚེ་ཡི་ཚད། །འདི་ལ་སྦས་ཀྱི་ཐམས་ཅད་ ལ། །ང་ཡིས་སྦ་བར་མ་གསུངས་ཏེ། །དེ་ཕྱིར་རྒྱུད་གཞན་དུ་ནི་སྦས། །རྒྱུད་འདིར་ང་ཡིས་རྒྱས་པར་བཤད། །སུམ་ཅུ་རྩ་གཉིས་གཡས་གཡོན་ཆ། །དྲུག་ཅུ་རྩ་བཞི་གྲངས་སུ་སྦས། །སུམ་ཅུ་རྩ་གཉིས་ལས་ནི་ཟུང་། །བཅུ་དྲུག་གྲངས་སུ་སྦས་པ་ཡིན། ། སུམ་ཅུ་རྩ་གཉིས་ཕྱོགས་དང་མཚམས། །བརྒྱད་ཀྱི་གྲངས་སུ་སྦས་པའོ། །སྤྱི་གཙུག་འཁོར་ལོ་སྤྱི་བོར་སྦས། །གསང་བ་བདེ་སྐྱོང་ལྟེ་བར་སྦས། །བཅུ་དྲུག་ལས་ནི་ཟུང་འགྱུར་བ། །བརྒྱད་ཀྱི་གྲངས་སུ་སྦས་པ་ཡིན། །བཅུ་དྲུག་ལས་ནི་གཡས་གཡོན་ཆ། ། སུམ་ཅུ་རྩ་གཉིས་གྲངས་སུ་སྦས། །བཅུ་དྲུག་ལས་ནི་བཞི་བཞིར་འགྱུར། །དྲུག་ཅུ་རྩ་བཞིའི་གྲངས་སུ་སྦས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །རོ་དྲུག་ལ་ནི་ལོངས་སྤྱོད་པས། །རོ་མ་ལོངས་སྤྱོད་འཁོར་ལོར་སྦས། །རྟ་མགྲིན་འཁོར་ལོ་མགྲིན་པར་སྦས། ། བརྒྱད་ལས་གཡས་གཡོན་ཆ་གཉིས་ཆ། །བཅུ་དྲུག་གྲངས་སུ་སྦས་པ་ཡིན། །བརྒྱད་ལས་གཡས་གཡོན་སྟེང་འོག་བཞི། །སུམ་ཅུ་རྩ་གཉིས་གྲངས་སུ་སྦས། །བརྒྱད་ལས་གཡས་གཡོན་སྟེང་འོག་བཞི། །མཚམས་བཞི་དང་ནི་བརྒྱད་ཀྱི་ཆ། །དྲུག་ཅུ་རྩ་ བཞི་གྲངས་སུ་སྦས། །ཚངས་མདོའི་མེ་ནི་མེ་ལ་སྦས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ཆོས་ཀུན་རིག་པས་རིག་པ་སྦས། །དྲུག་ཅུ་རྩ་བཞི་ལས་ནི་ཟུང་། །སུམ་ཅུ་རྩ་གཉིས་གྲངས་སུ་སྦས། །དྲུག་ཅུ་རྩ་བཞི་ལས་ནི་བཞི། །བཅུ་དྲུག་གྲངས་སུ་སྦས་པ་ཡིན། ། དྲུག་ཅུ་རྩ་བཞི་ལས་ནི་བརྒྱད། །བརྒྱད་ཀྱི་གྲངས་སུ་སྦས་པའོ། །གཞང་ཁ་རླུང་ནི་རླུང་ལས་སྦས། །གསང་བའི་གཏུམ་མོ་གཏུམ་མོར་སྦས། །འཁོར་ལོ་རེ་ལ་འཁོར་ལོ་བཞི། །ཕྱི་རུ་སྲོག་གི་རྣམ་པར་འཁྱུད། །ཆུ་དང་ཆུ་བྲན་ཆུ་བོ་རྣམས། །སྣ་ཚོགས་དུ་མར་འབབ་ བྱེད་ཀྱང་། །རྒྱ་མཚོ་ཆེན་པོར་རོ་གཅིག་འགྱུར། །ལྟེ་བར་རོལ་པ་བདེ་ཆེན་སྐུ། །རྣམ་པར་ཐར་དང་སྟོང་པ་དང་། །དེ་བཞིན་མཚན་དང་དཔེ་བྱད་ལྡན། །སྙིང་ག་ཆོས་ཀྱི་སྐུ་ཡིན་ཏེ། །རྣམ་ཐར་ལ་སོགས་དེ་བཞིན་ནོ། །མགྲིན་པ་ལོངས་སྤྱོད་དེ་དང་འདྲ། །བདེ་ ཆེན་སྤྲུལ་བའང་དེ་བཞིན་ནོ། །མཚན་རྣམས་སྟེང་ལ་སྟོང་པ་འོག །དང་པོའི་བདེ་ཆེན་ཁ་སྦྱོར་ཡིན། །རྣམ་ཐར་སྟེང་ལ་དཔེ་བྱད་འོག །བདེ་ཆེན་ཁ་སྦྱོར་གཉིས་པ་ཡིན། །གཞན་ནི་ཞལ་ལས་ཤེས་པར་བྱ། །སྟོབས་བཅུ་རྣམ་དག་ཁ་སྦྱོར་བཅུ། །རླུང་ནི་སྒྲོལ་མའི་ ངོ་བོ་སྟེ། །རྩ་དྲུག་དབུགས་ཀྱི་རང་བཞིན་གང་། །མེ་ནི་གོས་དཀར་རང་བཞིན་ཏེ། །ཟུར་རྩ་གསུམ་ནི་དྲོད་ཀྱིས་གང་། །རང་བཞིན་གྱིས་ནི་གནས་པ་ལ། །བརྒྱད་དང་ལྔ་ཡི་མཚན་ཉིད་ལ། །བརྒྱད་ལ་དབྱངས་ཀྱི་དང་པོ་བརྒྱད། །ལྔ་ལ་ཀཱ་ལི་དང་པོ་ལྔ། །རིག་པའི་ ཕོ་བྲང་མཐའ་ཅན་ལྔ། །རྟ་མགྲིན་དབྱངས་ཡིག་གཡོན་དང་གཡས། །ཨ་གཉིས་མཐར་གཞག་འདབ་དགུ་ཡིན། །གསང་བའི་བདེ་སྐྱོང་འཁོར་ལོ་ནི། །མ་ནིང་བཞི་དང་ཨ་གཉིས་དབུས། །བྱང་ཆུབ་སུམ་ཅུ་རྩ་བདུན་ཡིན། །དེ་ནས་རྩ་ཡི་མཚན་ཉིད་ཀྱང་། ། ཕྱི་ཡི་སྟོང་ཕྲག་བདུན་ཅུ་གཉིས། །ཤ་ལ་གནས་ནས་ཚིལ་བུ་སྐྱེད། །ནང་གི་བརྒྱ་དང་ཉི་ཤུ་ནི། །ཚིལ་ལ་གནས་ནས་རྐང་སྐྱེད་པའོ། །གསང་བ་སུམ་ཅུ་རྩ་གཉིས་ནི། །རུས་པར་གནས་ཤིང་ག་པུར་སྐྱེད། །དེ་ཁོ་ན་ཡི་རྩ་གསུམ་ནི། ། གསང་བར་གནས་ཤིང་བདེ་བ་བསྐྱེད། །ཁང་པ་སྟོང་ཕྲག་བདུན་ཅུ་གཉིས། །ཁང་པ་རེ་ལ་ཁང་པ་འབུམ། །ཁང་པ་དེར་གནས་སྲིན་བུའི་རིགས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། །གྲངས་ནི་འབུམ་དུ་ཤེས་པར་བྱ། །ནང་དང་གསང་བའི་རྩ་ལ་ཡང་། ། སྲིན་བུའི་རིགས་ནི་གྲངས་སུ་གསུངས། །དེ་ཁོ་ན་ཡི་རྩ་གསུམ་ལས། །འདོད་ཆགས་སྐྱེད་པའི་སྲིན་བུ་དགུ། །ཉིན་དང་མཚན་མོ་མཚམས་དང་གསུམ། །དགུ་རུ་མཁས་པས་ཤེས་པར་བྱ། །རྩ་དེར་གནས་པའི་ག་བུར་ཡང་། །བདུད་རྩི་སྦྱོར་བ་ལས་བྱུང་བ། ། བདུད་རྩི་ལ་སོགས་གོང་དུ་གསུངས། །ཡྃ་ལས་རླུང་གི་དཀྱིལ་འཁོར་དང་། །རྃ་ལས་མེའི་དཀྱིལ་འཁོར་བསམ། །དེ་སྟེང་ཨ་ལས་ཀ་པཱ་ལ། །པྃ་ལས་པདྨ་འདབ་བརྒྱད་བསམ། །ནང་དུ་ཟླ་བའི་དཀྱིལ་འཁོར་བསམ། །དེ་རུ་ཤ་ལ་སོགས་པ་དགོད། ། གཙོ་བོའི་སྟེང་དུ་སོར་བཞི་འམ། །མཐོ་གང་ཙམ་དུ་བསམ་པ་ནི། །ཡི་གེ་གོ་བཟློག་བསམ་པར་བྱ། །སྔོན་པོ་དམར་པོ་དཀར་པོ་སྟེ། །ཧཱུྃ་ལས་གྱུར་པའི་རྡོ་རྗེ་བསམ། །དེ་སྟེངས་ཡི་གེ་མྃ་བསམ་ལ། །ཉི་མའི་དཀྱིལ་འཁོར་སྟེང་དུ་བསམ། །འདི་ནི་བདུད་ རྩིའི་ཁ་སྦྱོར་རོ། །ཤ་ལྔ་ལས་ནི་གདན་ལྔར་གྱུར། །ལྕགས་ཀྱུ་བདུད་རྩི་ལྔ་རུ་འགྱུར། །ལས་ཀྱི་རླུང་གིས་མེ་བུས་ཏེ། །ཟླ་བ་གཙོ་བོ་ལ་སོགས་ཞུ། །ཐ་མལ་པ་ཡི་བདུད་རྩི་ཡིན། །ཡི་གེ་གསུམ་དང་ཉི་མ་ཞུ། །ལྷ་ཡི་བདུད་རྩི་ཞེས་ནི་བྱ། །འོད་ ཟེར་གྱིས་བཀུག་ཡེ་ཤེས་ཀྱི། །བདུད་རྩི་ཡིན་པ་རང་ཡིས་གསུངས། །ལན་གསུམ་བསྐོར་བ་སྐུ་གསུང་ཐུགས། །འདི་ནི་བྱིན་བརླབས་རྣལ་འབྱོར་རོ། །དེ་ནས་བདུད་རྩི་མྱང་དང་མཆོད། །མཆོད་པའི་རྣལ་འབྱོར་ཞེས་ནི་གསུངས། །དེ་ནས་རོལ་པའི་རྣལ་ འབྱོར་ཏེ། །གཡས་གཡོན་དགོངས་པ་ཤེས་པར་བྱ། །དེ་ནས་ཞུ་བའི་རྣལ་འབྱོར་ཡང་། །མཉམ་པའི་རླུང་དང་གཏུམ་མོའི་མེས། །ཡེ་ཤེས་བཞི་ཡི་ངོ་བོར་གྱུར། །ཆ་གཅིག་མི་བསྐྱོད་རྣམ་སྣང་སྟེ། །ཤ་ཟའི་མཁའ་འགྲོ་མཉམ་པ་ཉིད། །ཆ་གཅིག་བྱ་བ་ ནན་ཏན་ཏེ། །སྲིན་བུ་ལས་ཀྱི་མཁའ་འགྲོ་མཆོད། །ཆ་གཅིག་རླུང་དང་མཁྲིས་པ་སྟེ། །མཁྲིས་པས་བད་ཀན་ལ་སོགས་པ། །བླ་མའི་ཞལ་ནས་ཤེས་པར་བྱ། །རྩ་ནི་ཡེ་ཤེས་མཁའ་འགྲོ་སྟེ། །སོ་སོར་ཀུན་རྟོག་ཡེ་ཤེས་མཆོད། །ཆ་གཅིག་རང་བཞིན་མེད་ པ་སྟེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །རྡོ་རྗེ་མཁའ་འགྲོ་མཆོད་པར་མཛད། །རླུང་ནི་རྡོ་རྗེ་མཁའ་འགྲོ་སྟེ། །རྩ་ནི་ཡེ་ཤེས་མཁའ་འགྲོ་ཡིན། །ག་པུར་ཤ་ཟའི་མཁའ་འགྲོ་སྟེ། །སྲིན་བུ་ལས་ཀྱི་མཁའ་འགྲོ་ཡིན། །གཞན་ཡང་རྩ་ལ་སོགས་པ་ལ། ། མཁའ་འགྲོ་རྣམས་ཀྱི་བྱེ་བྲག་ཀུན། །གོ་རིམས་བཞིན་དུ་ཤེས་པར་བྱ། །སྐུ་ནི་ལས་ཀྱི་མཁའ་འགྲོ་སྟེ། །གསུང་ནི་ཤ་ཟའི་མཁའ་འགྲོའོ། །ཐུགས་ནི་ཡེ་ཤེས་མཁའ་འགྲོ་ཡིན། །བདེ་ཆེན་རྡོ་རྗེ་མཁའ་འགྲོའོ། །གཞན་ཡང་འཁོར་ལོ་དབུས་ནས་ནི། ། མཁའ་འགྲོའི་བྱེ་བྲག་ཤེས་པར་བྱ། །དགའ་བ་ལས་ཀྱི་མཁའ་འགྲོ་སྟེ། །མཆོག་དགའ་ཤ་ཟའི་མཁའ་འགྲོའོ། །རང་བཞིན་དགའ་བ་ཡེ་ཤེས་ཡིན། །བདེ་ཆེན་རྡོ་རྗེ་མཁའ་འགྲོའོ། །དཔའ་བོ་ཟླ་བའི་དཀྱིལ་འཁོར་ཏེ། །མཁའ་འགྲོ་མ་ནི་ཉི་མའོ། ། ཙཎྜ་ལཱི་ནི་ཉི་ཤུ་བཞི། །སྦས་པའི་འཁོར་ལོ་བཞི་རུ་ངེས། །བདེ་ཆེན་ལོངས་སྤྱོད་འཁོར་ལོར་བསྡུ། །ལོངས་སྤྱོད་ཆོས་ཀྱི་འཁོར་ལོར་བསྡུ། །གོང་དུ་བསྡུ་བའི་རིམ་པ་ཡང་། །ཐིག་ལེ་ལ་ནི་ཐམས་ཅད་འདུས། །དཔེར་ན་ཉི་མའི་དཀྱིལ་འཁོར་གཅིག་ཉིད་ལ། ། ཉི་མའི་འོད་ཟེར་ཕྱོགས་བཅུ་དུ་མར་སྣང་། །དུ་མའི་འོད་ཟེར་དཀྱིལ་འཁོར་གཅིག་ཏུ་འདུས། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གདུགས། །ཤིང་གི་འཁྲུལ་འཁོར་སྦྱོར་བ་ཇི་བཞིན་ནོ། །སྙིང་ག་ཆོས་ཀྱི་འཁོར་ལོར་བསྡུས་ནས་ཀྱང་། །ཉི་ཟླའི་ དཀྱིལ་ན་ཙ་ན་ཀ་ཡི་ཚད། །དེ་ཡི་དབུས་སུ་ཐིག་ལེ་ཡུངས་ཀར་ཚད། །སྔགས་ཕྲེང་བ་སྤུའི་ཉག་མ་ཙམ་གྱིས་ནི། །གཡོན་བསྐོར་གཡས་བསྐོར་དབྱངས་གསལ་སྦྲུལ་ལྟར་འཁྱིལ། །དེ་དག་ཐིག་ལེའི་རྣལ་འབྱོར་ཏེ། །འདི་ལ་སེམས་ནི་ བརྟན་འགྱུར་ནས། །དེ་ནས་ཕྲ་མོའི་རྣལ་འབྱོར་བསྒོམ། །ཟླ་བ་ཨཱ་ལི་ཀཱ་ལི་ལ། །ཨཱ་ལི་ཉི་མ་ལ་ཐིམ་ནས། །ཉི་མ་ཞབས་བསྐྱེད་ལ་ཐིམ་བསམ། །ཞབས་བསྐྱེད་ལ་སོགས་རིམ་པར་ཐིམ། །ཡན་ལག་ལྔ་ནི་ཡེ་ཤེས་ལྔ། །དེ་ནི་ཕྲ་མོའི་རྣལ་འབྱོར་ ཏེ། །དེ་ནས་ནཱ་ད་ཕྲ་མོ་ལ། །སེམས་ནི་རིམ་པར་བསྒོམ་པའོ། །དེ་ནས་རང་རིག་ཡེ་ཤེས་ཏེ། །ཆོས་ཀུན་སྟོང་པར་རོ་གཅིག་པའོ། །གཞན་ཡང་ཆོས་ཀྱི་འཁོར་ལོ་དང་། །སྤྲུལ་པ་ཡི་ནི་འཁོར་ལོ་གཉིས། །འབར་བ་དང་ནི་འཛག་པའི་ཚུལ། །བླ་ མའི་ཞལ་ནས་ཤེས་པར་བྱ། །ཕྱི་ཡི་རྣམ་རྟོག་རྩོལ་བ་སྟེ། །ནང་གི་རྣམ་རྟོག་སྲོག་གི་རླུང་། །སྲོག་རྩོལ་གཉིས་འགགས་དབུ་མ་སྟེ། །ཀུན་རྫོབ་སྟེང་གི་སྣ་རྩེ་ནས། །སོར་བཞི་ནས་ནི་རྩ་གསུམ་གཅིག །དབུགས་དགག་པ་ཡི་གནས་ཡིན་པས། །དང་ པོར་དེ་རུ་གཟུང་བར་བྱ། །དེ་ནས་སྤྲུལ་པའི་གནས་སུ་གཟུང་། །ཡང་ན་བགྲང་བར་ཤེས་པར་བྱ། །དེ་ནས་གསང་བ་གསུམ་པ་ནི། །ཤེས་རབ་ཡེ་ཤེས་དང་འབྲེལ་བའི། །དགའ་བའི་མཚན་ཉིད་བཤད་པའོ། །གཞང་ཁ་གཡའ་ཞིང་བ་སྤུ་ལྡང་། །དགའ་ བའི་མཚན་ཉིད་མི་དམིགས་པ། །བཅུ་གཉིས་རང་བཞིན་ཡིན་པར་གསུངས། །བྱང་ཆུབ་སེམས་རྒྱུ་མི་རྟོག་སྙམ། །མཆོག་དགའ་མི་དམིགས་ཉི་ཤུ་ལྔ། །གསང་བའི་ནོར་བུ་ཡོངས་སུ་གང་། །ལྷན་ཅིག་སྐྱེས་དགའ་མི་དམིགས་པ། །ཆོས་ཀྱི་སྐུ་ནི་ ཡིན་པར་གསུངས། །བདེ་བའི་རྒྱུན་ཆད་བྲལ་བའི་དགའ། །དེ་ཡི་མི་དམིགས་གཟུགས་སྐུ་གཉིས། །གཞན་ཡང་སྔོན་དུ་འགྲོ་བ་རྣམས། །ཡན་ལག་ཐབས་དང་སྦྱོར་བ་དངོས། །དགོངས་པ་དང་བཅས་རིམ་པའོ། །སྐར་མའི་ཚོགས་ལྟར་དུ་མར་སྤྲོས་མོད་ཀྱང་། ། ཉི་མ་ཟླ་བ་ལྟ་བུར་ཟུང་དུ་འཇུག །ཉི་མ་ཟླ་བ་ལྟ་བུར་ཟུང་འཇུག་ཀྱང་། །སྒྲ་གཅན་ལྟ་བུར་གཉིས་སུ་མེད་པའོ། །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །སྐར་མའི་ཚོགས་ནི་ཇི་ལྟ་བུ། །ཟུང་དུ་འཇུག་པ་ཇི་ལྟ་བུ། །གཉིས་སུ་མེད་པ་ཇི་ལྟ་བུ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། །བྱང་ཆུབ་སུམ་ཅུ་རྩ་བདུན་ནི། །རྒྱུ་ཡི་ཁྱད་པར་སྤྲོས་པའོ། །སྐུ་གསུམ་དང་ནི་ཡེ་ཤེས་ལྔ། །འབྲས་བུའི་ཁྱད་པར་སྤྲོས་པ་ཡིན། །རྒྱུ་རྣམས་བདུན་དུ་བསྡུ་བ་དང་། །འབྲས་བུ་གསུམ་དུ་བསྡུ་བའོ། །རྒྱུ་རྣམས་འབྲས་བུ་ལ་ཐིམ་སྟེ། །འབྲས་ བུ་གཉིས་སུ་བསྒོམ་པར་བྱ། །ཆོས་ཀུན་སེམས་ཀྱི་ངོ་བོ་སྟེ། །སེམས་ནི་སྟོང་པའི་རང་བཞིན་ཡིན། །ཐམས་ཅད་སྟོང་པར་རོ་གཅིག་པ། །འདི་ནི་བླང་དོར་མེད་པའི་དབྱིངས། །འདོད་ཆགས་རྣམ་པར་དག་བྱའི་ཕྱིར། །འདོད་ཆགས་སྐུ་ཡི་ཕྱག་རྒྱ་ལྔ། །ཕྱག་རྒྱ་ ཆེན་པོ་ཡེ་ཤེས་གཉིས། །དམ་ཚིག་ཆོས་དང་ལས་ཕྱག་རྒྱ། །འདི་ལ་བརྟེན་པ་ཤིན་ཏུ་ཟབ། །འདི་ནི་བདེ་བ་ཆེན་པོ་སྟེ། །བསྐྱེད་དང་རྫོགས་པའི་རང་བཞིན་དག །བདེ་ཆེན་འཁོར་ལོ་རྣམ་པ་གསུམ། །གསང་བའི་སྣ་རྩེ་ཨེ་ལ་གནས། །སྤྲུལ་པའི་འཁོར་ལོ་གང་ བ་ཡིན། །རིག་པ་ལ་སོགས་དེ་བཞིན་ཏེ། །གསང་བ་བདེ་སྐྱོང་བ་ལ་གནས། རང་བཞིན་བདེ་ཆེན་འཁོར་ལོ་སྟེ། །བདེ་བ་ཆེན་པོས་རོས་གང་བ། །ཏིལ་དང་ཏིལ་མར་ཇི་བཞིན་ནོ། །དཔེར་ན་ཤིང་སྣ་བཅད་པ་ལས། །འོ་མ་འཛག་པ་ཇི་བཞིན་ནོ། །བདེ་བ་ཆེན་ པོ་དེ་ཉིད་ལས། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་དང་། །ཁྲི་དང་འབུམ་གྱི་རྣམ་པ་སྟེ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་གློག་གི་རྣམ་པ་སྟེ། །བཞི་པ་མར་མེ་ལྟ་བུའོ། །འདི་དག་ཀུན་གྱི་རིམ་པ་ཡང་། །སྤྲུལ་པ་ལ་སོགས་རིམ་པ་ བཞིན། །སྤྲིན་གྱི་རྣམ་པ་སྐྱེ་བ་ནི། །ཨ་ནི་སྐྱེ་བའི་མཚན་མ་ཡིན། །མར་མེ་ལྟ་བུ་འཆི་བ་ཡིས། །ཧྃ་གི་མཚན་མར་གསུངས་པ་ཡིན། །ལྔ་པ་ནམ་མཁའ་ལྟ་བུ་ནི། །གཉིས་སུ་མེད་པ་བར་མ་དོའི། །མཚན་མ་སྟོང་པར་ཤེས་པར་བྱ། །གཞན་ཡང་ འདར་བ་ལ་སོགས་པ། །བླ་མའི་ཞལ་ནས་ཤེས་པར་བྱ། །དེ་ནས་གསང་བ་གསུམ་པ་ཡང་། །ཤེས་རབ་ཡེ་ཤེས་འབྲེལ་བ་སྟེ། །དགའ་བ་བཞི་ཡི་མཚན་ཉིད་ཀྱང་། །གཞང་ལམ་གཡའ་ཞིང་བ་སྤུ་ལྡང་། །ལུས་འདར་དགའ་ བའི་ངོ་བོ་ཡིན། །གསང་བ་རྡོ་རྗེ་རྩ་ལམ་ནས། །བྱང་ཆུབ་སེམས་རྒྱུ་བདེ་བ་སྙམ། །མཆོག་དགའ་ཡི་ནི་ངོ་བོ་སྟེ། །རྡོ་རྗེ་པདྨ་འགགས་པ་སྙམ། །ལྷན་ཅིག་སྐྱེས་པའི་ངོ་བོ་ཡིན། །བདེ་བའི་རྒྱུན་ཆད་བདེ་བ་སྙམ། །བྲལ་བ་དགའ་བའི་ངོ་བོ་ཡིན། །འདི་རྣམས་ ཀུན་གྱི་མཚན་ཉིད་ཀྱང་། །བྱང་ཆུབ་སེམས་ཕྱོགས་ལ་སོགས་པ། །གོང་དུ་གསུངས་པར་ཤེས་པར་བྱ། །དགའ་བ་སྣང་བ་ཞེས་བྱ་སྟེ། །མཆོག་དགའ་སྣང་བ་མཆེད་པ་ཡིན། །རབ་ཏུ་དགའ་བ་སྣང་བ་ཐོབ། །ལྷན་ཅིག་སྐྱེས་པ་འོད་གསལ་ བའོ། །ཡེ་ཤེས་བཞི་ཡི་རང་བཞིན་ཏེ། །བདུད་བཞི་འཇོམས་པའི་གཉེན་པོ་ཡིན། །རགས་པ་བཞི་ཡིས་གསང་བར་འཇོམས། །ཕྲ་བའི་བདུད་བཞི་རང་བཞིན་གྱིས། །འཁོར་ལོ་བཞི་རུ་འཇོམས་པ་ཡིན། །འཁོར་ལོ་ལ་རྟེན་དགའ་བ་བཞི། །དེ་ ཉིད་ཡེ་ཤེས་བཞི་རུ་སྣང་། །དེ་ཕྱིར་བདུད་བཞི་འཇོམས་པ་ཡིན། །འདོད་ཆགས་ལ་བརྟེན་དུག་གསུམ་ནི། །ཉོན་མོངས་པ་ཡི་བདུད་ཡིན་ཏེ། །འདོད་ཆགས་རྣམ་པ་བཅུ་གཉིས་ཡིན། །གསང་བའི་བདེ་སྐྱོང་ཉོན་མོངས་འཇོམས། །ཁ་དོག་ དབྱིབས་ནི་ཕུང་པོའི་བདུད། །རྟ་མགྲིན་འཁོར་ལོ་ཕུང་པོ་འཇོམས། །སྦས་པ་བཞི་ནི་ལྷ་ཡི་བདུད། །རིག་པའི་འཁོར་ལོ་ལྷ་བདུད་འཇོམས། །སྐྱེ་བ་དང་བཅས་འཆི་བ་སྟེ། །གསང་བ་སྐྱེ་མེད་འཆི་བདག་འཇོམས། །ཕྲ་བའི་བདུད་འཇོམས་དེ་དང་ འདྲ། །སྐད་ཅིག་བཞི་དང་སྡེ་པ་བཞི། །བཟང་པོ་བཞི་དང་བདེན་པ་བཞི། །འབྱུང་བ་བཞི་དང་ཡུམ་བཞི་དང་། །ཚངས་པའི་གནས་བཞི་ལ་སོགས་པ། །ཡེ་ཤེས་བཞི་པོ་འདི་ཉིད་ལས། །ཁྱད་པར་གཞན་ནི་མི་འབྱུང་སྟེ། །རྣམ་པར་རྟོག་པའི་ བྱེ་བྲག་དང་། །གཞན་ཡང་མོས་པའི་བྱེ་བྲག་དང་། །ཆོས་ཚུལ་དུ་མའི་བྱེ་བྲག་གིས། །སྣ་ཚོགས་དུ་མར་གསུངས་པ་ཡིན། །དབང་གསུམ་བགྲོད་པའི་རྣལ་འབྱོར་པ། །དགེ་སློང་ཆེན་པོར་གསུངས་པ་སྟེ། །འདི་ཡི་ཐམས་ཅད་བྱ་བར་གསུངས། །རྡོ་ རྗེ་སྙིང་པོས་ཡང་གསོལ་པ། །དགེ་སློང་དབང་གསུམ་ཇི་ལྟར་ལགས། །དེ་ཡི་བྱ་བ་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགེ་སློང་ལ་སོགས་རྣམ་པ་གསུམ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ཉིད་ཀྱི་དགེ་སློང་ངོ་། ། གཅིག་དང་བཞི་དང་བཅུ་དང་ལྡན། །ཉིས་བརྒྱ་ལྔ་བཅུའི་གོ་རིམས་ཀྱིས། །བསྙེན་གནས་དགེ་བསྙེན་དགེ་ཚུལ་དང་། །དགེ་སློང་སོ་སོར་ཐར་པ་ཡིན། །གཏོང་དང་གཏོང་བ་ཆེན་པོ་དང་། །ཤིན་ཏུ་གཏོང་དང་རྣམ་པར་གཏོང་། །བསྙེན་གནས་དགེ་བསྙེན་ དགེ་ཚུལ་དང་། །དགེ་སློང་བྱང་ཆུབ་སེམས་དཔའ་ཡིན། །དཀྱིལ་འཁོར་དུ་ཞུགས་དགེ་བ་སྟེ། །དེ་ལ་གནས་པ་བསྙེན་གནས་ཡིན། །བདུན་དང་ལྡན་ཕྱིར་ཆེན་པོ་ཡིན། །ཆེན་པོ་འདི་གསུམ་བྱེ་བྲག་ཀྱང་། །བུམ་པའི་དབང་ནི་དགེ་བ་སྟེ། །དེ་ལ་ བསྙེན་པས་དགེ་བསྙེན་ཡིན། །དེ་ཕྱིར་བདུན་ལྡན་ཆེན་པོ་ཡིན། །གསང་བའི་དབང་ནི་དགེ་བ་སྟེ། །དེ་ཡི་ཚུལ་ལྡན་དགེ་ཚུལ་ཡིན། །བདུན་དང་ལྡན་པས་ཆེན་པོ་ཡིན། །དགེ་བ་ཤེས་རབ་ཡེ་ཤེས་ཏེ། །དེ་ཉིད་སློང་བས་དགེ་སློང་ཡིན། །བདུན་དང་ ལྡན་པས་ཆེན་པོ་ཡིན། །ཆེན་པོ་འདི་གསུམ་བྱེ་བྲག་ཀྱང་། །ཕྱིར་མི་ལྡོག་པ་གསུམ་ཡིན་ཏེ། །རྣམ་པར་སྨིན་དང་འཁོར་བ་དང་། །ཐེག་པ་དམན་པར་ལྡོག་པ་ནི། །སྤོང་བ་གསུམ་ནི་གོ་རིམས་བཞིན། །ཐེག་པ་གསུམ་གྱིས་ངེས་འབྱུང་ཞིང་། ། རིག་འཛིན་ཐེག་པ་འབྲས་བུར་གནས། །འབྲས་བུ་འདི་གནས་རྣལ་འབྱོར་པ། །ཁྱིམ་པའམ་རྡོ་རྗེ་འཛིན་པ་ཡི། །ཆ་ལུགས་སུ་ནི་གནས་བྱས་ལ། །དབང་བསྐུར་རབ་གནས་ལ་སོགས་བྱ། །ཐེག་པ་གསུམ་གྱི་ཆ་ལུགས་ཀྱིས། །གསང་བ་སྤྱད་པར་ མ་གསུངས་ཏེ། །དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པར་རོལ། །ཟངས་ཀྱི་དུས་ན་རྡོ་མེད་དོ། །གསེར་དུ་གྱུར་པས་རྡོ་མི་སྣང་། །རིག་འཛིན་ཉིད་ཀྱི་དགེ་སློང་ལ། །སོ་སོར་ཐར་དང་བྱང་ཆུབ་ སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ། །དེ་ནས་གསང་བ་བཞི་པོ་ཡང་། །བཞི་པའི་དབང་དང་འབྲེལ་བ་སྟེ། །རྟག་ཏུ་གཡོ་བའི་སེམས་འདི་ཉིད། །གཟུགས་ལ་སོགས་པ་བཀུག་ནས་ནི། །བསྒོམ་བྱར་ ལྷན་ཅིག་བཅས་པ་དག །དབང་དུ་བྱས་དེ་བསྒོམ་པར་བྱ། །གཟུང་བ་དང་ནི་འཛིན་པ་ཡི། །དམིགས་པ་ཐམས་ཅད་རྣམ་སྤངས་ཏེ། སེམས་ཉིད་བསམ་དུ་མེད་པས་ན། །ཅིར་ཡང་བསམ་པར་མི་བྱའོ། །སེམས་ཉིད་སྟོང་པར་བཅུག་ནས་སུ། །སྟོང་ པ་སེམས་སུ་རབ་བཅུག་ནས། །སྟོང་དང་མི་སྟོང་ལ་སོགས་པའི། །རྟོག་པ་བཅོམ་པས་མཁའ་ལྟར་འགྱུར། །རྟེན་ཡོད་མ་ཡིན་བརྟེན་པ་མེད། །དཔེ་མེད་གནས་ཀྱང་ཡོད་མ་ཡིན། །དེ་ཉིད་གནས་པ་རྫོགས་པ་སྟེ། །ལྷན་སྐྱེས་གཉིས་མེད་རིག་ པའོ། །དེ་ནས་སྤྱོད་པ་བཀའ་སྩལ་པ། །ཁྲོ་ཚུལ་གར་དང་ཕྱག་རྒྱ་རྣམས། །སྒྱུ་མ་ཙམ་དུ་མ་ཤེས་པར། །ཕྱག་རྒྱ་ཆེན་པོར་ཡང་དག་བསྒོམས། །དུར་ཁྲོད་རྒྱལ་པོ་དྲེགས་པ་ཅན། །སྙིང་རྗེ་མེད་ཅིང་ཤ་ཁྲག་ཟ། ། དེ་ཡི་གནས་སུ་སྐྱེ་བར་འགྱུར། །ཕྱི་ནང་སྦས་དང་མཐར་ཐུག་གི། །དཀྱིལ་འཁོར་དུ་ཞུགས་དབང་མནོས་ནས། །བསྒོམ་དང་བཟླས་པ་ལ་སོགས་མེད། །གསང་སྔགས་བར་དུ་གཅོད་ཅིང་གཤེ། །རྣལ་འབྱོར་ཀུན་ ལ་སྐུར་པ་འདེབས། །རྡོ་རྗེ་སྤུན་ཚིག་སློབ་ལ་འཕྱར། །རྩ་བ་ཡན་ལག་དམ་ཚིག་ཉམས། །བླ་མ་ལ་སྨོད་རྣམ་སྨིན་གྱིས། །མནར་མེད་སེམས་ཅན་དམྱལ་བར་སྐྱེ། །རྟེན་ཅིང་འབྲེལ་བ་ཟབ་མོ་ཡི། །རྩ་ ཡི་འཁོར་ལོའི་དོན་མ་རྟོགས། །ལྕགས་གྲི་སོར་ནི་བཅུ་དྲུག་པ། །འཛེག་པ་རུ་ནི་ང་ཡིས་བཤད། །གབ་པའི་གསང་བ་མ་རྟོགས་པར། །སྦས་པ་མི་དམིགས་རྣམ་གསུམ་གྱིས། །ཐུར་དུ་སེམས་ཅན་ དམྱལ་བར་སྐྱེ། །ཤིང་རྟའི་འཁོར་ལོ་འཁོར་བ་ལྟར། །ལས་ཀྱི་རྣམ་པར་སྨིན་པས་འཁོར། །ཤེས་པས་རང་གི་རང་རིག་དང་། །རང་རིག་བདེ་བ་གང་འདོད་དང་། །རང་རིག་སྒྱུ་མར་གང་འདོད་པ། །རང་རིག་ཤེལ་ སྒོང་ལྟ་བུ་དང་། །དབྱིངས་དང་ཡེ་ཤེས་ལ་སོགས་པ། །ལྟ་བའི་དོན་ཉིད་འཆད་པའོ། །རྒྱུད་ཀྱི་དོན་ནི་རྣམ་པ་གསུམ། །བདེ་ཆེན་འཁོར་ལོ་རྒྱུ་ཡི་རྒྱུད། །གསང་བའི་སྣ་རྩེ་ཐབས་ཀྱི་རྒྱུད། །གསང་བ་བདེ་སྐྱོང་འབྲས་ བུའི་རྒྱུད། །བུམ་པ་རྒྱུ་ཡི་རྒྱུད་དུ་གསུངས། །གསང་བ་ཐབས་ཀྱི་རྒྱུད་ཡིན་ཏེ། །ཤེས་རབ་ཡེ་ཤེས་འབྲས་བུའི་རྒྱུད། །སྐྱེ་བ་རྒྱུ་ཡི་རྒྱུད་དུ་གསུངས། །འཆི་བ་ཐབས་ཀྱི་རྒྱུད་དུ་གསུངས། །བར་མ་དོ་ནི་ འབྲས་བུའི་རྒྱུད། །རྒྱུད་ཅེས་པ་ནི་རྒྱུན་ཡིན་ཏེ། །རྒྱལ་པོ་གསང་བ་སྟོན་པ་སྟེ། །གསང་བ་རྣམ་པ་བཞི་རུ་གསུངས། །བུམ་པ་ལས་དང་པོ་ལ་གསང་། །གསང་བ་བུམ་པའི་དུས་སུ་གསང་། །ཤེས་རབ་ཡེ་ཤེས་གསང་ བར་གསང་། །རང་རིག་ཤེས་རབ་ཡེ་ཤེས་གསང་། །གསང་བའི་འཁོར་ལོ་བཞི་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། མཁའ་འགྲོ་མའི་ཚོགས་རི་རབ་ཀྱི་རྡུལ་སྙེད་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་ བསྐོར་བ་བྱས་ནས་མི་སྣང་བར་གྱུར་ཏོ། །དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།པཎྜི་ཏ་ག་ཡེ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སྃ་བ་ར་གུ་ཧྱ་ཨ་ཙིནྟ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ། །དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་དེའི་དུས་ན་འཁོར་འདུས་པ་ཐམས་ཅད་ཀུན་རྫོབ་འཁོར་བའི་ཆོས་ལ་སྐྱོ་བར་གྱུར་ཏོ། །དེ་ནས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་ གསོལ་པ། །ཀྱེ་ཀྱེ་བཅོམ་ལྡན་ཧེ་རུ་ཀ། །ཀུན་རྫོབ་འཁོར་བའི་ཆོས་རྣམས་ཀྱི། །དེ་ཡི་རང་བཞིན་ཇི་ལྟ་བུ། །གཙོ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སླུ་བའི་མཐའ་དང་མཚན་མར་སྣང་། །དེ་ཉིད་ཀུན་རྫོབ་འཁོར་བའི་ཆོས། །སེམས་ ཉིད་བསམ་གྱིས་མི་ཁྱབ་པ། །འཁོར་བའི་ཆོས་ཀྱི་རང་བཞིན་ནོ། །ཕྱག་ན་རྡོ་རྗེས་ཡང་ཞུས་པ། །བསམ་གྱིས་མི་ཁྱབ་སེམས་ཉིད་ཀྱིས། །དབྱེ་བ་མི་མཐུན་གྲངས་དག་དང་། །དུས་དང་གནས་པའི་ཚུལ་དག་དང་། །འཇུག་པའི་དུས་དང་ཐབས་རྣམས་དང་། །གནས་པའི་ཚད་དང་ རིམ་པ་དག །གཙོ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བག་ཆགས་ཉོན་མོངས་ཡེ་ཤེས་སྐུ། །རིས་དྲུག་རྩ་ཤིང་འཁྲིལ་ལྕུག་གི། །རང་བཞིན་ངག་གི་ལམ་འདས་ལ། །དེ་ཉིད་བསམ་གྱིས་མི་ཁྱབ་སྟེ། །དུས་གསུམ་སངས་རྒྱས་ངོ་བོ་ ཡིན། །བདེ་གཤེགས་ཀུན་གྱི་ཐུགས་ཀྱི་གསང་། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །རྟག་ཆད་སྐྱེ་འགག་ལ་སོགས་པའི། །མཐའ་སྤངས་སེམས་ཉིད་རང་རིག་ཅིང་། །གདོད་ནས་སྤྲོས་བྲལ་བདེ་བ་ཉིད། །དེ་དོན་བསམ་གྱིས་མི་ཁྱབ་ངེས། །དེ་ཉིད་དབྱེ་བར་རབ་འབྲིང་ཐ། །རྣམ་ པ་གསུམ་དུ་ཤེས་བྱ་སྟེ། །དང་པོར་རང་རིག་བསམ་མི་ཁྱབ། །རྒྱུ་དང་ལམ་རྟགས་བསམ་མི་ཁྱབ། །མཐའ་དང་ཉོན་མོངས་བསམ་མི་ཁྱབ། །ཆོས་དང་ལྟ་སྤྱོད་བསམ་མི་ཁྱབ། །ཡི་གེ་བསམ་གྱིས་མི་ཁྱབ་པ། །མདོར་བསྟན་དེ་ཉིད་རྣམ་པར་དབྱེ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། ། དེ་ཉིད་ཆོས་ནི་བསམ་མི་ཁྱབ། །ཨ་ནི་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །སྐྱེ་བ་ཀུན་གྱི་རྒྱུར་གྱུར་པ། །ཡི་གེ་དམ་པ་བསམ་མི་ཁྱབ། །ཕྲག་བྱུང་ཁྲུས་དང་གཙང་སྦྲ་དང་། །རྒྱན་ཆ་གཅེར་བུ་ཐལ་གོས་སོགས། །ཆང་དང་བདུད་རྩི་ཤ་དང་ཡང་། །མ་དང་སྲིང་མོ་བུ་མོ་ སོགས། །རོལ་པའི་སྤྱོད་པ་བསམ་མི་ཁྱབ། །ང་ཡིས་གདུལ་བའི་སེམས་ཅན་ལ། །མོས་པའི་མཐའ་ལ་ཐུག་པ་མེད། །དེ་ཕྱིར་ཐེག་པ་ཐུག་མེད་པས། །དེ་ཉིད་ལྟ་བ་བསམ་མི་ཁྱབ། །རྟག་ཆད་སྒྲོ་སྐུར་ལྟོས་པའི་སྒྲ། །དེ་ཉིད་མཐའ་གནས་བསམ་མི་ཁྱབ། །འདོད་ཆགས་ཞེ་སྡང་གཏི་ མུག་སོགས། །ཉོན་མོངས་བསམ་གྱིས་མི་ཁྱབ་པ། །འདར་དང་འཕར་དང་དྲོད་ལ་སོགས། །རྟགས་ཉིད་བསམ་གྱིས་མི་ཁྱབ་པ། །ལྷ་བསྒོམ་རླུང་དང་རྩ་སོགས་པ། །ལམ་ཉིད་བསམ་གྱིས་མི་ཁྱབ་པ། །རང་རིག་ནམ་མཁའི་སྤྲིན་ཆར་ཚུལ། །ཕ་རོལ་ཕྱིན་དྲུག་ལ་སོགས་པ། །རྒྱུ་ ཉིད་བསམ་གྱིས་མི་ཁྱབ་པ། །རྒྱུ་འབྲས་ཐ་སྙད་ཀུན་དང་བྲལ། །རྩོལ་བ་རྡུལ་གྱིས་མ་གོས་པ། །སྤྲིན་མེད་མཁའ་ལྟར་མ་བཅོས་པའི། །སྤྱི་དང་རང་གི་མཚན་ཉིད་དག །རང་རིག་བསམ་གྱིས་མི་ཁྱབ་པའོ། །ཨ་ནི་ཤད་དང་སྦྲུལ་སོགས་ཀྱིས། །བཅུ་གཉིས་ལ་སོགས་དབྱེ་བ་ཡིས། ། ཡི་གེའི་དབྱེ་བ་རྒྱས་པའོ། །གཟུགས་ནི་སྡུག་དང་མི་སྡུག་སོགས། །བཅུ་དགུ་ཕྲ་རབ་རྡུལ་གྱི་བར། །སྒྲ་ལ་སོགས་པ་དེ་བཞིན་ཏེ། །སྒྲ་བརྒྱད་དྲི་གསུམ་རོ་དྲུག་སྟེ། །རེག་བྱ་བཅུ་གཅིག་ཆོས་དེ་བཞིན། །གང་ཞིག་འདུས་བྱས་འདུས་མ་བྱས། །ཆོས་ཀྱི་དབྱེ་བ་རྒྱས་པའོ། །ཐེག་ པ་གསུམ་དང་བཅྭ་བརྒྱད་དང་། །ཇི་སྙེད་འདུ་ཤེས་ཡོད་ཀྱི་བར། །ལྟ་བའི་དབྱེ་བ་རྒྱས་པའོ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་ལམ་བསྒོམ་ལམ་མཐར་ཕྱིན་ལམ། །ལམ་གྱི་དབྱེ་བ་རྒྱས་པའོ། །སེམས་རྟག་བདུད་རྟགས་འབྱུང་བའི་རྟགས། །རྟགས་ཀྱི་དབྱེ་བ་ རྒྱས་པའོ། །མུ་སྟེགས་རང་རྒྱལ་ཉན་ཐོས་ནས། །རྡོ་རྗེ་འཛིན་པའི་སྤྱོད་པའི་བར། །སྤྱོད་པའི་དབྱེ་བ་རྒྱས་པའོ། །རྟག་དང་ཆད་དང་སྒྲོ་སྐུར་ནས། །འཁོར་དང་མྱ་ངན་འདས་མཐའ་དང་། །ཐབས་དང་ཤེས་རབ་མཐའ་ཡི་བར། །མཐའ་ཡི་དབྱེ་བ་རྒྱས་པའོ། །འདོད་ཆགས་ ལ་སོགས་ཉི་ཁྲི་དང་། །ཆིག་སྟོང་རྩ་བ་ཉེ་བ་དང་། །ཞེ་སྡང་ལ་སོགས་དེ་བཞིན་ཏེ། །ཉོན་མོངས་དབྱེ་བ་རྒྱས་པའོ། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །འདོད་ཆགས་ཆེ་དང་སྦྱིན་པ་སོགས། །རྒྱུ་ཡི་དབྱེ་བ་རྒྱས་པའོ། །སེམས་དང་ནམ་མཁའ་ཡེ་ ཤེས་དང་། །སངས་རྒྱས་འོད་གསལ་ཟུང་འཇུག་སོགས། །རང་རིག་དབྱེ་བ་རྒྱས་པའོ། །བློས་བརྟགས་མཚན་མར་སྣང་བ་དང་། །སྒྲོ་འདོགས་པ་དང་སྐུར་འདེབས་དང་། །རིམ་མིན་མོས་པ་ཁྱད་པར་ཚོལ། །རྡུལ་ཙམ་ཁས་ལེན་བློས་འཇོག་ཅིང་། །སངས་རྒྱས་ཉིད་ཀྱང་སྒྲུབ་ བྱེད་པ། །གང་ལྟར་བཅོས་ཀྱང་དེ་མཐའ་སྟེ། །གང་ཞིག་མཐར་ལྷུང་ལྟ་བ་དེ། །རང་རིག་གཞན་རིག་སེམས་མ་ཡིན། །ཀུན་རྫོབ་དོན་དམ་གཉིས་མ་ཡིན། །རང་རིག་རྟོག་གེ་སྐམ་པོ་དང་། །མཐར་ལྟུང་དབུ་མར་ཁས་ལེན་པ། །དེ་ནི་སེམས་ཉིད་རང་རིག་དང་། །བརྗོད་མེད་ བསམ་གྱིས་མི་ཁྱབ་པའི། །མི་མཐུན་པ་ཡི་ཕྱོགས་ཡིན་ཏེ། །དེ་བྲལ་བསམ་གྱིས་མི་ཁྱབ་པའི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །སྦྱིན་སོགས་དཀར་པོའི་ཆོས་རྣམས་དང་། །རང་རིག་སྤྱི་ཡི་རྣམ་པ་ཡིས། །རང་རིག་ཡེ་ཤེས་ཆེན་པོ་ལ། །ཐབས་དང་ཐབས་ལས་བྱུང་བ་ འམ། །རྒྱུ་དང་འབྲས་བུ་ལ་སོགས་པ། །རྡུལ་ཙམ་ཐ་སྙད་ཡོད་མ་ཡིན། །རང་འབྱུང་ཡེ་ཤེས་ཡིན་པའི་ཕྱིར། །འདོད་ཆགས་ལ་སོགས་སྐྱོན་གྱིས་ཀྱང་། །དེ་ལ་སྒྲིབ་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་ནོ། །རང་རིག་གཞན་རིག་བྱེ་བྲག་གིས། །སེམས་ཅན་སངས་རྒྱས་ གཉིས་སུ་དབྱེ། །རང་རིག་སྤྲིན་མེད་ནམ་མཁའ་ལ། །གཞན་རིག་རྣམ་རྟོག་ནམ་མཁར་མཚུངས། །སྤྲིན་སོགས་རླུང་གིས་གཏོར་བྱས་ཏེ། །སྤྲིན་མེད་མཁའ་འདྲ་སྣང་བ་ཉིད། །གཞན་རིག་རྣམ་རྟོག་བྲལ་བ་ལ། །སྒྲིབ་བྲལ་སངས་རྒྱས་ཞེས་བྱ་སྟེ། །རང་རིག་ཁོ་ན་ཙམ་དུ་ཟད། ། དཔེར་ན་སྐྱེས་བུ་ནམ་མཁའ་ལྟ་བ་ལ། །སྤྲིན་གྱིས་སྐྱེས་བུའི་མིག་ལ་བསྒྲིབས་པ་ལས། །ནམ་མཁའ་དེ་ལ་མ་བསྒྲིབས་ཇི་བཞིན་ནོ། །གྲངས་ནི་དང་པོ་གཅིག་ཡིན་ཏེ། །གཞན་རིག་རང་རིག་གྱུར་པ་ལས། །དག་པ་གཞན་གྱིས་རྣམ་གྲོལ་མིན། །འདིར་ནི་རང་རིག་གཅིག་ཁོ་ན། ། དེ་ཉིད་རིག་ཅིང་ངེས་པའོ། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །གཟུང་འཛིན་ཐབས་དང་ཤེས་རབ་སྟེ། །བསམ་གྱིས་མི་ཁྱབ་གཉིས་པའོ། །ལུས་ངག་སེམས་ཀྱི་རང་བཞིན་ལས། །རྣམ་ཐར་སྟོང་དང་མཚན་མ་མེད། །སྨོན་པ་མེད་དང་སྐུ་གསུང་ཐུགས། །བསམ་གྱིས་མི་ཁྱབ་ གསུམ་པའོ། །བྱམས་དང་སྙིང་རྗེ་དགའ་བཏང་སྙོམས། །ས་ཆུ་མེ་རླུང་རང་བཞིན་ལས། །བཞི་ཡི་གྲངས་སུ་ངེས་པ་སྟེ། །དགའ་བ་ལ་སོགས་དེ་བཞིན་ནོ། །རིགས་ལྔ་ཡི་ནི་སངས་རྒྱས་ལྔ། །ཕུང་པོ་ལྔ་དང་ཆགས་སྡང་ལྔ། །བསམ་གྱིས་མི་ཁྱབ་ལྔ་པའོ། །ཕ་རོལ་ཕྱིན་དྲུག་ རང་བཞིན་ལས། །ཡུལ་དྲུག་དབང་པོ་དྲུག་ལ་སོགས། །བསམ་གྱིས་མི་ཁྱབ་དྲུག་ཉིད་དེ། །བརྒྱ་སོགས་གྲངས་ནི་བསམ་མི་ཁྱབ། །གང་ཞིག་རང་རིག་གཞན་རིག་གཉིས། །ཐོག་མ་མེད་ནས་གནས་པ་སྟེ། །ལུས་དང་གྲིབ་མའི་ཚུལ་དུ་གནས། །རང་རིག་མེད་པར་གཞན་རིག་ དག །སོ་སོ་སྐྱེ་བོའི་དུས་ན་འདོད། །འདི་ཡང་རྨོངས་ཆེན་མ་རུངས་པ། །གཞན་རིག་མ་སྤངས་རང་རིག་འདོད། །འཁོར་བ་སྤངས་ནས་མྱ་ངན་འདས། །ཁ་ཅིག་འཁོར་བ་མྱ་ངན་འདས། །རིག་པས་བླང་དོར་གཉིས་སུ་རྟོགས། །དེ་ལ་སོགས་པ་ལྟ་བའི་གདོན། །རིག་པ་འཛིན་ ལ་བརྒྱ་རྩ་བཅུ། །ཐེག་ཆེན་མདོ་སྡེ་སྟོང་ཕྲག་གསུམ། །ཉན་ཐོས་རང་རྒྱལ་བརྒྱ་ཕྲག་གཉིས། །ཁྱབ་འཇུག་དྲག་པོ་ལ་སོགས་པ། །ལྟ་བའི་གདོན་ལ་བསམ་མི་ཁྱབ། །རང་རིག་གདོད་ནས་མ་སྐྱེས་པ། །སྟོང་པ་མ་བཅོས་ལྷུན་གྱིས་གྲུབ། །བདེ་བ་ཆེན་པོ་རོས་གང་བ། །ཁམས་ གསུམ་འཁོར་བ་ཀུན་ཤེས་ན། །སངས་རྒྱས་ཉིད་ནི་འཁོར་བ་ལ། །འཁོར་བ་ཉིད་ནི་མྱ་ངན་འདས། །ལྟ་བའི་གདོན་དང་བྲལ་བ་སྟེ། །རང་རིག་མེད་ཅིང་གཞན་རིག་མེད། །དོན་དམ་ཀུན་རྫོབ་གཉིས་ཀ་སྤངས། །སེམས་མེད་ནམ་མཁའ་ཆོས་ཉིད་མེད། །འཁྲུལ་བ་མེད་ཅིང་མ་ འཁྲུལ་མེད། །ཐེག་པ་མེད་ཅིང་རིམ་པ་མེད། །དམན་དང་གྱ་ནོམ་གཉིས་ཀ་མེད། །ཡེ་ཤེས་མེད་ཅིང་བདེ་བ་མེད། །མཐའ་བྲལ་དབུ་མར་མི་གནས་པ། །བསམ་མི་ཁྱབ་ཏུ་གནས་པ་སྟེ། །འདི་རྟོགས་ཁོང་དུ་ཆུད་པ་དང་། །མི་འཇིགས་སྒྲོ་སྐུར་མི་རྩོམ་པ། །རྒྱལ་བའི་སྲས་ཀྱི་ ཐུ་བོ་སྟེ། །རྒྱལ་སྲས་ཀུན་གྱི་ནང་ན་མཆོག །རྡོ་རྗེ་འཛིན་པས་བྱིན་རློབ་ཅིང་། །མཁའ་འགྲོ་ཀུན་གྱི་མཆོད་པའི་གནས། །རིག་འཛིན་ས་ལ་འཇུག་པ་སྟེ། །དེས་ཀྱང་མཉམ་གཞག་འབད་དེ་བསླབ། །རིག་འཛིན་ས་ལ་གནས་པར་བྱ། །རིག་འཛིན་ ས་ལ་གནས་ནས་ཀྱང་། །རྡོ་རྗེ་འཛིན་པའི་ས་ལ་འཇུག །རྡོ་རྗེ་འཛིན་པའི་སར་གནས་ཏེ། །བཅྭ་ལྔ་ས་ཡི་བདག་ཉིད་ལས། །སྐུ་གཉིས་གཞན་གྱི་དོན་མཛད་པ། །གཞན་གྱི་ལས་དང་སྨོན་ལམ་སྟོབས། །དེ་ཡི་སྟོབས་ཀྱིས་སྣང་བ་ལས། །ཡང་དག་ཉིད་ལ་སྣང་རྒྱུ་མེད། ། རིམ་པ་རྣམ་པ་གཉིས་ཡིན་ཏེ། །དང་པོ་བླ་མའི་གདམས་ངག་དང་། །རིག་འཛིན་ས་ལ་གནས་པའི་བར། །རང་རིག་སྤྱི་ཡི་རྣམ་པ་སྟེ། །ཆོས་ཉིད་ཡུལ་དུ་བྱས་པའོ། །རྡོ་རྗེ་འཛིན་པའི་སར་གྱུར་ཏེ། །རང་རིག་རང་གི་མཚན་ཉིད་ནི། །ཡུལ་དང་ཡུལ་ཅན་ལ་སོགས་པའི། ། རྟོག་མེད་མཁའ་ལྟར་སྣང་བ་ཡིས། །ཁམས་གསུམ་བརྟན་དང་གཡོ་བཅས་པའི། །བདག་ཉིད་དེ་ཉིད་ཚུལ་གྱིས་ནི། །མཉམ་གཞག་རྗེས་ཐོབ་ཀུན་སྤངས་ཏེ། །སྒྱུ་མའི་ཚུལ་དུ་གང་གནས་པ། །སྣང་བ་མཐར་ཕྱིན་པ་ཡི་ཚད། །ཐུན་དང་འཕོ་བ་ཆུ་ཚོད་དང་། །དབྱུ་གུ་སྐད་ཅིག་ རིམ་པ་ལ། །སེམས་ཀྱི་བྱིང་རྒོད་ལ་སོགས་སྐྱོན། །བྲལ་ཏེ་དབེན་པར་གནས་པ་ནི། །སྣང་མེད་མཐར་ཕྱིན་ཚད་ཡིན་ཏེ། །རང་རིག་ཕྱི་ཡི་ཚད་བསྟན་ཏོ། །སྣང་བ་མེད་ཅིང་སྒྱུ་མ་མེད། །བྱ་བ་ཙལ་མེད་ཅིང་བགྲོད་པ་མེད། །རང་བྱུང་ལྷུན་གྱིས་གྲུབ་པ་རུ། །རྟག་ཏུ་མི་འགྱུར་གང་ གནས་པ། །རང་རིག་པ་ཡི་མཚན་ཉིད་ལ། །མཐར་ཕྱིན་པ་ཡི་ཚད་ཡིན་ནོ། །འདོད་ཆགས་རོ་ཡིས་མྱོས་པ་དང་། །སེམས་བསྐྱེད་སྡོམ་འཛིན་དབང་བསྐུར་དང་། །ཚོགས་ཀྱི་འཁོར་ལོ་འདུས་པའི་དུས། །བསམ་གྱིས་མི་ཁྱབ་རྒྱུ་ཡི་དུས། །ཁྱད་པར་ཅན་དུ་གསུངས་པའོ། །གཞན་ ཡང་རྟོག་པའི་སེམས་དང་ཡང་། །རྟོག་མེད་སེམས་དང་འདྲེས་པ་ཡི། །གཟུགས་ལ་བརྟེན་པའི་མིག་ཉིད་ཀྱིས། །རྟོག་པའི་རྒྱུན་ཆད་སེམས་དེ་ཉིད། །སེམས་ཀྱི་རྒྱུན་བྲལ་རྒྱུ་དེ་ཉིད། །བསམ་གྱིས་མི་ཁྱབ་རྒྱུ་ཡི་དུས། །སྒྲ་ལ་སོགས་པའི་དེ་བཞིན་ནོ། །འདོད་ཆགས་ཞེ་སྡང་གཏི་མུག་ སོགས། །ཉོན་མོངས་རྗེས་ནས་རྒྱུ་བ་སྟེ། །བྱམས་དང་སྦྱིན་སོགས་དེ་བཞིན་ནོ། །བཟོད་སོགས་བཏང་སྙོམས་དེ་བཞིན་ཏེ། །བསམ་གྱིས་མི་ཁྱབ་རྒྱུ་ཡི་དུས། །བླ་མའི་ཞལ་ནས་ཤེས་པར་བྱ། །སྦྱིན་དང་ཚུལ་ཁྲིམས་ལ་སོགས་དང་། །བྱམས་དང་སྙིང་རྗེ་ལ་སོགས་པའི། །མདོར་ ན་དཀར་པོའི་ཆོས་རྣམས་དང་། །བཟོ་དང་སྒྱུ་རྩལ་ལ་སོགས་དང་། །བསྐྱེད་རྫོགས་བསྒོམ་པའི་རིམ་པ་ཀུན། །སྐྱེ་བ་གཅིག་གམ་དུ་མས་ནི། །ཡོངས་སུ་རྫོགས་པར་གྱུར་པ་དང་། །འཁོར་བའི་ཆོས་ལ་གང་སྐྱོ་བ། །བསམ་མི་ཁྱབ་ལ་འཇུག་པའི་དུས། །བསྐྱེད་དང་རྫོགས་སོགས་ མི་གནས་ཤིང་། །རྫོགས་པ་ཆེན་པོར་གང་འདོད་པ། །དེ་ཡང་འཇུག་པའི་དུས་ཡིན་ཏེ། །བདུད་རྣམས་བསམ་གྱིས་མི་ཁྱབ་པས། །བར་མཆོད་པར་འཇུག་པའི་དུས། །གཟུང་བའི་ཐབས་ནི་བཅྭ་བརྒྱད་དེ། །མཁའ་མཉམ་གཞི་བཅས་གཞི་མེད་དང་། །ཡུལ་དྲུག་དུས་གསུམ་ བརྟེན་པ་དང་། །ལྷན་ཅིག་སྐྱེས་ཉིད་སྒྲ་ལ་བརྟེན། །ས་ཆུ་མེ་རླུང་སྒྲ་བརྟེན་ནོ། །ཆོས་རྣམས་གཟོད་ནས་མ་སྐྱེས་པའི། །རང་རིག་བསྒོམ་པ་མཁའ་མཉམ་སྟེ། །བླ་མས་སེམས་གཟུང་དང་པོར་གཅེས། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ནི་གཟོད་ནས་མ་སྐྱེས་པ། ། གཞི་བཅས་རང་རིག་རྣལ་འབྱོར་རོ། །སེམས་ནི་གཟོད་ནས་རང་རིག་པ། །གཞི་མེད་བསམ་གྱིས་མི་ཁྱབ་པའོ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །དེ་བརྟེན་སེམས་གཟུང་བླ་མ་ལས། །སྐྱེས་བུས་འབད་དེ་བླང་བར་བྱ། །དེ་བཞིན་འདོད་ཆགས་ཞེ་སྡང་དང་། །གཏི་མུག་རྗེས་སུ་ མཁས་པས་གཟུང་། །ལྷན་ཅིག་སྐྱེས་གཉིས་འབྱུང་བཞི་ལ། །བརྟེན་ཏེ་སྐྱེ་བ་མེད་པར་བསྒོམ། །བྱེ་བྲག་སེམས་གཟུང་བསམ་མི་ཁྱབ། །ཉན་ཐོས་ལ་སོགས་ཐེག་ཆེན་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་གཟུང་དང་། །རྒྱུ་དང་འབྲས་བུ་ལམ་དང་ཡང་། ། དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་དོན་གཞན་དོན་དགོངས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་སོགས་པ་ཡི་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅྭ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཀྱེ་ཧོ་བཅོམ་ལྡན་འཇིགས་པ་ཆེ། །རང་ རིག་བསམ་མི་ཁྱབ་པ་ལ། །སྦྱིན་དང་བྱམས་སོགས་དགོངས་པ་ཅི། །སྐུ་གཉིས་གཞན་དོན་གང་ལས་བྱུང་། །བསམ་མི་ཁྱབ་ལ་ལེགས་གནས་པས། །དེ་ཉིད་ཅི་ལགས་ཕྱི་རུ་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྦྱིན་དང་བྱམས་པ་ལ་ སོགས་པས། །གཞན་རིག་རྣམ་རྟོག་འགགས་པ་དང་། །སྐུ་གཉིས་སེམས་ཅན་དོན་མཛད་པའི། །སེམས་ཅན་རྣམས་ནི་སངས་རྒྱས་སུ། །འབྱུང་བའི་རྐྱེན་དུ་ངེས་པས་ན། །བསམ་མི་ཁྱབ་ལ་མི་གནས་ཀྱང་། །སྦྱིན་སོགས་འབད་དེ་བསླབ་པར་བྱ། །དེ་ལ་བསམ་མི་ ཁྱབ་པ་འབྱུང་། །སྐུ་གཉིས་སྟོབས་དང་མི་འཇིགས་དང་། །གཟུངས་དང་ཏིང་འཛིན་ལས་རྣམས་ཀུན། །སྦྱིན་ལ་སོགས་པ་སྦྱིན་བྱས་ནས། །བསམ་མི་ཁྱབ་པ་འབྱུང་བར་ངེས། །དེ་ཉིད་རྟོགས་ན་བསམ་མི་ཁྱབ། །དེ་ཉིད་མ་རྟོགས་འཁོར་བའི་ཆོས། །དབུལ་པོས་ནོར་བུའི་ བྱི་དོར་བཞིན། །བསམ་མི་ཁྱབ་ལ་སེམས་གཞག་ཀྱང་། །བསྐྱེད་རྫོགས་རིམ་པས་སེམས་གནས་ནས། །དེ་ནི་སྔོན་སྦྱངས་འཕྲོ་ཅན་ཏེ། །སེམས་ཀྱི་ཡིག་མགོ་གཅད་པ་གཅེས། །རང་སེམས་ལས་སུ་རུང་བ་ན། །དེ་ནི་ཕྱི་རྟགས་ནང་དུ་སྟེ། །དེ་ཉིད་ནང་རྟགས་ཕྱི་རུ་འབྱུང་། ། ལུས་ལ་དྲི་མེད་སྲིན་བུ་མེད། །སྐྲ་དཀར་གཉེར་མ་སོགས་མེད་པ། །བསྐྱེད་དང་རྫོགས་པའི་རྟགས་ཡིན་ནོ། །འཁོར་བ་སྒྱུ་མར་སྣང་བ་དང་། །སྤྲིན་མེད་མཁའ་ལྟར་གང་སྣང་བ། །བསམ་མི་ཁྱབ་པའི་རྟགས་ཡིན་ནོ། །དེ་ནས་འཁོར་འདུས་པ་དེ་དག་ཐམས་ཅད་ཆོས་ ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ་ལ་རྗེས་སུ་ཡི་རང་བར་གྱུར་ཏོ།། །།དཔལ་འཁོར་ལོ་སྡོམ་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་ར་དང་། ལོཙྪ་བ་ཤཱཀྱ་ཡེ་ ཤེས་ཀྱིས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཁ་ས་མ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་ སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་འཁོར་འདུས་པ་དེ་དག་གི་ནང་ནས་མཁའ་སྤྱོད་མ། ས་སྤྱོད་མ་དང་། ས་འོག་ན་སྤྱོད་པ་མ་ གསུམ་ལ་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ། གསང་བའི་དོན་འདི་གསུངས་པ། །དད་ལྡན་སྙིང་རྗེར་ལྡན་དང་རྩེ་གཅིག་སེམས། །ལུས་ངག་གུས་བཅས་གཞན་ལ་ཕན་སེམས་ལྡན། །འཇིགས་མེད་བརྟུལ་ཞུགས་ལྡན་ཞིང་ཟབ་མོ་ཡི། །ལམ་ལ་སྤྲོ་བར་གྱིས་ལ་ ལེགས་པར་ཉོན། །མཁའ་འགྲོ་ཁྱོད་ཀྱི་མཚན་ཉིད་ནི། །ང་ཡིས་ཁྱོད་ལ་བཤད་པར་བྱ། །མཁའ་སྤྱོད་སྟེང་སྒོའི་རླུང་ཡིན་ཏེ། །ས་སྤྱོད་བར་དུ་ཐིག་ལེའི་སྒོ། །ས་འོག་སྤྱོད་པ་ཤུ་ཀྲའི་སྒོ། །སྒོ་གསུམ་སྐུ་གསུང་ཐུགས་ཡིན་ཏེ། །དང་པོ་མཁའ་སྤྱོད་མཚན་ཉིད་ཀྱང་། །རྣམ་པ་གསུམ་ དུ་ཤེས་བྱ་སྟེ། །བེམས་པོའི་རླུང་དང་རྣམ་རྟོག་རླུང་། །ཀུན་གྱི་མཚན་ཉིད་ཡེ་ཤེས་རླུང་། །མདོར་བསྟན་དེ་ཉིད་རིམ་པས་དབྱེ། །གཉིས་མེད་རླུང་ནི་མ་ནིང་སྟེ། །ཟུང་འཇུག་ཐབས་དང་ཤེས་རབ་རླུང་། །ལྡང་འཇུག་སྐུ་གསུང་ཐུགས་ཀྱི་རླུང་། །སྙིང་དང་གཞང་ཁ་མགྲིན་པ་དང་། ། ལྟེ་བ་ལུས་ཀྱིས་ཁྱབ་པ་རུ། །རིགས་ལྔའི་རླུང་ནི་ཁྱབ་པར་གནས། །རྒྱུ་བ་བཞི་ནི་འབྱུང་བའི་རླུང་། །དངས་སྙིགས་འབྱེད་པ་བརྒྱད་དུ་འགྱུར། །འདི་ཉིད་རླུང་ནི་ཐུན་བརྒྱད་དེ། །ཐུན་རེ་ལ་ནི་འཕོ་བ་གཉིས། །རླུང་གི་འཕོ་བ་བཅུ་དྲུག་ཡིན། །འཕོ་བ་གཅིག་ལ་ཆུ་ཚོད་གཉིས། ། ཆུ་ཚོད་རེ་ལ་དབྱུག་གུ་གཉིས། །རླུང་གི་དབྱུག་གུ་དྲུག་ཅུ་བཞི། །དེ་བཞིན་ཆུ་ཚོད་སུམ་ཅུ་གཉིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སོགས། །སེམས་དང་སེམས་མིན་འདྲེས་པའི་རླུང་། །རགས་པ་དང་ནི་ཕྲ་བ་ལ། །མཁས་པས་སེམས་ཀྱི་བཞོན་པར་གཟུང་། །རྣམ་རྟོག་གཟུང་ འཛིན་སེམས་ཀྱི་རྟ། །གཟུང་འཛིན་གཉིས་འགགས་དབུ་མར་གནས། །དེ་ཉིད་ཡེ་ཤེས་རྡོ་རྗེའི་རླུང་། །དབྱེ་བ་ཐབས་དང་ཤེས་རབ་གཉིས། །འདི་རྣམས་མཁའ་སྤྱོད་རང་བཞིན་ཏེ། །དེ་དག་མན་ངག་མཁས་པས་བརྟག །ཡོན་ཏན་སྐྱོན་དང་རྟགས་རྣམས་ཀྱིས། །རླུང་གི་ མཚན་ཉིད་ཤེས་པར་བྱ། །དེ་དག་ཀུན་གྱི་རྟེན་ཉིད་ཀྱང་། །གཞོལ་མ་དང་ནི་གཡོན་མ་དང་། །འདི་ནི་གཞུ་ཡི་རྣམ་པར་གནས། །བེམས་པོ་རླུང་གི་ལམ་ཡིན་ཏེ། །དབང་པོ་མངོན་སུམ་ལམ་ཡིན་པས། །སྣ་ཡི་རི་རབ་གླིང་བཞི་ལ། །ཉི་ཟླ་བྱང་ནུབ་ ལྷོར་རྒྱུག་གིས། །ཐབས་དང་ཤེས་རབ་སྐོར་སོགས་ལ། །འབད་པས་སེམས་ནི་གཟུང་བར་བྱ། །འདི་དག་བེམས་པོས་ཡང་དག་གནས། །མི་ཤེས་པ་ཡི་རབ་རིབ་ཀྱིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །འདི་ནི་རྣམ་རྟོག་རླུང་ཡིན་ཏེ། །འདི་ཉིད་ཀྱིས་ནི་ལམ་གྱུར་ བ། །རོ་མ་དང་ནི་རྐྱང་མའོ། །སྦྲུལ་འཁྱིལ་ལྟ་བུའི་རྣམ་པ་སྟེ། །རྣལ་འབྱོར་གྱི་ནི་དམིགས་པའི་ཡུལ། །གནས་དེར་རྣམ་རྟོག་རླུང་འགག་གོ། །རང་རིག་གདོད་ནས་མ་སྐྱེས་པ། །འདི་ཉིད་ཡེ་ཤེས་རྡོ་རྗེའི་རླུང་། །ཀུན་འདར་མ་ཡི་རྩ་ལ་བརྟེན། །ཙཎྜཱ་ལཱི་ནི་ཤིང་ལྟ་བུ། །རང་ རིག་ཡེ་ཤེས་སྤྱོད་ཡུལ་ཏེ། །གནས་དེར་འབད་དེ་རང་རིག་གཟུང་། །མཁའ་སྤྱོད་རླུང་གི་རང་བཞིན་ཕྱིར། །འདི་དག་རྡོ་རྗེའི་ལམ་ཡིན་ནོ། །དེ་ནས་ས་སྤྱོད་བཤད་བྱ་སྟེ། །རང་རིག་ཡེ་ཤེས་གང་འདོད་པས། །ཙཎྜཱ་ལཱི་ཡི་བྱེ་བྲག་བརྟག །དང་པོར་རང་བཞིན་ཙཎྜཱ་ལཱི། །གཉིས་པ་ གཏུམ་མོ་ཙཎྜཱ་ལཱི། །གསུམ་པ་ཁ་སྦྱར་ཙཎྜཱ་ལཱི། །དེ་བཞིན་གཅེར་བུའི་ཙཎྜཱ་ལཱི། །དེ་ཉིད་ལ་ཡང་དབྱེ་བ་སྟེ། །གཅེར་བུ་གཏུམ་མོ་ཤིན་ཏུ་གཏུམ། །ཡང་དག་གཏུམ་མོ་གཞན་སྦྱར་དང་། །བྱེ་བྲག་ཀུན་ལ་སྦྱར་བར་བྱ། །གཅེར་བུ་ཤིན་ཏུ་གཅེར་བུ་དང་། །ཤིན་ཏུ་གཅེར་བུ་ གཅེར་བུ་སོགས། །འདི་དག་ཀུན་ལ་སྦྱར་བར་བྱ། །དབྱེ་ན་རྣམ་པ་བཅུ་གཉིས་ཏེ། །ཡན་ལག་བཅུ་ཚན་བཞི་དང་བརྒྱད། །ས་སྤྱོད་མ་ཡི་རང་བཞིན་ཏེ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས། །གཞན་སྐྱེས་ཀྱི་ནི་ཁྲོ་མོ་ཙམ། །ཕྲ་བ་དེ་ལས་བཟློག་པའོ། །བརྒྱ་དང་ཉི་ཤུ་སྐྲ་ཡི་རྩེ། ། སུམ་ཅུ་རྩ་གཉིས་སྐྲ་ཡི་རྩེ། །ལྔ་ཡི་ཆ་སྟེ་གཙོ་བོ་གསུམ། །གསུམ་འདུས་ཡུངས་ཀར་གྱི་ནི་ཚད། །དབུས་དང་གཡས་གཡོན་ཕྲ་སྦོམ་དང་། །གཉིས་འགྱུར་བྱེ་བྲག་ཤེས་པར་བྱ། །དངས་མ་དང་ནི་སྙིགས་མའི་རྩར། །རང་བཞིན་དུ་ནི་གནས་པ་ལ། །ཡི་གེ་ལྟ་བུའི་རྩ་མདུད་ ཀྱང་། །དང་པོའི་སྒྲ་རུ་གང་ཤེས་པ། །ས་སྤྱོད་མ་ཡི་རང་བཞིན་ནོ། །གནས་ལ་སོགས་པ་གཞན་ནས་ཤེས། །འདི་ཉིད་ནོར་བུ་རིན་པོ་ཆེ། །འདི་ལ་བརྟེན་ནས་ཐམས་ཅད་འབྱུང་། །རིག་འཆོལ་གནས་འཆོལ་ཚད་འཆོལ་དང་། །དབྱིབས་དང་ཁ་དོག་གྲངས་ལ་སོགས། ། འཆོལ་པ་ལས་ནི་དངོས་གྲུབ་མིན། །དེ་ཉིད་བྲལ་བའི་རང་བཞིན་ནི། །ས་སྤྱོད་མ་ཡི་དངོས་གྲུབ་སྟེ། །ཐམས་ཅད་ཀུན་གྱི་རྟེན་ཡིན་ནོ། །ས་འོག་སྤྱོད་མའི་རང་བཞིན་ཏེ། །དེ་ནས་ཡང་དག་རབ་བཤད་པ། །བྱང་ཆུབ་སེམས་ནི་རྣམ་པ་གསུམ། །དང་པོ་ཆོས་ཉིད་སེམས་ཡིན་ ཏེ། །འདི་ནི་ཤེས་བརྗོད་ཡུལ་ལས་འདས། །གཉིས་པ་རང་རིག་བྱང་ཆུབ་སེམས། །དཔེར་ན་རྐྱེན་གྱིས་ཤེལ་སྒོང་བཞིན། །གསུམ་པ་བེམས་པོའི་བྱང་ཆུབ་སེམས། །སིཧླ་དང་ནི་ག་པུར་ཏེ། །དོན་དམ་ཀུན་རྫོབ་གཉིས་སུ་གསུངས། །ལས་ཀྱི་རླུང་དང་ལས་ཀྱི་མེས། ། གཡོ་བ་ཀུན་རྫོབ་བྱང་ཆུབ་སེམས། །ཡེ་ཤེས་རླུང་དང་ཡེ་ཤེས་མེས། །གཡོ་བ་དོན་དམ་སེམས་ཡིན་ཏེ། །དངས་སྙིགས་ལས་ནི་རིམ་པ་ཡིན། །དབྱིབས་དང་ཁ་དོག་ལས་ཀྱིས་ནི། །སེམས་ཀྱི་ཁྱད་པར་ཤེས་པར་བྱ། །ལས་ཀྱི་རླུང་གིས་མི་གཡོ་ཞིང་། །ལས་ཀྱི་མེ་ཡིས་ མི་འཛག་པར། །ཁ་བ་ལྟ་བུའི་མཚན་ཉིད་ལས། །མི་ཤིགས་ཧྃ་གི་དབྱིབས་འདྲ་སྟེ། །ནོར་བ་ཀུནྡའི་མདོག་ལྟ་བུ། །དཀར་ལ་འཚེར་དང་གཟི་མདངས་སྣུམ། །བདེ་བ་ཆེན་པོའི་སྐུར་འབྱུང་བ། །འདི་ནི་དོན་དམ་བྱང་ཆུབ་སེམས། །དམར་ལ་དངས་པའི་རང་བཞིན་ལ། ། ཁྱད་པར་བཞི་ནི་ཐུན་མོང་སྟེ། །འདི་ནི་ཤེས་རབ་བྱང་ཆུབ་སེམས། །དེ་ལས་བཟློག་པའི་དམན་པ་གཉིས། །འོག་སྒོར་གནས་ཤིང་སྲིད་པ་སྐྱེ། །དམན་པའི་རྐྱེན་གྱིས་གཡོ་བར་བྱེད། །དེ་ཕྱིར་དོན་དམ་ཀུན་རྫོབ་ཀྱིས། །སེམས་ཀྱི་མཚན་ཉིད་ཤེས་པར་བྱ། །རྒྱུ་འཆོལ་བ་ ལས་དངོས་གྲུབ་མེད། །རྐྱེན་འཆོལ་བ་ལས་དེ་བཞིན་ཏེ། །བླ་མའི་ཞལ་ནས་ཤེས་པར་བྱ། །དོན་དམ་སེམས་ཀྱི་སྤྱོད་ཡུལ་མིན། །ཀུན་རྫོབ་ཚོར་བ་བདེ་བའི་ཡུལ། །ས་འོག་སྤྱོད་པའི་རང་བཞིན་ཏེ། །རྡོ་རྗེ་གསུམ་བསྒོམ་མི་ཕྱེད་པ། །དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ། །ཡི་གེ་ དང་ནི་ཡན་ལག་དང་། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་པའི་དོན་དང་མཐར་ཐུག་དོན། །སྣ་ཚོགས་སེམས་ལས་འབྱུང་བར་འགྱུར། །ནོར་བུ་དང་ནི་སིལ་སྙན་བཞིན། །རྟོག་མེད་རྟེན་ལས་སྣ་ཚོགས་འབྱུང་། །ཨཱ་ལི་ཀཱ་ལི་མ་ནིང་དང་། །དྲུག་ཏུ་ སྦྱོར་བ་བརྟག་པར་བྱ། །སྒྲ་མཐའི་ཡི་གེ་བསམ་མི་ཁྱབ། །ཡན་ལག་རྣམ་པ་གསུམ་ཡིན་ཏེ། །རྒྱུ་འབྲས་བརྡ་དང་བརྡ་ཅན་དང་། །བརྗོད་བྱ་དང་ནི་རྗོད་བྱེད་དོ། །དེ་ལས་བཟློག་པ་བསྡུས་པར་བཤད། །ཐེག་པ་གསུམ་དང་དེ་ལས་གཞན། །ཐུན་མོང་སྤྱི་རུ་ངེས་པ་སྟེ། །བྱེ་བྲག་ རང་ལས་ཤེས་པར་བྱ། །སྦས་པ་དབང་དང་སྔགས་སུ་དབྱེ། །སྔགས་ལ་བཞི་སྟེ་དབང་ལ་གཉིས། །ཆོས་ནི་སྤྱི་དང་བྱེ་བྲག་གོ། །དེ་དག་ཀུན་གྱི་མཚན་ཉིད་ཀྱང་། །བླ་མའི་ཞལ་ནས་ཤེས་པར་བྱ། །སྣོད་དང་སྣོད་མིན་བྱེ་བྲག་ཀྱང་། །བླ་མས་ལེགས་པར་བརྟག་བྱ་སྟེ། །དེ་ཉིད་ཡང་ དག་རྟོགས་གྱུར་ན། །སྟོན་པ་མེད་ཅིང་བསྟན་པ་མེད། །བསམ་གཏན་ལ་སོགས་འཇིག་པ་མེད། །སངས་རྒྱས་གཟུགས་ནི་སྣ་ཚོགས་འབྱུང་། །བྱ་བ་བཅུ་གཉིས་ལ་སོགས་པ། །ཆོས་ཀྱི་འཁོར་ལོ་སྣ་ཚོགས་བསྐོར། །དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མེད་རྣལ་འབྱོར་ དེ་ལྟག་ལ། །དེ་རྗེས་རྣལ་འབྱོར་ཉིད་གསུངས་ཏེ། །རྣལ་འབྱོར་ནང་པ་དེ་ལྟག་ལ། །ཕྱི་ནས་རྣལ་འབྱོར་མ་རྒྱུད་ནི། །ཤེས་རབ་སྙིང་པོ་བརྩེར་གྱུར་པའི། །ཐབས་དང་ཤེས་རབ་བསྲུབ་ཤིང་ལ། །གཉིས་མེད་ཐུགས་ཀྱིས་བསྲུབས་པ་ལས། །བདུད་རྩིའི་རོ་ནི་ཉི་ཤུ་བཞི། །ནོར་ བུ་རིན་ཆེན་རྒྱུད་ཅེས་བརྗོད། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །ཇི་ལྟར་མ་དཀྲོགས་འོ་མ་ལས། །འདོད་པ་གང་ཡང་འབྱུང་བ་མིན། །དེ་བཞིན་ལོ་གྲངས་མང་པོ་ལས། །དངོས་གྲུབ་མྱུར་དུ་འབྱུང་བ་མིན། །དེ་ཕྱིར་རིན་ཆེན་ཉི་ཤུ་བཞི། ། བདུད་རྩི་རོ་འདྲ་སེང་གེའི་གཟུགས། །གནས་ནི་ཉི་ཤུ་བཞི་ཉིད་ཀྱང་། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཏེ། །མཁའ་འགྲོ་ཉི་ཤུ་བཞི་ལ་གཏད། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་བོ། །དམ་དུ་སྦ་ཞིང་དམ་དུ་སྤེལ། །རྒྱ་ལས་འདས་ན་དམ་ཚིག་ཉམས། །སྔགས་དང་དབྱིབས་དང་ཆོས་ བདག་ནི། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །དེ་ཡི་ངོ་བོར་རྒྱུད་ཀུན་བརྟག །སྔགས་ལ་གཉིས་ཏེ་ཆོས་ལ་གཉིས། །དབྱིབས་ཀྱང་དེ་བཞིན་ཤེས་པར་བྱ། །རེ་རེའི་བྱེ་བྲག་དབྱེ་བ་ཡང་། །བླ་མའི་ཞལ་ནས་ཤེས་པར་བྱ། །ཕྱི་ནང་སྦས་པ་མཐར་ཐུག་བཞི། །རྒྱུད་ཀུན་ཕྱག་རྒྱ་བཞི་ ཡིན་ཏེ། །དེ་ཉིད་དབྱེ་བ་མཁས་པས་བརྟག །དེ་ཉིད་རྟོགས་ན་རྒྱུད་དང་ལྡན། །དེ་ལས་བཟློག་པ་འདས་པའོ། །རང་བཞིན་གྱིས་ནི་ཙཎྜཱ་ལཱི། །གནས་ནི་ཉི་ཤུ་རྩ་བཞི་སྟེ། །རྩ་གསུམ་གྱིས་ནི་བྱིན་གྱིས་བརླབས། །གནས་ནི་ཉི་ཤུ་རྩ་བཞི་རུ། །མཁའ་འགྲོ་ཉི་ཤུ་རྩ་བཞི་ལ། །རྒྱུད་ནི་ཉི་ཤུ་ རྩ་བཞི་གཏད། །པུ་རུ་རབ་གཏུམ་གསང་རྡོ་རྗེ། །ཛ་རུ་གཏུམ་མིག་གསང་བ་གཅོད། །ཨོ་རུ་འོད་ལྡན་བསམ་མི་ཁྱབ། །ཨཱ་རུ་སྣ་རྩེ་ནམ་མཁའ་མཉམ། །གོ་རུ་བསྟན་བློ་ནམ་མཁའ་ཆེ། །ར་རུ་མིའུ་ཐུང་སྐུ་གསུང་ཐུགས། །དེ་རུ་ལང་ཀ་རིན་ཆེན་ཕྲེང་། །མ་རུ་ཤིང་གྲིབ་དམ་ཚིག་ཆེ། །ཀ་རུ་ཨེ་ རཱུ་སྟོབས་པོ་ཆེ། །ཨོ་རུ་འཇིགས་བྱེད་ཡེ་ཤེས་གསང་། །ཏྲི་རུ་རླུང་ཤུགས་ཡེ་ཤེས་ཕྲེང་། །ཀོ་རུ་ཆང་འཐུང་ཡེ་ཤེས་འབར། །ཀུ་རུ་ཤྱཱ་མ་ཟླ་བའི་ཕྲེང་། །ལ་རུ་ཤིན་བཟང་རིན་ཆེན་འབར། །ཀ་རུ་རྟ་རྣ་ཉི་མའི་འཁོར། །ཧེ་རུ་ཁ་ཁ་ཡེ་ཤེས་རྒྱལ། །བྲེ་རུ་འཁོར་ཤུགས་མཁའ་འགྲོ་གསང་། ། གྲྀ་རུ་ཁཎྜ་གསང་མེ་འབར། །སཽ་རུ་ཤོཎྜི་གསང་བདུད་རྩི། །སུ་རུ་འཁོར་ལོ་དུར་ཁྲོད་རྒྱན། །ན་རུ་ཤིན་དཔའ་རྡོ་རྗེ་རྒྱལ། །སི་རུ་སྟོབས་ཆེན་ཡེ་ཤེས་རྒྱལ། །མ་རུ་འཁོར་སྒྱུར་ཆགས་པའི་རྒྱལ། །ཀུ་རུ་བརྩོན་འགྲུས་མཁའ་འགྲོ་སྡོམ། །དེ་དག་གཏད་དོ་ལེགས་པར་སྦོས། །ནང་དུ་ཙཎྚཱ་ ལཱི་དག་ནི། །ཉི་ཤུ་བཞི་ནི་གཏད་པ་སྟེ། །དང་པོ་གསང་བ་གཉིས་པ་ཡང་། །རང་བཞིན་ཡིན་ཏེ་དེ་ནས་དབང་། །རྐྱེན་ནི་ཐ་མས་གསུངས་པ་སྟེ། །མཁའ་འགྲོ་ཁྱེད་ཀྱི་རང་བཞིན་ཏེ། །དེ་ནས་དངོས་གྲུབ་གང་འདོད་སྦྱིན། །དངོས་གྲུབ་དམ་པ་གང་འདོད་པས། །དབང་དང་དམ་ཚིག་ལྡན་བྱས་ཏེ། ། རྟ་དང་གླང་པོ་ལ་སོགས་དང་། །བུ་དང་ཆུང་མ་ནོར་གྱི་དབྱིག །བསྙེན་བཀུར་དག་གིས་བསྙེན་བྱས་ཏེ། །བདུད་རྩི་རོ་ཡི་ར་ལི་ལས། །བླ་མའི་ཞལ་ནས་དངོས་གྲུབ་བླང་། །ཡིད་ལ་ཟུང་ལ་དྲན་པར་གྱིས། །དེ་ནས་འཁོར་འདུས་པ་དེ་དག་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ། །སྐུ་ གསུང་ཐུགས་ཀྱི་རང་བཞིན་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་ར་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་ཞུས་ཤིང་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཁ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ནམ་མཁའ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །གཞན་ཡང་དཔའ་བོ་དང་མཁའ་འགྲོ་མ་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་རྣམས་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས། བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་བསྐོར་བ་ལན་ གསུམ་བྱས་ཏེ། ཕྱི་ནང་གསང་བའི་མཆོད་པས་མཆོད་ནས་འདི་སྐད་ཅེས་གསོལ་པ། །ཀྱེ་ཧོ་བཅོམ་ལྡན་འཇིགས་པ་ཆེ། །བཅོམ་པ་གང་ལགས་ལྡན་པ་གང་། །འཇིགས་པ་གང་ལགས་ཆེན་པོ་གང་། །བདག་ལ་ཁྱོད་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། །བཅོམ་པ་བདུད་བཞི་བཅོམ་པ་སྟེ། །རེ་རེ་ལ་ཡང་བཞི་བཞི་སྟེ། །བཅུ་དྲུག་གྲངས་སུ་ཤེས་པར་བྱ། །ལྡན་པ་དེ་ཡི་གཉེན་པོ་སྟེ། །དང་པོ་བུམ་དབང་བདུད་བཞི་ཡང་། །ཁ་དོག་དབྱིབས་ལ་ལོག་རྟོག་གིས། །བསྐྱེད་པའི་གཟུང་འཛིན་དུ་མ་དག །ཕུང་པོའི་ བདུད་དུ་རབ་ཏུ་གྲགས། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ཉོན་མོངས་པ་ཡི་བདུད་ཡིན་ནོ། །ཡང་དག་ལམ་སྟོན་བླ་མ་མེད། །ཞེ་སྡང་རུ་དྲར་སྐྱེ་བ་ཡི། །རྒྱུ་དང་ལམ་སྟོན་གྲོགས་ངན་དག །ལྷ་ཡི་བུ་ཡི་བདུད་ཡིན་ཏེ། །ལས་དང་ཉོན་མོངས་པ་ཡི་རྒྱུས། །སྲོག་འཆད་ པ་ནི་འཆི་བདག་བདུད། །བསྐྱེད་པའི་རིམ་ལ་ལེགས་གནས་ནས། །ལྷ་ཡི་བུ་ཡི་བདུད་ཀྱང་བཅོམ། །ལོག་རྟོག་དུ་མའི་རྟོག་པ་འགག །དེས་ན་ཕུང་པོའི་བདུད་བཅོམ་མོ། །རྟེན་དང་བརྟེན་པ་རོ་མཉམ་པས། །ཉོན་མོངས་པ་ཡི་བདུད་བཅོམ་མོ། །དུས་མིན་འཆི་དང་ ཚེ་ཟད་པས། །འདི་དག་འཆི་བ་དག་བདུད་ཡིན་ཏེ། །ཚེ་ལོ་སྟོང་སོགས་ཐུབ་པ་ཡི། །ཚེ་ཡི་འཆི་བདག་བདུད་བཅོམ་མོ། །གཞན་ཡང་བདུད་འཇོམས་བྱེ་བྲག་ནི། །ཕྱི་ཡི་ཚེ་ཡི་བཅུད་ཀྱིས་ལེན། །གྲུབ་ན་འཆི་བདག་བདུད་འཇོམས་སོ། །དེ་བཞིན་ལུས་ཀྱི་ཕུང་པོ་སྟེ། ། ལོངས་སྤྱོད་ཀྱིས་ནི་ཉོན་མོངས་འཇོམས། །སེམས་ཀྱིས་ལྷ་ཡི་བདུད་བཅོམ་སྟེ། །རྟེན་དང་བརྟེན་ནི་སྒྱུ་མར་ལྡན། །དེ་ནས་གསང་དབང་བདུད་བཞི་ཡང་། །ཕྱག་མཚན་ཁྲོ་ཚུལ་གར་ལ་སོགས། །ཕྱི་རུ་དུ་མ་ཕུང་པོའི་བདུད། །རགས་པས་ཡིད་ནི་ཉོན་མོངས་པས། ། ཉོན་མོངས་པ་ཡི་བདུད་ཡིན་ནོ། །དམན་པའི་ལམ་གང་སྟོན་པ་ཡི། །བླ་མ་ལྷ་ཡི་བུ་ཡི་བདུད། །ཕྱི་ཡི་ཚེ་ཡི་བཅུད་ཀྱིས་ལེན། །དེ་ཉིད་འཆི་བདག་བདུད་ཡིན་ནོ། །གཞན་ཡང་བདུད་ཀྱི་བྱེ་བྲག་ནི། །སྒོ་གསུམ་འཁྲུལ་པར་གང་སྟོན་པ། །བླ་མ་ལྷ་ཡི་བུ་ཡི་བདུད། །སྒོ་ གསུམ་ལས་ནི་དུ་མའི་ཆ། །དེ་ཉིད་མ་ཤེས་ཕུང་པོའི་བདུད། །དེ་ཉིད་འབད་དེ་བསྒྲུབས་བྱས་ཀྱང་། །འབྲས་བུ་མི་འབྱུང་སེམས་ཉོན་མོངས། །ཉོན་མོངས་པ་ཡི་བདུད་ཡིན་ཏེ། །དེ་ཡིས་ཚེ་ཡི་བར་ཆད་བྱེད། །དེ་ཉིད་འཆི་བདག་བདུད་ཡིན་ནོ། །རླུང་སོགས་གནས་པའི་ཚུལ་ཤེས་ པས། །ལྷ་ཡི་བུ་ཡི་བདུད་བཅོམ་མོ། །དེ་ཉིད་སྒྱུ་མར་ཤེས་པར་བྱ། །དེ་ཉིད་ཤེས་པས་ཕུང་པོ་དང་། །ཉོན་མོངས་པ་ཡི་བདུད་བཅོམ་མོ། །དངོས་པོའི་མཐར་ལྷུང་སྐྱེ་བས་འཆི། །རྒྱུ་མེད་ལས་སྐྱེ་འཆི་བ་སྟེ། །རྒྱུ་རྐྱེན་མ་བསྐྱེད་རང་བཞིན་གནས། །སྒྱུ་མས་འཆི་བདག་བདུད་ བཅོམ་མོ། །ཚེ་ལ་དབང་སྒྱུར་མ་ལྟ་བུ། །གཉེན་པོའི་སྟོབས་དང་ལྡན་པའོ། །ཤེས་རབ་ཡེ་ཤེས་བདུད་བཞི་ཡང་། །རྩ་དང་ཤུ་ཀྲ་ལ་སོགས་པའི། །དམན་པའི་ལམ་སྟོན་ལྷ་ཡི་བདུད། །དེ་ཉིད་དུ་མ་ཕུང་པོའི་བདུད། །དེ་སྒོམ་རང་བཞིན་ཉོན་མོངས་པས། །ཉོན་མོངས་པ་ཡི་ བདུད་ཡིན་ནོ། །ཁ་དོག་དབྱིབས་ནི་སྐྱེས་པས་འཇིག། །དེ་ཉིད་འཆི་བདག་བདུད་ཡིན་ནོ། །གཞན་ཡང་བདུད་ཀྱི་བྱེ་བྲག་ཀྱང་། །འདོད་ཆགས་ཆེན་པོའི་ལམ་སྟོན་པའི། །བླ་མ་ལྷ་ཡི་བུ་ཡི་བདུད། །དགའ་བ་བཞི་ནི་དུ་མ་སྟེ། །རྒྱུད་ལ་སྤུངས་པས་ཕུང་པོའི་བདུད། ། རང་སེམས་ཉོན་མོངས་ཉོན་མོངས་བདུད། །འཁོར་བར་ལྟུང་བས་སྐྱེ་བ་སྟེ། །སྐྱེ་བ་ལས་བྱུང་འཆི་བདག་བདུད། །རྣམ་པར་རྟོག་པ་སྐྱེ་བས་སོ། །འདོད་ཆགས་ཀྱིས་ནི་འཆི་བདག་བདུད། །མ་སྤངས་སུམ་ཅུ་དྲུག་གཉིས་དང་། །ངེས་པ་སུམ་ཅུ་རྩ་དྲུག་གི། ། ལམ་བསྟེན་བླ་མས་ལྷ་བདུད་བཅོམ། །དགའ་བཞི་སྒྱུ་མ་རང་བཞིན་མེད། །བདེ་ཆེན་རོར་འགྱུར་ཕུང་པོ་བཅོམ། །འབྲས་བུ་རང་རིག་ཡེ་ཤེས་སྦྱིན། །རང་སེམས་ཉོན་མོངས་སྡུག་བསྔལ་བྲལ། །ཉོན་མོངས་པ་ཡི་བདུད་བཅོམ་མོ། །དེ་ཡིས་འཆི་བ་དང་བྲལ་བས། །དེ་ཉིད་འཆི་ བདག་བདུད་བཅོམ་མོ། །འོག་གི་ལམ་གྱི་བདུད་བཞི་ཡི། །དམན་པའི་སྟོབས་ཀྱིས་ཟིན་པ་སྟེ། །རྒྱལ་པོ་དམངས་སུ་བབས་པ་བཞིན། །དེ་ཉིད་ལམ་གྱི་བདུད་ཀྱིས་ཟིན། །རྒྱལ་པོ་རྒྱལ་ས་ཤོར་བ་བཞིན། །བཞི་པ་དང་འབྲེལ་བདུད་བཞི་ནི། །གསུམ་པའི་སྣོད་དང་ལྡན་པ་ལ། ། བཞི་པའི་ལམ་སྟོན་བླ་མ་ནི། །ལྷ་ཡི་བུ་ཡི་བདུད་ཡིན་ཏེ། །བདུད་གསུམ་བླ་མའི་ཞལ་ནས་ཤེས། །སྣོད་མིན་གསང་བ་སྒྲོགས་པ་དང་། །མར་དང་ཁ་ར་ལ་སོགས་པ། །འཐུངས་ཏེ་མ་ཞུ་དུག་འགྱུར་བཞིན། །ཁྱད་པར་བདུད་ཀྱིས་ཟིན་པ་སྟེ། །རིགས་ངན་རྒྱལ་ས་འཛིན་ པ་འདྲ། །དབང་དང་གདམས་ངག་འབྲེལ་བཅས་པའི། །བདུད་འཇོམས་ལམ་གྱི་སྟོབས་དང་ལྡན། །ཡེ་ཤེས་ལྔ་འམ་ཡོན་ཏན་དྲུག །ལྡན་པ་དག་ཏུ་རབ་ཏུ་