Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
ི་གླང་རུ་ལ་བཤད་པ་ཡིན་ནོ་ཞེས་རྣར་གྲགས་པར་བགྱི། སུག་པར་ཐོབ་པར་བགྱི། སེམས་བསྒྱུར་བར་བགྱིའོ། །བཅོམ་ལྡན་འདས་ནམ་ཡུལ་འདིར་དཀོན་མཆོག་གསུམ་མཆོད་གནས་སུ་མི་བགྱིད་ཅིང་། ཆོས་དང་མི་འཐུན་པ་རྣམས་ཀྱི་མགོན་ལྷག་པར་
བགྱིད་པ་དེའི་ཚེ་བདག་ཅག་རྣམས་ཀྱི་གཟི་བརྗིད་དང་མཐུ་སྟོབས་ཉམས་པར་འགྱུར་བས་ཡུལ་འདིའི་ཆེད་དང་བསྲུང་བར་ནི་རྔོ་མི་ཐོགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་ཅག་གི་མཐུ་སྟོབས་དང་གཟི་བརྗིད་ནི་བདེ་བར་གཤེགས་པའི་བསྟན་པ་དང་། ཆོས་དང་འཐུན་པར་
ཡུལ་ཚུལ་བཞིན་དུ་སྐྱོང་བ་དང་། བསོད་ནམས་བྱ་བའི་དངོས་པོ་དགེ་བའི་རྩ་བའི་མཐུས་འཕེལ་བར་འགྱུར་བ་ལགས་སོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གདན་ལས་བཞེངས་ནས་རི་གླང་རུའི་སྟེང་གི་འགྲམ་ནས་མཆོད་རྟེན་གོ་མ་ས་ལ་གན་ད་གང་ན་བ་དེ་ལོགས་
སུ་གཟིགས་ནས། ཡང་ནས་ཡང་དུ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཆོད་རྟེན་གོ་མ་ས་ལ་གན་ད་རི་གླང་རུ་དང་བཅས་པ་ལན་གཉིས་ལན་གསུམ་གྱི་བར་དུ་བྱིན་གྱིས་བརླབས་ནས་ལི་ཡུལ་ཐམས་ཅད་དང་། མཚོའི་ནང་ན་གནས་པའི་སེམས་ཅན་གྲངས་མེད་པ་རྣམས་
ལ་འོད་ཟེར་དང་ཐུགས་རྗེ་ཆེན་པོས་ཁྱབ་པར་མཛད་དེ། འོད་ཟེར་དེ་དང་ཐུགས་རྗེ་ཆེན་པོ་དེས་ཆུ་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ནི་ཞི་བར་འགྱུར། ཁྲོ་བ་དང་འཁོན་དུ་འཛིན་པ་དང་ནི་བྲལ་ཏེ། བྱམས་པའི་སེམས་དང་ལྡན་པར་གྱུར་ཅིང་ལྷའི་བདེ་
བ་དང་ལྡན་ནས་སྐད་ཅིག་དེ་ཉིད་ལ་སེམས་ཅན་དེ་དག་ལས་གྲངས་མེད་པ་ཞིག་ཚེ་འཕོས་ནས་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། སངས་རྒྱས་ཉིད་དུ་འགྱུར་བའི་ས་བོན་རྙེད་ཅིང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་
ལན་གསུམ་གྱི་བར་དུ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱེད་ཀྱིས་དམ་བཅས་པ་རྣམས་ནི་བརྩོན་འགྲུས་མེད་པར་མི་འགྲུབ་བོ། །རིགས་ཀྱི་བུ་ངས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་དཀའ་བ་སྤྱད་པའི་བསྟན་པ་འདི་དང་མཆོད་རྟེན་གོ་མ་ས་ལ་

གན་ད་ཡུལ་དང་བཅས་པ་ཁྱེད་རྣམས་ལ་ཡོངས་སུ་གཏད་ཀྱིས་ཡོངས་སུ་སྲུངས་ཤིག །ཁྱེད་རྣམས་ལས་གང་ཞིག་གིས་ང་རྗེས་སུ་དྲན་ཞིང་གཟུངས་ཡོད་པ་དང་། བསྟན་པ་བསྲུང་བ་དེས་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བ་རྣམས་ཡོངས་སུ་བསྲུང་བར་
གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། མི་ཁྱིམ་པ་ལ་ལ་ཞིག་ལོ་བརྒྱའི་བར་དུ་ཉིན་རེ་ཞིང་དགེ་བའི་རྩ་བ་བསོད་ནམས་ཆེན་པོ་བྱེད་ལ། འགའ་ཞིག་ཉིན་གཅིག་རབ་ཏུ་བྱུང་ནས་བསྟན་པ་ལ་གནས་ན་སྔ་མས་ཕྱི་མའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་ཆོག་གོ། །དེ་ཅིའི་ཕྱིར་ཞེ་ན།
སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱང་སྔར་ཁྱིམ་གྱི་གནས་སྤངས་ཏེ་རབ་ཏུ་བྱུང་ནས་སྤྱོད་ལམ་དེ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་བརྙེས་སོ། །ང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ། ས་བཅུ་བརྙེས་ནས་སྲིད་པ་ཐ་མའི་ཚེ་ན་མ་ཕྱེད་ན་རྒྱལ་པོའི་ཁབ་ནས་བྱུང་
སྟེ་ནགས་ཚལ་དུ་གཤེགས་སོ། །ནགས་ཚལ་ནས་བཞོན་པ་རྒྱལ་པོ་ཡབ་ཀྱི་ཐོག་ཏུ་དཀྲི་ནས་རང་གི་སྐྲ་རལ་གྲིས་བྲེགས་ཏེ། ངའི་གོས་གྱ་ནོམ་པ་རིན་ཐང་མེད་པ་རྔོན་པ་དེ་དག་ལས་ཆོས་གོས་ངུར་སྨྲིག་ཏུ་བརྗེས་སོ། །ངས་ཆོས་གོས་དེ་གྱོན་ནས་དུས་གསུམ་གྱི་སངས་
རྒྱས་ཐམས་ཅད་ལ་ཕྱག་འཚལ་སྐྱབས་སུ་སོང་ནས་རབ་ཏུ་བྱུང་བའི་སྤྱོད་ལམ་བཟུང་བ་དང་ལྷ་ཐམས་ཅད་ལ་ཕྱག་འཚལ་སྐྱབས་སུ་སོང་ནས་ཕྱི་བཞིན་དུ་འབྲང་ངོ་། །ང་ཡང་སྤྱོད་ལམ་དེ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བརྙེས་སོ། །དེའི་ཕྱིར་བདེ་བར་གཤེགས་
པའི་བསྟན་པ་ནི་དམ་པ་ཡིན་པར་ཤེས་པར་བྱའོ། །རབ་ཏུ་བྱུང་བ་ནི་བསོད་ནམས་དང་ལྡན་པར་ཤེས་པར་བྱའོ། །འཇིག་རྟེན་ན་རབ་ཏུ་བྱུང་བས་ཐོབ་པ་མ་གཏོགས་པར་ཁྱིམ་པའི་ཆ་ལུགས་ཀྱིས་དགྲ་བཅོམ་པའམ། རང་སངས་རྒྱས་སམ། བླ་ན་མེད་པའི་བྱང་ཆུབ་ཐོབ་
པ་ནི་སུས་ཀྱང་མ་ཐོས་མ་མཐོང་ངོ་། །རབ་ཏུ་བྱུང་བའི་སྤྱོད་ལམ་དམ་པ་འདི་ནི་འཇིག་རྟེན་ན་ལྷ་ལ་སོགས་པ་ཐམས་ཅད་ཀྱི་མཆོད་གནས་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་དང་ལྷ་མོ་དེ་ཐམས་ཅད་སྟན་ལས་ལངས་ནས་དབྱངས་གཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་འཚལ་ཞིང་བསམས་བཞིན་དུ་ནི་བཀའ་ལས་འགལ་བ་མི་འཚལ་ལོ། །ཡུལ་འདི་སངས་རྒྱས་ཀྱིས་བསྟན་པ་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་
མཆོད་རྟེན་དང་བཅས་པ་ཡང་ཀུན་དུ་བསྲུང་བ་དང་། བསྐྱང་བ་དང་། རྗེས་སུ་གཟུང་བར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་ཀྱང་བདག་ཅག་རྣམས་ལ་མཐུ་བསྟང་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། མ་འོངས་པ་རྩོད་པའི་དུས་ན་བྱིན་གྱིས་བརླབས་བརླབས་པའི་ཡུལ་
འདིར་དགྲ་མང་པོ་དང་། མ་དད་པ་དང་། ཕྱིར་རྒོལ་བ་བདེ་བར་གཤེགས་པའི་བསྟན་པ་ལ་དད་པའི་ཁྱད་པར་མི་རྙེད་ཅིང་། བསྟན་པ་གཞིག་པའི་སླད་དུ་བརྩོན་པ་དག་འབྱུང་བའི་སླད་དུའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་
སྟེ། སྐྱེས་བུ་དམ་པ་རྣམས་ལེགས་སོ་ལེགས་སོ། །ངས་ཀྱང་ཡུལ་འདི་བྱིན་གྱིས་བརླབས་ཟིན་ཏེ། བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་མཚམས་བཅད་པ་ཡང་ཡིན་ནོ། །མ་འོངས་པ་རྩོད་པའི་དུས་ན་ཡུལ་འདི་གཞོམ་པའི་ཕྱིར་སུམ་པའི་དམག་ཕལ་མོ་ཆེ་དང་། གྲུ་གུ་རུས་སྣ་
ཚོགས་དང་། ཧོར་དང་། གཞན་ཡང་དད་པ་མེད་པ་དག་འོང་བར་འགྱུར་ཏེ། དེའི་ཚེ་ཡུལ་གཞན་དང་གཞན་དག་ནས་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱིན་གྱིས་བརླབས་པ་དག་ཡུལ་འདིར་གཤེགས་ནས་ཡུལ་གྱི་ས་མཚམས་བསྲུང་བར་མཛད་དེ། བསོད་ནམས་
ཀྱི་སྟོབས་དེས་ན་ཡུལ་འདི་གཏན་བརླག་པར་མི་འགྱུར་རོ། །གཟུགས་བརྙན་དེ་དག་གི་ཕྱི་བཞིན་དུ་བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་མཐུ་སྟོབས་དང་ལྡན་པ་མང་པོ་དག་འོང་ཞིང་ཡུལ་ཡུལ་དུ་གནོད་པ་རྣམས་ཟློག་པར་བྱེད། དགྲ་རྣམས་ཀྱིས་ཡུལ་མི་ཆོམས་པར་
བྱེད་དེ། བདེ་བ་ཅན་ཞེས་བྱ་བའི་མཁར་ནས་དེ་བཞིན་གཤེགས་པ་བདེ་བའི་འབྱུང་གནས་ཞེས་བྱ་བའི་གཟུགས་བརྙན་གཤེགས་ནས་ནུབ་ཕྱོགས་མཁར་ཀོ་ཤེད་དུ་བཞུགས་ཤིང་ཡུལ་གྱི་ས་མཚམས་བསྲུང་བར་འགྱུར་རོ། །བྱང་ཕྱོགས་ཡུལ་ཤེ་ན་ཞ་ཞེས་བྱ་བའི་དེ་བཞིན་

གཤེགས་པའི་གཟུགས་བརྙན་ཤེ་ན་ཞ་ཞེས་བྱ་བ་སའི་འོག་ནས་འབྱུང་བར་འགྱུར་ཞིང་ཡུལ་གྱི་ས་མཚམས་བསྲུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་ཀིའུ་ལང་ཞེས་བྱ་བར་གཤེགས་ནས་ཤར་ཕྱོགས་ཡུལ་ཕྱེ་མ་ཞེས་བྱ་བའི་མཁར་དུ་ཞུགས་
ཤིང་ཡུལ་གྱི་ས་མཚམས་བསྲུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་ཕྱི་སེ་ཞེས་བྱ་བ་གཤེགས་ནས། བྱང་ཕྱོགས་ཀྱི་རི་གླང་རུ་ལ་འོད་སྲུང་གི་མཆོད་རྟེན་གྱི་དྲུང་དུ་བཞུགས་ཤིང་དགེ་སློང་དགོན་པ་པ་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་ཅིང་། དེ་བཞིན་གཤེགས་
པའི་བསྟན་པ་དང་། ཡུལ་གྱི་ས་མཚམས་བསྲུང་བར་འགྱུར་རོ། །མཁར་དགེ་བ་ཅན་ཞེས་བྱ་བའི་ནང་ན་ཚོང་འདུས་ཀ་ས་དི་ཟེ་ཞེས་བྱ་བར་དེ་བཞིན་གཤེགས་པའི་གཟུགས་བརྙན་རྒྱལ་པོའི་ཕོ་བྲང་གནས་ཞེས་བྱ་བ་བཞུགས་ཤིང་མཁར་དགེ་བ་ཡུལ་དང་བཅས་པའི་ས་
མཚམས་བསྲུང་བར་འགྱུར་རོ། །ས་གཞི་ཉོ་མོ་ཉ་ཞེས་བྱ་བ་གང་དུ་རྒྱལ་པོ་ཡོ་ལ་ཞེས་བྱ་བ་ས་མཁར་བརྩིག་པའི་གྲོས་བྱེད་པར་འགྱུར་བ་དེར་དེ་བཞིན་གཤེགས་པའི་གཟུགས་བརྙན་ཅུ་གོན་པ་ན་ཞེས་བྱ་བ་བཞུགས་ཤིང་མཁར་དགེ་བ་ཅན་ཞེས་བྱ་བ་ཡུལ་དང་བཅས་པའི་ས་
མཚམས་བསྲུང་བར་འགྱུར་རོ། །གཙུག་ལག་ཁང་དི་ན་ཛྱ་ཞེས་བྱ་བར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་གཟུགས་བརྙན་ཐོར་ཁོང་དུ་བྱས་པ་གཤེགས་པར་འགྱུར་ཏེ། གཟུགས་བརྙན་དེ་ནི་འཛམ་བུའི་གླིང་གི་གཟུགས་བརྙན་ཐོར་ཁོང་དུ་བྱས་པ་ཐམས་ཅད་ཀྱི་ཐོག་
མར་འབྱུང་བ་ཡིན་ནོ། །གཟུགས་བརྙན་དེ་ལ་མི་རྣམས་ཀྱིས་ནི་མཚན་བཀོར་བའི་མར་མེ་མཛད་ཅེས་བྱ་བར་འདོགས་པར་འགྱུར་ཏེ། དེ་ནི་ལི་ཡུལ་གྱི་གཟུགས་བརྙན་ཐོར་ཁོང་དུ་བྱེད་པ་ཐམས་ཅད་ཀྱི་དཔེར་འབྱུང་ཞིང་། བདེ་བར་གཤེགས་པའི་བསྟན་པ་ཡུལ་དང་བཅས་
པ་ཡོངས་སུ་བསྲུང་བར་འགྱུར་རོ། །གཞན་ཡང་དེ་བཞིན་གཤེགས་པ་རིན་ཆེན་མང་གི་གཟུགས་བརྙན་ཡུལ་འདིའི་དབུས་སུ་གཤེགས་ནས་ཕྱོགས་བཅུའི་མཚམས་གཅད་པར་མཛད་དེ། ཇི་སྲིད་དུ་དེ་བཞིན་གཤེགས་པའི་གཟུགས་བརྙན་ཕྱོགས་ཕྱོགས་ན་བཞུགས་པ་

དེ་དག་མཆོད་གནས་སུ་བྱེད་པ་དེ་སྲིད་དུ་ཡུལ་འདི་བརླག་པར་མི་འགྱུར་རོ། །ཡུལ་འདི་ནས་སྐྱེས་པའི་མིའམ། ཡུལ་གཞན་ནས་སྐྱེས་པའི་མི་ལ་ལ་ཞིག་དེ་བཞིན་གཤེགས་པའི་གཟུགས་བརྙན་དེ་དག་ལ་སྙིང་ཐག་པ་ནས་དད་པ་དང་གུས་པ་དང་རབ་ཏུ་དང་བར་བྱེད་ཅིང་། འདི་
སྙམ་དུ་བདེ་བར་གཤེགས་པའི་གཟུགས་བརྙན་འདི་དག་ནི་ཡུལ་འདི་བསྲུང་བའི་སླད་དུ་གཤེགས་སོ་སྙམ་དུ་ཡང་སེམས་ན། གཟུགས་བརྙན་དེ་དག་ཀྱང་སངས་རྒྱས་བཞུགས་པ་བཞིན་དུ་དོན་མཛད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་བརྙན་དེ་དག་ང་དང་དུས་
གསུམ་དུ་གཏོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །གཞན་ཡང་ཡུལ་འདིར་ངའི་གཟུགས་བརྙན་ཆེན་པོ་ཤིང་རྟས་འདྲེན་པ་བྱས་ཏེ། མཁར་དགེ་བ་ཅན་ཞེས་བྱ་བའི་ནང་དུ་བཞག་ནས་མཆོད་གནས་ཆེན་པོར་བྱེད་པར་འགྱུར་རོ། །དེས་ན་
ཡུལ་འདིར་ཕྱོགས་དང་ཕྱོགས་མཚམས་ནས་ཚོང་དཔོན་ཆེན་པོ་རྣམས་འོང་བར་འགྱུར་ཞིང་གནོད་པ་རྣམས་ཀྱང་ཞི་བར་འགྱུར་རོ། །གཞན་ཡང་ཡུལ་འདིར་དེ་བཞིན་གཤེགས་པའི་གཟུགས་བརྙན་ཉིས་བརྒྱ་རྩ་བརྒྱད་འོད་སྲུང་གི་མཆོད་རྟེན་དང་བཅས་པར་འབྱུང་བར་འགྱུར་ཏེ། དེ་དག་
ཐམས་ཅད་ཀྱང་ཆོ་འཕྲུལ་ཆེན་པོ་སྟོན་ཅིང་སེམས་ཅན་རྣམས་ཀྱི་སྡིག་པ་ཆེན་པོ་ཡོངས་སུ་སྦྱོང་བ་དང་། གནོད་པ་སེལ་བར་མཛད་པར་འགྱུར་རོ། །ཡུལ་འདིར་གནོད་པ་དང་། འཇིགས་པ་དང་། སྐྲག་པ་འགའ་ཞིག་བྱུང་ན་ཡུལ་འདིའི་ཆེད་དུ་ཕྱོགས་ལྔར་སྦྱོར་བ་བྱས་ཏེ། རྒྱལ་པོ་དང་
བློན་པོ་རྣམས་ཡུལ་འཛིན་པ་གང་ཞིག་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར་བདེ་བར་གཤེགས་པའི་བསྟན་པ་ལས་བསོད་ནམས་བསྐྱེད་པར་འདོད་ན་གཙུག་ལག་ཁང་ཚར་མ་ཞེས་བྱ་བར་བསོད་ནམས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་འདིའི་མི་རྣམས་ཀྱི་དད་པ་དང་། ཡང་དག་པའི་
ལྟ་བ་ནི་དང་པོའི་གཙུག་ལག་ཁང་དེ་ནས་སྐྱེ་བར་འགྱུར་རོ། །ནམ་ཞིག་ལིའི་རྒྱལ་པོ་དང་། བློན་པོ་དང་། ཡུལ་འཛིན་པ་རྣམས་ལ་གནོད་པ་རྣམ་པ་སྣ་ཚོགས་ཤིག་བྱུང་ན། རི་གླང་རུ་ལ་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ན་བཞུགས་བཞུགས་པའི་གཞི་དེ་ལ་བསྐོར་

བར་བྱའོ། །ཡུལ་འདིའི་སེམས་ཅན་རྣམས་ལས་མི་དགེ་བ་འཆགས་པར་འདོད་ན་མཆོད་རྟེན་གོ་མ་ས་ལ་གན་དའི་དྲུང་དུ་བཤགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཆོད་རྟེན་དེ་ནི་སངས་རྒྱས་བཞུགས་པ་བཞིན་དུ་གང་དག་གིས་བསྐོར་བའམ། མེ་ཏོག་
གམ། བདུག་པའམ། དབྱངས་སམ། རོལ་མོའི་སྒྲས་མཆོད་པ་བྱས་ན་དེའི་མཚམས་མེད་པ་ལྔ་ཡང་ཉམས་དམས་པར་འགྱུར་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། ཡུལ་འདིའི་རྒྱལ་པོ་དང་། བློན་པོ་དང་། ཡུལ་འཛིན་པ་གང་ཞིག་བརྟུལ་ཞུགས་ཆེན་པོའི་སྡོམ་པ་
ལེན་པར་འདོད་པ་དེས་རི་གླང་རུ་ལ་གང་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་པི་སེ་ཞེས་བྱ་བ་དང་། འོད་སྲུང་གི་མཆོད་རྟེན་ཡོད་པ་དེའི་དགེ་འདུན་ལས་མནོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་འདིར་ཆོས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་ཡོངས་
སུ་དག་པ་ནི་དེ་ནས་འབྱུང་བར་འགྱུར་བའི་ཕྱིར་རོ། །ཡུལ་འདིའི་མི་ལ་ལ་ཞིག་ཆད་པ་ཆེན་པོ་ཞིག་ལ་ཐུག་ན་དེས་རི་གླང་རུ་ལ་གནས་པའི་འཕགས་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱས་ཏེ། དེས་ན་ཆད་པ་དེ་ལས་ཐར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གནས་དེ་ན་ཐར་
པ་ཐོབ་པ་སྟོང་ཕྲག་དུ་མ་ཕྱི་མའི་མཐའི་བར་དུ་གནས་ཤིང་མི་སྟོངས་པའི་ཕྱིར་རོ། །རྒྱུ་དེས་ན་རི་གླང་རུ་དང་མཆོད་རྟེན་གོ་མ་ས་ལ་གན་ད་ཡུལ་དང་བཅས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆང་བྱུ་ཡིན་ནོ། །དེ་ནས་དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས་བྱང་ཆུབ་སེམས་
དཔའ་ཉི་ཁྲི་ལྷགས་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་དབྱངས་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ཀྱང་ཐབས་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་ཡུལ་འདི་ཡོངས་སུ་བསྐྱང་
བར་བགྱི། བསྲུང་བར་བགྱི་ཞིང་ཇི་སྲིད་དུ་བདེ་བར་གཤེགས་པའི་བསྟན་པ་དང་། དཀོན་མཆོག་གསུམ་ལ་གནས་ཤིང་། རྒྱལ་པོ་དང་བློན་པོ་ལ་སོགས་པ་མིའི་ཚུལ་ཁྲིམས་དང་ལྡན་པ་དད་པ་ཅན་དང་། ཡུལ་ཆོས་དང་འཐུན་པར་བགྱིད་པ་མཆིས་པ་དེ་སྲིད་དུ་ཡོངས་སུ་མི་

གཏང་ཞིང་ཡུལ་འདིར་དུས་དུས་སྤྱོད་ལམ་དང་ཆ་ལུགས་ཅི་དང་ཇི་ལྟ་བུས་སེམས་ཅན་མང་པོའི་བསོད་ནམས་ཆེན་པོ་ཡོངས་སུ་སྨིན་པར་འགྱུར་བ་དང་། སངས་རྒྱས་ཉིད་དུ་སེམས་བསྐྱེད་པར་འགྱུར་བ་དང་། བསམ་གཏན་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་
འགྱུར་བ་དང་། སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུའི་སྐྱེ་བ་བླང་བའི་སླད་དུ་ཁ་ཅིག་གིས་ནི་རྒྱལ་རིགས་ཡོངས་སུ་གཟུང་བར་བགྱི། ཁ་ཅིག་གིས་ནི་རབ་ཏུ་བྱུང་བ་དང་། ཁྱིམ་པ་གཞན་གྱི་ཆ་ལུགས་ཡོངས་སུ་གཟུང་བར་བགྱིའོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་འདི་ལྟར་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དང་ཡུལ་འདི་གང་དུ་སེམས་ཅན་རྣམས་སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུར་ཆུ་གང་ཐོབ་ཤིག །
ཡང་དེའི་ཚེ་ལྷ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་དང་། མི་ཕམ་པ་ཞེས་བྱ་བ་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡུལ་འདི་བསྲུང་བའི་སླད་དུ་མཐུ་བསྟངས་པ་དང་།
བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་དང་མཐུས་བདག་ཅག་གིས་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་། བྱིན་གྱིས་བརླབས་བརླབས་པའི་ཡུལ་འདི་ཀུན་ཏུ་བསྲུང་ཞིང་ཡལ་བར་མི་གཏང་བར་བགྱི་བའི་སླད་དུ་བརྩོན་འགྲུས་ཆེན་པོའི་ཤུགས་ཀྱིས་འབད་པར་འཚལ་
ལོ། །གལ་ཏེ་ཡུལ་འདིར་གྲུ་གུ་ལ་སོགས་པ་གཏུམ་པོ་དད་པ་མ་མཆིས་པ་རྣམས་དང་། ཧོར་དང་། སུམ་པའི་དམག་དག་མཆི་བར་འགྱུར་ན། དེ་དག་ཕན་ཚུན་ནང་འཁྲུག་འབྱུང་བ་དང་། དེ་དག་གི་འཁོར་ནང་མི་འཐུན་པར་འགྱུར་བ་དང་། འགུམ་པར་འགྱུར་བར་
བགྱིའོ། །ཡང་ན་དེ་དག་ཅི་ནས་ཀྱང་འདིར་མཆི་ཞིང་དེ་བཞིན་གཤེགས་པའི་བསྟན་པ་འཇིག་མི་ནུས་པར་བགྱི་བའི་སླད་དུ་གཞན་གྱི་དབང་དུ་འགྱུར་བར་བགྱིའོ། །གལ་ཏེ་རྒྱའི་དམག་དག་མཆིས་པར་གྱུར་ན་དེ་དག་གི་སེམས་དད་པར་བགྱི་ཞིང་། སླར་ཡུལ་འདི་ལ་ཕན་

འདོགས་པ་དང་ཕྱིས་ཡུལ་འདིར་བསོད་ནམས་བྱ་བའི་དངོས་པོ་དགེ་བ་རྒྱ་ཆེན་པོ་བགྱིད་དུ་སྩལ་ཏོ། །ནམ་ཞིག་ཡུལ་འདིའི་སེམས་ཅན་རྣམས་ལ་གནོད་པ་བགྱིད་པ་དེའི་ཚེ་ན་ཡང་ཕྱིར་དད་པར་བགྱི་ཞིང་། མདོ་འདི་ཡང་ཁོང་དུ་ཆུད་པར་བགྱིད་དུ་
སྩལ་ཏོ། །གང་གི་ཚེ་དེ་དག་མ་འོངས་པའི་དཀོན་མཆོག་གསུམ་གྱི་ཡོ་བྱད་ལ་དབང་འཚལ་ཞིང་། མངའ་འཕྲོག་པ་དང་། སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ལ་འཚེ་བ་དེའི་ཚེ་ནི་བདག་ཅག་གི་འཁོར་གནོད་སྦྱིན་དད་པ་ཅན་དང་དད་པ་མ་མཆིས་པ་དུ་མ་ཞིག་དབང་
བསྐུར་ཏེ་བཀྱེ་ནས་ཡུལ་དེར་ཅི་ནས་ཀྱང་ཡུན་རིང་ཞིག་གི་བར་དུ་རྒུད་པར་བགྱི་ཞིང་ཡུལ་འདི་འཇིག་མི་ནུས་པར་བགྱི་བའི་སླད་དུ་མུ་གེ་དང་ནད་དང་ཕ་རོལ་གྱི་དམག་མཆི་བར་བགྱིད་དུ་སྩལ་ཏོ། །ལི་ཡུལ་གྱི་ནོར་རྫས་དེ་དག་གིས་འཚལ་བ་རྣམས་ཀྱང་བཀྲ་མི་ཤིས་པར་བགྱི་ཞིང་གང་
དང་གང་དུ་ཕྱིན་པའི་ཡུལ་དེ་ཐམས་ཅད་དུ་ཡང་སྨན་ཡོན་མི་ཐོགས་ཤིང་འཁྲུག་པར་བགྱིའོ། །དེ་དག་གི་ཡུལ་འཛིན་པ་དང་དམག་དཔོན་ཡང་རྒུད་པར་བགྱིའོ། །བོད་ཀྱི་དམག་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བགྱི་སྟེ། དེ་གང་གི་ཚེ་དེ་དག་ཆོས་དང་འཐུན་པར་ཡུལ་འདི་
འཛིན་ཅིང་སྲུང་ན་ནི་བདག་ཅག་རྣམས་ཀྱིས་ཀྱང་དེ་དག་ཡོངས་སུ་བསྐྱང་ཞིང་རྒྱལ་བར་འགྱུར་བར་བགྱིའོ། །ནམ་ཞིག་དེ་དག་བདེ་བར་གཤེགས་པའི་བསྟན་པ་འཇིག་པ་དང་ཡུལ་གྱི་མི་ལ་གནོད་པར་བགྱིད་པ་དེའི་ཚེ་ནི་དམག་རྣམས་ནང་འཁྲུག་འབྱུང་བ་དང་། དམག་གི་དཔོན་
པོ་ཡང་ཆེ་ཐང་དུ་རྒུད་པར་བགྱི་སྟེ། རྒྱས་པར་ནི་སྔ་མ་བཞིན་ནོ། །མ་འོངས་པའི་དུས་ན་ཡུལ་འདིའི་རྒྱལ་པོ་དང་བློན་པོ་སེམས་གྱ་གྱུ་ཅན། བསོད་ནམས་ཆུང་བ་དང་། དད་པ་མེད་པ། དཀོན་མཆོག་གསུམ་གྱི་དཀོར་ལ་འཇོལ་ཉག་ཏུ་རློམ་ཞིང་། ཡུལ་གྱི་རྩིས་མགོ་དང་
འགལ་བར་བགྱིད་པ། ནོར་རྫས་མ་བརྟགས་པས་གོ་འཕང་ཚོལ་ལ་སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ལ་སུན་འབྱིན་ཏུ་རྒོལ་བ། ངོ་ཚ་མེད་པ། མངན་དུས་ཅན། འདོད་པའི་ཡོན་ཏན་གྱིས་ངོམས་མི་མྱོང་བ། རབ་ཏུ་འབྱུང་བ་དག་གིས་སེམས་སྐྱོ་བ་ལ་ལ་དག་

འབྱུང་བར་འགྱུར་ན་དེ་དག་ནི་བདག་ཅག་གིས་ཀྱང་ཡུལ་འདི་ནས་དབྱུང་ཞིང་ཡུལ་ངན་པ་གཞན་དང་གཞན་དག་ཏུ་སྤྱུགས་པར་བགྱི་སྟེ། ཚུལ་དེ་ལྟ་བུས་ཡུལ་འདི་ཡོངས་སུ་བསྐྱང་བ་དང་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་སླད་མ་རྩོད་པའི་དུས་ན་ཡུལ་འདི་གཞིག་
པར་བརྩོན་པའི་སེམས་ཅན་བདུད་ཀྱི་ཕྱོགས་སྡིག་པ་བགྱིད་པ། མཐུ་སྟོབས་དང་ལྡན་པ། ཡུལ་དག་ཏུ་སེམས་ཅན་རྣམས་ཀྱི་དད་པ་ཟློག་པར་བགྱིད་པ། སེམས་གདུག་ཅིང་བརླང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དུ་མ་ཞིག་འབྱུང་བར་འགྱུར་ལ།
དེ་དག་ཀྱང་བདག་ཅག་གི་དབང་དུ་མི་འགྱུར་ན་དེ་ལ་བདག་ཅག་གིས་ཐབས་ཇི་ལྟར་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཡིད་སྐྱོ་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། གླིང་བཞི་པ་འདི་ན་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་མཐུ་
སྟོབས་ཆེ་བ་དང་། ཀླུ་དང་། གནོད་སྦྱིན་ས་ཐོབ་པ་དུ་མ་ཞིག་གནས་པ་དེ་དག་ལ་སེམས་འཇམ་པོས་མཆོད་པ་ཆེན་པོ་བྱས་ཏེ། མཆོད་རྟེན་གོ་མ་ས་ལ་གན་ད་དང་། གཙུག་ལག་ཁང་ཚར་མ་ལ་སོགས་པ་ཡུལ་བྱིན་གྱིས་བརླབས་བརླབས་པ་རྣམས་སུ་ཐེག་པ་ཆེན་
པོའི་སྡེ་སྣོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདུས་པ་ཆེན་པོ་དང་། སངས་རྒྱས་ཕལ་པོ་ཆེ་དང་། དཀོན་མཆོག་བརྩེགས་པ་ལ་སོགས་པ་ཤིན་དུ་རྒྱས་པའི་སྡེ་མང་པོ་ལྷོགས་ཤིག་དང་། ཡུལ་སོ་སོ་ནས་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་སོགས་པ་དང་། མཐུ་
སྟོབས་ཆེ་བའི་སེམས་ཅན་དེ་དག་ཡུལ་འདིར་འོངས་ནས་ཆོས་ཀྱི་རོ་མནོས་ཤིང་དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ལས་མི་འགལ་བར་བྱེད། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་ཡང་སྲུང་བར་བྱེད། ཡུལ་
འདིའི་མི་དང་བསྟན་པ་ཡང་སྲུང་བར་བྱེད་པར་འགྱུར་རོ། །གཞན་ཡང་མ་འོངས་པའི་དུས་ན་ཡུལ་དགེ་བ་འདིའི་རྒྱལ་པོ་མཐུ་ཆུང་བར་འགྱུར་ཏེ། མཐུ་ཆུང་བ་དེས་ན་རང་གི་མཐུ་སྟོབས་ཀྱིས་ཡུལ་མི་ཐུབ་པས་རྒྱལ་པོ་དད་པ་ཅན་གཞན་འདི་ལྟ་སྟེ། བོད་ཀྱི་རྒྱལ་པོ་དང་།

རྒྱའི་རྒྱལ་པོ་ལ་སོགས་པ་ལ་སྐྱབས་བཙལ་ནས་ཡུལ་སྲུང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། མ་འོངས་པའི་དུས་ན་རྒྱ་དང་བོད་ཀྱི་ཡུལ་དུ་དཀོན་མཆོག་གསུམ་གནས་ཤིང་མཆོད་གནས་ཆེན་པོར་བྱེད་པ་དང་། ཡུལ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་གནས་སུ་འགྱུར་ཞིང་། སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཆེན་པོའི་ལམ་ཚོལ་བའི་ངང་ཚུལ་ཅན་ཐེག་པ་ཆེན་པོ་ལ་དད་པ། ཏིང་ངེ་འཛིན་ལ་གཞོལ་བར་འགྱུར་ཏེ། དེ་དག་གི་མཐུ་སྟོབས་ཀྱིས་ལི་ཡུལ་གྱི་མི་དང་། དཀོན་མཆོག་གསུམ་བརླག་པར་མི་
འགྱུར་རོ། །སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱིས་ཀྱང་བོད་དང་རྒྱའི་རྒྱལ་པོ་དང་བློན་པོ་དག་ཅི་ནས་ཀྱང་མཆོད་རྟེན་གོ་མ་ས་ལ་གན་ད་དང་། ཡུལ་དགེ་བ་འདི་ལ་རི་མོ་བྱེད་པར་འགྱུར་བ་དང་། ཡུལ་འདིར་བསོད་ནམས་བྱ་བའི་དངོས་པོ་དགེ་བ་རྒྱ་ཆེན་པོ་བྱེད་པར་འགྱུར་བ་དང་། ཡུལ་
འདིའི་མི་ཉི་འོག་དད་པ་མེད་པའི་ཡུལ་གཞན་དུ་འཁྱམས་པ་རྣམས་ཀྱང་སྡུག་བསྔལ་དང་དབྲལ་ཞིང་བདེ་བར་རང་གི་ཡུལ་དུ་བསྐྱལ་ནས་ཕྱིར་ཡང་དག་པའི་ལྟ་བ་ཅན་དང་། བསོད་ནམས་ལ་དགའ་བར་འགྱུར་བར་སེམས་སྒྱུར་ཅིག་དང་། དགེ་བའི་རྩ་བ་དེའི་སྟོབས་ཀྱིས་
སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱི་དགེ་བའི་རྩ་བ་དང་། མདངས་དང་། གཟི་བརྗིད་དང་། འཁོར་འཕེལ་བར་འགྱུར་ཞིང་སངས་རྒྱས་ཉིད་དུ་ཡང་ཉེ་བར་འགྱུར་གྱིས། དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་གདམས་ངག་ལ་བྱས་པ་གཟོ་བར་གྱིས་
ཤིག །འདི་ལྟར་ཡུལ་འདིའི་སེམས་ཅན་རྣམས་ནི་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའི་ལས་དང་ལྡན་པ། སྙིང་རྗེ་དང་ལྡན་པ། བདེན་པ་དང་ལྡན་པ། གཏོང་ཕོད་པ། ཕྲག་དོག་དང་འཁོན་དུ་འཛིན་པ་རྣམ་པར་སྤངས་པ། བྱས་པ་གཟོ་བ། ཆོས་ལ་དགའ་བ། ཡང་དག་
པའི་ལྟ་བ་ཅན། ལོག་པར་ལྟ་བ་ཐམས་ཅད་རྣམ་པར་སྤངས་པ། སེམས་འཇམ་པར་འགྱུར་ཏེ། རྒྱུ་དེས་ན་དགེ་བ་རྣམས་ཞེས་བྱའོ། །ཡུལ་འདིའི་མཁར་ཡང་མི་བྱམས་པ་དང་འཇམ་པའི་སེམས་དང་ལྡན་པ་རྣམས་དང་། མཆོད་རྟེན་དང་གཙུག་ལག་ཁང་དུ་མས་བརྒྱན་

པར་འགྱུར་ཏེ། དེའི་ཕྱིར་མཁར་དགེ་བ་ཅན་ཞེས་བྱའོ། །གཞན་ཡང་ཡུལ་གཞན་དག་ནས་སེམས་ཅན་དད་པ་མེད་པ་སྡང་བ་འཁོན་དུ་འཛིན་པ་དག་ཡུལ་འདིར་འོངས་པ་ཀུན་ཡུལ་འདིའི་རྡུལ་གྱིས་རེག་ཅིང་། ཡུལ་འདི་ནས་འཁྲུངས་པའི་འཚོ་བ་ལ་ལོངས་སྤྱོད་ན་དེ་
དག་ཐམས་ཅད་ཀྱིས་སེམས་བསྒྱུར་ནས་སེམས་འཇམ་པ་དང་། མཉེན་པ་དང་། བྱམས་པའི་བསམ་པ་དང་། ཁྲོ་བ་དང་འཁོན་དུ་འཛིན་པ་སྤངས་པ་དང་། དད་པ་དང་། ཡང་ཡུལ་འདིའི་སྡིག་པ་མི་བྱེད་པར་འགྱུར་ཏེ། ཡུལ་འདི་ནི་ཡོན་ཏན་མང་པོ་དེ་དག་དང་ལྡན་
པ་ཡིན་ནོ། །དེ་ནས་དེའི་ཚེ་སྔར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་བྱིན་གྱིས་བརླབས་ནས་འོད་ཟེར་ཐུགས་རྗེ་ཆེན་པོ་དང་བཅས་ཏེ་བཀྱེ་བ་དེས་ཆུ་ན་གནས་པའི་སེམས་ཅན་རྣམས་ཀྱི་སེམས་ཡོངས་སུ་དག་པ་དང་། བདེ་བ་དང་ལྡན་པར་བྱས་ནས་
ཆུའི་ནང་ནས་སླར་འཐོན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །ཡང་འོད་ཟེར་དེ་དག་སླར་ལོག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡུལ་བྱིན་གྱིས་བརླབས་པ་དང་། ཉན་ཐོས་ཆེན་པོ་རྣམས་ཀྱིས་ཡུལ་བྱིན་
གྱིས་བརླབས་པ་དང་། མཚོའི་ནང་ནས་བྱུང་བའི་པད་མའི་སྟེང་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞུགས་པ་དེ་དང་དེ་དག་གི་འོད་ཟེར་དང་འདྲེས་ནས་ནམ་མཁའ་ལ་འཕགས་ཏེ་སྟེང་གི་ནམ་མཁའ་ཁེབས་པར་གྱུར་ཅིང་ལི་ཡུལ་ཐམས་ཅད་དུ་ལྷའི་མེ་ཏོག་གི་ཆར་
ཕབ་བོ། ལྷའི་མེ་ཏོག་དེ་དག་ཕན་ཚུན་དུ་རེག་པ་ལས་ཆོས་ཀྱི་སྒོ་མོ་འདི་ལྟ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་མཚན་དང་། ཡང་དག་པའི་ལྟ་བ་དང་། ཤེས་རབ་དང་། ཚུལ་ཁྲིམས་དང་། དགེ་བའི་རྩ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དཀའ་
བ་སྤྱད་པ་དང་། སྨོན་ལམ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། དགེ་སྦྱོང་གི་འབྲས་བུ་བཞི་པོ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཁམས་གསུམ་གྱི་སྲིད་པ་

ལས་ངེས་པར་འབྱིན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། འདུ་བྱེད་འཇིག་པ་དང་། དྲན་པ་ཉེ་བར་གཞག་པ་དང་། འཕགས་པའི་བདེན་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། བསམ་གཏན་དང་། བསྡུ་བའི་དངོས་པོ་དང་། སོ་སོ་ཡང་དག་པར་རིག་པ་དང་། གཟུགས་མེད་
པའི་སྙོམས་པར་འཇུག་པ་བཞི་དང་། དབང་པོ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་མཐའ་དག་གི་སྒྲ་འབྱིན་པར་གྱུར་ཏོ། །གཞན་ཡང་སེམས་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་དང་། སྙོམས་པར་འཇུག་པ་དང་། ས་དང་།
སྟོབས་དང་། ཐུགས་རྗེ་དང་། བྱམས་པ་ཆེན་པོ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཐེ་ཚོམ་སེལ་བ་དང་། སངས་རྒྱས་ཉིད་ལས་མི་ལྡོག་པ་དང་། ཏིང་ངེ་འཛིན་དང་། མངོན་པར་རྟོགས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། མ་འདྲེས་པ་དང་། སངས་རྒྱས་ཉིད་དུ་འགྱུར་བ་དང་།
མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་དང་། མ་བྱས་པ་དང་། མ་སྐྱེས་པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པའི་མཐའ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཁོངས་སུ་གཏོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་དང་། རྣལ་འབྱོར་པ་རྣམས་
ཀྱིས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་དང་། སྐྱེ་བ་སྡུག་བསྔལ་བ་དང་། རྒ་བ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་གྱི་སྒྲ་ཡང་བྱུང་བར་གྱུར་ཏོ། །གཞན་ཡང་ཕུང་པོ་ལྔ་པོ་དག་ལ་སེམས་ཅན་མེད་པ་དང་། གསོ་བ་དང་།
གང་ཟག་དང་། སྲོག་མེད་པ་དང་། ཆོས་བདེན་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། རྟག་པ་མེད་པ་དང་། ཆད་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ་དང་། དཀོན་མཆོག་གསུམ་གྱི་གདུང་དང་། བྱིན་གྱིས་བརླབས་དང་། འགྲོ་བ་ལྔ་པོ་དག་གི་འཁྲུལ་བ་རྨི་ལམ་ལྟ་བུ་དང་། འཁོར་བའི་
འདུ་བྱེད་བཙོན་ར་ལྟ་བུ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། བྲག་ཅ་ལྟ་བུའོ་ཞེས་བྱ་བའི་སྒྲ་བྱུང་བར་གྱུར་ཏེ། གཞན་ཡང་དད་པ་དང་མངོན་པར་རྟོགས་པ་དང་། བརྩོན་འགྲུས་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། འཁོར་བས་སྐྱོ་བ་དང་། དེ་ལྟ་བུ་ལ་སོགས་པ་སྒྲ་བརྒྱ་སྟོང་དུ་མ་བྱུང་བར་

གྱུར་ཏོ། །དེ་ནས་འཁོར་འདུས་པ་མང་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཕྱོགས་ཕྱོགས་ནས་ལྷགས་པ་དེ་དག་ཐམས་ཅད་ས་ལ་གནས་པའི་ལྷ་དང་། ཀླུ་དང་། ནམ་མཁའ་ལ་གནས་པའི་ལྷ་དང་། གནོད་སྦྱིན་ཐམས་ཅད་སེམས་ངོ་མཚར་དུ་གྱུར་ནས་རངས་པ་སྐྱེས་ཏེ། ཆོས་ཀྱི་སྒོ་མོའི་སྒྲ་དེ་
དག་ལ་ཡིད་མི་ཕྱེད་པར་གྱུར་ཏོ། །དེ་ནས་དེའི་ཚེ་འཁོར་དེ་དག་གི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཆོ་འཕྲུལ་ཆེན་པོ་འདི་ལྟ་བུ་བསྟན་པ་ལགས།
བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་སྒོ་མོ་འདི་དག་ནི་ཡུལ་དགེ་བ་ནས་སྐྱེ་བའི་སེམས་ཅན་རྣམས་ཀྱི་ཆེད་དང་། འཁོར་བཞི་པོ་རྣམས་ཀྱི་ཆེད་དུ་ཡང་ལྷག་པར་བྱིན་གྱིས་བརླབས་ནས་བསྟན་པ་ཡིན་ཏེ། ཆོས་ཀྱི་སྒོ་མོ་འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་
ཚེགས་ཆུང་ངུ་དང་། འབད་པ་ཆུང་ངུས་དབང་པོ་དང་། ཤེས་པ་ཡོངས་སུ་དག་པར་འགྱུར་ཞིང་། ཆོས་ཀྱི་སྒོ་མོ་དེ་དང་དེ་དག་ཀྱང་མངོན་པར་རྟོགས་པར་འགྱུར་རོ། །མ་འོངས་པའི་སྐྱེ་བོ་དེ་དག་ནི་བྱིས་པ་ཆུང་ངུ་ཡན་ཅད་ཆོས་མངོན་པར་རྟོགས་པར་དགའ་ཞིང་རྩེད་མོར་ཡང་ཆོས་ཀྱི་སྒོ་མོ་འདི་དག་སྨྲ་བར་འགྱུར་རོ། །
སེམས་ཅན་དེ་དག་དབང་པོ་ཡོངས་སུ་བརྟས་ནས་ཆོས་ཀྱི་མིག་རྣམ་པར་དག་པས་དེ་བཞིན་གཤེགས་པའི་སྐུ་ཡང་མཐོང་བར་འགྱུར། ཆོས་ཀྱི་རྣ་བ་རྣམ་པར་དག་པས་ཆོས་ཡང་དག་པར་ནོད་པ་ཡང་ཐོས་པར་འགྱུར། དེ་དག་འཁོར་བ་ན་འདུ་བྱེད་དང་ཆོས་ཐམས་ཅད་ལས་ཀྱང་སེམས་རྣམ་པར་གྲོལ་
བར་འགྱུར་ཏེ། སེམས་དེ་ལྟ་བུ་དེས་ན་ཡུལ་དགོན་པ་བྱིན་གྱིས་བརླབས་པ་འདིར་དགེ་བའི་ཕྱོགས་ལ་བརྩོན་པའམ། ཡང་ན་རི་གླང་རུ་ལ་གནས་པ་དེ་དག་ཐམས་ཅད་དངོས་གྲུབ་ཐོབ་པར་འགྱུར་ཏེ། བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་ན་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་སྟེ། ལྷ་
རྣམས་ཀྱིས་འཁོར་གནོད་སྦྱིན་ནམ། དྲི་ཟའམ། མིའམ་ཅི་ཆད་པས་བཅད་པར་འགྱུར་ནའང་མཆོད་རྟེན་གོ་མ་ས་ལ་གན་ད་དང་། རི་གླང་རུ་ལ་འཁྲས་ན་དེ་དག་གིས་མི་མཐོང་བར་འགྱུར་རོ། །བརྒྱ་ལ་མཐོང་ན་ཡང་སེམས་ཞི་བར་འགྱུར་ཏེ། རྒྱུ་དེས་ན་རི་གླང་རུ་དང་། མཆོད་རྟེན་གོ་མ་ས་ལ་གན་ད་ནི་མཚམས་

བཅད་པ་དང་། གཙང་བྱེད་དང་། སྐྱབས་དང་། འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་སེམས་ཅན་རྣམས་ཀྱིས་ཀྱང་ཕྱག་བྱ་བར་འོས་པ་ཡིན་ནོ། །མཆོད་རྟེན་གོ་མ་ས་ལ་གན་ད་དང་། རི་གླང་རུ་དང་། ཡུལ་དགེ་བ་དང་། མཁར་དགེ་བ་ཅན་དང་། དགོན་པ་བྱིན་གྱིས་བརླབས་
བརླབས་པའི་མིང་ཐོས་ནས་དད་པ་སྐྱེས་པ་ཙམ་གྱིས་ཀྱང་སྡིག་པ་ཆེན་པོ་འབྱང་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་གཉིས་སོང་ལ་མཚོ་ཆེན་པོ་འདི་ཤའི་རི་དྲོལ་ཏེ། བྱང་ཕྱོགས་ལོགས་སུ་གྱི་
ཤོ་གཙང་པོའི་ནང་དུ་ཕོ་ལ་ཆུ་ན་གནས་པའི་སེམས་ཅན་རྣམས་ལ་མི་གནོད་པར་སྲུང་བ་དང་། ཡུལ་འདིས་མཚམས་མངོན་པར་གྱིས་ཤིག །དེ་ནས་ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་རྣམ་ཐོས་ཀྱི་བུས་དེ་བཞིན་འཚལ་ལོ་ཞེས་གསོལ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལས་ཤའི་རི་གང་ན་བ་དེ་ལོགས་སུ་
ཆས་ཏེ། ཤཱ་རིའི་བུས་ནི་ལག་ན་ཁར་གསིལ་ཐོགས། རྣམ་ཐོས་ཀྱི་བུས་ནི་ལག་ན་མདུང་ཐོགས་ནས་ཤའི་རི་ཕྱེད་སྟམ་པས་བླངས་ཏེ། ནུབ་ཕྱོགས་ལོགས་སུ་བཞག་ནས་ཆུ་སྲོལ་ཆེན་པོ་བཏོད་དེ་མཚོ་སྲོག་ཆགས་དང་བཅས་པར་གྱི་ཤོ་གཙང་པོའི་ནང་དུ་ཕོ་སྟེ། ཚུལ་དེ་ལྟ་བུས་མཆོད་རྟེན་གོ་མ་
ས་ལ་གན་ད་དང་། རི་གླང་རུ་དང་། ལི་ཡུལ་དེ་མངོན་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་དང་། བྱང་ཆུབ་སེམས་དཔའ་ཉི་ཁྲི་དྲང་སྲོང་དང་བཅས་པ་དང་། རྣམ་
ཐོས་ཀྱི་བུ་དང་ཁྱིམ་གཅིག་ལ་སོགས་པ་ལྷ་ཆེན་པོ་བརྒྱད་དང་། འཁོར་སུམ་ཁྲི་ལྔ་སྟོང་ལྔ་བརྒྱ་དང་བཅས་པ་ལ་མཆོད་རྟེན་གོ་མ་ས་ལ་གན་ད་ལ་སོགས་པ་ཡོངས་སུ་གཏད་དེ། ལྷ་དེ་དག་གིས་ཀྱང་དེ་བཞིན་དུ་མནོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་དུ་གནང་ངོ་། །བཅོམ་ལྡན་
འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། ཤཱ་རྡཱུ་ལ་ཀརྞ་ཨ་བ་དཱ་ན། བོད་སྐད་དུ། སྟག་རྣའི་རྟོགས་པ་བརྗོད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་
བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོའི་དུས་སུ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བསོད་སྙོམས་སྤྱད་དེ་ཟས་ཀྱི་བྱ་བ་བྱས་
ནས་ཆུ་མིག་གཞན་ཞིག་ཏུ་ཆུའི་ཕྱིར་ཕྱིན་ནོ། །དེར་ཕྱིན་པ་དང་། ཡང་དེའི་ཚེ་ཆུ་མིག་དེ་ལ་གདོལ་པའི་བུ་མོ་གཟུགས་བཟང་མོ་ཞེས་བྱ་བ་ཆུ་འཆུ་ཞིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་བདག་
ལ་ཆུ་བྱིན་ཅིག །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བདག་ནི་གདོལ་པའི་བུ་མོ་ལགས་སོ། །སྲིང་མོ་རུས་དང་རིགས་འདྲི་བ་མ་ཡིན་གྱིས། འོན་ཀྱང་དེ་ནས་ཆུ་ཆུས་ལ་བྱིན་ཅིག་བཏུང་བར་
བྱའོ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཆུ་བྱིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཆུ་འཐུངས་ནས་སོང་ངོ་། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོའི་བཞིན་དང་། ལུས་དང་། སྐད་གདངས་
རྣམས་རབ་ཏུ་ལེགས་པར་མཚན་མར་བཟུང་སྟེ། ཚུལ་མ་ཡིན་པའི་ཡིད་ལ་བྱེད་པས་ཀུན་ཏུ་ཆགས་པ་སྐྱེས་པར་གྱུར་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁོ་མོའི་འདོད་པ་སྐྱེས་ན། བདག་གི་མས་རིག་སྔགས་ཤེས་པས་དེའི་མཐུས། འཕགས་པ་ཀུན་དགའ་བོ་བཀུག་ལ་ཁྱོ་བྱའོ་སྙམ་
དུ་བསམས་སོ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཆུ་ཐོགས་ནས། གདོལ་པའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཆུ་བུམ་ཕྱོགས་གཅིག་ཏུ་བཞག་ནས་རང་གི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཡུམ་མཁྱེན་པར་མཛོད་ཅིག །ཀུན་དགའ་བོ་ཞེས་བྱ་བའི་དགེ་

སློང་དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་བསྙེན་བཀུར་བ་དེ་བདག་ཁྱོར་འཚལ་གྱིས་ཡུམ་ཁྱོད་ཀྱིས་དཔྱོད་ཀྱིས་དེ་འདིར་ཁུག་ཤིག །དེའི་མས་སྨྲས་པ། ངས་ཀུན་དགའ་བོ་ཞི་བ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་ན་དགུག་པར་ནུས་མོད་ཀྱི། འོན་ཀྱང་ཀོ་ས་ལའི་
རྒྱལ་པོ་གསལ་རྒྱལ་དགེ་སྦྱོང་གཽ་ཏ་མ་ལ་མཆོག་ཏུ་དད་པས་བསྟེན་ཞིང་བསྙེན་བཀུར་བྱེད་པས། གལ་ཏེ་དེས་ཤེས་ན་དེས་གདོལ་པའི་རིགས་རྣམས་བརླག་པར་འགྱུར་རོ། །དགེ་སྦྱོང་གཽ་ཏ་མ་ནི་འདོད་ཆགས་དང་བྲལ་བ་ཐམས་ཅད་ཟིལ་གྱིས་གནོན་ཞེས་ཐོས་སོ། །དེ་སྐད་ཅེས་
སྨྲས་པ་དང་། གདོལ་པའི་བུ་མོ་གཟུགས་བཟང་མོས་མ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་དགེ་སྦྱོང་གཽ་ཏ་མ་དེ་འདོད་ཆགས་དང་བྲལ་བ་ཡིན་ཡང་རུང་དེའི་ཉེ་གནས་དགེ་སློང་ཀུན་དགའ་བོ་དེ་མ་བཀུག་ན་བདག་ལྕེབ་བོ། །གལ་ཏེ་དེ་ཁུགས་ན་ནི་བདག་འཚོ་བར་འགྱུར་རོ། །
མས་སྨྲས་པ། དགེ་སྦྱོང་ཀུན་དགའ་བོ་དགུག་གིས་སྲོག་མ་དོར་ཅིག །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོའི་མས་ཁང་པའི་དབུས་ལྕི་བས་བྱུགས་ནས་གྲུ་བཞིར་བྱས་ཏེ། དཱུར་བ་བརྔས་ནས་མེ་སྦར་ཞིང་མེ་ཏོག་དང་། ཨརྐ་བརྒྱ་རྩ་བརྒྱད་ལ་སྔགས་བཟླས་ནས་རེ་རེ་ནས་མེར་
བསྐྱུར་རོ། །དེ་ལ་རིག་སྔགས་ནི་འདི་ཡིན་ཏེ། ཨ་མ་ལེ་བི་མ་ལེ་ཀུ་ཀུ་སེ་མ་མ་ནེ་ཡེ་ན་བན་དྷོ་སྨི་བིན་དུ་ན་ཨི་ཙུ་ཡཱ་དེ་བོ་བི་ར་ཤ་ཥ་ཏི་བི་དྱོ་ཏི་ཏ་གར་ཛ་ཏི་བིསྨ་ཡ་པ་རཱ་ཛ་ཡ་མ་བྷི་བརྡྷ་ཡི་ཏུཾ་དེ་བེ་བྷྱོ་མ་ནུ་ཥེ་བྷྱོ་གན་དྷ་ར་བེ་བྷྱཿཤེ་ཀི་ཁི་གྲ་ཧ་དེ་བཱ་བི་ཤི་ཀི་གྲ་ཧ་དོ་པ་ཨཱ་ནན་དཱ་སྱ་ཨ་ག་མ་ནཱ་ཡ་
ཀྲ་མ་ནེ་ཡ་ཛུ་ཧོ་མོ་སྭ་ཧཱ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སེམས་གཡོས་ཏེ། གཙུག་ལག་ཁང་དེ་ནས་ལངས་ནས་གདོལ་པའི་ཁྱིམ་གང་ན་བ་དེར་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་རིང་མོ་ནས་འོང་བ་གདོལ་པ་མོས་མཐོང་ངོ་། །མཐོང་ནས་ཀྱང་གཟུགས་བཟང་
མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་འོང་བ་འོ་ནི་ནི་དགེ་སྦྱོང་ཀུན་དགའ་བོ་ཡིན་གྱིས་ཤེས་པར་གྱིས་ཤིག །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་དགའ་ཞིང་མགུ་ལ་ཡི་རངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོའི་མལ་བཤམས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གདོལ་

པའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྟེགས་བུ་ལ་བརྟེན་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ངུ་ཞིང་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཉམ་ང་བའི་གནས་སྐབས་འདི་ཐོབ་ན། ད་ལྟར་བཅོམ་ལྡན་འདས་བདག་ལ་མི་དགོངས་སོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དགོངས་པར་མཛད་དོ། །དགོངས་མ་ཐག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྔགས་ཀྱིས་གདོལ་པའི་སྔགས་ཉམས་པར་མཛད་དོ། །དེའི་སྔགས་ནི་འདི་ཡིན་ཏེ། སྠི་ཏི་ར་ཙུ་ཏི་ར་ནི་སྭ་ཏི་སརྦ་པྲཱ་ཎི་བྷྱཿ སེ་ར་པྲ་ས་ནཾ་ནི་རྡོ་ཥཾ་
ཏཾ་སརྦ་ཏོ་པཱ་ཡཾ་ཨི་ཏ་ཡོ་ཡ་ཏྲ་ཤ་སྱནྟ་པྟ་ཡཱ་ནི་ཙ་ལི་ཏཱ་ནི་ཙཱ་ཏཾ་བེ་དེ་བཱ་ན་མཿ ཤྱཾ་ཏི་སརྦ་སིད་དྷ་ཙ་ཡོ་གི་ན་ཨེ་ཏེ་ན་ས་ཏྱ་བཱ་ཀྱེ་ན་སྭ་སྟྱ་ཨཱ་ནན་ད་ཡ་བིཀྵ་བེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གདོལ་པའི་རིག་སྔགས་བཀྲོལ་ནས་གདོལ་པའི་ཁྱིམ་ནས་བྱུང་ནས་རང་གི་གཙུག་ལག་
ཁང་གང་ན་བ་དེར་འགྲོ་བར་བརྩམས་སོ། །གདོལ་པའི་བུ་མོ་གཟུགས་བཟང་མོས་མཐོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བལྟས་ནས་རང་གི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཡུམ་དགེ་སློང་ཀུན་དགའ་བོ་འདི་མཆི་ཞིང་གདའོ། །དེའི་མས་སྨྲས་པ། བུ་ངེས་པར་དགེ་
སྦྱོང་གཽ་ཏ་མས་དྲན་པར་བྱས་པས་དེས་ན་བདག་གི་སྔགས་ཉམས་པར་གྱུར་ཏོ། །གཟུགས་བཟང་མོས་སྨྲས་པ། ཡང་ཅི་ཡུམ་དག་སྦྱོང་གཽ་ཏ་མའི་སྔགས་ཁྱད་པར་དུ་སྟོབས་དང་ལྡན་ལ་བདག་ཅག་གི་དེ་ལྟ་མ་ཡིན་ནམ། དེ་ལ་མས་སླར་སྨྲས་པ། བུ་དགེ་སྦྱོང་གཽ་ཏ་མའི་སྔགས་ཁྱད་
པར་དུ་སྟོབས་དང་ལྡན་པ་ཡིན་གྱི། བདག་ཅག་གི་དེ་ལྟ་མ་ཡིན་ནོ། །བུ་འཇིག་རྟེན་ན་སྔགས་མཐུ་དང་ལྡན་པའི་སྔགས་གང་ཡིན་པ་དེ་དག་ཐམས་ཅད་དགེ་སྦྱོང་གཽ་ཏ་མ་འདོད་ན་རབ་ཏུ་འཇོམས་པར་བྱེད་དོ། །ཡང་འཇིག་རྟེན་པའི་སྔགས་མཐུ་དང་ལྡན་པ་ཐམས་ཅད་ཀྱིས་དགེ་སྦྱོང་གཽ་ཏ་
མའི་སྔགས་རབ་ཏུ་གཞོམ་པར་མི་ནུས་སོ། །དེ་ལྟ་བས་ན་དགེ་སྦྱོང་གཽ་ཏ་མའི་སྔགས་ནི་ཆེས་སྟོབས་དང་ལྡན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། རིམ་གྱིས་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས་ཕྱོགས་

གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གནས་སྐབས་དེ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཡི་གེ་དྲུག་པའི་རིག་
སྔགས་འདི་བསྟན་གྱིས་ཟུང་ལ་ཆོངས་ཤིག །ལྷོགས་ལ་ཀུན་ཏུ་བཟུང་ན་བདག་ཉིད་ལ་ཕན་པ་དང་བདེ་བར་འགྱུར་ཞིང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་ཕན་པ་དང་བདེ་བ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་ཡི་གེ་དྲུག་པའི་
རིག་སྔགས་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས་གསུངས་ཤིང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ད་ལྟར་ཡང་དག་པར་རྫོགས་པའི་སངས་
རྒྱས་ངས་ཀྱང་གསུངས་པ་ཡིན་གྱིས། དེ་ལྟ་བས་ན་ཁྱོད་ཀྱིས་ཟུང་ཤིག །ཐོན་ཅིག །ཀུན་དུ་ལྷོགས་ཤིག །འདི་ལྟ་སྟེ། ཨཎ་ཌ་རེ་ཀེ་ཡུ་རེ་དྷི་ཧ་སྟེ་ས་ར་གེ་བེ་བནྟ་མ་ཏི་དྷ་རི་བི་ཥ་ཙི་ལི་མི་ལི་སཱ་ཏ་ན་ཡུ་སྣ་ཐ་ཡ་སཾ་བྷ་གཱི་ལཱ་གོ་ལ་པ་ཏི་ཀ་ཌཾ་ཙི་ལ། ཀུན་དགའ་བོ་ཡི་གེ་དྲུག་
པའི་རིག་སྔགས་འདི་ནི་ཡོངས་སུ་སྲུང་བ་དང་། བདག་ཉིད་བཀྲ་ཤིས་པར་བྱེད་པ་ཡིན་ཏེ། བསད་པའི་ནི་ཆད་པས་གྲོལ་བར་འགྱུར་རོ། །ཆད་པས་བཅད་པ་ནི་བརྒྱད་པས་བྲལ་བར་འགྱུར་རོ། །བརྒྱད་པར་འོས་པ་ནི་ཡང་དེ་བཞིན་དུ་སྨྲས་པས་བྲལ་བར་འགྱུར་རོ། །ཀུན་དགའ་
བོ་ངས་ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་ན། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ཚོགས་དང་། ལྷ་དང་། མི་རྣམས་ལས་གང་ཞིག་ཡི་གེ་དྲུག་པའི་རིག་སྔགས་འདིས་བསྲུང་བ་བྱས་ནས། བསྲུང་སྐུད་དཔུང་པ་ལ་
བཏགས་ན་བཀྲ་ཤིས་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་གཞན་གྱིས་ཟིལ་གྱིས་གནོན་པར་ནུས་པ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་དེ་ཉིད་ཀྱི་མཚན་མོ་ལུས་ཁྲུས་བྱས་གོས་སར་པ་

བགོས་ནས་མུ་ཏིག་དོ་ཤལ་གྱིས་བརྒྱན་ཏེ། གྲོང་ཁྱེར་མཉན་ཡོད་ག་ལ་བ་དེ་ནས་བྱུང་སྟེ་སོང་ནས་གྲོང་ཁྱེར་གྱི་སྒོ་དྲུང་དུ་བསྡད་དེ། ཚེ་དང་ལྡན་པ་ཀུན་དགའ་བོ་འོང་བ་ལ་སྡོད་ཅིང་ངེས་པར་འདིར་དགེ་སློང་ཀུན་དགའ་བོ་འོང་ངོ་ཞེས་སེམས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་
བོ་སྔ་དྲོའི་དུས་སུ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །གདོལ་པའི་བུ་མོ་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་དུ་འབྲང་ངོ་། །འདུག་ན་འདུག་
ཅིང་འགྲོ་ན་འགྲོ་བར་བྱེད་དོ། །ཁྱིམ་གང་དང་གང་དུ་བསོད་སྙོམས་ལ་ཞུགས་པ་དེ་དང་དེར་སྒོར་ཅང་མི་སྨྲ་བར་སྡོད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཕྱི་བཞིན་དུ་འབྲང་བ་མཐོང་ངོ་། །མཐོང་ནས་ཀྱང་ངོ་ཚ་ཞིང་ཁྲེལ་གྱིས་དོགས་
པས་སྡུག་བསྔལ་ཞིང་ཡིད་མི་བདེ་བས་མྱུར་དུ་མཉན་ཡོད་ནས་བྱུང་ནས། རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་སོང་ངོ་། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་དུ་རྗེས་སུ་འབྲང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་
ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདོལ་པའི་བུ་མོ་གཟུགས་བཟང་
མོ་འདི་ཕྱི་བཞིན་དུ་རྗེས་སུ་འབྲང་ཞིང་མཆིས་ལ་མཆི་ན། ཁྱིམ་གང་དང་གང་དུ་བསོད་སྙོམས་ལ་ཞུགས་པའི་ཁྱིམ་དེ་དང་དེའི་སྒོར་མཆིས་ནས་ཅང་མི་སྨྲ་བར་མཆིས་སོ། །བཅོམ་ལྡན་འདས་བདག་ལ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ལ་བསྐྱབ་ཏུ་གསོལ། དེ་
སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་འཇིགས་མ་འཇིགས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཅི་གཟུགས་

བཟང་མོ་དགེ་སློང་ཀུན་དགའ་བོ་ཁྱིམ་ཐབ་ཏུ་བྱ་བར་འདོད་དམ། བཙུན་པ་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་བཟང་མོ་ཕ་མས་དགེ་སློང་ཀུན་དགའ་བོ་ལ་རྗེས་སུ་འགྲོ་བར་གནང་ངམ། བཅོམ་ལྡན་འདས་གནང་ལགས་
སོ། །བདེ་བར་གཤེགས་པ་གནང་ལགས་སོ། །བདག་གིས་སླར་ཡང་གོ་བར་བགྱིའོ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་བཅོམ་ལྡན་འདས་ལ་རབ་ཏུ་མཉན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས་ལན་གསུམ་བསྐོར་བ་བྱས་ཏེ།
བཅོམ་ལྡན་འདས་ཀྱི་ཐད་ནས་སླར་སོང་སྟེ་གང་ན་རང་གི་ཕ་མ་ཡོད་པ་དེར་སོང་སྟེ་ཕྱིན་ནས། ཕ་མའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་སྟེ། རང་གི་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དགེ་སྦྱོང་གཽ་ཏ་མ་རང་གིས་དགེ་སློང་ཀུན་དགའ་བོ་
སྩལ་ཏོ། །དེ་ནས་ཕ་མས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཁྲིད་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །གདོལ་པའི་བུ་མོ་གཟུགས་བཟང་མོས་ཀྱང་བཅོམ་ལྡན་
འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་གདོལ་པའི་བུ་མོ་གཟུགས་བཟང་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་གཉིས་ནི་བདག་གི་ཕ་མ་ལགས་སོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོའི་ཕ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་གཟུགས་བཟང་མོ་དགེ་སློང་ཀུན་དགའ་བོ་ལ་སྟེར་རམ། དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས་སྩལ་ལོ། །བདེ་བར་གཤེགས་པ་སྩལ་ལོ། །དེ་ལྟ་ན་ཁྱེད་གཉིས་རང་
གི་ཁྱིམ་དུ་སླར་སོང་ཤིག །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོའི་ཕ་མས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་

གདོལ་པའི་བུ་མོ་གཟུགས་བཟང་མོའི་ཕ་མ་སོང་ནས་རིང་མོ་མ་ལོན་པར་ཐུགས་སུ་ཆུད་ནས། གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་བཟང་མོ་དགེ་སློང་ཀུན་དགའ་བོ་དོན་དུ་གཉེར་རམ། བཅོམ་ལྡན་འདས་དོན་དུ་གཉེར་ལགས་སོ། །
བདེ་བར་གཤེགས་པ་དོན་དུ་གཉེར་ལགས་སོ། །དེ་ལྟ་ཡིན་ན་གཟུགས་བཟང་མོ་དགེ་སློང་ཀུན་དགའ་བོའི་ཆ་བྱད་དུ་གྱིས་ཤིག །བཅོམ་ལྡན་འདས་གཟུང་བར་བགྱིའོ། །བདེ་བར་གཤེགས་པ་གཟུང་ལགས་སོ། །བཅོམ་ལྡན་འདས་རབ་ཏུ་འབྱུང་དུ་གསོལ། བདེ་བར་
གཤེགས་པ་བདག་རབ་ཏུ་དབྱུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་མ་འདིར་ལེགས་པར་ཚངས་པར་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། གདོལ་པའི་བུ་མོ་གཟུགས་
བཟང་མོ་སྐྲ་བྱི་ཞིང་སྣམ་སྦྱར་བགོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོ་དེ་ལྟར་དགེ་སློང་མར་གྱུར་ཞིང་རབ་ཏུ་བྱུང་བ་ལ་ཆོས་ཀྱི་གཏམ་ཡང་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་
སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། གང་ཞིག་འདི་ལྟར་ཡུན་རིང་པོར་འཁོར་བར་བྱིང་བའི་སེམས་ཅན་རྣམས་ཀྱི་གཉེན་པོར་གྱུར་པ་མཉན་པར་བྱ་བ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་
པའི་རོ་མྱང་བར་བྱ་བ་མ་ཡིན་ཞིང་སྨད་པའི་གཏམ་དང་། ངེས་པར་འབྱུང་བའི་གཏམ་དང་། འཇིགས་པ་དང་། ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དགེ་སློང་མ་དེ་ལ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་
བསྟན་པས། དེ་ནས་དགེ་སློང་མ་གཟུགས་བཟང་མོ་དེ་ལ། བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད། སེམས་དགའ་བ་ལས་སུ་རུང་བ་དང་། རབ་ཏུ་དགའ་བའི་

སེམས་དང་། སྒྲིབ་པ་མེད་པའི་སེམས་དང་། ཐ་བ་མེད་པའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་གང་ཡིན་པ་ཤེས་ནས་དགེ་སློང་མ་གཟུགས་བཟང་མོ་དགའ་བའི་བསམ་པ་དང་། ལས་སུ་རུང་བའི་སེམས་དང་། རབ་ཏུ་དགའ་བའི་སེམས་དང་།
སྒྲིབ་པ་མེད་པའི་སེམས་དང་། ཐ་བ་མེད་པའི་སེམས་ཀྱིས་བསྒོམས་པའི་སྟོབས་རབ་ཏུ་ལྡན་པ་ཡང་དག་པར་གསལ་བར་བྱེད་པའི་ཆོས་བསྟན་པ་ཀུན་ཏུ་ཤེས་ཏེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀུན་གསལ་བར་བྱེད་པའི་ཆོས་བསྟན་པ་འདི་ལྟ་སྟེ། སྡུག་བསྔལ་
དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གཟུགས་བཟང་མོ་ལ་རྒྱ་ཆེར་བསྟན་པས། དེ་ནས་དགེ་སློང་མ་གཟུགས་བཟང་མོ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་དང་།
འགོག་པ་དང་། ལམ་མངོན་པར་རྟོགས་པར་གྱུར་ཏེ། འདི་ལྟ་སྟེ། གོས་བཀྲུས་པ་དྲི་མ་མེད་པ་ཚོན་གྱིས་བསྒྱུར་ན་ཚོན་ཡང་དག་པར་ལེན་པ་བཞིན་དུ། དགེ་སློང་མ་གཟུགས་བཟང་མོ་སྟན་དེ་ཉིད་དུ་འདུག་ནས་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་དང་།
འགོག་པ་དང་། ལམ་རྣམས་མངོན་པར་རྟོགས་པར་གྱུར་ཏོ། །དེ་ནས་དགེ་སློང་མ་གཟུགས་བཟང་མོས་ཆོས་མཐོང་ཞིང་ཆོས་ཐོབ་ལ་ཆོས་རྟོགས་ཤིང་ཆོས་མཐར་ཐུག་པར་ཁོང་དུ་ཆུད་ནས། ཐེ་ཙོམ་ལས་རྒལ་ཞིང་སོམ་ཉི་སྤངས། ཐ་སྙད་རྣམས་དང་བྲལ་ཞིང་དྲི་མ་
མེད་པ་ཐོབ་པས་གཞན་གྱི་རྐྱེན་གྱིས་མི་བཀྲི་བར་སྟོན་པའི་བསྟན་པ་ལ་ཆོས་ཀྱི་རྗེས་སུ་འབྲང་བས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་ནོངས་ལགས་སོ། །བདེ་བར་
གཤེགས་པ་བདག་གིས་ནོངས་ལགས་ཏེ། འདི་ལྟར་བྱིས་པ། འདི་ལྟར་རྨོངས་པ། འདི་ལྟར་མི་གསལ་བ། འདི་ལྟར་མི་དགེ་བ། བདག་ནི་ཤེས་རབ་འཆལ་པའི་རང་བཞིན་ཅན་ལགས་ཏེ། གང་བདག་གིས་དགེ་སློང་ཀུན་དགའ་བོ་ཁྱིམ་ཐབ་ཏུ་འཚལ་བ་ཀུན་ནས་ཚུལ་

མ་ལགས་སོ། །དེ་ལྟ་བས་ན་བཙུན་པ་བདག་གིས་ནོངས་པ་ལ་ནོངས་པར་ཁུམས་ཤིང་། ཡང་ནོངས་པ་ལ་མཆོག་ཏུ་ནོངས་པར་ཁུམས་ནས་ནོངས་པ་དེ་བཤགས་པར་བགྱིའོ། །སླན་ཆད་ཀྱང་ནོངས་པ་བསྡམ་པར་བགྱིའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་
ནོངས་པར་བཟུང་ནས་ནོངས་པ་བསྡམ་པར་བགྱིའོ། །གཟུགས་བཟང་མོ་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་ཤེས་ནས། འདི་ལྟར་བྱིས་པ། འདི་ལྟར་རྨོངས་པ། འདི་ལྟར་མི་གསལ་བ། འདི་ལྟར་མི་དགེ་བ། ཤེས་རབ་འཆལ་པའི་རང་བཞིན་གྱིས་གང་ཁྱོད་ཀྱིས་
དགེ་སློང་ཀུན་དགའ་བོ་ལ་ཁྱིམ་ཐབ་ཏུ་འཛིན་ཞིང་ཚུལ་བཞིན་མ་ཡིན་པ་བྱས་པ་ལ་ཆོས་འདུལ་བ་རྟོགས་ནས་གང་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་ཡང་དག་པར་ལྟ་ཞིང་། ཉེས་པ་ལ་ཉེས་པར་ཡང་དག་པར་མཐོང་ནས་དེ་བཞིན་དུ་ཉེས་པ་འཆགས་ཤིང་ཕྱིན་ཅད་སྡོམ་པ་
ནི་ངས་ཀྱང་ཁྱོད་ཀྱི་ཉེས་པ་ལ་ཉེས་པར་གཟུང་བར་བྱའོ། །ཕྱིན་ཅད་སྡོམ་ལ་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་བསྒྲུབ་པར་བྱའི་ཉམས་པར་ནི་མི་བྱའོ། །དེ་ནས་དགེ་སློང་མ་གཟུགས་བཟང་མོ་ལ་བཅོམ་ལྡན་འདས་ཀྱིས་བསྟན་ཞིང་ཁྱད་པར་དུ་རྗེས་སུ་གདམས་པས་གཅིག་
པུ་དབེན་པར་གནས་ཤིང་བག་ཡོད་པས་བསྡམས་ཤིང་དྲན་པ་དང་ཤེས་བཞིན་རབ་ཏུ་ཉམས་པ་མེད་པས་བདག་ཉིད་གནས་ཏེ། གཅིག་པུ་དབེན་པར་བག་ཡོད་པས་བསྡམས་ཤིང་དྲན་པ་དང་ཤེས་བཞིན་ཉམས་པ་མེད་པས་བདག་ཉིད་གནས་པས་གང་གི་དོན་དུ་རིགས་ཀྱི་བུ་
མོ་སྐྲ་བྲེགས་ནས་ཆོས་གོས་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པའི་ཚངས་པར་སྤྱོད་པ་ལ་ཀུན་ཏུ་གནས་པ་ནི་མཐོང་བའི་ཆོས་ཉིད་ལ་རང་གིས་མངོན་པར་ཤེས་པ་མངོན་དུ་བྱས་ཤིང་བསྐྱེད་ནས་ལུང་སྟོན་པར་བྱེད་པ་ཡིན་པས་
དེས་ཚངས་པར་སྤྱད་པས་བྱ་བ་བྱས་ཤིང་སྐྱེ་བ་ཟད་དེ་སྲིད་པར་སྐྱེ་བ་གཞན་མི་ལེན་པར་གྱུར་ཏོ། །མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་རབ་ཏུ་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཇི་ལྟར་གདོལ་པའི་བུ་མོ་དགེ་

སློང་རྣམས་དང་ཡང་དག་པར་སྤྱོད་པར་བྱེད་ཅེས་སྨོད་པར་བྱེད་དོ། །དེ་བཞིན་དུ་དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་ཡང་དག་པར་སྤྱད་པ་སྤྱོད་པར་བྱེད་ཅེས་སྨོད་པར་བྱེད་ཅིང་། ཇི་ལྟར་གདོལ་པའི་བུ་མོ་ལ་བྲམ་
ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་བལྟ་བར་བྱ་ཞེས་ཟེར་རོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་རབ་ཏུ་ཕྱུང་ཞེས་གྲག་པ་ཐོས་སོ། །ཐོས་ནས་ཀྱང་ཇི་ལྟར་གདོལ་པའི་བུ་མོ་ཞེས་
བྱ་བ་དང་། དགེ་སློང་རྣམས་ཡང་དག་པར་སྤྱད་པ་སྤྱོད་པར་བྱེད། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་ཡང་དག་པར་སྤྱད་པ་སྤྱོད་པར་བྱེད། ཇི་ལྟར་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་ཤིང་ས་ལ་ཆེན་པོ་ལྟ་བུ་
རྣམས་ཀྱིས་བལྟ་བར་བྱ་ཞེས་སྨོད་ལ་སེམས་པར་བྱེད་ཅིང་བཞོན་པ་བཟང་པོ་སྦྱར་ཏེ། བཞོན་པ་བཟང་པོ་ལ་ཞོན་ནས་མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་གི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་མཉན་ཡོད་ནས་འཕགས་ཏེ། རྒྱལ་བུ་རྒྱལ་བྱེད་
ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་སྟེ། ཇི་སྲིད་བཞོན་པས་འགྲོ་བའི་ས་དེ་སྲིད་དུ་བཞོན་པས་ཕྱིན་ནས་བཞོན་པ་ལས་བབས་ནས་རྐང་ཐང་གི་འཁོར་གྱིས་བསྐོར་ཏེ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་ཞུགས་སོ། །ཞུགས་ནས་
ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་གི་ཚོགས་ཆེན་པོ་དེ་དག་ཀྱང་ཐ་སྙད་ལྔ་དང་ལྡན་པས་འཁོད་དོ། །ཡང་བཅོམ་
ལྡན་འདས་དང་ལྷན་ཅིག་མངོན་དུ་ཕྱོགས་ཏེ་ཡང་དག་པར་དགའ་བ་དང་། མགུ་བར་གྱུར་པའི་གཏམ་སྣ་ཚོགས་མཛད་དེ་མཇུག་བརྟུལ་བ་དང་ཕྱོགས་གཅིག་ཏུ་འདུག་གོ། །ཡང་གཞན་དག་གིས་བཅོམ་ལྡན་འདས་ལ་རང་རང་གི་ཕ་མའི་རྒྱུས་དང་། མིང་དང་། རིགས་དང་།

རུས་རྣམས་བསྙད་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཡང་གཞན་དག་གིས་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །གཞན་དག་ནི་ཡང་འཐུན་པར་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་གི་ཚོགས་ཆེན་པོ་དེ་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས། དགེ་སློང་མ་གཟུགས་བཟང་མོའི་སྔོན་གྱི་གནས་སྐབས་བསྟན་པར་མཛད་པའི་ཕྱིར་དགེ་
སློང་མ་དེ་བཀུག་ནས་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་ལས་མངོན་སུམ་དུ་དགེ་སློང་མ་གཟུགས་བཟང་མོའི་སྔོན་གྱི་གནས་སྐབས་ལས་བརྩམས་ནས་ཆོས་ཀྱི་གཏམ་ཉན་པར་འདོད་དམ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་
ལྡན་འདས་དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་ཏེ། བཅོམ་ལྡན་འདས་གང་དགེ་སློང་མ་གཟུགས་བཟང་མོའི་སྔོན་གྱི་གནས་སྐབས་ལས་བརྩམས་ནས་ཆོས་ཀྱི་གཏམ་བསྟན་དུ་གསོལ། བཅོམ་ལྡན་འདས་ལས་སླར་མཉན་
ནས་གཟུང་བར་འཚལ་ལོ། །དགེ་སློང་དག་དེ་ལྟ་བས་ན། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས་གསོལ་ཏེ། དགེ་སློང་དེ་དག་བཅོམ་ལྡན་འདས་ལ་སླར་ཉན་ཏོ། །དེ་དག་ལ་བཅོམ་
ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཆུ་བོ་གང་གཱའི་འགྲམ་ན་ཨ་ཏི་མུག་ཏ་ཀ་དང་། སཱ་ལའི་ཚལ་གྱི་ནགས་ཀྱི་ཕྱོགས་གཅིག་ཡོད་དེ། དེ་ན་ཏྲེ་ཤང་ཀུ་ཞེས་བྱ་བའི་གདོལ་པའི་རྒྱལ་པོ་ཡོད་དེ་གདོལ་
པ་སྟོང་ཕྲག་དུ་མའི་ཚོགས་ཆེན་པོ་དང་ལྷན་ཅིག་གནས་སོ། །ཡང་དེའི་ཚེ་དགེ་སློང་དག་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ཞེས་བྱ་བ་དེས་སྐྱེ་བ་སྔ་མའི་རིག་བྱེད་ཀྱི་ཡན་ལག་དང་། ཉེ་བའི་ཡན་ལག་དང་བཅས་པ་དང་། གསང་བ་དང་བཅས་པ་དང་། ངེས་པར་

སྦྱར་བའི་བརྡ་དང་བཅས་པ་དང་། ཡི་གེའི་རབ་ཏུ་དབྱེ་བ་དང་བཅས་པ་རྣམས་དང་། བཞད་གད་ཅེས་བྱ་བ་དང་། ལྔ་པ་དང་། བསྟན་བཅོས་གཞན་ཡང་རྐྱང་བ་དང་། བྱཱ་ཀ་ར་ཎ་དང་། རྒྱང་པན་པའི་གཙུག་ལག་དང་། མཆོད་སྦྱིན་གྱི་རབས་དང་།
སྐྱེས་བུ་ཆེན་པོའི་མཚན་རྣམས་ལ་རྗེས་སུ་མཁས་ཤིང་ཇི་ལྟར་ཆོས་བཤད་པ་དང་། རིག་བྱེད་ཀྱི་བརྟུལ་ཞུགས་དང་། རྟེན་པ་མེད་པར་བཤད་པ་ལ་མཁས་པ་ཞིག་སྟེ། ཡང་རྒྱལ་པོ་ཏྲེ་ཤང་ཀུ་དེ་ལ་གཞོན་ནུ་སྟག་རྣ་ཞེས་བྱ་བའི་བུ་ཡོད་པ་དེ་གཟུགས་དང་ལྡན་པ། རིགས་
དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཡོན་ཏན་ཐམས་ཅད་དང་ལྡན་པ། གཟུགས་བཟང་ཞིང་བལྟ་ན་སྡུག་པ། ཁ་དོག་མཛེས་ཤིང་མཆོག་ཏུ་ཁ་དོག་རྒྱས་པ་དང་ལྡན་པ་ཞིག་ཡོད་དོ། །དེ་ནས་རྒྱལ་པོ་ཏྲེ་ཤང་ཀུས་གཞོན་ནུ་སྟག་རྣ་ལ་སྐྱེ་
བ་སྔ་མའི་རིག་བྱེད་དྲན་པ་བསླབས་ཏེ། འདི་ལྟ་སྟེ་ཡན་ལག་དང་། ཉེ་བའི་ཡན་ལག་དང་། གསང་བ་དང་བཅས་པ་དང་། ངེས་པར་སྦྱར་བའི་བརྡ་དང་བཅས་པ་དང་། ཡི་གེའི་རབ་ཏུ་དབྱེ་བ་དང་བཅས་པ་དང་། བཞད་གད་ཞེས་བྱ་བ་དང་། ལྔ་པ་དང་། བསྟན་
བཅོས་གཞན་ཡང་ཆོས་ཇི་ལྟར་བཤད་པ་དང་། རིག་བྱེད་ཀྱི་བརྟུལ་ཞུགས་བསླབས་ནས། དེ་ནས་རྒྱལ་པོ་ཏྲེ་ཤང་ཀུས་འདི་སྙམ་དུ་བསམས་ཏེ། བདག་གི་བུ་གཞོན་ནུ་སྟག་རྣ་འདི་ནི་གཟུགས་དང་ལྡན་པ། རིག་པ་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་
དང་ལྡན་པ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། གཟུགས་བཟང་ཞིང་བལྟ་ན་སྡུག་པ། ཁ་དོག་མཛེས་ཤིང་མཆོག་ཏུ་ཁ་དོག་རྒྱས་པ་དང་ལྡན་པ། སྔགས་དང་རིག་བྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱིས། ཁྱིམ་བྱ་སྟེ་ཡང་གང་བདག་གིས་གཞོན་ནུ་སྟག་རྣ་དང་འཐུན་
པར་གཟུགས་དང་ལྡན་པ། རིགས་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དེ་ལྟ་བུའི་བུ་མོ་ཞིག་གང་ནས་བཙལ་སྙམ་མོ། །ཡང་དུས་གཞན་ཞིག་གི་ཚེ། བྲམ་ཟེ་པད་མའི་སྙིང་པོ་ཞེས་བྱ་བ་གྱེན་དུ་འབྱུང་བའི་ལུང་པའི་སྒོ་ཞེས་བྱ་བ་ན། ཁྱབ་པར་

ས་དང་། ཆུ་དང་། ཤིང་དང་ལྡན་པ་རྟག་ཏུ་འབྲུ་རྣམས་སྨིན་པ། རྒྱལ་པོ་མི་སྦྱིན་ཞེས་བྱ་བས་བྲམ་ཟེ་དེ་ལ་བྱིན་ནས་དེ་ན་གནས་སོ། །ཡང་བྲམ་ཟེ་པད་མའི་སྙིང་པོའི་ཕ་མ་བྲམ་ཟེའི་རིགས་ཡོངས་སུ་དག་པ་དང་ལྡན་པ། རིགས་འཁྲུགས་པ་མེད་པ། རིགས་
དང་རུས་མ་སྨད་པ། ཕ་མེས་དང་མ་མེས་བདུན་རྒྱུད་ཀྱི་མཁན་པོར་གྱུར་པ། ཀློག་པ་དང་། གསང་སྔགས་འཛིན་པ། རིག་བྱེད་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡན་ལག་དང་བཅས་པ་དང་། ཉེ་བའི་ཡན་ལག་དང་བཅས་པ་དང་། བརྡ་ངེས་པར་སྦྱར་བ་དང་བཅས་པ་
དང་། བཞད་གད་ཅེས་བྱ་བ་དང་། ལྔ་པ་དང་། རྐང་པ་དང་། བྱཱ་ཀ་ར་ཎ་དང་། འཇིག་རྟེན་རྒྱང་པན་པའི་གཙུག་ལག་དང་། མཆོད་སྦྱིན་གྱི་རབས་དང་། སྐྱེས་བུ་ཆེན་པོའི་མཚན་རྣམས་རྗེས་སུ་སྦྱར་བ་རྒྱས་ཤིང་གྲོལ་བར་སྟོན་པ་ཞིག་གོ། །ཡང་བྲམ་ཟེ་པད་མའི་
སྙིང་པོ་དེ་ལ་གཟུགས་བཟང་མོ་ཞེས་བྱ་བའི་བུ་མོ་ཡིད་དུ་འོང་བ། གཟུགས་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། གཟུགས་བཟང་ཞིང་བལྟ་ན་སྡུག་པ། མཛེས་ཤིང་མཆོག་ཏུ་ཁ་དོག་རྒྱས་པ་དང་
ལྡན་པ། བདག་གི་གཞོན་ནུ་སྟག་རྣ་དང་འཐུན་པས་ཆུང་མར་འོས་སོ་ཞེས་བསམས་ཏེ། དེ་ནས་རྒྱལ་པོ་ཏྲེ་ཤང་ཀུས་དོན་དེ་ཉིད་མཚན་མོ་ཕལ་ཆེར་སེམས་ཤིང་མཚན་མོ་འདས་ནས་ནང་པར་ནམ་ནངས་ཏེ། ཐམས་ཅད་དཀར་བའི་ཤིང་རྟ་ལ་ཞོན་ནས། གདོལ་
པའི་བློན་པོའི་ཚོགས་ཀྱིས་བསྐོར་ནས་གདོལ་པའི་ཕོ་བྲང་ནས་བྱུང་ནས་བྱང་ཕྱོགས་སུ་ཆས་ཏེ། གྱེན་དུ་འབྱུང་བའི་ལུང་པའི་སྒོ་ག་ལ་བ་དེར་སོང་སྟེ། དེ་ནས་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུས་གྱེན་དུ་འབྱུང་བའི་ལུང་པའི་སྒོའི་བྱང་ཤར་གྱི་མཚམས་ན་ཡིད་བདེ་བ་ཞེས་བྱ་
བའི་སྐྱེད་མོས་ཚལ་ཤིང་སྣ་ཚོགས་པས་ཁྱབ་པ། ཤིང་སྣ་ཚོགས་པའི་མེ་ཏོག་དང་ལྡན་པ། བྱ་སྣ་ཚོགས་པ་སྒྲ་སྙན་པ་སྒྲོགས་པ། ལྷ་རྣམས་ཀྱི་དགའ་བའི་ཚལ་ལྟར་མཛེས་པ་ཞིག་ཡོད་དེ། དེར་ཕྱིན་ནས་བྲམ་ཟེ་པད་མའི་སྙིང་པོ་འོང་བ་ལ་སྡོད་དོ། །བྲམ་ཟེ་པད་མའི་

སྙིང་པོ་བྲམ་ཟེའི་ཁྱེའུ་རྣམས་ལ་བྲམ་ཟེའི་སྔགས་འཆད་དོ། །དེ་ནས་པད་མའི་སྙིང་པོ་དེ་ཉིད་ཀྱི་མཚན་མོ་འདས་ནས་ཐམས་ཅད་དཀར་བའི་རྟའི་ཤིང་རྟ་ལ་ཞོན་ནས། བྲམ་ཟེའི་ཁྱེའུ་ལྔ་བརྒྱའི་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་གྱེན་དུ་འབྱུང་བ་ནས་
འཕགས་ཏེ། བྲམ་ཟེའི་ཁྱེའུ་རྣམས་ལ་བྲམ་ཟེའི་སྔགས་འཆད་དོ། །གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུས་བྲམ་ཟེ་པད་མའི་སྙིང་པོ་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། མེ་འབར་བ་འོད་ཀྱིས་བསྐོར་བ་ལྟ་བུ། མཆོད་སྦྱིན་བྱེད་པ་བྲམ་ཟེའི་ཚོགས་ཀྱིས་བསྐོར་བ་
ལྟ་བུ། གངས་ཅན་སྨན་ཚོགས་ཀྱིས་མཛེས་པ་ལྟ་བུ། རྒྱ་མཚོ་རིན་པོ་ཆེས་མཛེས་པ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། རྣམ་ཐོས་སྲས་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བརྒྱ་བྱིན་ལྷའི་ཚོགས་ཀྱིས་ཡོངས་སུ་
བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་མཛེས་པ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་བསུ་སྟེ་ཆོས་བཞིན་དུ་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་པད་མའི་སྙིང་པོ་ལེགས་པར་འདིར་བྱོན་གྱིས་བྱ་བ་ཅུང་ཞིག་སྨྲར་ཡོད་
ཀྱིས་དེ་ཉོན་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་པད་མའི་སྙིང་པོས་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཏྲེ་ཤང་ཀུ་བྲམ་ཟེ་མ་ཡིན་པས་ཀྱེ་ཞེས་བོད་པར་མི་ནུས་ཤིང་རིགས་པ་མ་ཡིན་ནོ། །པད་མའི་སྙིང་པོ་བདག་གིས་ཀྱེ་ཞེས་
བོད་པར་ནུས་ཤིང་བྱར་རུང་སྟེ། གང་གིས་ནུས་པར་བྱར་རུང་བར་འགྱུར་ལ། གང་གིས་དེ་མི་ནུས་པ་ནི་དེ་ལྟར་ཡང་མི་བྱའོ། །ཀྱེ་པད་མའི་སྙིང་པོ་སྐྱེས་བུའི་མཉམ་པར་རྩོམ་པ་ནི་སྔོན་གྱི་མཉམ་པར་རྩོམ་པ་ལས་འགྱུར་རོ། །འདི་ལྟ་སྟེ་བདག་གི་དོན་དང་། གཞན་
གྱི་དོན་དང་། བདག་གི་འཁོར་གྱི་དོན་དང་། འབྱུང་པོ་ཐམས་ཅད་ཀྱི་དོན་བསྡུས་པ་ནི་ད་ལྟར་འདིར་ཁྱད་པར་དུ་དོན་ཆེ་བ་གང་ཡིན་པ་སྨྲ་ཡིས་ཉོན་ཅིག །བདག་ལ་བུ་སྟག་རྣ་ཞེས་བྱ་བ་ཡོད་ཀྱིས་དེའི་ཆུང་མར་བུ་མོ་བྱིན་ཅིག་རིན་གང་ཞིག་འདོད་པ་དེ་སྦྱིན་པར་བྱའོ། །

ཚིག་དེ་ལྟ་བུ་ཡང་ཐོས་པ་དང་། གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་བྲམ་ཟེ་པད་མའི་སྙིང་པོ་མཆོག་ཏུ་ཁྲོས་འཁྲུགས་ཤིང་དོན་དེ་ལ་ཡིད་འཁྲུགས་ཤིང་སྡང་བས་དེའི་རྐྱེན་གྱིས་དཔྲལ་བར་ཁྲོ་གཉེར་གསུམ་བསྡུས་ནས་བཞིན་རྣམ་པར་གྱུར་པས་མིག་རྣམ་པར་འགྱུར་
ཞིང་ནེ་ལེ་ལྟར་སེར་སྐྱར་གྱུར་ཏེ། གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །ཐ་མལ་པའི་གདོལ་པ། དམན་པ། སྨད་པ། དུ་མ་ཟ་བ། ངན་པ་ནི་གང་བྲམ་ཟེ་རིག་བྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདོལ་པ་དམན་པ། གཅུགས་པ་མེད་པར་
འཇོམས་པར་བྱེད་པ། ཁྱོད་ཀྱིས་ཚིག་འདི་ལྟ་བུ་སྨྲ་བར་རིགས་སམ། ཀྱེ་བློ་ངན་མངོན་པའི་ང་རྒྱལ་གྱིས་ཐ་མལ་པ་ཡིན་པར་སེམས་སམ། དམན་པ་དོན་མ་ཡིན་པ་ལ་དོན་དུ་མ་གཉེར། གསེར་ནམ་ཡང་ཐལ་བར་མི་འགྱུར་རོ། །སྣང་བ་དང་མུན་པ་གཉིས་སམ།
གདོལ་པའི་སྐྱེ་གནས་སུ་སྐྱེས་པ་ཡང་བྲམ་ཟེ་དམ་པ་རྣམས་དང་། དམན་པ་ཁྱོད་དང་འབྲེལ་པར་འདོད་པ་ཇི་ལྟར་མ་རྨོངས། གདོལ་པའི་སྐྱེ་གནས་སུ་སྐྱེས་པ་དང་། ཁོ་བོ་དམ་པར་སྐྱེས་པས་དམན་པ་དང་མཆོག་གཉིས་འབྲེལ་པར་མི་འདོད་དོ། །བྲམ་ཟེ་མཆོག་དང་
མཆོག་ཏུ་འབྲེལ་པར་བྱེད་པར་འདོད་ཀྱི། མཆོག་དང་དམན་པ་གཉིས་སུ་འབྲེལ་པར་མི་འདོད་དོ། །རིགས་ཕུན་སུམ་ཚོགས་ཤིང་རིགས་ཡོངས་སུ་དག་ཅིང་འཁྲུགས་པ་མེད་པ། སྔགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པ་དང་། སྔགས་མཆོག་ལས་བྱུང་ཞིང་རིག་བྱེད་ཀྱི་
ཕ་རོལ་ཏུ་སོན་པ། བརྡ་ངེས་པར་སྦྱར་བ་དང་བཅས་པ། བྲམ་ཟེ་གང་གིས་རིག་བྱེད་བཀླགས་པ་དེ་ལྟ་བུའི་བྲམ་ཟེ་དང་འབྲེལ་བར་བྱ་བ་ཡིན་གྱི། རིགས་མཆོག་དང་དམན་པར་འབྲེལ་པར་བྱར་ནི་མི་འདོད་དོ། །དོན་དུ་གཉེར་བར་བྱ་བ་མ་ཡིན་པ་དོན་དུ་གཉེར་བ་ནི་རླུང་ཞགས་
པས་འཛིན་པར་རྩོམ་པ་ལ་འཇུག་པ་ཡིན་ཏེ། གང་ང་དང་ཁྱོད་འབྲེལ་པར་བྱེད་པར་འདོད་པ་དེ་བཞིན་ནོ། །རོ་དང་རིགས་དམན་པ་གཉིས་ནི་འཇིག་རྟེན་ཐམས་ཅད་ལ་མི་གཙང་བ་ཡིན་གྱིས་དམན་པ་མྱུར་དུ་ཕར་ཁྱེད་ཅིག །འདི་ལྟ་བུ་ཉིད་ཇི་ལྟར་སེམས་གདོལ་པ་དང་

གདོལ་པར་ལྷན་ཅིག་པ་ཡིན་ལ། དུར་བསྲུངས་རྣམས་དང་ནི་དུར་བསྲུངས་ལྷན་ཅིག་པ་ཡིན་ཏེ། རིགས་གང་དང་གང་ཡིན་པ་དེ་དང་དེ་འབྲེལ་བར་བྱེད་པ་ཡིན་ཏེ། རྒྱལ་རིགས་རྣམས་དང་ནི་རྒྱལ་རིགས་ལྷན་ཅིག་པ་ཡིན་ལ། བྲམ་ཟེ་རྣམས་དང་བྲམ་
ཟེ་ལྷན་ཅིག་པ་ཡིན་ལ། དེ་བཞིན་དུ་རྗེའུ་རིགས་རྣམས་ཀྱང་རྗེའུ་རིགས་དང་ལྷན་ཅིག་པ་ཡིན་ལ། དེ་བཞིན་དུ་དམངས་རིགས་རྣམས་ཀྱང་དམངས་རིགས་དང་ལྷན་ཅིག་ཏུ་འདྲ་བ་རྣམས་ཕན་ཚུན་འཇུག་པ་ཡིན་གྱི། གདོལ་པ་རྣམས་དང་བྲམ་ཟེ་ནི་འབྲེལ་པ་མེད་དོ། །
རིགས་ཐམས་ཅད་ལས་དམན་པ་དང་རིགས་མཆོག་རྣམས་ཇི་ལྟར་འབྲེལ་དུ་འདོད། བྲམ་ཟེ་པད་མའི་སྙིང་པོ་ལས་ལན་དུ་དེ་ལྟ་བུའི་ཚིག་ཐོས་པ་དང་། གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་གསེར་དང་ཐལ་བའི་ཁྱད་པར་དམིགས་པ་ལྟར་བྲམ་ཟེ་
རྣམས་དང་། རིགས་གཞན་དེ་ལྟ་བུའི་ཁྱད་པར་ནི་མི་དམིགས་སོ། །ཇི་ལྟར་མུན་པ་དང་སྣང་བའི་ཁྱད་པར་དམིགས་པ་ལྟར་བྲམ་ཟེ་རྣམས་དང་རིགས་གཞན་དེ་ལྟ་བུའི་ཁྱད་པར་ནི་མི་དམིགས་སོ། །གང་བྲམ་ཟེ་རྣམས་ནམ་མཁའ་དང་རྒྱ་མཚོ་ལས་སྐྱེས་པ་ནི་མ་ཡིན་ནོ། །
གཙུབ་ཤིང་གིས་མེ་ཕྱུང་བ་ལྟར་ས་རྣམས་ལས་སྐྱེས་པའང་མ་ཡིན་ནོ། །བྲམ་ཟེའི་སྐྱེ་གནས་གང་ཡིན་པ་དེ་ནས་གདོལ་པའི་རིགས་ཀྱང་སྐྱེས་པ་ཡིན་ཏེ། མཆོག་ཉིད་དང་དམན་པ་ཉིད་དུ་བྲམ་ཟེ་རྣམས་ལ་ཅི་དམིགས། བྲམ་ཟེ་མཆོག་རྣམས་ཀྱི་རོའང་སྤོང་ཞིང་མི་
གཙང་བར་བྱེད་དོ། །རིགས་རྣམས་ལ་དེ་ལྟ་བས་ན་གཞན་དང་དེ་ལ་ཁྱད་པར་ཅི་ཞིག་ཡོད། འདི་ལྟར་སྡིག་པའི་ལས་ཅུང་ཟད་བྱེད་ཅིང་རྙོག་པ་དང་། རྩོད་པས་སེམས་ཅན་རྣམས་ལ་གནོད་པ་བྱ་བར་བྲམ་ཟེ་རྣམས་རབ་ཏུ་སྟོན་ཏོ། །བྱད་དང་རོ་ལངས་ཀྱི་ལས་བྲམ་ཟེ་རྣམས་
རབ་ཏུ་སྟོན་ཏོ། །ལས་མི་བཟད་པ་རྣམས་ལ་ཡང་བསོད་ནམས་ཡིན་པར་བྲམ་ཟེ་རྣམས་སྟོན་ཏོ། །ཤ་ཟ་བར་འདོད་པས་བྲམ་ཟེ་རྣམས་ཀྱི་ཆོ་ག་སྦྱར་བ་སྔགས་བཟླས་ནས་ར་ལུག་བསད་ན་མཐོ་རིས་སུ་འགྲོ་བར་སྨྲའོ། །གང་དེ་ལྟ་བུ་མཐོ་རིས་ཀྱི་ལམ་ཡིན་ན་ཅིའི་ཕྱིར་བྲམ་ཟེ་

བདག་ཉིད་དང་། གཞན་ཡང་ཉེ་དུ་དང་། ཕ་དང་མ་དང་། སྤུན་ཟླ་དང་། སྲིང་མོ་དང་། དེ་བཞིན་དུ་བུ་དང་། བུ་མོ་དང་། ཆུང་མ་རྣམས་སྔགས་བཟླས་ནས་བསད་པར་མི་སྟོན། མཛའ་བོ་དང་། གཉེན་དང་། བདག་ཉིད་ཀྱང་ཡུལ་ན་གནས་པ་སྔགས་དེ་བཟླས་ནས་ཡང་
མཐོ་རིས་སུ་འགྲོ་བ་དྲུག་པོ་རྣམས་ཅིའི་ཕྱིར་མི་གཏོང་། ཐམས་ཅད་ཆོམ་པས་དུས་གཅིག་ཏུ་དག་ཅིང་བདེ་འགྲོ་མཆོག་ཏུ་འགྲོ་བར་འགྱུར་ན། ཅིའི་ཕྱིར་ཕྱུགས་རྣམས་ཀྱིས་མཆོད་སྦྱིན་བྱེད་ཀྱི་བདག་ཉིད་ཀྱིས་ཅིའི་ཕྱིར་མི་བྱེད། བདེ་འགྲོ་མཐོ་རིས་སུ་ར་ལུག་འགྲོ་བར་བསྟན་
པར་མི་བྱ་སྟེ། མཐོ་རིས་ཀྱི་ལམ་དེ་དག་པ་མ་ཡིན་ཏེ། བརྫུན་བསྟན་པ་ཡིན་ནོ། །བྲམ་ཟེ་རྣམས་སྡང་བའི་སེམས་ཀྱིས་ཤ་བཟའ་བར་འདོད་པས་རྣམ་གྲངས་དུ་མས་ཐབས་བསམས་ཏེ། ཕྱུགས་རྣམས་གསད་པའི་ཆོ་ག་བསྟན་པ་ཡིན་ནོ། །གཞན་ཡང་བདག་གིས་
བྲམ་ཟེ་རྣམས་ཀྱི་ཆོ་ག་གང་ཡིན་པ་བརྗོད་པར་བྱ་སྟེ། རིག་བྱེད་བཞི་ལས་སྡིག་པ་བྱ་བར་བསྟན་ཏེ། གསེར་རྐུ་བ་དང་ཆང་འཐུང་དང་། །བླ་མའི་ཆུང་མ་སྤྱོད་པ་དང་། །སྡོམ་པའི་ཚོགས་ནི་འཇིག་པ་སྟེ། །སྡིག་པ་བཞི་རུ་བྲམ་ཟེ་འདོད། །གསེར་རྐུ་བ་ནི་སྤང་བར་བྱ། །དེ་
བཞིན་ལས་གཞན་སྡིག་ཡོད་མིན། །བྲམ་ཟེ་གང་གིས་གསེར་བརྐུས་ན། །དེ་དག་བྲམ་ཟེ་མིན་པར་འདོད། །ཆང་ནི་བཏུང་བར་མི་བྱ་སྟེ། །གཞན་ནི་བཏུང་བར་བྱ་བར་འདོད། །བྲམ་ཟེ་གང་ཞིག་ཆང་འཐུང་བ། །དེ་དག་བྲམ་ཟེར་མི་འགྱུར་རོ། །བླ་མའི་ཆུང་མ་སྤྱད་མི་བྱ། །
གཞན་གྱི་ཆུང་མ་བགྲོད་པར་བྱ། །བླ་མའི་ཆུང་མ་ལ་འགྲོ་བ། །དེ་དག་བྲམ་ཟེར་མི་འགྱུར་རོ། །བྲམ་ཟེ་གཅིག་ཀྱང་གསད་མི་བྱ། །བྲམ་ཟེ་མིན་པ་དུ་མ་བསད། །གང་ཞིག་བྲམ་ཟེ་གསོད་བྱེད་པ། །དེ་དག་བྲམ་ཟེར་མི་འགྱུར་རོ། །བཞི་པོ་དེ་དག་གང་ཡིན་པ། །
བྲམ་ཟེ་རྣམས་ལ་སྡིག་པར་འགྱུར། །དེ་དག་ལས་གཞན་སྡིག་མེད་འདོད། །བཞི་པོ་དེ་ལས་གཅིག་བྱས་ན། །དེ་ནི་བྲམ་ཟེ་ཡིན་མི་འགྱུར། །བྲམ་ཟེ་རྣམས་ནི་ཚོགས་པ་རུ། །ཆུད་མིན་ཕྱག་ཀྱང་མི་བྱའོ། །སྟན་དང་ཆུ་རྣམས་མི་བསྟབ་ཅིང་། །བསུ་བར་ཡང་ནི་མི་

བྱའོ། །བྲམ་ཟེ་ཉམས་པ་དེ་ལ་ཡང་། །དེ་ནི་འབྱུང་བའི་ཐབས་སྣང་སྟེ། །དེ་ཡིས་ལོ་ནི་བཅུ་གཉིས་སུ། །བོང་བུའི་པགས་པ་བགོ་བྱ་ཞིང་། །ཁ་ཊྭཱཾ་ག་ནི་ཐོགས་པར་བྱ། །ཐོད་པའི་ནང་དུ་བཟའ་བར་བྱ། །དཀའ་ཐུབ་འདི་ནི་ཡང་དག་བཟུང་། །ངེས་པར་
རྒྱུན་ནི་མ་བཅད་པར། །གང་གིས་བརྟུལ་ཞུགས་ཡང་དག་བླང་། །ཕྱིར་ཡང་བྲམ་ཟེ་འགྲོ་བར་འགྱུར། །ལོ་ནི་བཅུ་གཉིས་ཚང་བ་ན། །ཕྱི་ནས་དེ་ནི་བྲམ་ཟེར་འགྱུར། །དེ་ནི་འབྱུང་བའི་ཐབས་སུ་བསྟན། །བྲམ་ཟེ་ཡི་ནི་དཀའ་ཐུབ་ཡིན། །རྨོངས་པས་ལས་ནི་ངན་པ་སྟེ། །འབྱུང་
བ་མེད་པར་བསྟན་པར་བྱ། །བྲམ་ཟེ་དེ་ནི་འདི་ལྟ་སྟེ། །འདི་ཤེས་ཐ་མལ་ཙམ་ཉིད་དུ། །འཇིག་རྟེན་གང་ཡིན་རྗོད་པར་བྱེད། །བྲམ་ཟེ་ཡང་དེ་ལྟ་བུའོ། །རྒྱལ་རིགས་ཀྱང་དེ་ལྟ་བུའོ། །རྗེའུ་རིགས་ཀྱང་དེ་ལྟ་བུའོ། །དམངས་རིགས་ཀྱང་དེ་ལྟ་བུ་ཡིན་ནོ། །དེ་དག་ཐམས་
ཅད་དེ་ལྟ་བུ་ཡིན་པས་རྣམ་པ་ཐམས་ཅད་དུ་བདག་གི་བུ་གཞོན་ནུ་སྟག་རྣ་ལ་བྲམ་ཟེའི་བུ་མོ་གཟུགས་བཟང་མོ་ཆུང་མའི་དོན་དུ་བྱིན་ཅིག །རིན་གང་བབ་པ་དེ་འདོད་པ་དེ་བཞིན་དུ་བཅལ་བར་བྱའོ། །གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལས་དེ་ལྟ་བུའི་ཚིག་ཐོས་པ་དང་། བྲམ་ཟེ་པད་
མའི་སྙིང་པོ་མཆོག་ཏུ་ཁྲོས་འཁྲུགས་ཤིང་དོན་དེ་ལ་ཡིད་སྡང་བས་དེའི་རྐྱེན་གྱིས་དཔྲལ་བར་ཁྲོ་གཉེར་གསུམ་བསྡུས་ནས། ཁ་ནས་དུ་བ་འཐུལ་ཞིང་ནེ་ལེ་ལྟར་སེར་སྐྱར་གྱུར་པས་མིག་རྣམ་པར་སྒྱུར་ཞིང་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །དམངས་
རིགས་ཁྱོད་མ་བརྟགས་པར་འདི་ལྟ་བུའི་ཐ་སྙད་ཀྱིས་འཇིག་རྟེན་རྣམས་མཉམ་ཞིང་རིགས་གཅིག་ཅིང་ཐ་དད་པ་མ་ཡིན་པར་སྟོན་ནམ། འདི་ལྟར་ཇི་ལྟར་དམན་པའི་རིགས། །བྲམ་ཟེ་རིག་བྱེད་ཕ་རོལ་ཕྱིན། །དམན་པའི་རིགས་སུ་གྱུར་པ་ཡིས། །རྣམ་པར་ཉམས་པར་ཁྱོད་འདོད་
དམ། །རྒྱལ་པོར་གྱུར་ནས་དེ་དམན་ལ། །བྱེ་བྲག་གྱུར་པར་ཤེས་པ་མེད། །འདི་ལྟ་སྟེ་ཡུལ་ཁྲིམས་དང་། གྲོང་ཁྱེར་གྱི་ཁྲིམས་དང་། གྲོང་གི་ཁྲིམས་དང་། ལྗོངས་ཀྱི་ཁྲིམས་དང་། ཤོ་གམ་གྱི་ལུགས་དང་། བག་མ་གཏོང་བའི་ཁྲིམས་དང་། བག་མ་ལེན་པའི་

ཁྲིམས་དང་། སྔོན་གྱི་ལས་ཀྱི་ཆོས་རྣམས་ཀྱང་མི་ཤེས་སོ། །རིགས་ནི་བཞི་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ། བྲམ་ཟེའི་རིགས་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཞེས་བྱ་བ་སྟེ། དེ་དག་གི་བག་མ་ལེན་པའི་ཁྲིམས་ཀྱང་བྲམ་ཟེ་རྣམས་
ཀྱི་ཆུང་མ་ནི་རྣམ་པ་བཞིར་འགྱུར་ཏེ། འདི་ལྟ་སྟེ། བྲམ་ཟེ་མོ་དང་། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོ་ཡིན་ནོ། །ཀྱེ་དམན་པ་རྒྱལ་རིགས་ཀྱི་ཆུང་མ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོ་
ཞེས་བྱ་བ་ཡིན་ནོ། །རྗེའུ་རིགས་ཀྱི་ཆུང་མ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། རྗེའུ་རིགས་མོ་དང་། དམངས་རིགས་མོའོ། །དམངས་རིགས་ཀྱི་ཆུང་མ་ནི་གཅིག་སྟེ། དམངས་རིགས་མོ་ཉིད་ཡིན་ནོ། །ཀྱེ་དམན་པ་བྲམ་ཟེ་རྣམས་ཀྱི་བུ་ནི་རྣམ་པ་བཞིར་འགྱུར་ཏེ། འདི་ལྟ་སྟེ། བྲམ་ཟེ་
མོ་དང་། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོ་ལ་སྐྱེས་པ་ཡིན་ནོ། །རྒྱལ་རིགས་རྣམས་ཀྱི་བུ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོ་ལས་སྐྱེས་པ་ཡིན་ནོ། །རྗེའུ་རིགས་རྣམས་ཀྱི་བུ་ནི་གཉིས་
སུ་འགྱུར་ཏེ། རྗེའུ་རིགས་མོ་དང་། དམངས་རིགས་མོ་ལས་སྐྱེས་པ་ཡིན་ནོ། །དམངས་རིགས་རྣམས་ཀྱི་བུ་ནི་གཅིག་ཏུ་འགྱུར་ཏེ། དམངས་རིགས་མོ་ལས་སྐྱེས་པ་ཡིན་ནོ། །ཀྱེ་དམན་པ་བྲམ་ཟེ་རྣམས་ཀྱི་བུ་ནི་ལུས་ཀྱི་སྟོད་ཁ་ནས་སྐྱེས་པ་ཡིན་ནོ། །བྲང་ལས་ནི་རྒྱལ་རིགས་སྐྱེས་
པ་ཡིན་ནོ། །ལྟེ་བ་ནས་ནི་རྗེའུ་རིགས་སྐྱེས་པ་ཡིན་ནོ། །རྐང་པ་ནས་ནི་དམངས་རིགས་སྐྱེས་པ་ཡིན་ཏེ། ཀྱེ་དམན་པ་ངེས་པར་བྲམ་ཟེ་རྣམས་ནི་འཇིག་རྟེན་ཐམས་ཅད་སྒྲུབ་པར་བྱེད་པ་དེ་ལས་བདག་ཅག་སྐྱེས་པ་ཡིན་ནོ། །དེ་ནས་ནི་རྒྱལ་རིགས་རྣམས་སོ། །དེ་ནས་ནི་རྗེའུ་
རིགས་ཏེ་གསུམ་པའོ། །དེ་ནས་ནི་དམངས་རིགས་ཏེ་བཞི་པ་ཡིན་པར་འདོད་དོ། །ཀྱེ་དམན་པ་ཁྱོད་རིགས་དེ་ལྟ་བུ་བཞི་པ་ཡིན་པར་མ་མཐོང་ངམ། བདག་རིགས་ཀྱི་མཆོག །རིགས་ཀྱི་གཙོ་བོ། ཕུལ་དུ་བྱུང་བ། རིགས་ཀྱི་རབ་མཆོག་དམ་པར