Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ
Văn bản gốc(Tây Tạng)
Trang 2 / 18 (50.000 ký tự/trang)
ྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །བསྙེན་གནས་ལ་གནས་ཤིང་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །དེའི་ཚེ་འཛམ་བུའི་གླིང་དུ་མིར་གྱུར་པ་ ལས་འཆི་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ལུས་དང་བྲལ་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཕལ་ཆེར་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །རྒྱལ་པོ་བསོད་ནམས་སྟོབས་ཀྱང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཚེ་འདི་དང་། ཚེ་ཕྱི་མའི་ དོན་རྣམས་ལ་བཀོད་ནས་འཁོར་སེམས་ཅན་སྟོང་ཕྲག་དུ་མ་དག་དང་ཤི་འཕོས་ཏེ་ལྷའི་རིས་དགའ་ལྡན་དུ་སྐྱེས་སོ། །དགེ་སློང་དག་ཁྱེད་དེའི་ཚེ་དེའི་དུས་ན་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། དེ་ལྟར་མི་བལྟའི་ང་ཉིད་དེའི་ཚེ་ དེའི་དུས་ན་བྱང་ཆུབ་སེམས་དཔར་གྱུར་ཏོ། །རྒྱལ་པོ་བསོད་ནམས་སྟོབས་ཀྱི་ཡབ་རྒྱལ་པོ་གསལ་སྟོབས་ཞེས་བྱ་བ་གང་ཡིན་པ་དེ་ནི་རྒྱལ་པོ་ཟས་གཙང་མ་འདི་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་གསལ་སྟོབས་ཞེས་བྱ་བར་གྱུར་ཏོ། །བཙུན་མོ་རྣམ་པར་སྤ་བ་ཞེས་བྱ་བར་གྱུར་པ་ གང་ཡིན་པ་དེ་ནི་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་འདི་ཉིད་ཡིན་ནོ། །གཞོན་ནུ་གཟུགས་དང་ལྡན་པ་གང་ཡིན་པ་དེ་ནི་སྲུའི་བུ་དགེ་སློང་དགའ་བོ་འདི་ཉིད་ཡིན་ནོ། །བརྩོན་འགྲུས་དང་ལྡན་པ་གང་ཡིན་པ་དེ་ནི་དགེ་སློང་གྲོ་ཞིན་སྐྱེས་བྱེ་བ་ཉི་ཤུ་པ་འདི་ཉིད་ཡིན་ནོ། །བཟོ་དང་ལྡན་པ་གང་ཡིན་ པ་དེ་ནི་དགེ་སློང་མ་འགགས་པ་འདི་ཉིད་ཡིན་ནོ། །ཤེས་རབ་ཅན་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ནོ། །ལྷའི་དབང་པོ་བརྒྱ་བྱིན་གང་ཡིན་པ་དེ་ནི་དགེ་སློང་མཽད་གལ་གྱི་བུ་འདི་ཉིད་ཡིན་ནོ། །རྒྱལ་པོ་ཤི་འཕོས་ནས་བསོད་ནམས་སྟོབས་རྒྱལ་སར་ཞུགས་པ་གང་ ཡིན་པ་དེ་ནི་བདུད་སྡིག་ཅན་འདི་ཉིད་ཡིན་ནོ། །སྔོན་མི་དབུལ་པོ་གང་གི་ཁྱིམ་དུ་གཞོན་ནུ་བསོད་ནམས་སྟོབས་ཞུགས་པ་གང་ཡིན་པ་དེ་ནི་དགེ་སློང་སྒྲ་གཅན་ཟིན་འདི་ཉིད་ཡིན་ནོ། །རྒྱལ་པོས་མི་རྐང་ལག་མེད་པར་བྱས་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་རང་གི་ཁྲག་གིས་ཚིམ་པར་བྱས་ ཤིང་། རང་གི་རྐང་ལག་གིས་བསྟུད་དེ་བདེན་པས་བསྐུལ་ནས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་བཞག་པ་གང་ཡིན་པ་དེ་ནི་དགེ་སློང་ཀཽ་ཌི་ནྱ་འདི་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལ་སྨན་ཆོས་གསོལ་བའི་མིར་གྱུར་ཏོ། །དགེ་སློང་དག་དེ་བས་ན་བསོད་ནམས་གང་ཡིན་པ་དེ་ནི་རྣམ་གྲངས་འདི་ཉིད་ཀྱི་དུས་ ཐམས་ཅད་དང་། རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་ཉམས་སུ་དཔེན་པ་ཡིན་པར་རིག་པར་བྱའོ། །དགེ་སློང་དག་དེ་བས་ན་འདི་སྐད་དུ་བསོད་ནམས་ལྟར་སེམས་ཅན་རྣམས་ཀྱི་ཉམས་སུ་དཔེན་པ་གཞན་ཅི་ཡང་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་ང་སྨྲའོ་ཞེས་བཀའ་ སྩལ་ནས། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་འདི་ལྟར་རྒྱལ་པོ་དབང་ཆེ་བར་གྲགས་པར་གྱུར་ལ། ལྷ་དང་མི་ རྣམས་ཀྱིས་རྒྱལ་པོར་སྩོལ་ཅིང་ཅི་བསམས་པ་དང་། ཅི་འཚལ་བ་དེ་དག་ཐམས་ཅད་བསམས་པ་ཙམ་གྱིས་ནམ་མཁའ་ལས་འབབ་ཅིང་དེ་བཙས་པའི་ཚེ་ཡང་ས་གཡོས་པར་གྱུར་ཏེ། ལྷའི་རིན་པོ་ཆེའི་ཆར་པུས་མོ་ནུབ་པ་ཙམ་བབ་ལ་ལྷའི་སེང་གེའི་ཁྲི་ལ་བཞག་ཅིང་ལྷའི་དབང་པོ་ བརྒྱ་བྱིན་གྱིས་རང་ཉིད་ལག་དར་ཏེ། ལྷའི་གདུགས་བཟུང་ཞིང་གཏེར་མི་ཟད་པ་ཡང་བྱུང་བར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོ་བསོད་ནམས་སྟོབས་ཉིད་ཀྱིས་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་ མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། དགེ་སློང་དག་བསོད་ནམས་སྟོབས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་ པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་ལས་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་ སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཕྱི་ཞིག་ན་ཡང་དག་པར་རྫོགས་པའི་ སངས་རྒྱས་གཞན་གྱིས་མི་ཐུབ་པ་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བུད་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་འདས་ཏེ། དེའི་སྐུ་གདུང་གི་མཆོད་རྟེན་རྒྱལ་པོ་ཞིག་གིས་བརྩིགས་ ནས་དུས་སྟོན་གྱི་ལུགས་བཅས་སོ། །ཕྱིས་རེ་ཞིག་ན་མཆོད་རྟེན་གྱི་དུས་སྟོན་བྱེད་པའི་ཚེ་གཎ་ཌཱི་ཡང་བརྡུངས། རྔ་ཡང་བརྡུངས་ཏེ། དུང་སྒྲིལ་མ་བུས་ནས་དགེ་སློང་ཞིག་འཁོར་ཕལ་པོ་ཆེའི་ནང་ན་འདུག་ཅིང་། ཕྱེད་ཡོལ་ཙམ་ན་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་པ་དག་ལ་ཉིན་མོ་ཆོས་སྟོན་ ཏོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་འཁོར་དེ་ན་རྒྱན་པོ་པ་རྒྱལ་བ་པོ་ཞེས་བྱ་བ་རྒྱན་པོ་ལ་ཤིན་ཏུ་ཞེན་པ་ཞིག་གནས་ཏེ། དེའི་ཆུང་མ་ནི་རྣམ་པར་རྒྱལ་མ་ཞེས་བྱ་བུ་ནི་རྣམ་པར་རྒྱལ་བ་ཞེས་བྱའོ། །དེ་ནས་རེ་ཞིག་ན་རྒྱན་པོ་པ་རྒྱལ་བ་པོ་དེ་རས་ཟུང་ཅིག་གྱོན་པ་དང་། གདུགས་དང་མཆིལ་ ལྷམ་ཟུང་ཅིག་དང་པ་ཎ་ལྔའི་འགྲོན་བུ་རྣམས་མ་གཏོགས་པར་ཅི་བདོག་པ་ཁྱིམ་ན་འདུག་པ་དང་། ཕྱི་རོལ་ན་འདུག་པ་ཐམས་ཅད་རྒྱན་སྐུགས་སུ་ཡལ་ནས་སྡུག་བསྔལ་དང་ཡིད་མི་བདེ་བ་མི་བཟད་པས་གདུངས་ཏེ། ཀྱི་ཧུད་བསོད་ནམས་མ་བྱས་པ་དང་དབུལ་བ་ནི་ཐ་ཆད་མི་བཟད་ པ་ཡིན་ནོ་ཞེས་སྨྲས་ནས་དབུགས་ཚ་བ་རྒྱུན་རིང་པོའི་ཤུགས་ཀྱང་ཕྱུང་སྟེ། མཆིལ་ལྷམ་གཉིས་ནི་བགོས། པ་ཎ་ལྔ་དང་གདུགས་ཀྱང་ཁྱེར་ནས་རྒྱན་པོའི་ས་ནས་སོང་སྟེ། མཐར་གྱིས་ཆོས་ཉན་པ་གང་ན་འདུག་པའི་ཕྱོགས་དེར་ཕྱིན་ནས་དེ་འབྱོར་པ་དེ་ལྟ་བུ་དང་། སྐྱེ་བོ་ཕལ་ པོ་ཆེ་ཐལ་མོ་སྦྱར་ཏེ་ཆོས་ཉན་པ་དེ་དག་མཐོང་ནས་དགའ་བ་ཆེན་པོ་སྐྱེས་ཏེ། རེ་ཞིག་ཆོས་ཇི་ལྟ་བུ་ཞིག་འཆད་པ་བལྟའོ་སྙམ་དུ་བསམས་ནས། དེ་ཉིད་ཀྱི་ཕྱོགས་གཅིག་ཏུ་གདུགས་བཞག་སྟེ། མཆིལ་ལྷམ་གཉིས་ཕུད་ནས་རྣ་བླགས་ཤིང་ཐལ་མོ་སྦྱར་ཏེ་ཆོས་མཉན་པའི་ ཕྱིར་འདུག་གོ། །དེ་ནས་རེ་ཞིག་ན་ཆོས་སྨྲ་བས་ཚིགས་སུ་བཅད་པ་འདི་བརྗོད་དེ། བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མིས་ནི་བསོད་ནམས་བྱ། །དེ་ཡང་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་འདུན་པར་བྱ། །ཞེས་སྨྲས་སོ། །དེ་ནས་དེས་ཚིགས་སུ་བཅད་ པ་འདི་ཐོས་ནས་བསོད་ནམས་བསགས་པས་བདེ་བར་འགྱུར་བ་དེ་ནི་དེ་བཞིན་ཏེ། གང་གི་ཕྱིར་བདག་འདི་ཁོ་ན་ལྟར་མཆོག་ཏུ་མི་བཟད་པར་དཀོས་ཐག་ཅིང་འདུག་པ་ལས་ན། བདག་གིས་ཚེ་སྔ་མ་ལ་གོར་མ་ཆག་པར་བསོད་ནམས་དག་མ་བྱས་ཀྱིས་བདག་གིས་བསོད་ནམས་ཆུང་ཟད་ ཅིག་བྱའོ་སྙམ་དུ་བསམས་སོ། །དེ་ནས་དེ་ལྟར་བསམས་ནས་བདག་ལ་ཅི་བདོག་པ་རྟོག་པ་ལ་ཞུགས་སོ། །རེ་ཞིག་ན་རས་ཟུང་ཅིག་གྱོན་པ་དང་། གདུགས་དང་། མཆིལ་ལྷམ་གཉིས་དང་། པ་ཎ་ལྔའི་འགྲོན་བུ་ལུས་པ་རྣམས་མཐོང་སྟེ། གཞན་ཐམས་ཅད་རྒྱན་སྐུགས་ སུ་ཡལ་ནས་དེ་སེམས་པ་ལ་ཞུགས་ཏེ། ཅི་སྟེ་པ་ཎ་ལྔ་དང་བླ་གོས་སྦྱིན་ན་ནི་ལྟོགས་ཏེ་འཆི་བར་ཡང་འགྱུར་ལ། འོན་ཏེ་མ་སྦྱིན་ན་ནི་བསོད་ནམས་མེད་པར་འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་ཏེ། དེར་ཡང་དང་ཡང་དབུལ་བའི་སྡུག་བསྔལ་ཐ་དད་དུ་འགྱུར་ན་གང་གིས་ལྟོགས་ཏེ་ འཆི་བར་ཡང་མི་འགྱུར་ལ། བསོད་ནམས་ཀྱིས་བགོད་པར་ཡང་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་སྟེ། ཡང་བསམས་པ། བསོད་ནམས་མེད་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་བས་ནི་ལྟོགས་ཏེ་ཤི་ཡང་སླས། པ་ཎ་ལྔ་དང་བླ་གོས་འདི་དག་ནི་ངེས་པར་སྦྱིན་པ་སྦྱིན་པར་བྱའོ་སྙམ་སྟེ། དེ་ དེ་སྙམ་དུ་སེམས་པའི་སྐབས་སུ་ཡང་ཆོས་སྨྲ་བས་ཚིགས་སུ་བཅད་པ་ཐ་དད་པ་འདི་བརྗོད་དེ། །བསོད་ནམས་དལ་ནས་བྱེད་ན་ནི། །སྡིག་ལ་མངོན་པར་དགའ་བར་འགྱུར། །དེ་ཕྱིར་དགེ་བ་སྨྱུར་ཏེ་བྱ། །སྡིག་པ་ལས་ནི་སེམས་ཀྱང་བཟློག །ཅེས་སྨྲས་སོ། །དེ་ནས་དེས་ ཚིགས་སུ་བཅད་པ་འདི་ཐོས་ནས་བསམས་པ། བསོད་ནམས་སྨྱུར་ཏེ་བྱའོ་ཞེས་བཤད་པས་ན་ལ་གོར་དུ་སྦྱིན་པ་སྦྱིན་པར་བྱའོ་སྙམ་མོ། །དེ་ནས་རྒྱན་པོ་པ་དབུལ་བའི་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དད་པའི་ཤུགས་དྲག་པོས་སེང་གེའི་ཁྲི་ལ་ཆོས་སྨྲ་བ་འདུག་པའི་སྤྱི་བོའི་སྟེང་དུ་གདུགས་བཟུང་ ནས་མཆིལ་ལྷམ་གཉིས་རྐང་པའི་དྲུང་དུ་བཞག་སྟེ། པཎ་ལྔའི་འགྲོན་བུ་དེ་དག་གིས་ཆོས་སྨྲ་བའི་རྐང་པ་ལ་གཏོར་ནས་རང་གི་ལུས་ལས་བླ་གོས་ཕུད་དེ་ཆོས་སྨྲ་བའི་རྐང་པ་ལ་བཀབ་ནས་བ་སྤུ་ཐམས་ཅད་ཟིང་ཞེས་བྱས་ནས་དད་པར་གྱུར་ཏེ། རྐང་པ་གཉིས་ལ་གཏུགས་ ནས་དད་པའི་ཤུགས་དྲག་པོས་སྨོན་ལམ་འདེབས་པ་ལ་ཞུགས་ཏེ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། ཆོས་ཀྱི་ཕྱིར་སྦྱིན་པ་ཡོངས་སུ་བཏང་བ་འདིས་ན་བདག་ཚེ་འདི་ཉིད་ཕན་ཆད་དབུལ་པོར་མ་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་ཡང་བསོད་ནམས་ཀྱིས་ཆེ་བར་གྲགས་པར་ གྱུར་ཅིག །ལྷ་དང་མི་རྣམས་ཀྱིས་ཀྱང་བདག་རྒྱལ་པོར་བཅུག་པར་གྱུར་ཅིག །ཅི་བསམས་པ་དང་ཅི་འདོད་པ་དེ་དག་ཐམས་ཅད་ནམ་མཁའ་ལས་འགྲུབ་པར་གྱུར་ཅིག །བདག་བཙའ་བ་ན་ཡང་ངོ་མཚར་དང་རྨད་དུ་བྱུང་བ་མང་པོ་དག་འབྱུང་བར་གྱུར་ཅིག །གཏེར་མི་ཟད་པའི་རིན་པོ་ཆེ་ མང་པོ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ལེགས་པར་ཡོངས་སུ་གང་བ་དག་ཀྱང་འབྱུང་བར་གྱུར་ཅིག་ཅེས་དེས་དེ་ལྟར་སྨོན་ལམ་བཏབ་པའི་སྐབས་སུ་ཆོས་སྨྲ་བས་ཀྱང་ཁ་ཏོན་དུ་ཡོངས་སུ་བསྔོ་བ་བྱས་ཏེ་འཁོར་ཐམས་ཅད་དོང་ངོ་། །རྒྱན་པོ་པ་རྒྱལ་བ་པོ་ཡང་ཆོས་ཀྱི་ཕྱིར་སྦྱིན་པ་དེ་ཉིད་ཡིད་ ལ་སེམས་ཤིང་རས་གཅིག་པུ་གྱོན་བཞིན་དུ་བདག་གི་ཁྱིམ་དུ་སོང་ནས་ཆུང་མ་དང་བུས་མཐོང་ངོ་། །དེ་ནས་ཆུང་མ་དང་བུས་བསམས་པ། འདིས་ག་ཤེད་དུ་བླ་གོས་དང་རྒྱན་སྐུགས་སུ་ཡལ་བར་བྱས་ཞིག་གུ་སྙམ་སྟེ། མི་དགའ་བར་གྱུར་ནས། ད་ནི་བདག་ཅག་གཉིས་ལུས་སུ་ཟད་དེ། བདག་ཅག་གཉིས་ཀྱང་ཡལ་བར་བྱེད་དུ་འོང་གིས་འདོང་ངོ་ཞེས་སྨྲས་སོ། །དེ་ཡང་ངོ་ཚ་ནས་བདག་ནི་དབུལ་བའི་ཉེས་པས་འདི་ལྟར་སྨ་བབ་པོ་སྙམ་བསམས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་སྡུག་བསྔལ་དབུལ་བ་སྡུག་བསྔལ་ཡིན། །ཅི་ཞིག་ཤིན་ཏུ་སྡུག་བསྔལ་དབུལ་དེ་ཉིད། ། དབུལ་བ་དག་ནི་ཤི་བ་དང་ཡང་མཚུངས། །བདག་ནི་ཤི་བ་འདམ་གྱི་དབུལ་བ་མིན། །ཞེས་སྨྲས་ནས། དབུགས་ཚ་བ་རྒྱུན་རིངས་པོའི་ཤུགས་ཕྱུང་སྟེ་ཅང་མི་ཟེར་བར་འདུག་གོ། །དེ་ནས་དེའི་ཁྱིམ་གྱི་ར་བ་ན་ཁྲོན་པ་ཞིག་ཡོད་དེ། དེའི་ཆུང་མས་ཆུ་བཅུ་བའི་ཕྱིར་བུམ་པ་ཐག་པས་བཏགས་ནས་ དེའི་ནང་དུ་བཏང་སྟེ་ཆུ་ཡར་དབྱུང་སྙམ་པ་དང་། རེ་ཞིག་ན་ཡར་དབྱུང་བར་མ་ནུས་ནས་དེས་རྒྱལ་བ་པོ་ལ། ཇོ་བོ་བུམ་པ་འདི་ཡར་དབྱུང་བར་མི་ནུས་ན་ཚུར་སྤྱོན་ཏེ་གཟིགས་ཞེས་བོས་སོ། །དེ་ནས་དེས་ཀྱང་ཡར་དབྱུང་བར་བརྩམས་སོ། །རེ་ཞིག་ན་དེས་ཀྱང་ཡར་དབྱུང་མ་ནུས་ ནས་དེ་གཉིས་ཀྱིས་བུ་ལ་བོས་སོ། །དེ་ནས་དེ་གསུམ་ཆར་གྱིས་ཤ་དང་པགས་པ་རལ་ཏེ། འབད་པ་ཆེན་པོས་དེའུ་མ་ཕྱིན་ཏེ་ཕྱིན་ཏོ། །རེ་ཞིག་ན་བལྟས་ན་བུམ་པ་དེའི་འོག་ན་ཟངས་ཟུང་ལྔ་གསེར་དངུལ་གྱིས་ཡོངས་སུ་གང་བ་ཐོགས་ཤིང་འདུག་པ་མཐོང་སྟེ། དེ་ནས་རྒྱན་པོ་པ་རྒྱལ་བ་པོས་ཚེ་ འདིའི་སྦྱིན་པའི་འབྲས་བུ་ཤིན་ཏུ་རྨད་དུ་བྱུང་བ་དེ་མཐོང་ནས་ཡ་མཚན་གྱིས་མིག་རྒྱས་ཏེ། སྙིང་རབ་ཏུ་དགའ་ནས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་ཉེས་པ་ཀུན་སྤངས་པ། །ཡོན་ཏན་ངོ་བོ་ཉིད་ཀྱི་ཞིང་། །ད་ལྟ་བདག་གིས་ས་བོན་བཏབ། །ད་ལྟར་ཉིད་དུ་འབྲས་བུར་སྨིན། །ཅེས་ སྨྲས་སོ། །དེ་ནས་དེའི་ཆུང་མ་དེ་ཡང་ཡ་མཚན་གྱིས་མིག་རྒྱས་ཏེ་སྨྲས་པ། ཇོ་བོ་འདི་ཅི་ཞིག་ལ་དགོངས་ཏེ་གསུངས། དེས་སྐབས་འདི་རྒྱས་པར་བསྙད་དོ། །དེ་ནས་དེས་ཚེ་འདི་ཉིད་ལ་བསོད་ནམས་དག་གིས་འབྲས་བུ་མཆོག་ཏུ་ཡིད་དུ་འོང་བ་སྨིན་པའི་རྨད་དུ་བྱུང་བ་དེ་མཐོང་ནས་ཡ་མཚན་དུ་ གྱུར་ཏོ། །གཏམ་དེ་ཡང་གཅིག་ནས་གཅིག་ཏུ་ཐོས་པས་རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ཀུན་དུ་གྲགས་སོ། །དེ་ཐོས་པས་སྐྱེ་བོ་ཕལ་པོ་ཆེ་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས་ཕན་ཚུན་དུ་ཀྱེ་མ་ངོ་མཚར་ཏོ། །ཀྱེ་མ་བསོད་ནམས་དག་གི་ཆེ་བ་ཉིད་ཅེས་འཛིན་ཏོ། །དེ་ནས་གློ་བུར་དུ་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བར་གྱུར་ཏེ་བསོད་ནམས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་ནས། དེས་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་དད་པ་དྲག་པོས་ཤས་ཆེར་བཀུར་སྟི་བྱས་སོ། །དེ་ནས་དེ་ཉིན་གཅིག་བཞིན་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེར་བྱེད་དོ། ། ཆོས་ཀྱང་ཉན་ཏོ། །དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་ཀྱང་ཉིན་གཅིག་བཞིན་དུ་ཁ་ཟས་བཟང་པོས་ཡང་དག་པར་ཚིམ་པར་བྱེད་དོ། །དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ནད་པ་དང་། སློང་བ་གཞན་དག་ཀྱང་ནོར་གྱིས་ཅི་འདོད་པར་ཡང་དག་པར་འཚེངས་པར་བྱེད་དོ། ། གཙུག་ལག་ཁང་ཆེན་པོ་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་གང་བ་ཡང་བྱེད་དུ་བཅུག་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ནས་དེའི་གྲགས་པས་རྒྱལ་པོའི་ཕོ་བྲང་འཁོར་དེ་ཀུན་དུ་རྒྱས་པར་གྱུར་ཏོ། །ཕྱིས་རེ་ཞིག་ན་རྒྱལ་པོའི་ཕོ་བྲང་འཁོར་དེའི་ རྒྱལ་པོ་བུ་མེད་པར་དུས་ལས་འདས་སོ། །དེ་ནས་གྲོང་ཁྱེར་གྱི་མི་དང་བློན་པོ་རྣམས་ཀྱིས་རྒྱན་པོ་པ་རྒྱལ་བ་པོ་བསོད་ནམས་ཀྱིས་ཆེ་བར་གྲགས་པར་ཤེས་ནས་རྒྱལ་པོར་བཅུག་གོ། །དེ་ནས་དེའི་མིང་རྒྱན་པོ་པ་རྒྱལ་བ་པོ་ཞེས་བྱ་བ་གང་ཡིན་པ་དེ་ནི་མེད་པར་གྱུར་ཏེ། རྒྱལ་ པོ་རྒྱལ་བ་པོ་རྒྱལ་པོ་རྒྱལ་བ་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་རྒྱལ་བ་པོས་ཚེ་དེ་ཉིད་ལ་བསོད་ནམས་དག་གི་རྣམ་པར་སྨིན་པའི་འབྲས་བུ་མཆོག་ཏུ་ཡིད་དུ་འོང་བ་མཐོང་ནས་དད་པ་སྐྱེས་ཏེ། ཤས་ཆེར་བསོད་ནམས་ལ་བརྟེན་པར་གྱུར་ཏོ། །དེ་རྒྱུན་མི་འཆད་པར་སྦྱིན་ པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་སོ། །བཙུན་མོའི་འཁོར་དང་། བློན་པོ་དང་གྲོང་ཁྱེར་གྱི་མི་དང་། ཡུལ་གྱི་མི་དང་སྐྱེ་བོའི་ཚོགས་གཞན་དག་ཀྱང་བསོད་ནམས་དག་ལ་ཡང་དག་པར་བཙུད་དོ། །ཕྱི་ཞིག་ན་ རྒྱལ་པོ་རྒྱལ་བ་པོ་འཆི་བའི་ཆོས་དང་ལྡན་པར་གྱུར་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ། ལྷའི་རྒྱལ་པོ་དབང་བྱེད་ཀྱི་བུར་སྐྱེས་སོ། །དེ་སྐྱེས་པ་ན་ནམ་མཁའ་ལས་ལྷའི་རིན་པོ་ཆེའི་ཆར་དང་གོས་ཀྱི་ཆར་རྣམ་པར་མཛེས་པ་བབ་བོ། ། དེའི་ལུས་ལས་ཀྱང་གང་གིས་དབང་བྱེད་ཀྱི་ཕོ་བྲང་དེ་དག་ཐམས་ཅད་སྣང་བར་འགྱུར་བ་དང་། དབང་བྱེད་ཀྱི་ལྷ་གཞན་དག་གི་འོད་ཀྱང་འོད་མེད་པར་འགྱུར་བ་དེ་ལྟ་བུའི་འོད་བྱུང་བར་གྱུར་ཏོ། །དེའི་བསོད་ནམས་དག་གི་འབྲས་བུ་རྣམ་པར་སྨིན་པ་ངོ་མཚར་རྨད་དུ་བྱུང་བ་དེ་མཐོང་ནས་ གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དགེ་སློང་དག་ཁྱེད་དེའི་ཚེ་དེའི་དུས་ན་རྒྱན་པོ་པ་རྒྱལ་བ་པོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་འཛིན་ན་དེ་དེ་ལྟར་མི་བལྟའི། རྒྱལ་པོ་བསོད་ནམས་སྟོབས་དེ་ཉིད་དེའི་ཚེ་དེའི་དུས་ན་རྒྱན་པོ་པ་རྒྱལ་བ་པོར་གྱུར་ཏོ། ། དམ་པའི་ཆོས་ཐོས་ནས་སེམས་དད་པར་གྱུར་པ་དེས་ཆོས་སྨྲ་བ་ལ་གདུགས་དང་མཆིལ་ལྷམ་གཉིས་དང་བླ་གོས་དང་པ་ཎ་ལྔའི་འགྲོན་བུ་རྣམས་ཕུལ་བ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་དེ་ཉིད་ལ་གཏེར་ལྔ་ཡང་བྱུང་ངོ་། །རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོར་ཡང་བཅུག་ གོ། །ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ལན་སུམ་ཅུ་རྩ་དྲུག་གི་བར་དུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་འཕྲུལ་དགའ་བ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་ རྩ་དྲུག་གི་བར་དུ་དགའ་ལྡན་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་འཐབ་བྲལ་བ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ དབང་བྱེད་པར་གྱུར་ཏོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་རྒྱལ་ཆེན་བཞི་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་བརྒྱ་ཕྲག་དུ་མར་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་ཏོ། །དེའི་ རིན་པོ་ཆེ་སྣ་བདུན་ནི་རྣམ་པ་འདི་ལྟ་བུ་དག་ཡིན་ཏེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་བདུན་པ་སྟེ་བློན་པོ་རིན་པོ་ཆེ་རྣམས་སོ། །དེའི་བུ་སྟོང་ཐམ་པ་ཡོད་དེ་དཔའ་ བ་དང་། རྟུལ་ཕོད་པ་དང་། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་དང་། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ། །དེས་ས་ཆེན་པོ་རྒྱ་མཚོའི་མཐས་གཏུགས་པ་འདི་ཉིད་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་དེ། ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ ལ། ཆོས་དང་འཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་གིས་བདག་ཉིད་ཆེན་པོ་ཡི། །བདག་པོར་འགྱུར་བའི་རྒྱུ་འདི་ཡིན། །སངས་རྒྱས་ཕན་འདོགས་དེ་དག་གིས། ། འཇིག་རྟེན་དུ་ནི་འདི་གསུངས་སོ། །རྫུ་འཕྲུལ་རྒྱ་ཆེ་འདི་དག་དང་། །ངོ་མཚར་འདི་དག་ཐོས་གྱུར་ན། །མཁས་དང་ནག་པོའི་རིགས་སྐྱེས་པའང་། །སུ་ཞིག་དད་པར་བྱེད་མི་འགྱུར། །དེ་ཕྱིར་བདག་ལ་ལེགས་འདོད་ཅིང་། །བདག་ཉིད་ཆེན་པོ་འདོད་པས་ འདིར། །སངས་རྒྱས་བསྟན་པ་དྲན་བྱས་ལ། །དམ་པའི་ཆོས་ནི་བླ་མར་བྱ། །དགེ་སློང་དག་དེ་བས་ན་དམ་པའི་ཆོས་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རིམ་གྲོར་བྱའོ། །མཆོད་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ། །དགེ་སློང་དག་དམ་པའི་ཆོས་ལ་བཀུར་སྟི་བྱེད། བླ་མར་ བྱེད། རིམ་གྲོ་བྱེད། མཆོད་པ་བྱེད་ཅིང་བརྟེན་ཏེ་གནས་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བསོད་ནམས་སྟོབས་ཀྱི་རྟོགས་ པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཞུ་ཆེན་གྱི་ལོཙྪ་བ་བན་དེ་དེ་བ་ཙན་དྲས་བསྒྱུར་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཙནྡྲ་པྲ་བྷ་ཨ་བ་དཱ་ནཾ། བོད་སྐད་དུ། ཟླ་ འོད་ཀྱི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། གང་གི་ཚེ་ཚེ་དང་ལྡན་པ་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཕུང་པོའི་ ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་གཙོ་བོ་དེ་ མྱ་ངན་ལས་འདས་པ་འདི་མ་བཟོད་ནས་སངས་རྒྱས་ལ་སོགས་པ། དགེ་སློང་གི་དགེ་འདུན་བཞུགས་པའི་ཐོག་མར་ཡོངས་སུ་མྱ་ངན་ལས་འདས་པ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་ གྱི་བུ་གཉིས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་ལས་རྣམ་པར་གྲོལ་ བ་ན། གཙོ་བོ་མྱ་ངན་ལས་འདས་པའང་མི་བཟོད་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པའི་ཐོག་མར་མྱ་ངན་ལས་འདས་པ་ངོ་མཚར་ཅི་ཞིག་ཆེ། གང་འདས་པའི་དུས་ན་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་འདོད་ཆགས་དང་བཅས་ པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་དང་བཅས་པ་ན་ཡང་ང་ལ་གཅིག་ཏུ་སེམས་མངོན་པར་ དད་པས་གཙོ་བོ་འཆི་བ་མཐོང་བར་མི་བཟོད་ནས་དུས་བྱས་ཏེ། འདོད་པའི་ཁམས་ཐམས་ཅད་ལས་ཡང་དག་པར་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བྱང་ཕྱོགས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཞེས་བྱ་བ་ འབྱོར་པ། རྒྱས་པ་བདེ་བ་ལོ་ལེགས་པ། མི་དང་སྐྱེ་བོའི་ཚོགས་མང་པོས་གང་བ། ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་བཅུ་གཉིས་ཀུན་ནས་གྲུ་བཞི་པར་གྱུར་ཏེ། ཤིན་ཏུ་རྣམ་པར་འབྱེས་པ། རྟ་བབས་དང་སྐར་ཁུང་དང་། སྐར་ཁུང་དྲ་བ་ཅན་མཐོན་པོ་དང་ རབ་ཏུ་ལྡན་པ་དང་། ཚོང་ཟོང་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ཀུན་དུ་གང་བ། རྒྱལ་པོ་དང་། བློན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། ཡུལ་འཁོར་གྱི་མི་རྣམས་ཀྱིས་ཡོངས་སུ་གང་བ། མི་རྣམས་གཞུང་ལུགས་ལ་གནས་པ། པི་བང་དང་། གླིང་བུ་དང་། རྔ་དང་། སྒྲ་ བཟངས་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། རྔ་རིངས་དང་། དུང་གི་སྒྲ་རྣམས་ཀྱི་སྒྲ་ངེས་པར་སྒྲོགས་པའོ། །དགེ་སློང་དག་རྒྱལ་པོའི་ཕོ་བྲང་དེ་ན་ཏ་ག་རུའི་དྲི་དང་། ཨ་ག་རུའི་དྲི་དང་། ཙན་དན་གྱི་དྲི་དང་། ཕྱེ་མའི་དྲི་དང་། གུར་གུམ་གྱི་དྲི་དང་། མེ་ཏོག་གི་དྲི་ཞིམ་པ་རྣམས་ཏེ། དུས་ ཐམས་ཅད་དུ་འདི་ལྟ་བུའི་དྲི་སྣ་ཚོགས་པ་རླུང་གིས་བསྐྱོད་ནས་ལམ་དང་སྲང་བར་དང་བཞི་མདོ་དང་སུམ་མདོ་རྣམས་སུ་ལྡང་ཞིང་རྒྱུ་བ་དང་། གླང་པོ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་གི་ཚོགས་དང་ཡང་དག་པར་ལྡན་པ་དང་། བཞོན་པ་དང་། ཐེག་པ་དང་། སྲང་དང་། ལམ་པོ་ཆེ་ཉེ་བར་མཛེས་པར་བྱས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་དང་། རྟ་བབས་དང་། སྐར་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ཟླ་བ་ཕྱེད་པ་བཏགས་པས་ལྷའི་གནས་བཞིན་དུ་ཉེ་ བར་མཛེས་པར་གྱུར་པ་དང་། ཀླུའི་དབང་པོ་དང་། རིའི་རྒྱལ་པོ་ལས་མངོན་པར་འཐོན་པའི་མཚོ་དང་། རྫིང་བུ་དང་། ལྟེང་ཀ་དང་། ཆུ་མིག་དང་། འབབ་ཆུས་ཉེ་བར་མཛེས་པ་དང་ལྡན་པ་དང་། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་ད་རཱི་ཀས་ ཀུན་དུ་ཁེབས་པ། ཤིང་སཱ་ལ་དང་། ཏ་ལ་དང་། ཏ་མ་ལ་དང་། དོང་ཀ་དང་ཨ་ཤོ་ཀ་དང་། ཏི་ལ་ཀ་དང་། པུར་ཎ་ཀ་དང་། ཙམ་པ་ཀ་དང་། བ་ཀུ་ལ་དང་། ཨ་ཏི་མུག་ཏ་ཀ་དང་། ཏ་མ་ལའི་མེ་ཏོག་གིས་ཀུན་དུ་ཁེབས་པ་དང་ལྡན་པ་དང་། ནགས་ཚལ་གྱི་ཕྱོགས་ན་ཀ་ལ་ པིང་ཀ་དང་། ནེ་ཙོ་དང་། ཤ་རི་ཀ་དང་། ཁུ་བྱུག་དང་། རྨ་བྱ་དང་། ཤང་ཤང་ཏེའུ་སྒྲ་སྒྲོགས་པར་གྱུར་པ་དང་། ཤིང་སྣ་ཚོགས་ཀྱིས་ཉེ་བར་མཛེས་པས་ཉམས་དགའ་བར་བྱས་པ་དང་། སྐྱེད་མོས་ཚལ་ཉམས་དགའ་བ་མདུན་ན་ཡོད་དེ། དགེ་སློང་དག་རྡོ་ བཟངས་དེ་ལྟར་ཤིན་ཏུ་ཉམས་དགའ་བར་གྱུར་ཏོ། །དགེ་སློང་དག་རྒྱལ་པོའི་ཕོ་བྲང་རྡོ་བཟངས་དེ་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ་སྐྱེ་བ་དྲན་པ། ལྷའི་མིག་དང་ལྡན་པ། གླིང་གཅིག་པའི་འཁོར་ལོས་སྒྱུར་བ། ཆོས་དང་ ལྡན་པ། ཆོས་ཀྱི་རྒྱལ་པོ། །འཛམ་བུའི་གླིང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །དགེ་སློང་དག་རྒྱལ་པོ་ཟླ་འོད་རང་ལ་འོད་ཡོད་པས་འགྲོ་ན་ཡང་མུན་པ་མེད་པར་གྱུར་ཏེ། ནོར་བུ་རིན་པོ་ཆེའི་འོད་དམ། མར་མེའི་འོད་དམ། སྒྲོན་མ་མདུན་དུ་མི་ ཁྱེར་གྱི། དགེ་སློང་དག་གཞན་དུ་ན་རྒྱལ་པོ་ཟླ་འོད་རང་ཉིད་ཀྱི་ལུས་ལས་འོད་བྱུང་བར་གྱུར་ཏེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ལས་འོད་འབྱུང་བ་བཞིན་དུ་འདིའི་ལུས་ལ་འོད་བྱུང་སྟེ་རྒྱུ་འདིས་ན་རྒྱལ་པོ་ཟླ་འོད་ཟླ་འོད་ཅེས་མིང་དུ་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ ན་འཛམ་བུའི་གླིང་འདིར་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ལ་སོགས་པ་གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་བྱུང་བར་གྱུར་ཏེ། འབྱོར་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང་མི་མང་པོས་གང་བར་གྱུར་ཏོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་ཟླ་འོད་ཀྱི་འཛམ་ བུའི་གླིང་གི་མི་རྣམས་ལ། དཔྱ་དང་། ཤོ་གམ་དང་། གྲུ་བཙས་མེད་དེ། ཞིང་གི་འབྱོར་པ་དང་ལྡན་པ། སྐྱེ་བོ་རྣམས་ཞི་བ་དང་ཁྱིམ་བྱའི་སྒྲ་དང་ལྡན་པ། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྐྱེ་བོའི་ཚོགས་དང་རྒྱལ་པོ་དང་རྒྱལ་རིགས་དང་ལྡན་པར་གྱུར་ཏོ། །དགེ་སློང་ དག་ཡང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེའི་ཚད་ལོ་བཞི་ཁྲི་བཞི་སྟོང་པར་གྱུར་ཏོ། །དགེ་སློང་དག་རྒྱལ་པོ་ཟླ་འོད་ནི་བྱང་ཆུབ་སེམས་དཔར་གྱུར་ཏེ། ཐམས་ཅད་སྟེར་བ། ཐམས་ཅད་ཡོངས་སུ་གཏོང་བ་སྟེ། དེས་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ནས་བྱུང་སྟེ། གྲོང་ ཁྱེར་གྱི་ཤར་ཕྱོགས་སུ་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་སྟེ། གསེར་གྱི་རྔ་བོ་ཆེ་ཡང་དག་པར་བརྡུངས་ནས་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །དེ་བཞིན་དུ་གྲོང་ཁྱེར་གྱི་ལྷོ་དང་། ནུབ་དང་། བྱང་དུའང་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །སུམ་མདོའི་ དབུས་སུའང་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དེ། འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཟའ་བ་དང་། བཅའ་བ་དང་། ཕྲེང་བ་དང་། མར་མེ་དང་། དྲི་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། རྒྱབ་རྟེན་དང་། སྐྱེ་བོ་རྣམས་ཀྱི་ གནས་དང་། གདུགས་དང་། ཤིང་རྟ་དང་། སྤུད་པ་དང་། རྒྱན་དང་། གསེར་གྱི་སྣོད་དངུལ་གྱི་ཕྱེ་མས་ཡོངས་སུ་གང་བ་རྣམས་དང་། དངུལ་གྱི་སྣོད་གསེར་གྱི་ཕྱེ་མས་ཡོངས་སུ་གང་བ་རྣམས་དང་། གསེར་གྱི་རྭ་བཏགས་པའི་བ་ལང་རྣམས་དང་། ཁར་བའི་བཞོ་སྣོད་རྣམས་དང་། གཞོན་ནུ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ་རྣམས་ཀྱང་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །གོས་ཁ་དོག་སྣ་ཚོགས་པ་ཡུལ་སྣ་ཚོགས་པ་ལས་བྱུང་བ་རྣམ་པ་སྣ་ཚོགས་པ་ལ་འདི་ལྟ་སྟེ། དར་ལ་དང་། རྒྱའི་དར་དང་། རིན་ཆེ་བའི་ གོས་དང་། དུ་གུ་ལ་དང་། མྲི་གཱ་པཱ་ན་དང་། བག་ལེ་པ་དང་། ལ་བ་དང་། རིན་པོ་ཆེ་དང་། གསེར་དང་། གོས་གསེར་གྱི་རྒྱན་ཅན་དང་། ཀ་ཤི་ཀའི་དར་དང་། གོས་དར་ལ་སོགས་པ་རྣམས་ཀྱང་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །དགེ་སློང་དག་རྒྱལ་ པོ་ཟླ་འོད་ཀྱིས་སྦྱིན་པ་ཇི་སྙེད་ཀྱིས་འཛམ་བུའི་གླིང་པའི་མི་ཐམས་ཅད་ཕྱུག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བར་གྱུར་པ་དེ་སྙེད་རབ་ཏུ་གཏོང་ངོ་། །དགེ་སློང་དག་རྒྱལ་པོ་ཟླ་འོད་ཀྱིས་གང་གླང་པོ་དང་། རྟ་དང་། ཤིང་རྟ་དང་། གདུགས་ལ་སོགས་པའི་སྦྱིན་པ་ཇི་ སྙེད་ཀྱིས་འཛམ་བུའི་གླིང་འདི་ན་མི་གཅིག་ཀྱང་རྐང་གིས་འགྲོ་བ་མེད་པ་དེ་སྙེད་རབ་ཏུ་གཏོང་སྟེ། འཛམ་བུའི་གླིང་པའི་མི་ཐམས་ཅད་ཀྱང་གླང་པོའི་རྒྱབ་དང་། རྟ་བཞི་དང་ལྡན་པའི་ཤིང་རྟ་སྟེང་ནས་གསེར་དང་དངུལ་གྱི་གདུགས་འཛིན་པ་དང་ལྡན་པ་དང་། སྐྱེད་མོས་ ཚལ་ནས་སྐྱེད་མོས་ཚལ་དང་། ཡུལ་འཁོར་ནས་ཡུལ་འཁོར་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དུ་རྗེས་སུ་འགྲོ་བར་གྱུར་ཏོ། །དགེ་སློང་དག་དེ་ནས་ཡང་རྒྱལ་པོ་ཟླ་འོད་འདི་ལྟར་སེམས་པར་གྱུར་ཏེ། ངས་སྦྱིན་པ་འདི་ཙམ་ཞིག་བྱིན་པ་ཙམ་གྱིས་ཅི་ཞིག་བྱ་སྟེ། གོས་དང་ རྒྱན་དང་། ཆ་བཞག་རྣམས་ང་ཉིད་ཅི་འདྲ་བ་འཛམ་བུའི་གླིང་པའི་མི་རྣམས་ཀྱང་དེ་དང་འདྲ་བར་རབ་ཏུ་བྱིན་ནི་འཛམ་བུའི་གླིང་པའི་མི་ཐམས་ཅད་རྒྱལ་པོའི་རྩེ་འཇོས་རྩེ་ཞིང་རོལ་པར་འགྱུར་རོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་འཛམ་བུའི་གླིང་པའི་མི་ཐམས་ཅད་ལ་ཅོད་པན་ དང་། དར་དང་། གོས་དང་། རྒྱན་དང་། ཆ་བཞག་རྣམས་བྱིན་པ་ནི་འདི་ལྟ་སྟེ། མགུལ་གདུབ་དང་། གདུ་བུ་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། མུ་ཏིག་གི་ཆུན་འཕྱང་དང་། རྒྱལ་པོ་ལ་འོས་པ་རྣམས་སྦྱིན་པ་རབ་ཏུ་བྱིན་ནོ། །དགེ་སློང་དག་རྒྱལ་པོ་ཟླ་ འོད་ཀྱིས་རྒྱལ་པོ་ལ་འོས་པ། གོས་དང་། རྒྱན་དང་། ཅོད་པན་དང་། དར་རྣམས་རབ་ཏུ་བྱིན་པ་གང་གིས་ཇི་ལྟར་འཛམ་བུའི་གླིང་པའི་མི་ཐམས་ཅད་ཅོད་པན་ཐོགས་ཤིང་དར་དཔྱངས་འཆིང་བར་གྱུར་ཏེ། རྒྱལ་པོ་ཟླ་འོད་རྣམ་པ་ཅི་འདྲ་བར་གྱུར་པ་འཛམ་བུའི་གླིང་གི་མི་ཐམས་ ཅད་ཀྱང་དེ་དང་འདྲ་བར་གྱུར་ཏེ། དེ་ལྟར་རབ་ཏུ་བྱིན་ནོ། །དགེ་སློང་དག་རྒྱལ་པོ་ཟླ་འོད་ཀྱིས་རྒྱལ་པོའི་ཕོ་བྲང་རྡོ་བཟངས་སུ་དྲིལ་བསྒྲགས་ཏེ། འཛམ་བུའི་གླིང་གི་མི་ཁྱེད་ཐམས་ཅད་ང་ཅི་སྲིད་འཚོའི་བར་དུ་རྒྱལ་པོའི་རྩེ་འཇོས་རྩེ་ཞིང་རོལ་ཅིག་ཅེས་བསྒྲགས་སོ། དགེ་སློང་ དག་དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་དྲིལ་བསྒྲགས་པ་འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱིས་ཐོས་པ་དང་། ཐམས་ཅད་རྒྱལ་པོའི་རྩེ་འཇོས་རྩེ་བ་ལ་ཞུགས་ཏེ། པི་བང་དང་། གླིང་བུ་དང་། འཁར་རྔ་དང་། སྒྲ་བཟངས་དང་། པི་བང་རྒྱུད་གསུམ་པ་དང་། རྔ་རིངས་དང་། རྫ་རྔ་དང་། དུང་སྟོང་ཕྲག་དང་། སིལ་སྙན་བརྒྱ་སྙེད་ཀྱི་སྒྲའི་རོལ་མོ་བརྡུང་ཞིང་དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། ནོར་བུ་དང་། མུ་ཏིག་གི་རྒྱན་རྣམས་དང་། རྣ་ཆ་ཐོགས་པ་དང་། རྒྱན་གྱིས་བརྒྱན་ལ་བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་རྒྱལ་སྲིད་ཀྱི་དཔལ་ལ་རྗེས་སུ་ སྤྱོད་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ན་མི་རྣམས་རྒྱལ་པོའི་རྩེ་འཇོས་རོལ་ཏེ། པི་བང་དང་། གླིང་བུ་དང་། འཁར་རྔ་དང་། སྒྲ་བཟངས་དང་། པི་བང་རྒྱུད་གསུམ་པ་དང་། རྫ་རྔ་དང་། རྔ་རིངས་དང་། དུང་གི་སྒྲས་གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་དུ་ སྒྲ་བསྒྲགས་པ་དང་། གང་ཡང་རྒྱལ་པོ་ཟླ་འོད་ཀྱི་སྦྱིན་གཏོང་གི་གནས་བཞིར་གསེར་གྱི་རྔ་བོ་ཆེ་རྣམས་བརྡུངས་པ་ན་འདི་ལྟ་བུའི་ཡིད་དུ་འོང་བའི་སྒྲ་བྱུང་བར་གྱུར་ཏོ། །འདི་ལྟ་སྟེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ན་ལྷའི་གྲོང་ཁྱེར་དེ་ན་གླུ་དང་། གར་དང་། རོལ་མོའི་སྒྲ་སྒྲོགས་སོ། །དགེ་སློང་དག་དེ་བཞིན་དུ་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་པའི་མི་ཐམས་ཅད་གླུ་དང་། གར་དང་། རོལ་མོའི་སྒྲས་གཅིག་ཏུ་བདེ་བ་ལ་འཇོག་ཅིང་ཤིན་ཏུ་དགའ་བར་གྱུར་ཏོ། །ཡང་དེའི་ཚེ་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ན་བྱེ་བ་སྟོང་དུང་ཕྱུར་བདུན་ ཅུ་རྩ་གཉིས་ཀྱི་མི་རྣམས་གནས་སོ། །ཡང་དགེ་སློང་དག་རྒྱལ་པོ་ཟླ་འོད་ཆོས་ཉིད་ཀྱིས་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ་སྟེ། གཞན་ཡང་འདི་སྐྱེ་བོའི་ཚོགས་ཆེན་པོའི་ཡིད་དགའ་བར་གྱུར་ཏོ། །གཞན་ཡང་འདི་སྐྱེས་པ་དང་བུད་མེད་ རྣམས་ཀྱིས་མཐོང་བ་ན་ངོམས་པར་མི་འགྱུར་བའི་དགའ་བ་འཐོབ་བོ། །དུས་གང་གི་ཚེ་རྒྱལ་པོ་ཟླ་འོད་གྲོང་ཁྱེར་ནས་བྱུང་སྟེ་སྦྱིན་གཏོང་གི་གནས་སུ་སོང་བ་ན་སྲོག་ཆགས་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས་ལྟ་ཞིང་འདི་སྐད་ཀྱང་སྨྲ་སྟེ། ཀྱེ་མ་རྒྱལ་པོ་ཟླ་འོད་འདི་ནི་ལྷ་ཞིག་ འོངས་ནས་འཛམ་བུའི་གླིང་འདིར་རྒྱལ་པོ་བྱེད་པ་ཡིན་གྱི། རྒྱལ་པོ་ཟླ་འོད་ཀྱི་གཟུགས་དང་། ཁ་དོག་དང་དབྱིབས་དེ་ལྟ་བུ་ནི་འཛམ་བུའི་གླིང་པའི་མི་རྣམས་ལ་ཡོད་པ་མ་ཡིན་ནོ། །དེ་གང་དང་གང་དུ་བལྟས་པ་དེ་དང་དེ་དག་ཏུ་བུད་མེད་སྟོང་ཕྲག་གིས་བལྟས་ཏེ། བུད་ མེད་གང་འདི་ཁྱོར་རྙེད་པ་དེ་ནི་སྐལ་བ་ཅན་ཡིན་ནོ། །གཞན་ཞིག་གིས་སྨྲས་པ། སེམས་དག་པ་རྣམས་ཀྱིས་རྙེད་ཀྱི་གཞན་དག་གིས་ནི་མ་ཡིན་ཏེ། རྒྱལ་པོ་ཟླ་འོད་འདི་ནི་ལྷ་དང་འདྲ་བར་བལྟའོ། །དགེ་སློང་དག་རྒྱལ་པོ་ཟླ་འོད་ཀྱི་བློན་པོ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ ཡོད་དེ། དེ་རྣམས་ཀྱི་ནང་ན་བློན་པོ་གཉིས་ནི་བློན་པོ་ཐམས་ཅད་ལས་ཁྱད་དུ་འཕགས་པ་ཡིན་ཏེ། བློན་པོ་ཟླ་བ་བཟང་པོ་དང་ས་འཛིན་ཞེས་བྱ་བ་གཉིས་མཁས་པར་གྲགས་པ་བློ་དང་ལྡན་པ་ལས་ཐམས་ཅད་ལ་དབང་བྱེད་པ། རྒྱལ་པོའི་གཅེས་སྤྲས་བྱེད་པ། རྒྱལ་པོ་ཡོངས་སུ་ སྐྱོང་བ། རྒྱལ་པོའི་ལས་ཀྱི་མཐའ་ཐམས་ཅད་ལ་སེམས་ལས་ཆུང་ངུར་བྱེད་པ་དང་། བློན་པོའི་མཆོག་ཟླ་བ་བཟང་པོ་ནི་འཛམ་བུའི་གླིང་པའི་མི་ཁྱེད་རྣམས་ཇི་སྲིད་འཚོའི་བར་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་ཡང་དག་པར་བླངས་ལ་གནས་པར་གྱིས་ཤིག་ཅེས་འཛམ་བུའི་གླིང་པའི་མི་ ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྦྱོར་བར་བྱེད་དེ། དགེ་སློང་དག་བློན་པོའི་མཆོག་ཟླ་བ་ཆེན་པོའི་གདམས་ངག་རྗེས་སུ་སྟོན་པ་འདི་ལྟ་བུ་བྱེད་པར་གྱུར་ཏོ། །དགེ་སློང་དག་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཟླ་འོད་ནི་བློན་པོའི་མཆོག་ཟླ་བ་ཆེན་ པོ་ལ་སྡུག་པར་གྱུར་པ་དང་། དགའ་བ་དང་ཡིད་དུ་འོང་བར་གྱུར་ཏེ། གཞན་ཡང་དེའི་ཁ་དོག་དང་། གཟུགས་དང་དབྱིབས་ལ་འདིས་བལྟས་པ་ན་ངོམས་པ་མེད་དེ། སྐད་ཅིག་ཀྱང་དེ་མི་སྤོང་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ་བློན་པོའི་མཆོག་ཟླ་བ་ཆེན་པོའི་རྨི་ལམ་དུ་དུ་ བའི་མདོག་ཅན་གྱི་ཤ་ཟ་རྣམས་ཀྱིས་རྒྱལ་པོ་ཟླ་འོད་ཀྱི་ཅོད་པན་ཕྲོགས་པར་རྨིས་ཏེ་སད་ནས་དེ་འཇིགས་སྐྲག་པས་རེངས་པར་གྱུར་ཅིང་སྤུ་ཟིང་ཞེས་བྱེད་དེ། ངེས་པར་རྒྱལ་པོ་ཟླ་འོད་ཀྱི་དབུ་སློང་བ་ཞིག་འོང་བར་མི་འགྱུར་རམ། ལྷ་ནི་ཐམས་ཅད་སྩོལ་བ། ཐམས་ཅད་ཡོངས་ སུ་གཏོང་བ་ཡིན་ཏེ། འདི་ལ་ནི་དམན་པ་དང་། མགོན་མེད་པ་དང་། ཕོངས་པ་དང་། སྡུག་བསྔལ་བ་དང་། སློང་བ་རྣམས་ལ་མི་སྩོལ་བ་དང་། ཡོངས་སུ་མི་གཏོང་བ་ནི་གཞན་ཅི་ཡང་མི་མངའ་བས་ན། རྒྱལ་པོ་ཟླ་འོད་ལ་རྨི་ལམ་འདི་མི་ཞུའི་གཞན་དུ་ན་རིན་པོ་ཆེའི་མགོ་ རྣམས་བྱས་ལ། མཛོད་དང་བང་བར་བཅུག་ལ་བཞག་སྟེ། གལ་ཏེ་འགའ་ཞིག་ལྷའི་དབུ་སློང་བ་འོངས་པར་གྱུར་ན། དེ་ལ་རིན་པོ་ཆེའི་མགོ་འདི་རྣམས་ཀྱིས་བྲིད་པར་བྱའོ་སྙམ་ནས་རིན་པོ་ཆེའི་རྒྱུ་ལས་བྱས་པའི་མགོ་བྱས་ཏེ་མཛོད་དང་བང་བ་རྣམས་སུ་བཞག་པར་གྱུར་ཏོ། །དེ་ ནས་དུས་གཞན་ཞིག་གི་ཚེ་བློན་པོའི་མཆོག་ས་འཛིན་གྱི་རྨི་ལམ་དུ་རྒྱལ་པོ་ཟླ་འོད་ཀྱི་རིན་པོ་ཆེ་རྣམས་ཀྱི་མགོ་རྣམ་པ་བརྒྱར་ལྷགས་པར་རྨིས་པ་དང་། ཡང་འཇིགས་ཤིང་སྐྲག་ལ་ཀུན་དུ་སྐྱོ་ནས་རྒྱལ་པོ་ཟླ་འོད་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་གྲང་སྙམ་ནས། ཡང་བྲམ་ཟེ་ལྟས་མཁན་མཁས་པ་རྣམས་བོས་ནས་བདག་གིས་འདི་ལྟ་བུའི་རྨི་ལམ་རྨིས་ན། རྨི་ལམ་དེའི་འབྲས་བུ་ཅི་ལྟ་བུ་ཡིན་པ་ལུང་སྟོན་ཅིག །ལྟས་མཁན་རྣམས་ཀྱིས་སྨྲས་པ། རྨི་ལམ་མཐོང་བའི་འདི་ཇི་ལྟ་བ་ལས་ནི་རིང་པོ་མི་ཐོགས་པར་ལྷའི་དབུ་སློང་བ་འགའ་ཞིག་འོང་བར་ འགྱུར་ཏེ། འདི་འདྲ་བར་སྟོན་པ་ཡིན་ནོ། །དེ་སྐད་ཐོས་པ་དང་ཡང་བློན་པོའི་མཆོག་ས་འཛིན་ལག་པ་འགྲམ་པ་ལ་གཏད་དེ། ཤིན་ཏུ་སེམས་པ་ལ་ཞུགས་པས་གནས་པར་གྱུར་ཏེ། རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ མཉེས་གཤིན་པ་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་ནི་ཧ་ཅང་མྱུར་ཆེས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་བློན་པོ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་པོ་རྣམས་ཀྱིས་རྨི་ལམ་འདི་ལྟར་མཐོང་སྟེ། རྒྱལ་པོ་ཟླ་འོད་ཀྱི་སྦྱིན་གཏོང་གི་གནས་ཁང་བཞི་རུ་གནོད་སྦྱིན་ ལག་ན་ཐོད་པ་ཐོགས་པ་རྣམས་ཀྱིས་གདུགས་དང་། རྒྱལ་མཚན་དང་བ་དན་རྣམས་བསྒྱེལ་བ་དང་། གསེར་གྱི་རྔ་བོ་ཆེའང་བཅག་པར་རྨིས་པ་དང་། ཡང་འཇིགས་ཤིང་སྐྲག་ལ་སེམས་སྐྱོ་ནས་རྒྱལ་པོ་ཟླ་འོད་ས་ཆེན་པོ་སྐྱོང་བ། བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་མི་རྟག་པ་ཉིད་ཀྱི་སྟོབས་ཀྱིས་ཕྱིན་པར་མི་འགྱུར་རམ། བདག་ཅག་རྣམས་ལྷ་དང་ལྷན་ཅིག་པ་ལས་གནས་པ་ལས་ཐ་དད་པར་འགྱུར་བ་དང་། སོ་སོ་བ་དང་། བྱེ་བ་དང་བྲལ་བར་མི་འགྱུར་རམ། འཛམ་བུའི་གླིང་པ་ རྣམས་སྐྱབས་དང་དཔུང་གཉེན་མེད་པར་མི་འགྱུར་རམ། དེ་རྒྱལ་པོ་ཟླ་འོད་ཀྱིས་ཀྱང་ཐོས་པ་དང་། ཡང་གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་དུ་དྲིལ་བསྒྲགས་ཏེ། འཛམ་བུའི་གླིང་པའི་མི་ཁྱེད་རྣམས་ཇི་སྲིད་འཚོའི་བར་དུ་རྒྱལ་པོའི་རྩེ་འཇོས་རྩེ་ཞིང་རོལ་ཅིག །ཁྱེད་རྣམས་སྒྱུ་མ་ལྟ་ བུའི་རྨི་ལམ་ལ་སེམས་པས་ཅི་ཞིག་བྱ། རྒྱལ་པོ་ཟླ་འོད་ཀྱིས་དྲིལ་བསྒྲགས་པ་ཐོས་པ་དང་། འཛམ་བུའི་གླིང་པའི་མི་ཐམས་ཅད་སིལ་སྙན་ཆེན་པོ་དང་། པི་བང་དང་། གླིང་བུ་དང་། འཁར་རྔ་དང་། སྒྲ་བཟངས་དང་། པི་བང་རྒྱུད་གསུམ་པ་དང་། རྫ་རྔ་དང་། རྔ་རིངས་ དང་། དུང་སྟོང་ཕྲག་སྙེད་ཀྱི་རོལ་མོ་བརྡུང་ཞིང་རྩེ་བར་བརྩམས་པ་དང་། གསེར་གྱི་དབུ་རྒྱན་དང་དོ་ཤལ་དང་སེ་མོ་དོའི་ནོར་བུའི་རྣ་རྒྱན་ཐོགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བུད་མེད་ཀྱི་ཚོགས་རྣམས་ཀྱིས་བསྐོར་ཏེ་རྒྱལ་པོའི་དཔལ་ལ་རྗེས་སུ་སྤྱོད་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་ དུས་ན་འཛམ་བུའི་གླིང་ན་གླུ་དང་། གར་དང་། རོལ་མོའི་སྒྲ་དང་། གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་དུ་གླིང་བུ་ངེས་པར་འབུད་པ་དང་། གང་ཡང་སྦྱིན་གཏོང་གི་གནས་ཆེན་པོ་བཞིར་གསེར་གྱི་རྔ་བོ་ཆེ་བརྡུངས་པ་ལས་སྙན་ཅིང་ཡིད་དུ་འོང་བའི་སྒྲ་བྱུང་བར་གྱུར་ཏེ། དེས་འཛམ་བུའི་གླིང་ཐམས་ཅད་དུ་སྒྲ་གྲགས་ པར་གྱུར་ཏེ། དཔེར་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་གི་ནང་ན་གླུ་དང་། གར་དང་རོལ་མོའི་སྒྲ་གྲགས་པ་བཞིན་ནོ། །ཡང་དེའི་ཚེ་དེའི་དུས་ན་རི་སྤོས་ངད་ལྡང་ན་བྲམ་ཟེ་དྲག་པོའི་མིག་ཅེས་བྱ་བ་མིག་འཕྲུལ་གྱི་བྱ་བ་ཤེས་པ་ཞིག་གནས་པ་དང་། བྲམ་ཟེ་དྲག་པོའི་མིག་ གིས་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བ་ཐམས་ཅད་སྟེར་བར་ཐོས་སོ། །ཐོས་ནས་ཀྱང་བདག་ཉིད་ཀྱིས་བསམས་པ། བདག་སོང་ལ་མགོ་བསླང་ན། གལ་ཏེ་ཐམས་ཅད་གཏོང་བར་གྱུར་པ་ཡིན་ན་ནི་བདག་ལ་ཡང་མགོ་སྟེར་བར་འགྱུར་རོ། །གཞན་དུ་ན་གང་སྡུག་པ་ དང་། ཕོངས་པ་དང་། ཡིད་དུ་འོང་བ་དང་། མངོན་པར་དགའ་བར་བྱ་བ་ཡན་ལག་གི་མཆོག་མགོ་ཡོངས་སུ་གཏོང་བ་འདི་ནི་དཀའ་བ་དང་། འདི་ནི་གནས་མེད་པ་དང་། འདི་ནི་གོ་སྐབས་མེད་དོ་སྙམ་ནས་རི་སྤོས་ཀྱི་ངད་ལྡང་ལས་བབས་སོ། །དེ་ནས་སྤོས་ཀྱི་ངད་ལྡང་ན་གནས་པའི་ལྷ་ མོ་ཞིག་ངུ་བར་རྩོམ་སྟེ། ཀྱི་ཧུད་རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་ན་སྡུག་བསྔལ་ལོ། །ཡང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་ཐམས་ཅད་དུ་བས་མུན་ནག་ཏུ་གྱུར་ཏེ། འཁྲུགས་ཤིང་ཀུན་དུ་འཁྲུགས་པར་གྱུར་པ་དང་། སྐར་མདའ་ལྟུང་བ་དང་། ཕྱོགས་སྲེག་པ་དང་། བར་སྣང་ལ་ལྷ་རྣམས་མྱ་ངན་བྱེད་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟངས་དང་ཧ་ཅང་མི་རིང་བ་ཞིག་ན་སྣ་ཚོགས་བཤེས་གཉེན་ཞེས་བྱ་བའི་དྲང་སྲོང་མངོན་ པར་ཤེས་པ་ལྔ་དང་ལྡན་པ། བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་ཞིག་འཁོར་ལྔ་བརྒྱས་བསྐོར་ནས་གནས་ཏེ། དེ་ནས་དྲང་སྲོང་དེས་འཛམ་བུའི་གླིང་ཐམས་ཅད་འཁྲུགས་ཤིང་ཀུན་དུ་འཁྲུགས་པར་མཐོང་བ་དང་། འཁོར་རྣམས་ལ་ སྨྲས་པ། གང་འཛམ་བུའི་གླིང་འདི་ཐམས་ཅད་ད་ལྟར་དུ་བས་མུན་ནག་ཏུ་གྱུར་ཏེ། འཁྲུགས་ཤིང་ཀུན་དུ་འཁྲུགས་པར་གྱུར་པ་དང་། ཉི་མ་དང་ཟླ་བ་གཉིས་ཀྱང་ལམ་མེ་མ་ཡིན། ལྷང་ངེ་མ་ཡིན། ལྷན་ནེ་མ་ཡིན་པ་བུ་ཁྱེད་རྣམས་ཀྱིས་ཤེས་སམ། ངེས་པར་སྐྱེས་བུ་ཆེན་པོ་ འགའ་ཞིག་འགག་པར་འགྱུར་རོ། །འདི་ལྟར་མི་འམ་ཅིའི་ཚོགས་དང་ནགས་ཀྱི་ལྷ་རྣམས་ངུ་། །ནམ་མཁར་གནས་པའི་ལྷ་རྣམས་ཀྱང་ནི་དམོད་པར་བྱེད། །ཟླ་བ་གཟི་མེད་ཉི་མ་དག་ཀྱང་འོད་མེད་གྱུར། །དེང་ནི་རོལ་མོ་བརྡུངས་ཀྱང་སྒྲ་ནི་གྲག་མ་ གྱུར། །མེ་ཏོག་འབྲས་བུར་ལྡན་པའི་ཤིང་ཚོགས་འདི་དག་ཀྱང་། །རླུང་གིས་མ་བསྐྱོད་བཞིན་དུ་ས་ལ་ལྷུང་བར་གྱུར། །ཇི་ལྟར་འཇིགས་པའི་སྒྲ་འདིའང་ཀུན་དུ་ཐོས་པས་ན། །གྲོང་ཁྱེར་དུ་ནི་སྡུག་བསྔལ་མི་ཟད་འབྱུང་བར་གསལ། །རྒྱུ་དེས་གྲོང་ཁྱེར་གནས་པའི་སྐྱེ་བོ་མ་ ལུས་པ། །སེམས་ལ་སྡུག་བསྔལ་ཀུན་དུ་གཏུགས་ནས་འཇོག་པ་དང་། ཆོ་ངེས་འདེབས་ཤིང་ལག་པ་སྙིང་ལ་རྡེབས་པར་བྱེད། །སྐྲ་རྣམས་རབ་ཏུ་གྲོལ་ཞིང་ཚིག་ནི་རྣམ་པར་འགག །ཟླ་བའི་གདོང་ཅན་བུད་མེད་རྣམས་ནི་རབ་ཏུ་ངུ་། །གྲོང་ཁྱེར་གནས་པ་ཀུན་ཀྱང་ སྙིང་བརྩེས་ངུ་བར་བྱེད། །སྤྲིན་འདི་རྣམས་ཀྱང་ཆར་མི་འབབ་པར་སྒྲ་སྒྲོགས་ལ། །ཆུ་ཡི་གནས་རྣམས་ཉེ་བར་སྐམས་པ་ཉིད་དུ་གྱུར། །རི་དང་ནགས་རྣམས་ཀྱང་ནི་མི་བཟད་མེ་ཡིས་བསྲེགས། །མི་རྣམས་སོ་སོའི་ཁྱིམ་ན་ཤིན་ཏུ་འཁྲུགས་པས་ངུ་། །ཆུ་ལ་རླུང་གིས་ བསྐྱོད་པའི་གྲུ་བཞིན་ས་རྣམས་གཡོས་པ་དང་། །ཤིན་ཏུ་རྩུབ་པའི་རྡུལ་དང་འདྲེ་བའི་རླུང་ལྡང་གྱུར། །བཀྲ་མི་ཤིས་པའི་མཚན་མ་ནི། །ད་ལྟར་འདི་ན་རྣམ་མང་སྟེ། །དེ་བས་བདག་ཅག་ཤིས་པ་ཡི། །ཕྱོགས་སུ་འགྲོ་བ་ཤིན་ཏུ་རིགས། །གཞན་ཡང་བུ་རྣམས་རྒྱལ་པོ་ཟླ་ འོད་ཀྱི་སྦྱིན་གཏོང་གི་གནས་བཞིར་གསེར་གྱི་རྔ་བོ་ཆེ་བརྡུངས་ན་ཡང་ཡིད་དུ་འོང་བའི་སྒྲ་བྱུང་བར་མ་གྱུར་པས། ངེས་པར་རྒྱལ་པོའི་ཕོ་བྲང་རྡོ་བཟངས་དེར་ཉེ་བར་འཚེ་བ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ནས་བྲམ་ཟེ་དྲག་པོའི་མིག་གིས་རྒྱལ་པོའི་ཕོ་བྲང་རྡོ་བཟངས་སུ་ཕྱིན་ཏོ། །དེ་ནས་གྲོང་ ཁྱེར་ན་གནས་པའི་ལྷ་མོས་བྲམ་ཟེ་དྲག་པོའི་མིག་རྒྱང་རིང་པོ་ཉིད་ནས་མཐོང་བ་དང་། རྒྱལ་པོ་ཟླ་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །གང་འདི་ལྷ་མཁྱེན་པར་མཛོད་ཅིག །དེ་རིང་ལྷའི་དབུ་སློང་བ། འཚེ་བ་རྣམ་པར་ཐོ་འཚམ་པ། གླགས་ལྟ་བ་ཞིག་འོང་ བར་འགྱུར་ཏེ། དེ་ལྷའི་དབུ་སློང་བར་འགྱུར་གྱིས། དེ་ལ་ལྷས་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་བདག་ཉིད་ཡོངས་སུ་བསྲུང་བར་མཛོད་ཅིག །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་མགོ་སློང་བར་ཐོས་པས་ཡིད་རབ་ཏུ་དགའ་ཞིང་ངོ་མཚར་གྱིས་མིག་གདངས་པ་དང་། ལྷ་མོ་ལ་ སྨྲས་པ། ལྷ་མོ་མ་འཇིགས་པར་སོང་ཤིག །གལ་ཏེ་འོང་བར་གྱུར་ན་ངས་འདིའི་ཡུན་རིང་པོ་ནས་མངོན་པར་འདོད་པའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ལྷ་མོ་དེས་རྒྱལ་པོ་ཟླ་འོད་རྩོལ་བའི་ཚུལ་དེ་ལྟ་བུ་ཤེས་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་དེ་ཉིད་དུ་མི་སྣང་བར་གྱུར་ ཏོ། །དེ་ནས་རྒྱལ་པོ་ཟླ་འོད་འདི་སྙམ་དུ་སེམས་ཏེ། གང་བདག་གིས་དབྱིག་དང་། གསེར་དང་། ཟས་འདོད་པ་རྣམས་ལ་ཟས་བྱིན་པ་ནི་ངོ་མཚར་ཅི་ཞིག་ཆེ། གང་ཡང་བདག་གིས་སློང་བ་རྣམས་ལ་རང་ཉིད་ཀྱི་ལུས་ཀྱང་ཡོངས་སུ་གཏང་བར་བྱའོ། །དེ་ནས་བྲམ་ཟེ་དྲག་པོའི་མིག་ གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་ཞུགས་པ་དང་། གྲོང་ཁྱེར་གྱི་ལྷ་མོས་བཟློག་སྟེ། བྲམ་ཟེ་སྡིག་ཅན་མ་ཞུགས་པར་སླར་སོང་ཤིག །སྐྱེས་བུ་གཏི་མུག་ཅན་ཁྱོད་ད་ལྟར་རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། ཡོན་ཏན་དཔག་ཏུ་མེད་པ་ཕུན་སུམ་ཚོགས་ པ། འཛམ་བུའི་གླིང་ཡོངས་སུ་སྐྱོང་བར་བྱེད་པ། ཉེས་པ་མེད་པ། གནོད་པ་མི་བྱེད་པ། མགོ་དྲག་པོའི་སེམས་ཀྱིས་ཅི་ལྟར་གཅོད་པར་བྱེད། བྲམ་ཟེ་སྡིག་ཅན་མ་ཞུགས་པར་ཕྱིར་སོང་ཤིག །རྣམ་པ་འདི་དག་རྒྱལ་པོ་ཟླ་འོད་ཀྱིས་ཐོས་སོ། །ཐོས་ནས་ཀྱང་ངའི་སློངས་མོ་པ་ལྷ་ མོས་གྲོང་ཁྱེར་གྱི་སྒོ་ན་བཀག་གོ་སྙམ་ནས། ཡང་བློན་པོའི་མཆོག་ཟླ་བ་ཆེན་པོ་ལ་སྨྲས་པ། གང་འདི་ཟླ་བ་ཆེན་པོས་ཤེས་པར་གྱིས་ཤིག །ངའི་སློངས་མོ་པ་ལྷ་མོས་གྲོང་ཁྱེར་གྱི་སྒོ་ན་བཀག་གིས་སོང་ལ་ངའི་ཐད་དུ་རིངས་པར་ཁྱེར་ལ་ཤོག་ཤིག །ལྷ་དེ་ལྟར་འཚལ་ལོ་ཞེས་བློན་པོའི་ མཆོག་ཟླ་བ་ཆེན་པོས་རྒྱལ་པོ་ཟླ་འོད་ཀྱི་ཚིག་མཉན་ནས་གྲོང་ཁྱེར་གྱི་སྒོར་སོང་བ་དང་། གྲོང་ཁྱེར་གྱི་ལྷ་མོ་དེ་བཟློག་སྟེ། གང་འདི་ལྷ་མོ་ཤེས་པར་གྱིས་ཤིག །ལྷ་བྲམ་ཟེ་འདི་འགུགས་ཀྱིས་བྲམ་ཟེ་འདི་ཐོང་ཤིག །དེ་ནས་གྲོང་ཁྱེར་ན་གནས་པའི་ལྷ་མོས་ཟླ་བ་ཆེན་པོ་ལ་འདི་སྐད་ཅེས་ སྨྲས་སོ། །གང་ཡང་ཟླ་བ་ཆེན་པོ་ཤེས་པར་གྱིས་ཤིག །བྲམ་ཟེ་འདི་ནི་གཏུམ་པའི་སེམས་དང་། སྙིང་རྗེ་མེད་པའི་སེམས་དང་། མི་བཟད་པའི་སེམས་ཀྱིས་རྒྱལ་པོ་ཟླ་འོད་བརླག་པའི་ཕྱིར་རྒྱལ་པོའི་ཕོ་བྲང་རྡོ་བཟངས་སུ་འོངས་ན། ཁྱེད་ལ་རང་བཞིན་ངན་པ་འདིས་ ཅི་ཞིག་བྱ། རྒྱལ་པོ་ཟླ་འོད་ཀྱི་ཐད་དུ་སོང་ནས་མགོ་སློང་བར་འགྱུར་རོ། །དེ་ནས་བློན་པོའི་མཆོག་ཟླ་བ་ཆེན་པོས་ལྷ་མོ་ལ་སྨྲས་པ། ལྷ་མོ་གང་གིས་བྲམ་ཟེ་འདིས་ལྷའི་དབུ་ལེན་པར་མི་འགྱུར་བའི་ཐབས་ཞིག་བསམས་པ་ང་ལ་ཡོད་དོ། །དེ་ནས་བློན་པོའི་མཆོག་ཟླ་བ་ཆེན་པོས་བྲམ་ཟེ་ དྲག་པོའི་མིག་ཁྲིད་དེ། དེ་གྲོང་ཁྱེར་དུ་ཞུགས་ནས་རིན་པོ་ཆེའི་མཛོད་པ་ལ་སྨྲས་པ། ཁྱོད་ཀྱིས་རིན་པོ་ཆེ་ལས་བྱས་པའི་མགོ་རྣམས་ཁྱེར་ལ་ཤོག་ཤིག་དང་། བྲམ་ཟེ་འདི་ལ་ངས་སྦྱིན་པར་བྱའོ། །མཛོད་པས་ཀྱང་རྒྱལ་པོའི་སྒོར་རིན་པོ་ཆེའི་མགོ་རྣམས་ཀྱི་ཕུང་པོ་ཆེན་པོ་བྱས་པ་དང་། བློན་པོའི་མཆོག་ཟླ་བ་ཆེན་པོས་བྲམ་ཟེ་དྲག་པོའི་མིག་ལ་རིན་པོ་ཆེ་ལས་བྱས་པའི་མགོ་རྣམས་ཉེ་བར་བསྟབས་ཏེ། བྲམ་ཟེ་ཆེན་པོ་རིན་པོ་ཆེའི་མགོ་མང་པོ་ལོང་ཤིག་དང་། དབྱིག་དང་། གསེར་རྣམས་ཀྱིས་ཀྱང་ཅི་ཙམ་དགོས་པ་ཁྱོད་ལ་སྦྱིན་གྱིས་ཁྱེར་ཅིག །འདིས་ནི་ཁྱོད་ཀྱི་བུ་ དང་ཚ་བོའི་བར་གྱི་འཚོ་བར་འགྱུར་གྱི། ལྷའི་དབུ་ཀླད་པ་དང་། རུས་པ་དང་། ངར་སྣབས་དང་ཞག་གིས་ཡོངས་སུ་གང་བས་ཅི་ཞིག་བྱ། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་དྲག་པོའི་མིག་གིས་ཟླ་བ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་འདི་ཟླ་བ་ཆེན་པོ་ཤེས་པར་གྱིས་ཤིག ། ང་ལ་ནི་རིན་པོ་ཆེའི་མགོ་རྣམས་དགོས་པ་མེད་དེ། གསེར་དང་དབྱིག་ཀྱང་དགོས་པ་མེད་ཀྱི། གཞན་དུ་ན་ས་ཆེན་པོ་སྐྱོང་བ། ཐམས་ཅད་གཏོང་བ་འདིའི་མགོ་སློང་བའི་ཕྱིར་འདིའི་ཐད་དུ་འོངས་སོ། །དེ་སྐད་ཅེས་སྨྲས་པ་དང་། བློན་པོའི་མཆོག་ཟླ་བ་ཆེན་པོ་དང་། ས་འཛིན་གཉིས་ལག་པ་འགྲམ་ པ་ལ་གཏད་དེ། ད་ནི་དུས་ཀྱིས་ཕྱིན་ཏོ་སྙམ་ནས་ཤིན་ཏུ་སེམས་པ་ལ་ཞུགས་པས་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་རྣམ་པ་དེ་དག་ཉེ་བར་ཐོས་ནས་བློན་པོའི་མཆོག་ཟླ་བ་ཆེན་པོ་དང་། ས་འཛིན་གཉིས་ཕོ་ཉས་བོས་ནས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་དེ་ངའི་གན་དུ་ཁྱེར་ལ་ཤོག་ ཤིག །ངས་འདི་ལ་ཡུན་རིང་པོ་ནས་མངོན་པར་འདོད་པའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། བློན་པོའི་མཆོག་ཟླ་བ་ཆེན་པོ་དང་ས་འཛིན་གཉིས་པོ་དེ་ཡུལ་རྨུས་པ་ལྟ་བུའི་མཆི་མའི་གདོང་གིས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཅིང་སྨྲས་པ། ལྷ་བྱམས་པའི་ བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། ཡོན་ཏན་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཡེ་ཤེས་ལ་མཁས་པ། ལྷའི་མིག་དང་ལྡན་པ་འདི་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པར་གྱུར་ཏོ། །བདག་ཅག་རྣམས་དེང་ལྷ་ དང་ལྷན་ཅིག་པ་ལས་ཐ་དད་པར་གྱུར་པ་དང་། སོ་སོར་འགྱུར་བ་དང་། བྲལ་བ་དང་། བྱེ་བར་འགྱུར་རོ་སྙམ་ནས། རྒྱལ་པོའི་རྐང་པ་ལ་གཏུགས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་རྒྱལ་པོ་ཟླ་འོད་ཐམས་ཅད་ཡོངས་སུ་གཏོང་བ། ཤིན་ཏུ་ཁྱད་པར་ཅན་གཏོང་ཞིང་ཡོངས་སུ་ གཏོང་བར་འདོད་ནས་རིང་པོ་ནས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་ཚུར་ཤོག །ཁྱོད་གང་སློང་བ་དེ་ཁྱེར་ཅིག །དེ་ནས་བྲམ་ཟེ་དྲག་པོའི་མིག་རྒྱལ་པོ་ཟླ་འོད་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཟླ་འོད་ལ་རྒྱལ་བ་དང་། ཚེ་སྤེལ་བ་བརྗོད་ནས་རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་ སོ། །བྱང་ཆུབ་སེམས་དཔའ་དངོས་པོ་ཐམས་ཅད་གཏོང་ལ་ངེས་དགའ་འགྱུར། །བྱང་ཆུབ་སེམས་དཔའ་དགེ་ཁྱོད་དྲི་མེད་ཆོས་ལ་གནས། །དམ་པ་ཀུན་མཁྱེན་མངོན་པར་བཞེད་པའི་ཐུགས་ཀྱིས་ནི། །ཐུགས་རྗེའི་བདག་ཉིད་ཐུགས་ལྡན་བདག་ལ་དབུ་སྩོལ་ཅིག །དེ་ནས་རྒྱལ་པོ་ ཟླ་འོད་ཀྱིས་བྲམ་ཟེ་ལས་དེ་ལྟ་བུའི་ཚིག་བརྗོད་པ་ཐོས་པ་དང་། ཡིད་རབ་ཏུ་དགའ་བ་དང་། དགའ་བས་མིག་གདངས་ཏེ། བྲམ་ཟེ་དྲག་པོའི་མིག་ལ་སྨྲས་པ། ཇི་ལྟར་ཡབ་ཀྱི་བུ་གཅིག་ང་ཡིན་ཡང་། །དེ་ལྟ་ན་ཡང་ང་ཡི་མགོ་འདི་ཁྱེར། །ཁྱོད་ཀྱིས་བསམས་པ་འབྲས་བུར་བཅས་གྱུར་ཅིང་། མགོ་བོ་བྱིན་པས་བྱང་ཆུབ་ཐོབ་པར་ཤོག །ངའི་མགོ་ཀླད་པ་ཁྲག་དང་ཞག་འདི་ཡིས། །ཁྱོད་ཀྱི་འདོད་པའི་བྱ་བ་ཅི་ཡང་མི་བྱེད་ཀྱང་། །ཁྱེར་ཏེ་ཁྱོད་ལ་ང་ཡི་མགོ་གང་དགོས་གྱུར་པའི། །ཡིད་ལ་རེ་བ་འབྲས་བཅས་ཁྱོད་ནི་དགའ་བར་ཤོག །བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་ངའི་ཡན་ལག་གི་མཆོག་ མགོ་འདི་བར་ཆད་མེད་པར་ལེགས་པར་ཁྱེར་ཅིག་ཅེས་སྨྲས་ནས་རང་ཉིད་ཀྱིས་ཅོད་པན་ཕུད་དོ། །དགེ་སློང་དག་རྒྱལ་པོ་ཟླ་འོད་ཀྱིས་མགོ་ལ་ཡོད་པའི་ཅོད་པན་ཕུད་མ་ཐག་ཏུ། འཛམ་བུའི་གླིང་པའི་མི་ཐམས་ཅད་ཀྱིས་མགོ་ལ་ཡོད་པའི་ཅོད་པན་རྣམས་ཀྱང་ལྷུང་བར་གྱུར་ཏོ། ། རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཀྱི་ཕྱོགས་བཞིར་སྐར་མདའ་རྣམས་ལྷུང་བར་གྱུར་ཏེ། གྲོང་ཁྱེར་གྱི་ལྷ་མོས་རྒྱལ་པོ་ཟླ་འོད་འདིའི་མགོ་བྲམ་ཟེ་སྡིག་པ་ཅན་གྱིས་གཅོད་པར་འགྱུར་རོ་ཞེས་སྒྲ་བསྒྲགས་སོ། །དེ་ནས་བློན་པོའི་མཆོག་ཟླ་བ་ཆེན་པོ་དང་ས་འཛིན་གཉིས་རྒྱལ་པོ་ཟླ་འོད་ཚུལ་འདི་ལྟ་བུར་ རང་ཉིད་ཀྱི་ལུས་ཡོངས་སུ་གཏོང་བར་ཤེས་ནས། དེ་ཡུལ་རྨུས་པ་ལྟ་བུའི་མཆི་མའི་གདོང་ཅན་གྱིས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ། གང་ལྷ་ཡང་མཐོང་བ་འདི་ནི་འཇིག་རྟེན་ན་སྐྱེས་བུ་སྐལ་བ་ཅན་ཡིན་ནོ་ཞེས་སྨྲ་ཞིང་དེ་གཉིས་དེ་ལ་སེམས་མངོན་པར་དད་པས་ལྟ་ཞིང་ཡུ་བུས་བྲམ་ཟེ་དྲག་པོའི་མིག་ ལ་བྱམས་པའི་སེམས་བསྐྱེད་པ་དང་། ལྷའི་མི་རྟག་པ་ཉིད་ལ་ལྟ་བར་མི་ནུས་སོ་སྙམ་དུ་བསམས་ནས་སྐད་ཅིག་མ་དེ་ཉིད་ལ་དུས་བྱས་ཏེ། འདོད་པའི་ཁམས་ཐམས་ཅད་ལས་ཡང་དག་པར་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱི་འབད་པའི་ཚུལ་འདི་ལྟ་བུ་ ཤེས་ནས་ས་ལ་གནས་པའི་གནོད་སྦྱིན་རྣམས་དང་། བར་སྣང་ལས་རྒྱུ་བའི་གནོད་སྦྱིན་རྣམས་ཆོ་ངེས་འདེབས་པར་བརྩམས་ཏེ། ཀྱི་ཧུད་ད་ནི་རྒྱལ་པོ་ཟླ་འོད་ཀྱི་ལུས་ཡོངས་སུ་གཏོང་བར་འགྱུར་ཏེ་སྡུག་བསྔལ་ལོ། །དེ་ནས་རྒྱལ་པོའི་ཕོ་བྲང་གི་སྒོར་སྲོག་ཆགས་བརྒྱ་སྟོང་དུ་མ་འདུས་པར་གྱུར་ཏོ། ། དེ་ནས་བྲམ་ཟེ་དྲག་པོའི་མིག་གིས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་དེ་མཐོང་ནས་རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ལྷས་གནང་བར་མཛད་ན། སྐྱེ་བོའི་ཚོགས་ཆེན་པོའི་མདུན་དུ་ལྷའི་དབུ་ལེན་རྔོ་མི་ཐོགས་སོ། །གལ་ཏེ་ཁྱོད་དབུ་ཡོངས་སུ་གཏོང་བར་མཛད་ན། ཁྱེད་དང་བདག་དབེན་པ་ ཞིག་ཏུ་གཤེགས་འཚལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་དྲག་པོའི་མིག་ལ་སྨྲས་པ། བྲམ་ཟེ་ཆེན་པོ་དེ་བཞིན་དུ་བྱ་ཡིས། ཁྱེད་ཀྱི་ཀུན་དུ་རྟོག་པ་འབྱོར་ཅིང་རང་གི་ཡིད་ལ་རེ་བ་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །དགེ་སློང་དག་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཀྱི་ ནང་ན་ནོར་བུ་དང་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བའི་སྐྱེད་མོས་ཚལ་ཤིང་སྣ་ཚོགས་ཀྱིས་ཉེ་བར་མཛེས་པ། ཉམས་དགའ་བ་ནེ་ཙོ་དང་། ཤ་རི་ཀ་དང་། ཁུ་བྱུག་དང་། རྨ་བྱ་དང་། ཤང་ཤང་ཏེའུ་དང་། ཀ་ལ་པིང་ཀ་རྣམས་ཡིད་དུ་འོང་བའི་སྒྲ་སྒྲོགས་པས་ནགས་ཚལ་གྱི་ཚོགས་ཉམས་དགའ་ བའི་སྐྱེད་མོས་ཚལ་དེའི་དབུས་ཀྱི་སྟེགས་བུ་དེའི་དབུས་སུ་ཙམ་པ་ཀའི་ཤིང་ཞིག་སྐྱེས་པ་ཡོད་དོ། །དེ་ནས་རྒྱལ་པོ་ཟླ་འོད་རྒྱལ་པོའི་སྟན་ལས་ལངས་ཏེ། །རལ་གྲི་རྣོན་པོ་ཐོགས་ནས་ནོར་བུ་དང་། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་ག་ལ་བ་དེར་སོང་ངོ་། །དེ་ནས་རྒྱལ་པོ་ཟླ་འོད་འབད་པའི་ ཚུལ་འདི་ལྟ་བུ་ལ་ཞུགས་པ་མཐོང་བ་དང་། རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཀྱི་གྲོང་ཁྱེར་ན་སྲོག་ཆགས་བརྒྱ་སྟོང་དུ་མ་ཆོ་ངེས་འདེབས་ཤིང་རྗེས་བཞིན་དུ་འབྲང་བ་དང་། རྒྱལ་པོ་ཟླ་འོད་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་དེ་ཆོ་ངེས་འདེབས་པ་མཐོང་ངོ་། །མཐོང་བ་དང་ཡང་དབུགས་དབྱུང་བའི་ ཕྱིར་སྨྲས་པ། ཁྱེད་རྣམས་དགེ་བའི་ཆོས་རྣམས་ལ་བག་ཡོད་པར་གྱིས་ཤིག་ཅེས་མདོར་བསྡུས་ནས་ཆོས་བསྟན་ཏེ། བྲམ་ཟེ་དྲག་པོའི་མིག་ཁྲིད་ནས་ནོར་བུ་དང་རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་དུ་ཞུགས་སོ། །རྒྱལ་པོ་ཟླ་འོད་ནོར་བུ་དང་རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་དུ་ཞུགས་ མ་ཐག་ཏུ་རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཀྱི་དབང་པོའི་རྒྱལ་མཚན་དང་། བ་དན་རྣམས་ནོར་བུ་དང་རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་ག་ལ་བ་དེར་འདུད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་ནོར་བུ་དང་རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་གྱི་སྒོ་བཅད་ནས་བྲམ་ཟེ་ལ་སྨྲས་པ། བྲམ་ ཟེ་ཆེན་པོ་ངའི་ཡན་ལག་གི་མཆོག་འདི་ཁྱེར་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་དྲག་པོའི་མིག་གིས་རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབུ་བདག་གིས་གཅོད་པར་རྔོ་མི་ཐོགས་སོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་ཟླ་འོད་རལ་གྲི་རྣོན་པོ་ཐོགས་ནས། སྐྱེད་ མོས་ཚལ་དེར་གང་ན་དུས་ཐམས་ཅད་པའི་ཙམ་པ་ཀའི་ཤིང་ཡོད་པ་དེར་སོང་ངོ་། །དེ་ནས་སྐྱེད་མོས་ཚལ་དེའི་ལྷ་མོས་རྒྱལ་པོ་ཟླ་འོད་ཚུལ་འདི་ལྟ་བུར་རང་ཉིད་ཡོངས་སུ་གཏོང་བ་ལ་ཞུགས་པར་ཤེས་ནས་ཆོ་ངེས་འདེབས་པར་རྩོམ་ཞིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བྲམ་ཟེ་སྡིག་པ་ཅན་ཁྱོད་དེ་ལྟར་ རྒྱལ་པོ་ཟླ་འོད་ཉེས་པ་མེད་པ་གནོད་པ་མེད་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་འདིའི་མགོ་ཇི་ལྟར་གཅོད་པར་བྱེད། དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་སྐྱེད་མོས་ཚལ་གྱི་ལྷ་མོ་དེ་ཕྱིར་བཟློག་སྟེ། ལྷ་མོ་ངའི་མགོ་སློང་བ་ལ་བར་ཆད་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ལྷ་མོ་སྔོན་ བྱུང་བ་ན་ངའི་ཡན་ལག་གི་མཆོག་མགོ་སློང་བ་ལ་ལྷ་མོ་ཞིག་གིས་བར་ཆད་བྱས་པས་ལྷ་མོ་དེའི་བསོད་ནམས་མ་ཡིན་པ་མང་པོ་སྐྱེས་ལ། ངས་ཀྱང་བླ་ན་མེད་པའི་ཡེ་ཤེས་ཡུན་རིང་པོ་ཞིག་གིས་འཐོབ་པར་འགྱུར་རོ། །ལྷ་མོ་ངས་ནོར་བུ་དང་རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་འདི་ཉིད་ དུ་མགོ་སྟོང་སྙེད་ཡོངས་སུ་གཏོང་བ་བྱས་ན། ང་ལ་སུས་ཀྱང་བར་ཆད་མ་བྱས་སོ། །དེ་བས་ན་ལྷ་མོ་ཁྱོད་ཀྱིས་ངའི་ཡན་ལག་གི་མཆོག་སློང་བ་ལ་བར་ཆད་མ་བྱེད་ཅིག །ལྷ་མོ་གང་དུ་ངས་སྟག་མོ་ལ་བདག་ཉིད་ཡོངས་སུ་བཏང་སྟེ། ལུས་ཡོངས་སུ་གཏོང་བ་གཅིག་གིས་བྱང་ཆུབ་སེམས་དཔའ་ བྱམས་པ་བསྐལ་པ་བཞི་བཅུར་ཞུགས་པ་ཕྱིར་འདུམས་པར་བྱས་པའི་ས་ཕྱོགས་ནི་འདི་ཡིན་ནོ། །དེ་ནས་ལྷ་མོ་དེ་རྒྱལ་པོ་ཟླ་འོད་ཀྱི་རྫུ་འཕྲུལ་ཆེན་པོ་དེ་མཐོང་ནས། རྒྱལ་པོ་དེ་ལ་སེམས་མགུ་བ་ཆེན་པོ་སྐྱེས་ཏེ། ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཡང་དག་པའི་སྨོན་ལམ་བྱེད་པ་ ལ་ཞུགས་ཏེ། གང་སྐྱེད་མོས་ཚལ་གྱི་ཚོགས་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་ཁྱེད་རྣམས་གསོན་ཅིག །བདག་སྐྱེད་མོས་ཚལ་འདིར་རབ་ཏུ་གཏོང་བ་དང་གཏོང་བའི་ཡང་ཤིན་ཏུ་གཏོང་བ་རང་གི་མགོ་ཡོངས་སུ་གཏོང་བའི་གཏོང་བ་བྱེད་དེ། བདག་ གི་མགོ་ཡོངས་སུ་གཏོང་བ་དེ་ཡང་རྒྱལ་པོའི་ཕྱིར་མ་ཡིན། མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ་བྱིན་གྱི་ཕྱིར་མ་ཡིན། བདུད་ཀྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། འཁོར་ལོས་སྒྱུར་བའི་ཡུལ་གྱི་ཕྱིར་མ་ཡིན་གྱི། གཞན་དུ་ན་འདིར་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་མ་དུལ་བ་གདུལ་བ་དང་། མ་བསྒྲལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །བདེན་པ་དང་ བདེན་པའི་ཚིག་འདིས་ངལ་བ་འབྲས་བུ་དང་བཅས་པར་གྱུར་ཅིག །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཡུངས་ཀར་གྱི་འབྲུ་ཙམ་གྱི་སྐུ་གདུང་འབྱུང་བར་གྱུར་ཅིག །ནོར་བུ་དང་རིན་པོ་ཆེའི་སྐྱེད་མོས་ཚལ་འདིའི་དབུས་སུ་ཡང་མཆོད་རྟེན་ཆེན་པོ། མཆོད་རྟེན་ཐམས་ཅད་ལས་ཁྱད་པར་ དུ་འཕགས་པ་བྱུང་བར་གྱུར་ནས། སེམས་ཅན་གང་ལུས་ངལ་བ་མཆོད་རྟེན་ཆེན་པོ་ལ་ཕྱག་འཚལ་དུ་འོང་བར་གྱུར་ཅིག །དེ་རྣམས་ཀྱིས་མཆོད་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སྐུ་གདུང་འཇོག་པ་དེ་མཐོང་བས་ངལ་བ་མེད་པར་གྱུར་ཅིག །ངལ་བ་མེད་པར་གྱུར་ནས་ངའི་ མཆོད་རྟེན་ལ་སྐྱེ་བོའི་ཚོགས་འོངས་ནས་མཆོད་པ་བྱེད་ན། མཐོ་རིས་དང་ཐར་པ་ལ་གཞོལ་བར་ཡང་གྱུར་ཅིག་ཅེས་སྨྲས་ནས། ཙམ་པ་ཀའི་ཤིང་ལ་གཙུག་ཕུད་བཅིངས་ནས། བྲམ་ཟེ་ལ་བོས་ཏེ་སྨྲས་པ། བྲམ་ཟེ་ཆེན་པོ་ཚུར་ཤོག །བགེགས་མ་བྱེད་པར་ངའི་མགོ་བྲེགས་ལ་ཁྱེར་ཅིག ། དེ་ནས་རྒྱལ་པོ་ཟླ་འོད་རང་ཉིད་ཀྱི་ལུས་ཀྱི་མཐུ་དང་སྟོབས་ཡང་དག་པར་སྐྱེས་ནས། བྲམ་ཟེ་དེ་ལ་སྙིང་རྗེ་ཆེན་པོ་ལྷན་ཅིག་ཏུ་འགྲོ་བ་དང་འབྱུང་བའི་བྱམས་པའི་སེམས་བསྐྱེད་ནས་མགོ་བཅད་དེ། བྲམ་ཟེ་དྲག་པོའི་མིག་ལ་བྱིན་ཏོ། །དུས་བྱས་པ་དང་ཚངས་པའི་འཇིག་རྟེན་ལས་ཤིན་ཏུ་འདས་ནས་ ཕུལ་དུ་བྱུང་བའི་དགེ་རྒྱས་ཀྱི་ལྷའི་རིས་ཀྱི་ནང་དུ་སྐྱེས་སོ། །དགེ་སློང་དག་དེ་ནས་མགོ་ཡོངས་སུ་བཏང་མ་ཐག་ཏུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འགུལ། རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །གཡོས་རབ་ཏུ་གཡོས་ཏེ། ནམ་མཁའི་དཀྱིལ་ན་མངོན་པར་གནས་ པའི་ལྷ་རྣམས་ཀྱང་ཨ་ལ་ལ་ཞེས་སྒྲ་བསྒྲགས་སོ། །བར་སྣང་གི་ལྷ་རྣམས་ཀྱང་ལྷའི་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་ད་རཱི་ཀ་རྣམས་འཐོར་ཞིང་། ཨ་ག་རུའི་ཕྱེ་མ་རྣམས་དང་། ཏ་ག་རུའི་ཕྱེ་མ་རྣམས་དང་། ཙན་དན་གྱི་ཕྱེ་མ་རྣམས་དང་། ལྷ་རྣམས་ཀྱི་མེ་ཏོག་མན་ དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་རྣམས་འཐོར་བ་དང་། གོས་རྣམས་ཀྱི་ཆར་ཡང་འབེབས་སོ། །ལྷ་རྣམས་ཀྱི་རོལ་མོའི་སྒྲ་ཡང་ཡང་དག་པར་རྡུང་ངོ་། །དེ་ནས་བྲམ་ཟེ་དྲག་པོའི་མིག་མགོ་ཁྱེར་ཏེ་ནོར་བུ་དང་། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་ནས་བྱུང་བ་དང་། སྲོག་ཆགས་བརྒྱ་ སྟོང་དུ་མས་ཀྱི་ཧུད་ལྷ་བསད་དེ་སྡུག་བསྔལ་ལོ་ཞེས་སྒྲ་ཕྱུང་སྟེ། དེ་ན་ཁ་ཅིག་ནི་ས་ལ་འགྲེ་ལྡོག་གོ། །ཁ་ཅིག་ནི་ལག་པ་བརྐྱང་སྟེ་ཆོ་ངེས་འདེབས་སོ། །བུད་མེད་རྣམས་ཀྱང་སྐྲ་བཤིག་ནས་ངུའོ། །སྲོག་ཆགས་བརྒྱ་སྟོང་དུ་མ་ཡང་འདུས་ཏེ་དེ་ན་གཅིག་ཏུ་གནས་ ཏེ་དེ་ཉིད་དུ་གནས་ནས། བསམ་གཏན་རྣམས་བསྐྱེད་དེ། དེ་ཉིད་དུ་དུས་བྱས་ནས་རྒྱལ་པོ་ཟླ་འོད་དང་སྐལ་བ་མཉམ་པར་དགེ་རྒྱས་ཀྱི་ལྷ་རྣམས་སུ་སྐྱེས་སོ། །ཁ་ཅིག་ནི་བསམ་གཏན་བསྐྱེད་ནས་གནས་དེ་ཉིད་དུ་དུས་བྱས་ཏེ་འོད་གསལ་གྱི་ལྷའི་རིས་སུ་སྐྱེས་སོ། །གཞན་རྣམས་ནི་ འདུས་ནས་རྒྱལ་པོ་ཟླ་འོད་ཀྱི་ལུས་དྲི་ཐམས་ཅད་དང་ལྡན་པའི་རོ་སྲེག་པའི་ཤིང་བྱས་ཏེ་བསྲེགས་སོ། །རུས་པ་དེ་རྣམས་ཀྱང་གསེར་གྱི་བུམ་པར་བཅུག་སྟེ། ལམ་པོ་ཆེའི་བཞི་མདོར་སྐུ་གདུང་གི་མཆོད་རྟེན་རབ་ཏུ་བཞག་སྟེ། གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ཏེ། དྲི་དང་། ཕྲེང་བ་དང་། སྤོས་ཀྱི་ཕྱེ་མ་དང་། རོལ་མོ་རྣམས་ཀྱིས་མཆོད་པ་བྱས་ནས་རྒྱལ་པོ་ཟླ་འོད་ལ་གཅིག་ཏུ་སེམས་མངོན་པར་དད་པས་དེ་བཞིན་དུ་སྐྱོ་བས་བསམ་གཏན་བསྐྱེད་དེ། བསམ་གཏན་བསྐྱེད་པ་དེས་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །ལ་ལ་ནི་རྒྱལ་པོ་ཟླ་ འོད་མ་མཐོང་བས་མྱ་ངན་གྱིས་ཟིལ་གྱིས་མནན་ཏེ་དུས་བྱས་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་ཏུ་སྐྱེས་སོ། །གང་དེར་དུས་བྱས་པ་དེ་དག་ཐམས་ཅད་ཀྱང་མཐོ་རིས་དང་ཐར་པ་ལ་གཞོལ་བར་གྱུར་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་བྱང་ཕྱོགས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟངས་སུ་གྱུར་པ་དེ་གཞན་ ཡིན་པར་མི་བལྟ་སྟེ། རྡོ་འཇོག་འདི་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟངས་སུ་གྱུར་ཏོ། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། གང་རྒྱལ་པོ་ཟླ་འོད་ཅེས་བྱ་བ་དེ་ནི་ང་ཡིན་ཏེ། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་ཏེ་དེ་ཉིད་ཀྱིས་ནོར་བུ་དང་རིན་པོ་ཆེའི་སྙིང་པོའི་སྐྱེད་ མོས་ཚལ་དུ་བྲམ་ཟེ་དྲག་པོའི་མིག་ལ་མགོ་ཡོངས་སུ་བཏང་ངོ་། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། གང་བྲམ་ཟེ་དྲག་པོའི་མིག་ཅེས་བྱ་བ་དེ་ནི་ལྷ་སྦྱིན་ཡིན་ཏེ། དེའི་ཚེ་དེའི་དུས་ན་བྲམ་ཟེ་དྲག་པོའི་མིག་ཏུ་གྱུར་ཏོ། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། གང་དེའི་ཚེ་དེའི་དུས་ན་བློན་པོའི་མཆོག་ཟླ་བ་ཆེན་ པོ་དང་། ས་འཛིན་དེ་གཉིས་ནི་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་འདི་གཉིས་ཡིན་ནོ། །འདི་གཉིས་ཀྱིས་ང་ཡང་མྱ་ངན་ལས་འདས་པ་མ་བཟོད་ནས་ང་ཉིད་འཆི་བ་མ་མཐོང་བར་ཐོག་མ་ཉིད་དུ་དུས་བྱས་སོ། །ད་ལྟར་ཡང་ང་མྱ་ངན་ལས་འདས་པ་མ་བཟོད་དེ་ང་མྱ་ངན་ལས་འདས་པ་མ་ མཐོང་བར་དེ་ཐོག་མ་ཉིད་དུ་མྱ་ངན་ལས་འདས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྒྱལ་པོ་ཟླ་འོད་ཀྱི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་ པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་ཤེས་རབ་ལེགས་པས་བསྒྱུར་ཅིང་ཞུས་ཏེ། དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སེ་ན་ཨ་བ་དཱ་ནཾ། བོད་སྐད་དུ། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གླེང་གཞི་མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་ པར་སྨིན་པ་ཡང་ཤེས་བཞིན་དུ། སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་སུ་ཟིན་ན་ནི་དེ་ལྟར་ན་ཁམ་གྱི་ཐ་མ་དང་ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་གལ་ཏེ་ཡོན་གནས་ལེན་པ་པོ་རྙེད་ན། དེ་ལ་མ་ བྱིན་ནམ་བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་པར་མི་འགྱུར་བ་ཞིག་ན། ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་བཞིན་དུ་སེམས་ཅན་རྣམས་ ཀྱི་སྦྱིན་པའི་འབྲས་བུ་ཡང་མི་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་མི་ཤེས་པས་ནི་དེའི་ཕྱིར་དེ་དག་ནི་ཀུན་དུ་འཛིན་པའི་སེམས་ཀྱིས་མ་བྱིན་པའམ། བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ཏུ་དཀྲིས་ཤིང་འདུག་ གོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་དུ་གསུངས་ནས། གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །བགོ་བཤའ་དག་གི་རྣམ་པར་སྨིན། །ཇི་ལྟར་དོན་ཆེན་གྱུར་པ་དེ། །དྲང་སྲོང་ཆེ་རྣམས་ གསུངས་པ་བཞིན། །སེམས་ཅན་རྣམས་ཀྱིས་ཤེས་ན་ནི། །མ་བྱིན་བར་དུ་མི་ཟ་ཞིང་། །སེར་སྣ་ཅན་དུ་མི་འགྱུར་ལ། །དེ་དག་ཀུན་དུ་འཛིན་པའི་སེམས། །ནམས་ཀྱང་སྐྱེ་བར་མི་འགྱུར་ན། །གང་ཕྱིར་བྱིས་པ་གཏི་མུག་གིས། །བསྒྲིབས་པ་རྣམས་ཀྱིས་མ་ཤེས་ པས། །དེ་ཕྱིར་ཀུན་དུ་འཛིན་སེམས་ཀྱིས། །རྟག་ཏུ་མ་བྱིན་ཟ་བར་བྱེད། །དེ་དག་སེར་སྣ་སྐྱེས་ནས་ཀྱང་། །སེམས་ནི་ཀུན་ནས་དཀྲིས་ཤིང་འདུག །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་འདི་བཤད་པ་དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཅིང་། བཅོམ་ལྡན་ འདས་ཉིད་ཀྱི་སྐུ་ལས་འོད་ཟེར་རྣམས་བྱུང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བ་འདི་ལྟ་བུ་མཐོང་བ་ན་ངོ་མཚར་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱུ་མ་མཆིས་རྐྱེན་མ་མཆིས་ པར་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འདི་ལྟ་བུའི་རྨད་དུ་བྱུང་བའི་ཆོ་འཕྲུལ་སྟོན་པར་མི་མཛད་ན། བཙུན་པ་འདི་ལྟ་བུའི་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཆོ་ འཕྲུལ་འདི་ལྟ་བུ་འདི་འབྱུང་བའི་རྒྱུ་ཉན་པར་འདོད་དམ། བཙུན་པ་དེ་ལྟར་འཚལ་ལོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་ཨ་རིཥྛ་ཞེས་བྱ་བ་འབྱོར་པ་རྒྱས་པ་བདེ་བ་ལོ་ ལེགས་པ། སྐྱེ་བོ་མང་པོ་དང་མིས་གང་བ། ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བདུན་པ། གྲུ་བཞི་པ། རྣམ་པར་འབྱེས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྟ་བབས་སྒྲེང་བ་ཞིག་བྱུང་བར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་དེར་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་ བ་སྟོབས་ཀྱི་འཁོར་ལོས་སྒྱུར་བ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རང་བཞིན་གྱིས་སྐྱེ་བ་དྲན་པ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཆོས་ཀྱིས་འཛམ་བུའི་གླིང་གི་དབང་ཕྱུག་གི་བདག་པོ་བྱེད་པ་ཞིག་བྱུང་བར་ གྱུར་ཏོ། །རྒྱལ་པོ་དཔལ་གྱི་སྡེའི་མཐུས་ཤིང་རྣམས་རྟག་ཏུ་མེ་ཏོག་དང་འབྲས་བུར་ལྡན་ཞིང་ལྷ་རྣམས་དུས་དུས་སུ་ཆར་ཡང་དག་པར་འབེབས་ལ། ལོ་ཏོག་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །སེམས་ཅན་རྣམས་ཀྱང་ནད་མེད་པར་གྱུར་ཏེ། སེམས་ཅན་ཐམས་ཅད་ ཀྱང་ཕན་ཚུན་བྱམས་པའི་སེམས་ཀྱིས་གནས་སོ། །རྒྱལ་པོ་དེའི་བཙུན་མོ་དམ་པ་རྒྱལ་བའི་འོད་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བ། ཡུལ་གྱི་བཟང་མོ་རྒྱལ་པོ་དཔལ་གྱི་སྡེའི་ཤིན་ཏུ་ཡིད་དུ་འོང་བ་དང་། སྡུག་པ་དང་། ཕངས་པ་ཞིག་བྱུང་བར་གྱུར་ཏོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་འཛམ་བུའི་གླིང་གི་མི་ཐམས་ཅད་ལ་དཔྱ་དང་ཤོ་གམ་དང་གྲུ་བཙས་མེད་དེ། ཞིང་གི་འབྱོར་པ་དང་ལྡན་པ། སྐྱེ་བོ་རྣམས་ཞི་བ། ཁྱིམ་བྱ་རྣམས་དང་ལྡན་པའི་ཡུལ་དང་། གྲོང་ཁྱེར་དང་། གྲོང་ རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་བྱུང་བར་གྱུར་ཏོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེ་བྱང་ཆུབ་སེམས་དཔར་གྱུར་ཏེ། ཐམས་ཅད་སྟེར་བ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ་དང་། གཏོང་བ་ཆེན་པོ་ལ་ཞུགས་ནས་ཐ་ན་རང་ གི་ཤ་ཡང་གཏོང་སྟེ། དེས་མ་བྱིན་པ་དང་། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་རྒྱལ་པོའི་ཕོ་བྲང་ཨ་རིཥྛའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་མཐར་སྦྱིན་གཏོང་གི་གནས་བྱས་ཏེ། སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །ལྷོ་དང་ནུབ་དང་བྱང་གི་གྲོང་ ཁྱེར་གྱི་སྒོར་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །སུམ་མདོའི་དབུས་ན་ཡང་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ། །འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཟའ་བ་དང་། བཅའ་བ་དང་། མར་མེ་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་དང་། གོས་དང་། མལ་ཆ་དང་། སྟན་དང་། རྒྱབ་རྟེན་དང་། གནས་དང་། གཟུགས་རྣམས་དང་། ཤིང་རྟ་དང་། གླང་པོ་དང་། རྟ་དང་། རྒྱན་རྣམས་དང་། གསེར་གྱི་སྣོད་དངུལ་གྱི་ཕྱེ་མས་ཡོངས་སུ་གང་བ་རྣམས་དང་། དངུལ་གྱི་སྣོད་གསེར་གྱི་ཕྱེ་ མས་ཡོངས་སུ་གང་བ་རྣམས་དང་། བ་ལང་གསེར་གྱི་རྭ་དང་། དངུལ་གྱི་རྨིག་པ་བཏགས་པ། ཁར་བའི་བཞོ་སྣོད་དང་། རས་ཟུང་གིས་བཀབ་པ་རྣམས་དང་། གཞོན་ནུ་མ་རྣམས་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དེ། དགེ་སློང་དག་ཇི་ཙམ་དུ་ རྒྱལ་པོ་དཔལ་གྱི་སྡེས་ཅི་ཙམ་གྱིས་འཛམ་བུའི་གླིང་པའི་མི་ཐམས་ཅད་ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བར་གྱུར་པ་དེ་ཙམ་དུ་སྦྱིན་པ་རྣམས་བྱིན་ནོ། །ཡང་དེའི་ཚེ་རྒྱལ་པོའི་ཕོ་བྲང་ཨ་རིཥྛའི་གྲོང་ཁྱེར་ན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མི་རྣམས་གནས་ཏེ། རྒྱལ་པོ་དཔལ་གྱི་ སྡེ་དེ་དག་ཐམས་ཅད་ཀྱི་སྡུག་པ་དང་ཡིད་དུ་འོང་བར་གྱུར་ཏོ། །གཞན་ཡང་འདི་སྐྱེས་པ་དང་བུད་མེད་རྣམས་ཀྱིས་མཐོང་བ་ན་ངོམས་པར་མི་འགྱུར་བའི་དགའ་བ་ཐོབ་བོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་བློན་པོ་སྟོང་ཕྲག་བཅུ་གཉིས་ཡོད་དེ། བློན་པོ་དེ་རྣམས་ཀྱི་མཆོག་བློ་གྲོས་ཆེན་པོ་ཞེས་ བྱ་བ་མཁས་པ། གསལ་བ། བློ་དང་ལྡན་པ། ཐམས་ཅད་ལ་དབང་བྱེད་པ། རྒྱལ་པོ་ཡོངས་སུ་སྐྱོང་བར་བྱེད་པ། རྒྱལ་པོ་དཔལ་གྱི་སྡེའི་སྡུག་པ་དང་ཡིད་དུ་འོང་བ་དང་། ཕངས་པར་གྱུར་པ་ཞིག་བྱུང་བར་གྱུར་ཏོ། །དེས་འདིའི་གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་མཐོང་ བ་ན་ངོམས་པ་མེད་དེ། སྐད་ཅིག་ཀྱང་འདི་དང་མི་འབྲལ་ལོ། །དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་འཛམ་བུའི་གླིང་གི་མི་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྦྱར་ཏེ། ཤེས་ལྡན་དག་འཛམ་བུའི་གླིང་གི་མི་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་རྟེན་ཅིག །དགེ་བ་ བཅུའི་ལས་ཀྱི་ལམ་འདི་རྣམས་ཡང་དག་པར་ཟུང་ཤིག་ཅེས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྦྱོར་ཏེ། དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེ་དེ་ལྟ་བུའི་གདམས་ངག་རྗེས་སུ་སྟོན་པར་གྱུར་ཏོ། །འདི་ལྟ་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དུས་སུ་གང་འཛམ་བུའི་གླིང་པའི་མི་གང་ལ་ལ་ དུས་བྱས་ཏེ་ལུས་ཞིག་ནས་དེ་ལྷའི་རིས་དྲུག་ཏུ་སྐྱེ་བར་གྱུར་ཏོ། །གང་ཕལ་ཆ