Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ

Văn bản gốc(Tây Tạng)

Trang 10 / 18 (50.000 ký tự/trang)
་པ་དང་། རྐང་པ་ནས་ལྕགས་དང་ཁོང་སྒྲིལ་ཕྱུངས་ཤིག་པར་གསོལ་ལོ། །དེ་ནས་བཙོན་ར་ནས་ཕྱུང་ནས་ངན་དོན་པང་དུ་འཁྱུད་ནས་ཁྱོད་རབ་ཏུ་ཉོན་མོངས་སམ་ཞེས་ཚིག་འཇམ་པོས་སྤྲོ་བ་བསྐྱེད་དེ་གཏམ་བྱས་ནས་ངའི་ནོར་བུ་རིན་པོ་ཆེ་ཁྱེར་བ་ག་རེ་ཞེས་
ལན་གཉིས་ལན་གསུམ་གྱི་བར་དུ་དྲིས་པ་དང་། གདོད་སའི་འོག་ན་སྦས་ཤིང་འདུག་གོ་ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་གནས་དེ་ནས་རིན་པོ་ཆེ་ཕྱུང་ནས་བླངས་སོ། །དེ་ནས་ཡབ་རྒྱལ་པོ་དང་ཡུམ་བཙུན་མོའི་དྲུང་དུ་འོངས་ཏེ། ནོར་བུ་རིན་པོ་ཆེ་ལ་བདུག་སྤོས་བཟང་

པོས་བདུགས་ནས་པུས་མོ་བཙུགས་ཏེ་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན་ཡབ་རྒྱལ་པོ་དང་ཡུམ་བཙུན་མོའི་སྤྱན་སྔོན་བཞིན་དུ་ཕྱིར་མཐོང་བར་ཤོག་ཤིག་ཅེས་སྨྲས་མ་ཐག་ཏུ་ཡབ་རྒྱལ་པོ་དང་ཡུམ་གཉིས་ཀྱི་སྤྱན་སྔོན་
བཞིན་དུ་གསལ་བར་མཐོང་བར་གྱུར་ནས་རབ་ཏུ་དགའ་མགུ་རངས་པར་གྱུར་ཏོ། །དེའི་ཚེ་རྒྱལ་བུ་དགེ་དོན་ཟླ་བ་ཉ་བའི་དུས་ཚེས་བཅྭ་ལྔའི་ཉིན་པར་ཁྲུས་བྱས་ནས་གོས་སར་པ་གཙང་མ་གྱོན་ནས་ནོར་བུ་རིན་པོ་ཆེ་ཡང་ཏོག་གི་སྟེང་དུ་བཞག་སྟེ། ལག་ན་བདུག་སྤོས་ཀྱི་སྣོད་ཐོགས་
ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་སྨོན་ལམ་དུ་བཏབ་བོ། །བདག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྡུག་བསྔལ་ཆེན་པོ་ཉམས་སུ་བླངས་ཏེ་ནོར་བུ་རིན་པོ་ཆེ་བླངས་སོ་ཞེས་སྨྲས་མ་ཐག་ཏུ། དེའི་ཚེ་ཤར་ཕྱོགས་ནས་
རླུང་ཆེན་པོ་ལངས་ནས་སྤྲིན་དང་ན་བུན་བུས་ཏེ་ནམ་མཁའ་ཡོངས་སུ་དག་པར་བྱས་ཏེ། འཛམ་བུའི་གླིང་ན་མི་གཙང་བའི་ཉལ་ཉིལ་དང་། བཤང་གཅི་དང་། ཕྱག་དར་དང་། མི་སྡུག་པ་ཐམས་ཅད་རླུང་གིས་བུས་ཏེ་ཡོངས་སུ་དག་པར་བྱས་ནས་ནོར་བུ་རིན་པོ་ཆེའི་བྱིན་གྱིས་འཛམ་
བུའི་གླིང་དུ་མ་རྨོས་པར་རང་གྲུབ་པའི་འབྲས་ས་ལུ་ཆར་བཞིན་དུ་བབ་ནས་འབྲས་སཱ་ལུ་དེ་ཡང་འཇམ་ཞིང་ཁ་དོག་དང་རོར་ལྡན་པ། ཤང་ཤོང་ཐམས་ཅད་ཀྱང་གང་ནས་པུས་མོ་ནུབ་ཙམ་དུ་བབ་བོ། །དེའི་འོག་ཏུ་བགོ་བའི་གོས་དམ་པ་དང་། ལུས་ཀྱི་རྒྱན་གདུབ་དང་། ནོར་བུ་དང་
གདུ་བུ་ལ་སོགས་པ་ཆར་བཞིན་དུ་བབ་བོ། །དེའི་འོག་ཏུ་གསེར་དང་། དངུལ་དང་། རིན་པོ་ཆེ་སྣ་བདུན་དང་། དེ་ལ་སོགས་ཏེ་རོལ་མོ་སྣ་ཚོགས་དང་། མདོར་ན་སེམས་ཅན་ཐམས་ཅད་ཀྱི་དགོས་པའི་ཡོ་བྱད་ཅི་འདོད་པ་ཐམས་ཅད་ཆར་བཞིན་དུ་བབ་ནས་ཐམས་ཅད་ཆོག་ཅིང་ཚིམ་
པར་བྱས་སོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། སེམས་ཅན་ཐམས་ཅད་ལ་དགོས་པའི་ཡོ་བྱད་ཆོག་པར་སྦྱིན་པའི་དོན་ནི་འདི་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་ཡུལ་

བཱ་རཱ་ཎ་སཱིའི་རྒྱལ་པོ་ཆེན་པོ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆེན་པོ་དེ་ནི་ད་ལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་བཙུན་མོ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ། །དེའི་ཚེ་དེའི་དུས་ན་བཙུན་མོར་
གྱུར་པ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་ངན་དོན་དེ་ནི་ད་ལྟར་ལྷ་སྦྱིན་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་དགེ་དོན་དེ་ནི་ད་ལྟར་ང་ཉིད་ཡིན་ཏེ། ལྷ་སྦྱིན་འདི་ནི་སྔོན་འདས་པའི་དུས་ན་ཡང་ང་ལ་རྒྱུན་དུ་ངན་སེམས་ཀྱིས་ང་ལ་གནོད་པ་བྱས་ཀྱང་ངས་ནི་བཟོད་
པ་རྟག་ཏུ་དང་དུ་བླངས་ནས་རྟག་ཏུ་དེ་ལ་དྲིན་བྱིན་པས་རྒྱུན་དུ་བདེ་བར་བྱས་ན། ད་མངོན་པར་སངས་རྒྱས་པ་ན་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ན་ལྷ་དང་མི་བརྒྱ་སྟོང་སྙེད་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་
ཐོབ་པར་གྱུར་ཏོ། །གཞན་ཡང་ལྷ་དང་མི་ཚད་མེད་པ་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བར་དུ་སེམས་བསྐྱེད་པར་གྱུར་ཏོ། །ཀུན་དགའ་བོས་སངས་རྒྱས་ལ་
གསོལ་པ། བཅོམ་ལྡན་འདས་མདོ་སྡེ་འདིའི་མིང་ཅི་ཞེས་བགྱི། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདིའི་མིང་ཐབས་མཁས་པ་སངས་རྒྱས་དྲིན་ལན་བསབ་པ་སེམས་ཅན་ཐམས་ཅད་ལ་ཚིམ་པར་སྦྱིན་པ་ཞེས་བྱའོ། །འཁོར་མང་པོ་རྣམས་མདོ་སྡེ་
འདི་གསུངས་པ་ལ་རབ་ཏུ་དགའ་ནས་ཕྱག་བྱས་ཏེ་ཕྱིར་དོང་ངོ་། །གཞན་ཡང་ལྷ་སྦྱིན་ནི་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་རབ་ཏུ་བྱུང་མོད་ཀྱི། ཁེ་བཀུར་དང་རྙེད་པའི་ཕྱིར་རྒྱུན་དུ་ཕྲག་དོག་བྱེད་དེ། ལྷ་སྦྱིན་མདོ་སྡེ་སྤོས་ཀྱི་གླང་པོ་ཆེའི་ཁལ་དྲུག་ཁྲི་སྙེད་ཁ་དོན་དུ་འདོན་ཤེས་ཀྱང་མཚམས་མེད་
པའི་སེམས་ཅན་དམྱལ་བ་ལས་མ་ཐར་རོ། །དེའི་ཚེ་ན་ལྷ་སྦྱིན་རྒྱལ་པོ་མ་སྐྱེས་དགྲ་དང་རབ་ཏུ་མཛའ་ནས་གཅིག་ལ་གཅིག་དགའ་ཞིང་ཉེ་བར་སེམས་ཏེ། གཅིག་གི་ཚིག་ལ་གཅིག་ཡིད་ཆེས་སོ། །དེ་ནས་ལྷ་སྦྱིན་གྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་རྒྱལ་པོ་སར་

པ་བྱོས་ཤིག །བདག་ནི་སངས་རྒྱས་སར་པ་བགྱིའོ། །རྒྱལ་པོ་མ་སྐྱེས་དགྲས་སྨྲས་པ། ད་ལྟར་ཡབ་རྒྱལ་པོ་ཡང་བཞུགས་པས་དེ་ལྟར་མི་རུང་ངོ་། །ལྷ་སྦྱིན་གྱིས་སྨྲས་པ། དེ་མེད་པར་བྱར་རུང་ངོ་། །བདག་ཀྱང་སངས་རྒྱས་མེད་པར་བྱས་ལ། དེའི་འོག་ཏུ་རྒྱལ་པོ་སར་པ་
དང་། སངས་རྒྱས་སར་པས་སེམས་ཅན་གྱི་དོན་བྱས་པ་མི་སྐྱིད་དམ། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལྷ་སྦྱིན་གྱིས་སྨྲས་པ་བཞིན་ཡབ་རྒྱལ་པོ་བཀྲོངས་ཏེ་རྒྱལ་པོའི་ཁབ་ཡུལ་བཱ་རཱ་ཎ་སཱི་གཟུང་ངོ་། །ལྷ་སྦྱིན་གྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་སྨྲས་པ། བདག་ཀྱང་དེ་བཞིན་གཤེགས་པ་མེད་པར་
བྱའོ། །མ་སྐྱེས་དགྲས་སྨྲས་པ། དེ་བཞིན་གཤེགས་པ་ནི་རྫུ་འཕྲུལ་ཆེན་པོའི་མཐུ་མངའ་བས་གཞན་གྱིས་བསམ་པའི་སེམས་ཤེས་ན་ཁྱོད་ཀྱིས་ཇི་ལྟར་མེད་པར་བྱ་བར་ནུས། དེ་བཞིན་གཤེགས་པ་ལ་གཞན་ཡང་ཉེ་གནས་ཆེན་པོ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། ན་བུན་
དང་། མ་འགགས་པ་ལ་སོགས་པ་ཡོད་པས་མི་ནུས་སོ། །ལྷ་སྦྱིན་གྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་བདག་གི་གྲོགས་གྱིས་ཤིག །རྒྱལ་པོས་སྨྲས་པ། ཁྱོད་ལས་ཅི་ཞིག་བྱེད་པར་སེམས། ལྷ་སྦྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོས་ཡུལ་ཕྱོགས་སུ་བཀར་བཏགས་
ཏེ། སུ་ཡང་དགེ་སློང་རྣམས་ལ་གོས་དང་། བཟའ་བ་དང་། བཏུང་བ་དང་། བསོད་སྙོམས་བྱིན་དུ་མ་སྩལ་ཅིག །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཀྱང་བཀར་བཏགས་ཏེ། དགེ་སློང་རྣམས་ལ་སུ་ཡང་གོས་དང་། ཟས་དང་། བསོད་སྙོམས་སྦྱིན་པར་གྱུར་ན་རྐང་ལག་བཅད་དོ་ཞེས་བཀར་བཏགས་སོ། །
དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ཆེན་པོའི་འཁོར་དང་བཅས་ཏེ། བྱ་རྒོད་སྤུངས་པའི་རི་ནས་བསོད་སྙོམས་སློང་དུ་སོང་བ་ལས་ཅི་ཡང་མ་རྙེད་དོ། །དེ་བཞིན་དུ་ཞག་གཅིག་ནས་ཞག་བདུན་གྱི་བར་དུ་ཅི་ཡང་མ་རྙེད་པས་ཤཱ་རིའི་བུ་ལ་སོགས་པ་སློབ་མ་ཆེན་པོ་རྣམས་ནི་རྫུ་འཕྲུལ་གྱི་མཐུས་ཡུལ་
ཁམས་གཞན་དུ་གོས་དང་། ཟས་དང་། བསོད་སྙོམས་སློང་དུ་སོང་ངོ་། །དེའི་ཚེ་ན་ལྷ་སྦྱིན་གྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ད་ལྟར་སངས་རྒྱས་ཀྱི་སློབ་མ་ཆེན་པོ་གཅིག་ཀྱང་མེད་དེ། དེ་བཞིན་གཤེགས་པ་གཅིག་པུ་བཞུགས་ཀྱིས་རྒྱལ་པོས་དེ་བཞིན་གཤེགས་པ་སྤྱན་འདྲེན་

དུ་ཐོང་ཤིག །ཕོ་བྲང་གི་ནང་དུ་འོངས་ན་བདག་ཅག་གིས་བལ་གྱི་གླང་པོ་ཆེ་ནག་པོ་མ་རུངས་པ་ལྔ་བརྒྱ་ལ་ཆང་བླུད་དེ་རབ་ཏུ་མྱོས་པར་བྱས་ལ་སངས་རྒྱས་སྤྱན་དྲངས་ཏེ། ཕོ་བྲང་གི་ནང་དུ་འོངས་ནས་བལ་གླང་རྨིས་ཤིང་མྱོས་པ་དེ་དག་གིས་བརྫིས་ཏེ་གསད་པར་བྱའོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་དེ་
བཞིན་གཤེགས་པ་སྤྱན་འདྲེན་དུ་བཏང་ནས། སངས་རྒྱས་དང་། དགྲ་བཅོམ་པ་ལྔ་བརྒྱ་རྒྱལ་པོས་སྤྱན་དྲངས་པར་གཤེགས་པར་གནང་སྟེ་རྒྱལ་པོའི་ཁབ་ཏུ་གཤེགས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བལ་གླང་རྨིས་ཤིང་མྱོས་པ་ལྔ་བརྒྱ་བཀྱེ་ནས་བལ་གླང་རྨིས་པས་ཤིང་བཅག་ར་བ་ཡང་དྲལ།
རྩིག་པ་ཡང་བསྒྱེལ་ཏེ་ངར་བའི་སྒྲ་ཆེན་པོ་ཕྱུང་སྟེ། དེ་བཞིན་གཤེགས་པ་དང་དགྲ་བཅོམ་པ་ལྔ་བརྒྱའི་ལོགས་སུ་མཆོངས་ཏེ་སོང་ངོ་། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱ་རབ་ཏུ་སྐྲག་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ་སངས་རྒྱས་ཀྱི་སྟེང་གི་ནམ་མཁའ་ལ་འཁོད་དོ། །དེའི་ཚེ་ཀུན་དགའ་བོ་འབའ་
ཞིག་དེ་བཞིན་གཤེགས་པ་དང་མ་བྲལ་ཏེ་འདུག་གོ། །དེའི་ཚེ་དེ་བཞིན་གཤེགས་པས་བྱམས་པ་དང་སྙིང་རྗེའི་ཤུགས་ཀྱིས་ཕྱག་གཡས་པ་བཏེགས་ནས་ཕྱག་སོར་ལྔ་ལས་སེང་གེ་ཁ་གདངས་ཤིང་སྒྲ་ཆེན་པོ་སྒྲོགས་པར་སྤྲུལ་ནས་བལ་གླང་རྨིས་པ་ལྔ་བརྒྱ་འཇིགས་སྐྲག་ནས་ས་ལ་འགྱེལ་ཏོ། །དེ་
ནས་དེ་བཞིན་གཤེགས་པ་འཁོར་མང་པོས་བསྐོར་ཏེ་རྒྱལ་པོའི་ཕོ་བྲང་དུ་གཤེགས་ནས་རྒྱལ་པོ་མ་སྐྱེས་དགྲ་ཕྱི་རོལ་དུ་བྱུང་སྟེ། དེ་བཞིན་གཤེགས་པ་བསུ་ནས་གདན་ལ་བཞུགས་སུ་གསོལ་ལོ། །གདན་ལ་བཞུགས་ནས་མཐོལ་ཞིང་འགྱོད་ཚངས་བྱས་ཏེ། སངས་རྒྱས་ལ་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་འདི་ནི་བདག་གིས་བགྱིས་པ་ནི་མ་ལགས་སོ། །ལྷ་སྦྱིན་གྱིས་བགྱིད་དུ་སྩལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ངས་ཤེས་ཏེ་ལྷ་སྦྱིན་འདིས་རྟག་ཏུ་ང་ལ་གནོད་པ་བྱས་ཏེ། ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས་ན་ཡང་རྟག་ཏུ་ང་ལ་
གནོད་པ་བྱས་ན་ཡང་ངས་ནི་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་རྟག་ཏུ་ཕན་པ་བྱས་སོ། །དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་འདིས་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་ལ་གནོད་པ་བགྱིས་པ་གང་དང་གང་ལགས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཉོན་ཅིག་དང་དགྲོལ་ཞིང་བཤད་པར་བྱའོ། །སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན་རྒྱལ་པོ་ཆེན་པོ་ངང་པའི་ཤ་ལ་དགའ་བ་ཞིག་བྱུང་སྟེ། རྒྱུན་དུ་རྔོན་པ་ཞིག་བྱ་ངང་པ་ཤོར་དུ་བཅུག་གོ། །དེའི་
ཚེ་བྱ་ངང་པ་ལྔ་བརྒྱ་ཞིག་བྱང་ཕྱོགས་ནས་ནམ་མཁའ་ལ་ལྷོ་ཕྱོགས་སུ་འཕུར་བ་ལས་ངང་པའི་རྒྱལ་པོ་དེ་རྔོན་པའི་བྱ་རྒྱ་ལ་ཟིན་ནོ། །དེའི་ཚེ་རྔོན་པ་དེ་རབ་ཏུ་དགའ་བའི་སེམས་སུ་གྱུར་ནས་སྤྱིལ་བུ་ནས་བྱུང་སྟེ། གསད་པར་གཟས་པ་ལས། ངང་པ་མོ་ཞིག་འཕུར་ཏེ་དྲུང་དུ་འོངས་ནས་སྙིང་རྗེ་རྗེ་
སྐད་དུ་ཟེར་བའི་སྒྲ་བྱུང་ངོ་། །དེ་ནས་རྔོན་པ་དེས་གཞུ་བདུངས། མདའ་ལྟོང་དུ་བཅུག་སྟེ་གསད་པར་གཟས་ན་ཡང་མདས་མ་སྐྲག་སྟེ། འདབ་མ་གཉིས་བརྡབས་ནས་ངང་པའི་རྒྱལ་པོའི་སྟེང་དུ་མཆོངས་སོ། །ངང་པ་ཕལ་ལྔ་བརྒྱ་ཡང་དེའི་སྟེང་གི་ནམ་མཁའ་ལ་འཁོར་ཞིང་ལྡིང་ངོ་། །དེའི་ཚེ་ན་
རྔོན་པ་དེས་ངང་མོ་དེ་སྙིང་རྗེ་བའི་སྐད་ཕྱུང་སྟེ། ཁ་ནས་ཁྲག་སྐྱུག་ཅིང་སྲོག་ལ་ཡང་མི་ལྟ་བར་ངང་པའི་རྒྱལ་པོ་ལ་ཆགས་པ་མཐོང་ནས་རྔོན་པ་དེ་འདི་སྙམ་དུ། དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་བྱ་ཡང་འདི་ལྟར་གཅིག་ལ་གཅིག་ཆགས་ཏེ་ལུས་དང་སྲོག་ཀྱང་འདོར་ན། བདག་ཇི་ལྟ་བུའི་སྙིང་
ཞིག་ངང་པའི་རྒྱལ་པོ་འདི་གསད་སྙམ་བསམས་ནས་བྱ་རྒྱ་བཏེག་སྟེ་བཏང་ངོ་། །དེའི་ཚེ་ངང་མོ་ཡང་རབ་ཏུ་དགའ་སྟེ་ཕྱི་བཞིན་འཕུར་ཏེ། ངང་པ་ལྔ་བརྒྱས་བསྐོར་ནས་ནམ་མཁའ་ལ་འཕུར་ཏེ་སོང་ངོ་། །དེའི་ཚེ་རྔོན་པ་དེས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ངང་པའི་རྒྱལ་
པོ་གཅིག་ཟིན་ཏེ་དབུལ་བར་བགྱིས་པ་ལས་ངང་པ་མོ་ཞིག་ཁ་ནས་ཁྲག་སྐྱུག་ཅིང་མདའ་གཞུ་ལ་ཡང་མི་འཛེམ་པར་ངང་པའི་རྒྱལ་པོའི་སྟེང་དུ་མཆོངས་པས་བདག་སྙིང་གིས་མ་བཟོད་ནས་བཏང་བ་ལས་ངང་པ་ལྔ་བརྒྱས་བསྐོར་ནས་ནམ་མཁའ་ལ་འཕུར་ཏེ་སོང་ངོ་། །དེའི་ཚེ་རྒྱལ་པོ་དེ་ཚིག་དེ་ཐོས་ནས་
སེམས་མི་བདེ་བར་གྱུར་ཏེ། སྙིང་རྗེ་བའི་སེམས་སྐྱེས་ནས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཡང་གཅིག་ལ་གཅིག་ཆུ་གང་བྱེད་དེ། ལུས་དང་སྲོག་ཀྱང་མི་ཕངས་སོ་སྙམ་བསམས་ནས་རྒྱལ་པོ་ཡང་ངང་པའི་ཤ་མི་ཟ་བར་ཡི་དམ་བཅས་སོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆེན་པོ་དེ་ནི། ད་ལྟར་

རྒྱལ་པོ་ཆེན་པོ་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན། རྔོན་པར་གྱུར་པ་དེ་ནི་ད་ལྟར་ལྷ་སྦྱིན་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་ངང་པ་མོ་ཁ་ནས་ཁྲག་སྐྱུག་པ་དེ་ནི་ད་ལྟར་ཀུན་དགའ་བོ་ཡིན་ནོ། །དེའི་ཚེ་དེའི་དུས་ན་ངང་པ་ལྔ་བརྒྱ་ནི་ད་ལྟར་དགྲ་བཅོམ་པ་ལྔ་བརྒྱ་ཡིན་ནོ། །དེའི་ཚེ་དེའི་དུས་
ན་ངང་པའི་རྒྱལ་པོར་གྱུར་པ་དེ་ནི་ད་ལྟར་ང་ཡིན་ནོ། །དེ་བས་ན་དེ་ལྟར་ཀུན་དགའ་བོས་ད་ལྟར་ང་ལ་ཆགས་པ་ཡང་སྔོན་དང་འདྲའོ། །དེའི་ཚེ་དེའི་དུས་ན་དགྲ་བཅོམ་པ་ལྔ་བརྒྱ་སྟེང་གི་ནམ་མཁའ་ལ་འཕགས་པ་ཡང་སྔོན་གྱུར་པ་དང་འདྲའོ། །དེའི་ཚེ་ན་ཡང་ལྷ་སྦྱིན་ང་ལ་གནོད་པ་བྱེད་པ་ཡང་
ངས་ནི་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་རྒྱུན་དུ་ཕན་པའི་དོན་བྱས་སོ། །ཆོས་འདི་བསྟན་པའི་ཚེ་ལྷ་དང་མི་བརྒྱ་སྟོང་སྙེད་འབྲས་བུ་དང་པོ་ཐོབ་པ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཉན་ཐོས་དང་། རང་སངས་
རྒྱས་ཀྱི་བར་དུ་སེམས་བསྐྱེད་པར་གྱུར་ཏོ། །གཞན་ཡང་ལྷ་སྦྱིན་ངན་སེམས་མ་ཞི་ནས་འདི་སྙམ་དུ་བདག་གི་སོར་མོ་བཅུའི་སེན་མོ་རིང་དུ་སྐྱེས་ལ། སེན་མོའི་བར་དུ་དུག་བཅུག་ལ་དེ་བཞིན་གཤེགས་པ་གང་ན་བར་སོང་ལ་མགོ་བོས་ཞབས་ལ་ཕྱག་འཚལ་ཏོ། །དེ་ལྟར་ཕྱག་འཚལ་ཏེ་
ཞབས་ལ་བཟུང་བའི་ཚེ་སེན་མོ་བཅུའི་འོག་ན་དུག་ཡོད་པས་ཞབས་ལ་བསྐུས་ཏེ། དུག་ལངས་ནས་གདོན་མི་ཟ་བར་ཚེའི་དུས་བྱེད་པར་འགྱུར་རོ་སྙམ་བསམས་ནས། ཇི་ལྟར་བསམས་པ་ལྟར་དེ་བཞིན་གཤེགས་པ་གང་ན་བར་སོང་ནས་དེར་ཕྱིན་པ་དང་། ཞབས་ལ་མགོ་བོས་ཕྱག་འཚལ་ནས་
ཞབས་ལ་ལག་པས་བཟུང་སྟེ་དུག་བསྐུས་པ་དང་། དེའི་ཚེ་དུག་དེ་དག་ནི་ཟིལ་དངར་དུ་གྱུར་ཏེ་དེ་བཞིན་གཤེགས་པ་ལ་གནོད་པར་མ་གྱུར་ཏོ། །དེ་ལྟར་ལྷ་སྦྱིན་གྱིས་བསམས་པ་ལྟར་མ་གྱུར་ནས་ཡང་འདི་སྙམ་དུ་དེ་བཞིན་གཤེགས་པ་ད་ལྟར་བྱ་རྒོད་སྤུངས་པའི་རི་ལ་གཅིག་པུ་བཞུགས་ཀྱིས།
རི་དེའི་སྟེང་དུ་སོང་ལ་ཕ་བོང་རྦབ་ཏུ་བཏང་ལ་གསད་པར་བྱའོ་སྙམ་བསམས་ནས་རིའི་རྩེ་མོར་སོང་སྟེ་རྦབ་བཏང་བ་ལས། སངས་རྒྱས་ཀྱི་ཞབས་ཀྱི་མཐེའུ་ཆུང་རྨས་ཀྱང་ངའི་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་དགྲ་དང་གཉེན་ལ་མཉམ་སྙོམས་སོ། །གཞན་ཡང་ལྷ་སྦྱིན་གྱིས་སྔོན་འདས་པའི་དུས་

བསྐལ་པ་གྲངས་མེད་པའི་ཕ་རོལ་དེའི་ཚེ་དེའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་རིགས་པར་སྟོན་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ་འཇིག་རྟེན་དུ་བྱུང་ངོ་། །སངས་རྒྱས་དེ་མྱ་ངན་ལས་འདས་ནས་གཟུགས་བརྙན་ལ་ཆོས་སྤྱོད་པའི་ཚེ་བསམ་གཏན་བྱེད་པའི་དགེ་སློང་ཞིག་དགོན་པའི་ཚལ་ན་འདུག་པ་ལས་དེའི་ཚེ་དགེ་སློང་དེ་ལ་ཤིག་མང་དུ་ཟའོ། །དེ་ནས་
དགེ་སློང་དེས་ཤིག་དང་འདི་སྐད་དུ་དམ་བཅས་སོ། །ཁོ་བོ་བསམ་གཏན་བྱེད་པའི་ཚེ་ཁྱེད་མ་འགུལ་བར་ཡིབ་ཅིང་སྡོད་ཅིག་ཅེས་དམ་བཅས་ནས་ཤིག་རྣམས་ཀྱང་དེ་བཞིན་དུ་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་འཇི་བ་ཞིག་དེར་འོངས་ནས་ཤིག་ལ་འདི་སྐད་ཅེས་སོ། །ཁྱོད་ལ་འདི་ལྟར་ཚོ་ཞིང་
ཉམ་མཚག་བཟང་བ་ཅི་ལས་གྱུར་ཅེས་དྲིས་ན། ཤིག་གིས་སྨྲས་པ། བདག་གི་གནས་པོ་རྟག་ཏུ་བསམ་གཏན་བྱེད་པ་དེས་བདག་ཅག་གི་ཟས་དང་སྐོམ་དུས་ལས་མི་ཡོལ་བར་དུས་བཞིན་དུ་ཟ་བས་ན་ཉམ་མཚག་བཟང་བ་ཡིན་ནོ། །འཇི་བས་སྨྲས་པ། བདག་ཀྱང་ཁྱེད་དང་ལྷན་ཅིག་ཏུ་
འདུག་གོ་ཞེས་སྨྲས་ནས་དེ་ན་ལྷན་ཅིག་ཏུ་འདུག་གོ། །དེའི་ཚེ་དགེ་སློང་དེ་བསམ་གཏན་བྱེད་པ་ལས་འཇི་བ་དེས་ཤ་དང་ཁྲག་གི་དྲི་ཚོར་ནས་དགེ་སློང་དེ་ལ་བཙུགས་སོ། །དེ་ནས་དགེ་སློང་དེ་སེམས་འཁྲུགས་ནས་གོས་ཕུད་དེ་མེའི་ནང་དུ་བོར་ནས་བསྲེགས་སོ། །དེའི་ཚེ་དེའི་དུས་ན་བསམ་གཏན་
བྱེད་པའི་དགེ་སློང་དེ་ནི་སངས་རྒྱས་འོད་སྲུང་ཡིན་ནོ། །དེའི་ཚེ་དེའི་དུས་ན་འཇི་བ་དེ་ནི་ལྷ་སྦྱིན་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་ཤིག་ཏུ་གྱུར་པ་དེ་ནི་ད་ལྟར་ང་ཡིན་ནོ། །ལྷ་སྦྱིན་དེ་ཁེ་བཀུར་དང་རྙེད་པའི་ཕྱིར་ང་ལ་གནོད་པར་བྱས་ན་ད་མངོན་པར་སངས་རྒྱས་ན་ཡང་ཁེ་བཀུར་དང་གྲགས་པའི་ཕྱིར་སངས་
རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བ་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་། །ལྷ་སྦྱིན་གྱིས་རྟག་ཏུ་ང་ལ་ངན་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་གནོད་པ་བྱས་པ་ནི་བསྐལ་པར་ཡང་བརྗོད་ཀྱིས་མི་རྫོགས་ཏེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་ཐུགས་རྗེ་ཆེན་པོས་བྱམས་ཤིང་བརྩེ་བའི་ཐུགས་ཀྱིས་

296བསྐྱབས་སོ། །ང་ནི་ལྷ་སྦྱིན་དང་ཕྲད་པས་མྱུར་དུ་སངས་རྒྱས་སུ་གྲུབ་པར་གྱུར་ཏེ། དྲིན་དྲན་པའི་ཕྱིར་རྟག་ཏུ་ཐུགས་རྗེས་བསྐྱབས་སོ། །དེའི་ཚེ་ན་དེ་བཞིན་གཤེགས་པས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་སེམས་ཅན་དམྱལ་བའི་ནང་དུ་སོང་ལ་ལྷ་སྦྱིན་ཁྱོད་སྡུག་
བསྔལ་གྱིས་རབ་ཏུ་ཉོན་མོངས་སམ་ཞེས་དྲིས་ལ་ཤོག་ཤིག །དེ་ནས་ཀུན་དགའ་བོས་སངས་རྒྱས་ཀྱི་བཀའ་བཞིན་དུ་སེམས་ཅན་དམྱལ་བའི་ནང་དུ་སོང་ནས་དམྱལ་བའི་སྒོར་ཕྱིན་ཏེ། དམྱལ་བའི་སྲུངས་མ་ཨ་བང་ལ་ཁྱོད་ལྷ་སྦྱིན་བོས་ཤིག་ཅེས་སྨྲས་སོ། །ཨ་བང་གིས་སྨྲས་པ། ཁྱོད་སངས་
རྒྱས་གང་གི་ལྷ་སྦྱིན་འདོད། འདས་པའི་སངས་རྒྱས་ཐམས་ཅད་ལ་ཡང་ལྷ་སྦྱིན་ཞེས་བྱ་བ་ཡོད་དོ་ཞེས་སྨྲས་ནས། དེ་ནས་ཨ་བང་གིས་ལྷ་སྦྱིན་ལ་ཀུན་དགའ་བོ་ད་ལྟར་སྒོའི་ཕྱི་རོལ་ན་སྡོད་དེ་ཁྱོད་དང་ཕྲད་དགོས་སོ་ཞེས་ཟེར་རོ། །ལྷ་སྦྱིན་དེར་འོངས་ཏེ་ཀུན་དགའ་བོ་ལ་ལེགས་པར་འོངས་
སམ། ཅི་དེ་བཞིན་གཤེགས་པ་གསུང་བདག་ལ་ད་ལྟར་མཚམས་མེད་པའི་སེམས་ཅན་དམྱལ་བ་འདི་ན་བདེ་བ་ནི་དགེ་སློང་བསམ་གཏན་གསུམ་པ་ལ་ཞུགས་པའི་བདེ་བ་ཐོབ་པ་དང་འདྲའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་
དོན་དུ་ཐབས་མཁས་པ་ཆེན་པོས་སྐྱེ་ཤིའི་འཁོར་བའི་སྡུག་བསྔལ་ཆེན་པོ་གྲངས་མེད་པ་མྱོང་ངོ་། །ཡང་དེ་ལ་གནོད་པར་མི་འཛིན་ཏོ། །གང་ཞིག་ལྷ་སྦྱིན་ནི་ཡང་དག་པར་སྡིག་པ་ཅན་ཡིན་ཏེ། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་སྙམ་སེམས་ན་དེ་ནི་གནས་མེད་དོ། །དེའི་
ཚེ་དེ་བཞིན་གཤེགས་པ་ལས་འཁོར་མང་པོ་རྣམས་ལྷ་སྦྱིན་གྱི་སྤྱོད་པ་ཐབས་མཁས་པ་ཤིན་ཏུ་ཟབ་མོ་འདི་གསུངས་པ་ཐོས་ནས་བྱང་ཆུབ་སེམས་དཔའ་ཚད་མེད་པ་བརྒྱ་སྟོང་སྙེད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་མི་ཚད་མེད་པ་བརྒྱ་སྟོང་སྙེད་ནི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷ་དང་མི་ཚད་མེད་པ་བརྒྱ་སྟོང་སྙེད་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །དེའི་ཚེ་བར་སྣང་གི་ལྷ་རྣམས་ཀྱིས་སྟེང་གི་ནམ་མཁའ་ལས་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་ཕབ། ལྷ་རྫས་

ཀྱི་རོལ་མོ་བྱས་ནས་འོད་ཟེར་ཆེན་པོས་ཀུན་ཏུ་སྣང་བར་བྱས་ཏེ། དེ་བཞིན་གཤེགས་པས་གསུངས་པ་ངོ་མཚར་ཆེ་སྟེ་དགེའོ་ཞེས་བསྟོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་མངོན་པར་དགའ་ནས་མགོ་བོས་ཕྱག་འཚལ་ཏེ་ཕྱིར་དོང་ངོ་། །
ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་ངན་དོན་གྱི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། །།ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ། བམ་པོ་ལྔ་པ། དེའི་ཚེ་བཅོམ་ལྡན་འདས་ལ་འཁོར་མང་པོས་རིམ་གྲོ་བྱས་བཀུར་སྟིར་བྱས།
མཆོད་པ་བྱས་ནས་བསྔགས་ཤིང་བསྟོད་པ་བྱས་ཏེ། ཡོངས་སུ་བསྐོར་ནས་མདུན་གྱིས་བལྟས་ཏེ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤིན་ཏུ་ཟབ་མོའི་སྤྱོད་ཡུལ་ཚད་མེད་པ་ལ་རོལ་ཏེ། སྐྱེ་བོ་མང་པོ་སྲིད་པ་གསུམ་གྱི་མི་བཟད་པའི་སྡུག་བསྔལ་ལས་གདོན་པ་དང་། སྒྲིབ་
པ་ལྔ་བསལ་བ་དང་། ཀུན་ནས་གླགས་ཤིང་འཆིང་བ་དགྲོལ་བ་དང་། སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བ་ཐོབ་པར་བྱ་ཞིང་འདུས་མ་བྱས་པའི་བདེ་བ་ལ་དགོད་པའི་ཕྱིར་བསོད་ནམས་ཀྱི་ཞིང་རྣམ་པ་གཉིས་ཕྱེ་ཞིང་སྟོན་ཏོ། །གཉིས་གང་ཞེ་ན། མངོན་པར་འདུ་བྱེད་པའི་བསོད་
ནམས་ཀྱི་ཞིང་དང་། མངོན་པར་འདུ་བྱེད་པ་མ་ཡིན་པའི་བསོད་ནམས་ཀྱི་ཞིང་ངོ་། །དེ་ཡང་གང་ཞེ་ན། ཕ་མ་དང་། མཁན་པོ་དང་། བླ་མ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། སེམས་ཅན་གྱིས་དེའི་ཕྱོགས་སུ་མཆོད་པའི་བསོད་
ནམས་བྱས་ན། ལམ་གྱི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་ལ་སོགས་པ་ཉེ་གནས་ཆེན་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་རྣམས་ཤེས་པར་གྱིས་ཤིག །དེ་བཞིན་གཤེགས་པ་ནི་རིང་པོ་མི་ཐོགས་པར་མྱ་ངན་
ལས་འདའོ། །ཤཱ་རིའི་བུས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་ལུས་ཀྱི་ཡན་ལག་ལ་ཁབ་ཀྱིས་གཙགས་པ་ལྟར་མི་བདེ་ཞིང་མྱ་ངན་གྱིས་ནོན་ནས་ས་ལ་འགྱེལ་ཏེ་བརྒྱལ་བ་ལས་གདོང་དུ་ཆུ་གྲང་མོས་གཏོར་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་ཏེ། ལངས་ནས་ཐལ་མོ་སྦྱར་བ་བཏུད་དེ་ཚིགས་

སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །སངས་རྒྱས་བསྟན་པའི་བདུད་རྩི་ལ། །ཉན་པ་ངལ་ཞིང་སྐྱོ་བ་མེད། །ལེ་ལོའི་དབང་དུ་གྱུར་པའམ། །ཕན་པར་མི་འགྱུར་གང་ཡང་མེད། །རྒྱུད་ལྔར་འཁོར་བའི་རྒྱ་མཚོར་ནི། །རྙོག་པའི་འདམ་དུ་འབྱིང་བ་བཞིན། །སྲེད་ཅིང་འདོད་
པས་བཅིངས་པས་ན། །ཤེས་པ་མེད་པས་འཇིག་རྟེན་འཁོར། །སྔོན་ཚེ་ཡང་དག་དྲང་སྤྱད་དེ། །སྦྱིན་པ་སྙོམས་པར་མཛད་པས་ན། །སྨིན་མཚམས་མཚན་དང་ལྡན་གྱུར་ཏེ། །འོད་ཀྱི་སྣང་བ་དཔག་ཏུ་མེད། །སྤྱན་ནི་ཟླ་བ་ཚེས་པ་འདྲ། །ཕྱོགས་བཅུའི་ཡུལ་ཁམས་མ་ལུས་
གཟིགས། །འགྲོ་བ་ཀུན་གྱི་སེམས་ཀྱི་མིག །མཐོང་བས་རབ་ཏུ་དགའ་བར་འགྱུར། །དེའི་ཚེ་ཤཱ་རིའི་བུས་ཚིགས་སུ་བཅད་པ་བརྒྱ་སྟོང་གིས་དེ་བཞིན་གཤེགས་པ་ལ་བསྟོད་ནས་མགོ་བོས་ཞབས་ལ་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་གི་བར་དུ་བསྐོར་བ་བྱས་ནས་ལྷ་རྣམས་དང་
ཀླུ་དང་། མི་དང་མི་མ་ཡིན་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་སྟོངས་སོ། །ཨེ་མ་འོ་ཨེ་མ་འོ་འཇིག་རྟེན་སྟོངས་སོ། །རེ་སྡུག་རེ་སྡུག་འཇིག་རྟེན་སྟོངས་སོ། །རིན་པོ་ཆེ་དམ་པའི་ཆོས་ཀྱི་གྲུ་ཟམ་ཞིག་གོ། །བླ་ན་མེད་པའི་བྱང་ཆུབ་
ཀྱི་ཤིང་ཆག་གོ། །རིན་པོ་ཆེ་དམ་པའི་རྒྱལ་མཚན་འགྱེལ་ལོ། །བླ་ན་མེད་པའི་སངས་རྒྱས་ཀྱི་ཉི་མ་མྱ་ངན་ལས་འདས་པ་ཆེན་པོའི་རི་ཕག་ཏུ་ནུབ་བོ། །དེ་སྐད་ཅེས་སྨྲས་པ་དང་། འཁོར་མང་པོ་ཐམས་ཅད་དངངས་ནས་ལུས་ཀྱི་བ་སྤུ་ཀུན་ལངས་པ་ཙམ་དུ་སྐྲག་པར་གྱུར་ཏོ། །ཉི་མ་
ཡང་འོད་མི་གསལ་ཞིང་རི་རྣམས་ཀྱང་འགྱེལ་ལོ། །ས་ཆེན་པོ་ཡང་རབ་ཏུ་གཡོས་སོ། །དེ་ནས་ཤཱ་རིའི་བུས་འཁོར་མང་པོ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་གིས་སངས་རྒྱས་སྐུ་མཐོང་བ། །བཙོ་མ་གསེར་གྱི་རི་བོ་འདྲ། །མཚན་དང་ཡོན་ཏན་ཀུན་འགགས་ཏེ། །
མིང་ཙམ་འབའ་ཞིག་ལུས་པར་འགྱུར། །འཇིག་རྟེན་གསུམ་ལས་འབྱུང་བའི་ཕྱིར། །བརྩོན་འགྲུས་དབང་དུ་འབད་པར་བྱ། །དགེ་བའི་ལས་རྣམས་གདམ་བྱ་ན། །མྱ་ངན་འདའ་བ་མཆོག་ཏུ་བདེ། །དེ་ནས་ཤཱ་རིའི་བུས་འཁོར་མང་པོ་ལ་སྤྲོ་བ་བསྐྱེད་ནས་རྫུ་འཕྲུལ་གྱི་མཐུ་མངོན་དུ་

བསྟན་ཏོ། །རྫུ་འཕྲུལ་གྱི་མཐུས་སྟེང་གི་ནམ་མཁའ་ལ་འཕགས་ནས་རིན་པོ་ཆེའི་བལ་གླང་ཆེན་པོ་མགོ་བོ་སྟོང་དང་ལྡན་པ་ཞིག་ཏུ་སྤྲུལ་ཏོ། །བལ་གྱི་གླང་པོ་ཆེ་གཅིག་ལ་གཅིག་འཁྲི་ཞིང་མགོ་བོ་སྟོང་ཕྱིར་ལྟ་བར་བསྟན་ཏོ། །བལ་གྱི་གླང་པོ་དེ་རེ་རེ་ཡང་མཆེ་བ་
བདུན་བདུན་དང་ལྡན་ཏེ། མཆེ་བ་རེ་རེ་ལ་ཡང་ཁྲུས་ཀྱི་རྫིང་བུ་རེ་རེ་ཡོད་དོ། །རྫིང་བུ་རེ་རེ་ལ་ཡང་མེ་ཏོག་པད་མོ་བདུན་བདུན་ཡོད་དོ། །པད་མ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་སོ། །སྤྲུལ་པའི་སངས་རྒྱས་རེ་རེ་ལ་ཡང་ཉེ་གནས་ཤཱ་རིའི་བུ་རེ་རེ་ཡོད་ལ། ཤཱ་རིའི་བུ་རེ་
རེས་ཀྱང་འོད་ཟེར་ཆེན་པོ་བཀྱེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་བྱས་ཏེ། རྒྱུ་འཐུན་པ་ཐམས་ཅད་བསྡུས་སོ། །རྒྱུ་དང་ལྡན་པ་ཐམས་ཅད་འདུས་ནས་དེ་ནས་ཤཱ་རིའི་བུས་ལུས་ཆེན་པོས་ནམ་མཁའ་ཡོངས་སུ་གང་བ་བསྟན་ཏོ། །ལུས་ཆེན་
པོ་ལས་ལུས་ཆུང་ངུར་བསྒྱུར་བ་བསྟན་པ་ཡང་བསྟན་ཏེ། སའི་ནང་དུ་ཆུ་ལ་བྱ་བ་བཞིན་དུ་འཇུག་ཅིང་འབྱུང་བ་དང་ཞུགས་པར་ཡང་མི་མངོན་ཏེ། ལུས་ཀྱི་སྨད་ནས་མེ་འབར་བ་དང་། ལུས་ཀྱི་སྟོད་ནས་ཆུ་འབབ་པ་ཡང་བསྟན་ཏོ། །སྟེང་གི་ནམ་མཁའ་ལ་ཐོགས་པ་མེད་པར་བརྒྱ་ནས་སྟོང་
གི་བར་དུ་ཆོ་འཕྲུལ་གྲངས་མེད་པ་རྣམ་པ་སྣ་ཚོགས་པ་བསྟན་ནས། ནམ་མཁའ་ལས་བབས་ཏེ་འཁོར་མང་པོ་ལ་ཆོས་རྒྱས་པར་བསྟན་ནས་སྤྲོ་བ་དང་། གཟེངས་བསྟོད་པ་དང་། དགའ་བར་བྱས་ནས་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག །སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་ནི་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་བྱས་ནས། གཞན་ཡང་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་ནི་ཉན་ཐོས་དང་། རང་སངས་རྒྱས་སུ་སེམས་བསྐྱེད་དུ་བཅུག་གོ། །ཤཱ་རིའི་
བུས་དེ་ལྟར་ཕན་པ་དང་བདེ་བའི་དོན་ཚད་མེད་པ་བྱས་པས་འཁོར་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཇི་ལྟ་བུ་ཞིག་སྙེད་ཀྱིས་དེ་བཞིན་གཤེགས་པ་སྔར་མྱ་ངན་ལས་འདའ་བ་མི་མཐོང་བར་བྱ་ཞེས་ཏེ། སྟེང་གི་ནམ་མཁའ་ལ་འཕགས་ནས་བདག་གི་ལུས་ལས་མེ་ཕྱུང་

ནས་ལུས་བསྲེགས་ནས་མྱ་ངན་ལས་འདས་སོ། །དེའི་ཚེ་ན་འཁོར་མང་པོའི་རྣམས་ཡིད་ལ་གཅགས་ནས་མིག་མི་འཛུམས་པར་ཤཱ་རིའི་བུ་ལ་ལྟ་ཞིང་སྐད་ཆེན་པོས་ཆོ་ངེས་བཏབ་སྟེ་ལུས་ལ་ས་རྡུལ་གྱིས་གོས་པར་གྱུར། ཉི་མ་ཡང་འོད་མི་གསལ་ཞིང་གནམ་ས་ཡང་ཆེར་གཡོས་
སོ། །དེ་ནས་འཁོར་མང་པོས་ཤཱ་རིའི་བུའི་རུས་པ་བསྡུས་ཏེ་མཆོད་རྟེན་བརྩིགས་ཏེ་མཆོད་པ་བྱས་སོ། །དེའི་ཚེ་ན་འཁོར་མང་པོ་བརྒྱ་སྟོང་སྙེད་ནི་ཤཱ་རིའི་བུ་དྲན་པའི་ཕྱིར། སྡུག་བསྔལ་གྱིས་སེམས་གདུངས་ནས་མྱོས་ཤིང་འཐོམས་ཏེ་དྲན་པ་ཉམས་པར་གྱུར་ཏོ། །དེ་ནས་དེ་
བཞིན་གཤེགས་པས་ཐུགས་རྗེའི་ཤུགས་ཀྱིས་ཤཱ་རིའི་བུར་སྤྲུལ་ནས་འཁོར་གྱི་ནང་ན་འདུག་པར་བྱས་ནས་འཁོར་མང་པོ་དེ་དག་ཤཱ་རིའི་བུ་དེ་མཐོང་ནས་མི་དགའ་བའི་སྡུག་བསྔལ་ཞི་ནས་ཕྱིར་རབ་ཏུ་དགའ་བར་གྱུར་ཏོ། །དེ་ལྟར་དགའ་བའི་སེམས་སུ་གྱུར་ནས་ཐམས་ཅད་ཀྱིས་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཀུན་དགའ་བོས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཁོར་མང་པོ་ཐེ་ཙོམ་དུ་གྱུར་པ་སེམས་ཀྱིས་ཤེས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྱོགས་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་
ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་བཏུད་དེ། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཤཱ་རིའི་བུ་འདི་དེ་བཞིན་གཤེགས་པ་བས་སྔར་མྱ་ངན་ལས་འདས་ཏེ་འཁོར་མང་པོ་མི་དགའ་སྟེ་མྱ་ངན་བྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་
ཀུན་དགའ་བོ་དང་། འཁོར་མང་པོ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ད་ལྟར་འདི་འབའ་ཞིག་ཏུ་དེ་བཞིན་གཤེགས་པ་བས་མྱ་ངན་ལས་སྔར་འདས་པར་མ་ཟད་དེ། སྔོན་འདས་པའི་དུས་ན་ཡང་ང་སྔར་འདས་པ་མཐོང་བར་མི་བཟོད་ནས་སྔར་འདས་སོ། །དེ་ནས་ཀུན་དགའ་བོས་སངས་
རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་ཤཱ་རིའི་བུ་སྔར་འདས་པའི་དངོས་པོ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ལེགས་པར་ཉོན་ཅིག །སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་དེའི་ཚེ་དེའི་དུས་ན། ཡུལ་བཱ་རཱ་ཎ་སཱི་ཞེས་

བྱ་བ་ཞིག་ཡོད་དེ། ཡུལ་བཱ་རཱ་ཎ་སཱིའི་རྒྱལ་པོ་དེ་ནི་འོད་ཟེར་ཆེན་པོ་ཞེས་བྱའོ། །རྒྱལ་པོ་འོད་ཟེར་ཆེན་པོ་ཞེས་བྱ་བ་དེ་ལ་མཐའི་རྒྱལ་ཕྲན་དྲུག་ཅུ་དང་། གྲོང་ཁྱེར་བརྒྱད་བརྒྱ་ལ་དབང་སྒྱུར་ཏེ། རྒྱལ་པོ་དེ་རྒྱུན་དུ་སྙིང་རྗེའི་སེམས་དང་ལྡན་པས་ཐམས་ཅད་ལ་ཡིད་དང་མི་
འགལ་བར་སྦྱིན་པ་ཡོངས་སུ་གཏོང་ངོ་། །དེའི་ཚེ་ན་མཐའི་རྒྱལ་ཕྲན་གཅིག་རྒྱལ་པོ་དེ་ལ་མི་དགའ་སྟེ་རྒྱུན་དུ་ངན་སེམས་སྐྱེའོ། །རྒྱལ་པོ་འོད་ཟེར་ཆེན་པོས་ཟླ་བ་ངོ་རེ་རེ་ཞིང་དུས་དྲུག་གི་ཉི་མ་དང་སྦྱར་ཏེ། བལ་གྱི་གླང་པོ་ཆེ་ལྔ་བརྒྱ་ལ་རིན་པོ་ཆེ་དང་། ནོར་རྫས་དང་། གོས་དང་།
བཟའ་བ་དང་། བཏུང་བ་བཀལ་ཏེ་ཚོང་འདུས་དང་། གྲོང་ཁྱེར་གྱི་སྒོ་བཞིར་སྤུངས་ནས་ཐམས་ཅད་ལ་སྦྱིན་པ་བྱེད་དོ། །དེའི་ཚེ་ན་རྒྱལ་ཕྲན་དགྲར་གྱུར་པ་དེས་དེ་ལྟར་རྒྱལ་པོ་འོད་ཟེར་ཆེན་པོ་ཐམས་ཅད་ལ་ཡིད་དང་མི་འགལ་བར་གོས་དང་། ཟས་དང་། གསེར་དང་། དངུལ་དང་། རིན་
པོ་ཆེའི་བར་དུ་ཅི་འདོད་པ་ལས་སྦྱིན་པ་བྱེད་དོ། །ཞེས་ཐོས་ནས་མཐའི་རྒྱལ་ཕྲན་དེས་རྒྱལ་པོ་འོད་ཟེར་ཆེན་པོ་སྦྱིན་པའི་བསོད་ནམས་བྱེད་པ་ལ་ཕྲག་དོག་གི་སེམས་སྐྱེས་ཏེ། བློན་པོ་རྣམས་བསྡུས་ནས་ཁྱེད་རྣམས་ལས་སུ་ཞིག་བཱ་རཱ་ཎ་སཱིའི་རྒྱལ་པོ་འོད་ཟེར་ཆེན་པོའི་མགོ་སློང་དུ་འགྲོ་ནུས་
ཞེས་བསྒོ་བ་དང་། བློན་པོ་རྣམས་ཀྱིས་བདག་ཅག་ནི་གང་ཡང་རྔོ་མི་ཐོགས་ཞེས་སྨྲས་སོ། །དེ་ནས་ཡང་ཐམས་ཅད་ལ་བཀར་བཏགས་ཏེ། སུ་ཞིག་བཱ་རཱ་ཎ་སཱིའི་རྒྱལ་པོ་འོད་ཟེར་ཆེན་པོའི་མགོ་བསླངས་ཏེ་འོངས་ན་གསེར་རྒྱ་མ་སྟོང་སྦྱིན་ནོ་ཞེས་བཀར་བཏགས་པ་དང་། བྲམ་ཟེ་
གཅིག་གིས་བདག་གིས་སློང་དུ་འགྲོ་ནུས་ཀྱིས། བདག་གི་ཡོ་བྱད་དང་རྒྱགས་སྦྱོར་ཅིག་ཅེས་བསྒོའོ། །ཡུལ་འདི་ནས་བཱ་རཱ་ཎ་སཱིར་རྒྱང་གྲགས་དྲུག་སྟོང་ཡོད་པས་དེ་བཞིན་དུ་རྒྱགས་དང་ཡོ་བྱད་སྦྱར་ནས། བྲམ་ཟེ་བཱ་རཱ་ཎ་སཱིར་སོང་ངོ་། །དེའི་ཚེ་བྲམ་ཟེ་དེ་ཡུལ་བཱ་རཱ་ཎ་སཱིའི་ཡུལ་ཕྱོགས་
དེར་ཕྱིན་པ་ལས་ས་ཆེན་པོ་ཡང་རྣམ་པ་དྲུག་དུ་གཡོས། གཅན་གཟན་དང་རི་དགས་རྣམས་ཀྱང་སྐྲག་ནས་ཕྱོགས་བཞིར་བྲོས། ཉི་མ་དང་ཟླ་བ་ཡང་བསྒྲིབས་པ་བཞིན་མི་གསལ་ཞིང་མི་སྣང་བར་གྱུར། གཟའ་ལྔ་དང་། སྐར་མ་རྣམས་ཀྱང་དུས་བཞིན་དུ་མི་རྒྱུ། འཇའ་ལྟ་བུ་

དམར་པོ་དང་། ནག་པོ་དང་། དཀར་པོ་དང་། ཉིན་མཚན་དུས་དུས་སུ་སྣང་། སྐར་མ་ཡང་འཁྲུག་ཅིང་ལྷུང་བར་གྱུར། ཡུལ་དེའི་འབབ་ཆུ་དང་། ཆུ་མིག་དང་། ཁྲུས་ཀྱི་རྫིང་དང་། མེ་ཏོག་དང་། འབྲས་བུའི་ཤིང་རྒྱས་པ་ཡིད་དུ་འོང་བ་རྣམས་ཀྱང་སྐམས་པར་གྱུར་ཏོ། །དེ་ནས་བྲམ་
ཟེ་དེ་ཡང་ཡུལ་བཱ་རཱ་ཎ་སཱིའི་རྒྱལ་པོའི་ཕོ་བྲང་གི་སྒོར་ཕྱིན་ཏོ། །དེའི་ཚེ་ན་ཕོ་བྲང་གི་སྒོ་སྲུང་བའི་ལྷས་སྒོ་སྲུང་བའི་མི་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་མ་རུངས་པ་འདི་ལམ་རིང་པོ་ནས་རྒྱལ་པོ་འོད་ཟེར་ཆེན་པོའི་མགོ་སློང་དུ་འོངས་ཀྱིས་ཁྱོད་ནང་དུ་མ་བཏང་ཤིག །དེ་ནས་བྲམ་ཟེ་དེ་ཕོ་བྲང་ནང་
དུ་འགྲོར་མེད་དེ། ཞག་བདུན་གྱི་བར་དུ་སྡོད་སྡོད་ནས་སྒོ་སྲུངས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་ལམ་རིང་པོ་ནས་འོངས་ཏེ་རྒྱལ་པོ་ཆེན་པོ་དང་ཕྲད་འདོད་དོ་ཞེས་གསོལ་ཅིག །དེ་ནས་སྒོ་སྲུངས་ཀྱིས་ཀྱང་དེ་བཞིན་དུ་བྲམ་ཟེ་ཅིག་ལམ་རིང་པོ་ནས་འོངས་ཏེ་ད་ལྟར་སྒོ་ན་སྡོད་དོ་ཞེས་གསོལ་
ཏོ། །རྒྱལ་པོས་ཚིག་དེ་ཐོས་ནས་དེ་མ་ཐག་ཏུ་སྒོར་བྱུང་སྟེ་བསུ་ནས་ཇི་ལྟར་ཕ་དང་བུ་ཕྲད་པ་བཞིན་དུ་ཕྱག་བྱས་ཏེ་ཁྱོད་གང་ནས་འོངས། ལམ་དུ་ཉོན་མོངས་ཤིང་ངལ་བར་མ་གྱུར་ཏམ་ཞེས་སྨྲས་སོ། །བྲམ་ཟེས་སྨྲས་པ། བདག་ཡུལ་གཞན་ནས་རྒྱལ་པོ་ཁྱོད་ཀྱིས་མིའི་ཡིད་དང་མི་འགལ་བར་
སྦྱིན་པ་གཏོང་བའི་ཡོན་ཏན་ཐོས་ཏེ། ཁྱོད་ཀྱི་མིང་སྙན་པ་ནི་གནམ་སའི་བར་ཀུན་ཏུ་གྲགས་ནས་ཁྱོད་ཀྱི་ཡོན་ཏན་མི་བརྫུན་ཏེ་བདེན་ནོ་ཞེས་ཐོས་པས་བདག་ཀྱང་ཆེད་དུ་ལ་ལུང་བགྲོད་དེ་རེ་བ་ཡོད་པས་འོངས་སོ། །རྒྱལ་པོས་སྨྲས་པ། བདག་ནི་ད་ལྟར་ཐམས་ཅད་སྦྱིན་པ་ཞེས་བྱ་སྟེ། སློང་བའམ།
དགོས་པ་ཡོད་ན་ཐེ་ཙོམ་མ་བྱེད་པར་སློངས་ཤིག །བྲམ་ཟེས་སྨྲས་པ། བདེན་ཡང་དག་གམ། བདག་ནི་གཞན་ནི་ཅི་ཡང་མི་དགོས་ཀྱི། མཆོད་སྦྱིན་ཆེན་པོ་ཞིག་བྱེད་པས་རྒྱལ་པོའི་མགོ་སློང་དུ་འོངས་སོ། །རྒྱལ་པོས་ཚིག་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ། བདག་ཐོག་མ་མེད་པ་ནས་སྐྱེ་
ཤིར་འཁོར་ཏེ། ལུས་འདི་འདྲ་བ་ཆུད་གསན་ཀྱང་ཚུལ་བཞིན་ཆོས་ཀྱི་ཕྱིར་ནི་མ་ཡིན་གྱི། དོན་མེད་པར་སྐྱེ་ཤིར་འཁོར་བས་བདག་ཉོན་མོངས་སོ། །བདག་གི་ལུས་འདིས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་དམ་བཅས་པས་དམ་བྱིན་པར་གྱུར་ན་བདག་གི་ཐོག་

མར་བསམས་པ་དང་ཡང་འགལ་ལ། གལ་ཏེ་ལུས་འདི་མ་བྱིན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ཡང་ཇི་ལྟར་འགྱུར་སྙམ་བསམས་ནས་བྲམ་ཟེ་ལ་ཤིན་ཏུ་དགའོ། །བདག་ཡུལ་སྲིད་ཀྱི་གདམས་པ་དང་། བཙུན་མོ་དང་། རྒྱལ་བུ་དང་།
དེ་དག་ལ་བསྒོ་བ་ཆུང་ཟད་བྱས་ཏེ། དེ་ནས་ཞག་བདུན་ན་ཁྱོད་འདོད་པ་སྦྱིན་ནོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཕོ་བྲང་གི་ནང་དུ་སོང་ནས་བཙུན་མོ་རྣམས་ལ་འདི་སྐད་ཅེས་བསྒོའོ། །གནམ་སའི་བར་ན་མཛའ་ཞིང་སྡུག་པ་ཐམས་ཅད་ནི་བྱེ་ཞིང་འབྲལ་བར་འགྱུར། མི་ལ་སྐྱེ་བ་ཡོད་ན་
འཆི་བ་ཡོད་ལ། གྲུབ་པ་སྲིད་ན་འཇིག་པ་ཡང་སྲིད་དེ། དབྱར་ས་ལས་ཅི་སྐྱེས་པ་ཐམས་ཅད་དགུན་ནི་ཀུན་སྐམས་པར་འགྱུར་རོ། །ཞེས་སྨྲས་སོ། །བཙུན་མོ་དང་རྒྱལ་བུ་རྣམས་ཀྱིས་རྒྱལ་པོས་སྨྲས་པའི་ཚིག་དེ་ཐོས་ནས་དཔེར་ན་མི་བརྣངས་པ་དང་འདྲ་སྟེ། སྐྱུག་ཏུ་ཡང་མེད། མིད་དུ་
ཡང་མེད་པ་ལྟར་གྱུར་ཏེ། རྒྱལ་པོ་ལ་ཅིའི་སླད་དུ་འདི་སྐད་གསུངས་ཞེས་གསོལ་པ་དང་། རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཞིག་ལམ་རིང་པོ་ནས་འོངས་ཏེ་ངའི་མགོ་སློང་དུ་འོངས་སོ། །ངས་ཀྱང་སྦྱིན་པར་བྱས་སོ། །བཙུན་མོ་དང་། རྒྱལ་བུ་རྣམས་ཀྱིས་ཚིག་དེ་ཐོས་ནས་ལུས་
ས་ལ་བརྡབས་ནས་ཆོ་ངེས་བཏབ་ནས་སྐྲ་ཡང་འབལ། གོས་ཀྱང་གཤགས་དྲལ་ཏེ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་ན་བདག་གི་ལུས་ལས་ཕངས་པ་མེད་ན། ཅིའི་སླད་དུ་འདི་ལྟར་ཤིན་ཏུ་གཏང་དཀའ་བ་གཏོང་ཞིང་སྦྱིན་པ་མཛད་ཅེས་གསོལ་ཏོ། །དེའི་ཚེ་ན་བློན་པོ་ལྔ་
བརྒྱས་ཀྱང་བྲམ་ཟེ་ལ་ཁྱོད་འདི་ལྟར་རྣག་ཁྲག་དང་བཅས་པ་མནམ་ཞིང་བཙོག་པའི་མགོ་འདི་ཅིར་དགོས་ཞེས་སྨྲས་པ་དང་། བྲམ་ཟེས་སྨྲས་པ། བདག་དགོས་པས་བདག་གིས་བསླངས་པ་ལ་ཁྱེད་ཀྱིས་དྲིར་ཡང་ཅི་ཡོད། བློན་པོ་རྣམས་ཀྱིས་སྨྲས་པ། ཁྱོད་བདག་ཅག་གི་ཡུལ་དུ་འོངས་པས་
བདག་ཅག་གིས་ཀྱང་དྲི་ཞིང་ཁྱོད་ཀྱང་ཚུལ་བཞིན་དུ་སྨྲ་བར་རིགས་སོ། །དེ་ནས་བྲམ་ཟེས་དྲང་པོར་སྨྲར་ཡང་བློན་པོ་རྣམས་ཀྱིས་སྲོག་གི་དབང་པོ་དང་ཕྲལ་དུ་དོགས་ནས་འཇིགས་པས་ཅང་མ་སྨྲས་སོ། །དེ་ནས་བློན་པོ་ལྔ་བརྒྱས་བྲམ་ཟེ་དེ་ལ་ཁྱོད་མ་སྐྲག་ཤིག །ཁྱོད་ལ་མི་འཇིགས་པ་སྦྱིན་

ནོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་དེ་ལ་བྲམ་ཟེ་དབུལ་པོ་ཁྱོད་ལ་རྣག་ཁྲག་གི་མགོ་མནམ་པོ་དེས་ཅི་ཞིག་རུང་། ངེད་བློན་པོ་ལྔ་བརྒྱས་མི་གཅིག་ཅིང་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མགོ་རེ་རེར་བརྗེ་ཞིང་། ཁྱོད་ཅི་དགོས་པ་ཡང་མི་རབས་བདུན་གྱི་བར་དུ་ཆོག་པར་སྦྱིན་ནོ་ཞེས་སྨྲས་
སོ། །བྲམ་ཟེ་ན་རེ་མི་འདོད་དོ་ཞེས་སྨྲས་སོ། །བློན་པོ་ཆེན་པོ་རྣམས་ཀྱང་བསམས་པ་ལྟར་མ་གྱུར་ནས་མྱ་ངན་གྱིས་ཡིད་གདུངས་ཏེ་སྐད་ཕྱུང་སྟེ་ངུས་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་བྲམ་ཟེ་མི་གཅིག་གི་ཕྱིར་ཡུལ་ས་དང་། འབངས་དང་། བཙུན་མོ་དང་།
རྒྱལ་བུ་ལ་སོགས་པ་ཐམས་ཅད་བོར་ཏེ་བདག་ཅག་གཏན་དྭར་བོར་ཞིང་། ལུས་པར་ཐུགས་ཀྱིས་བཟོད་དམ། རྒྱལ་པོས་སྨྲས་པ། ང་ནི་ཁྱེད་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ལུས་འདི་གཏོང་ཞིང་སྦྱིན་པར་བྱེད་དོ། །དེའི་ཚེ་ན་བློན་པོ་ནང་གི་ཆེན་པོ་གཅིག་གིས་རྒྱལ་པོས་གསུངས་
པ་ཐོས་ནས་རྒྱལ་པོས་ནི་གདོན་མི་ཟ་བར་བྲམ་ཟེ་འདི་ལ་སྐུ་གཏོང་ངོ་བར་ཆད་དོ་སྙམ་བསམས་ནས། བདག་ཇི་ལྟར་རྒྱལ་པོ་ལུས་གཏོང་བ་ལ་སྙིང་མི་བཟོད་ཅིང་བལྟ་བར་མི་བྱ་སྙམ་བསམས་ནས། ཁང་པ་དབེན་པར་སོང་སྟེ། མཚོན་རྣོན་པོ་ཐོགས་ཏེ་བདག་གི་སྲོག་བཅད་དོ། །དེ་ནས་
རྒྱལ་པོ་ཆེན་པོ་ཕོ་བྲང་གི་རྒྱབ་ཀྱི་ར་བར་སོང་སྟེ། བྲམ་ཟེ་བོས་ཏེ་ཚུར་ཤོག་ད་ངའི་མགོ་ཁྱེར་ཅིག །ཁྱོད་ལ་བྱམས་ཤིང་བརྩེ་བའི་ཕྱིར་ཁྱོད་ཀྱི་སེམས་དང་ཡིད་མ་ཟློགས་ནས། སྦྱིན་པ་འདིས་མ་འོངས་པའི་དུས་སུ་ཤེས་རབ་ཀྱི་མགོ་ཐོབ་པར་གྱུར་ཅིག་ཅེས་སྨྲས་ནས། ཐལ་མོ་སྦྱར་ཏེ་
ཕྱོགས་བཅུར་ཕྱག་བྱས་སོ། །ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཕྱོགས་བཅུའི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། བདག་གི་བསམ་པ་འདི་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སྨྲས་ནས་བྲམ་ཟེ་ལ་ད་ཁྱོད་
ལ་སྦྱིན་གྱིས་ཁྱེར་ཅིག་ཅེས་སྨྲས་སོ། །བྲམ་ཟེས་སྨྲས་པ། རྒྱལ་པོ་ལ་གྱད་ཀྱི་སྟོབས་ཡོད་དེ། ན་ཚ་མི་བཟོད་པས་ཕྱིར་བདག་ལ་གནོད་པ་བྱེད་པར་འགྱུར་གྱིས། རྒྱལ་པོ་ཁྱོད་ཡང་དག་པར་དེ་ལྟར་ནུས་ན་རྒྱལ་པོ་ཉིད་ཀྱིས་སྐྲ་བཀྲོལ་ཏེ་ཤིང་ལ་ཐོགས་ཤིག །རྒྱལ་པོས་ཚིག་དེ་

ཐོས་ནས་ལྷག་པར་སྙིང་བརྩེ་བའི་སེམས་སྐྱེས་ཏེ། བྲམ་ཟེ་འདི་རིད་ལ་ཉམ་ཆུང་བས་གལ་ཏེ་བདག་གི་མགོ་གཅོད་མ་ནུས་ན་བདག་གི་བསམ་པ་ཆེན་པོ་མི་འགྲུབ་བོ་སྙམ་བསམས་ནས་རྒྱལ་པོ་ཉིད་ཀྱིས་ཐོར་ཏོ་ཤིང་ལ་བཏགས་ཏེ། བྲམ་ཟེ་ལ་ཁྱོད་བདག་གི་མགོ་ཆོད་ལ་ཕྱིར་
བདག་གི་ལག་པར་ཞོག་ཤིག །བདག་གི་ལག་གིས་ཁྱོད་ལ་སྦྱིན་པར་བྱའོ། །དེ་ནས་བྲམ་ཟེས་རལ་གྲི་ཐོགས་ནས་དྲུང་དུ་སྤགས་པ་ལས། དེའི་ཚེ་ཤིང་དེའི་ལྷས་བྲམ་ཟེ་ལ་དམིག་ཚུགས་བྱས་པས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་རྒྱལ་པོ་འོད་ཟེར་ཆེན་པོས་ཤིང་གི་ལྷ་ལ་འདི་སྐད་
ཅེས་སྨྲས་སོ། །ཁྱོད་ཁོ་བོའི་གྲོགས་མི་བྱེད་པར་ཕྱིར་ཁོ་བོའི་དགེ་བའི་བགེགས་དང་བར་ཆད་བྱེད་དམ། དེ་ནས་ཤིང་གི་ལྷ་མྱ་ངན་གྱིས་གདུངས་ཏེ་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲས་ནས་ནམ་མཁའ་ལ་སྤྲིན་མེད་པར་ཆར་པ་ཁྲག་ཏུ་བབ་སྟེ་ས་ཆེན་པོ་ཡང་རབ་ཏུ་གཡོས། ཉི་མ་ཡང་མི་གསལ་
ཞིང་མུན་པར་གྱུར། དེ་ནས་བྲམ་ཟེས་རྒྱལ་པོའི་མགོ་བཅད་དེ་ཕྱིར་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་བུ་ལྔ་བརྒྱས་བློན་པོ་རྣམས་དང་། རྒྱལ་པོ་འོད་ཟེར་ཆེན་པོའི་རུས་བུ་བསྡུས་ནས་མཆོད་རྟེན་བརྩིགས་ཏེ་མཆོད་པ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་
པ། དེའི་ཚེ་དེའི་དུས་ན་བློན་པོ་ནང་གི་ཆེན་པོས་རྒྱལ་པོ་འོད་ཟེར་ཆེན་པོས་མགོ་སྦྱིན་པ་ཆེན་པོ་བྱེད་པ་ལ་མཐོང་བར་སྙིང་མི་བཟོད་ནས་སྔར་ཚེའི་དུས་བྱས་པ་ནི་ད་ལྟར་ཤཱ་རིའི་བུ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་འོད་ཟེར་ཆེན་པོར་གྱུར་པ་དེ་ནི་ད་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ང་
ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ན་ཤིན་ཏུ་སྤྱད་དཀའ་བ་སྤྱད་པར་དམ་བཅས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་སངས་རྒྱས་རྣམས་ཀྱི་དྲིན་བསབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །དེ་བས་ན་ཤཱ་རིའི་བུ་ང་མྱ་ངན་ལས་འདའ་
བ་མིག་གིས་མཐོང་བར་མི་བཟོད་པས་སྔར་མྱ་ངན་ལས་འདས་ཏེ། སྔོན་འདས་པའི་དུས་ན་ཡང་ང་སྦྱིན་པ་བྱེད་པ་ལ་མཐོང་བར་མི་བཟོད་ནས་སྔར་ཚེའི་དུས་བྱས་སོ། །ཕོ་བྲང་རྒྱབ་ཀྱི་ར་བ་འདིར་ཤིང་འདི་ཁོ་ན་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་པའི་མགོ་ཡང་སྟོང་ཚང་བར་ཡོངས་སུ་

བཏང་ན་ལུས་ཀྱི་ཡན་ལག་ལག་པ་དང་། རྐང་པ་ལ་སོགས་པ་སྦྱིན་པ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས། སངས་རྒྱས་ཀྱིས་དཀའ་ཐུབ་མཛད་པ་འདི་བསྟན་པའི་ཚེ་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ལྷ་
དང་མི་ཚད་མེད་པ་བརྒྱ་སྟོང་སྙེད་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །ལྷ་དང་མི་ཚད་མེད་པ་བརྒྱ་སྟོང་སྙེད་ནི་ཉན་ཐོས་དང་རང་སངས་རྒྱས་སུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ། ལྷ་དང་།
ཀླུ་དང་། གནོད་སྦྱིན་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་འཁོར་མང་པོ་ཐམས་ཅད་མངོན་པར་དགའ་བས་ཕྱིར་དོང་ངོ་། །གཞན་ཡང་འདི་ལྟ་སྟེ། ཡུལ་མ་ག་དྷཱ་ན་མི་རྒོད་རི་བྲགས་པ་ལྔ་བརྒྱ་ཞིག་རྟག་ཏུ་ཆོམ་པོ་བྱེད་དེ། འདྲོན་པོ་ཕན་ཚུན་རྒྱུར་མེད་པར་གྱུར་ནས། དེའི་ཚེ་ཡུལ་མ་
ག་དྷཱའི་རྒྱལ་པོས་དམག་རྣམ་བཞི་བཤམས་ཏེ་མི་རྒོད་རྣམས་ཕབ་ནས་མིག་ཕྱུང་། རྣ་བ་དང་སྣ་ཡང་བཅད་དེ་རི་བྲགས་ཡ་ང་བར་བོར་རོ། །དེའི་ཚེ་ན་མི་རྒོད་ལྔ་བརྒྱ་པོ་ལུས་ཀྱི་ན་ཚས་སྡུག་བསྔལ་བར་གྱུར་ཏེ་སྲོག་ལ་བབ་བོ། །མི་རྒོད་ལྔ་བརྒྱ་པོ་དེའི་ནང་ན་སངས་རྒྱས་ཀྱི་སློབ་མར་གྱུར་པ་
གཅིག་ཡོད་དེ། དེས་སྨྲས་པ། བདག་ཅག་ནི་ཚེའི་དུས་བྱེད་པ་ལས་མི་རིང་ན། ཅིའི་ཕྱིར་ཀུན་གྱིས་སངས་རྒྱས་ལ་སྐྱབས་སུ་མི་གསོལ་ཞེས་སྨྲས་སོ། །དེ་ནས་མི་རྒོད་ལྔ་བརྒྱའི་རྣམས་སྐད་འཐུན་པར་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་སྨྲས་པ་དང་། དེའི་ཚེ་ན་དེ་
བཞིན་གཤེགས་པ་བྱ་རྒོད་སྤུངས་པའི་རི་ལ་བཞུགས་པ་ལས། ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་རི་ག་ན་དྷ་ཞེས་བྱ་བ་ལ་གཤེགས་ནས་རླུང་ཆེན་པོ་ལངས་ཏེ། རི་དེ་ལ་ཤིང་ཙན་དན་གྱི་ཚལ་ཡོད་པར་ཕྱེ་མ་བུས་ནས་ནམ་མཁའི་ཁམས་ཡོངས་སུ་གང་བར་བྱས་ཏེ་མི་རྒོད་རྣམས་གནས་
པའི་རི་ལ་ཡང་ཙན་དན་གྱི་ཕྱེ་མ་ཕྱིན་པར་གྱུར་ཏེ། ཙན་དན་གྱི་ཕྱེ་མ་དེས་མི་རྒོད་ཀྱི་རྨའི་སྟེང་དུ་གོས་ནས་མིག་དང་། སྣ་དང་། ལུས་ཀྱི་རྨ་ཐམས་ཅད་སོས་ཏེ་ཁྲག་ཀྱང་འོ་མར་གྱུར་པས་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོས་ལུས་ཀྱི་རྨ་ཀུན་

སོས་ནས་བདེ་བར་གྱུར་ཏེ། སངས་རྒྱས་ཀྱི་བཀའ་དྲིན་བསབ་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་སྨྲས་ནས་ཐམས་ཅད་ཀྱིས་ཚིག་འཐུན་པར་སོ་སོའི་སྐྱེ་བོ་བདེ་བ་མ་ཐོབ་པ་རྣམས་ནི་བདེ་བ་ཐོབ་པར་བྱའོ། །མ་གྲོལ་བ་རྣམས་ནི་
གྲོལ་བར་བྱའོ། །ཕ་རོལ་དུ་མ་ཕྱིན་པ་རྣམས་ནི་ཕ་རོལ་དུ་ཕྱིན་པར་བྱའོ། །འབྲས་བུ་མ་ཐོབ་པ་རྣམས་ནི་འབྲས་བུ་ཐོབ་པར་བྱའོ་ཞེས་དམ་བཅས་སོ། །གཞན་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་ཐབས་མཁས་པའི་རྫུ་འཕྲུལ་ནི་བསམ་གྱིས་མི་ཁྱབ་བོ། །
སངས་རྒྱས་མཉན་དུ་ཡོད་པ་ན་བཞུགས་པའི་ཚེ་མི་རྒོད་ལྔ་བརྒྱ་ཞིག་རི་བྲགས་ན་གནས་ཏེ་འདྲོན་པོ་འཇོམས་ཤིང་ཆོས་མ་ཡིན་པ་བྱེད་དོ། །དེའི་ཚེ་ན་དེ་བཞིན་གཤེགས་པ་ཐབས་མཁས་པའི་ཤུགས་ཀྱིས་མི་ཞིག་ཏུ་སྤྲུལ་ནས་བལ་གྱི་གླང་པོ་ཆེ་བཟང་པོ་ལ་ཞོན་ནས་ལུས་ལ་ཡང་
གོས་གྱོན་ཞིང་མདའ་གཞུ་དང་མཚོན་ཆ་ཐོགས་ཏེ། བལ་གྱི་གླང་པོ་ཆེ་ཡང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཏེ། བདག་གི་ལུས་ལ་ཡང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ནས་གཅིག་པུ་མི་རྒོད་འདུག་པའི་རི་བྲགས་ལོགས་སུ་སོང་ངོ་། །དེའི་ཚེ་ན་མི་རྒོད་ལྔ་བརྒྱའི་རྣམས་རྒྱང་ནས་མི་དེ་ལྟ་བུ་
ཞིག་འོང་བ་མཐོང་ནས་གཅིག་ལ་གཅིག་བདག་ལོ་མང་དུ་མི་རྒོད་བྱས་ན་འདི་ལྟ་བུ་མ་མཐོང་ངོ་ཞེས་སྨྲས་སོ། །དེའི་ཚེ་ན་མི་རྒོད་དེ་དག་གི་དཔོན་པོ་ཞིག་ཡོད་པ་དེས་ཁྱེད་རྣམས་ཅི་མཐོང་ཞེས་དྲིས་ན། དེ་དག་གིས་མི་གཅིག་གིས་བལ་གྱི་གླང་བཟང་པོ་ཞིག་ལ་ཞོན་ཏེ་འོང་བ་ཞིག་ཡོད་དོ། །མི་
དེའི་གོས་དང་རྒྱན་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས། བལ་གླང་ཡང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཏེ་གནམ་ས་ལ་ཡང་འོད་འཚེར་བ་དེ་ལྟ་བུ་ཞིག་ལམ་ཐོག་ཐག་ཏུ་འོང་ངོ་། །གལ་ཏེ་བདག་ཅག་གིས་མི་དེ་ཐེབས་ཤིང་ཟིན་ན་མི་རབས་བདུན་གྱི་བར་དུ་ཕྱུག་པའི་ནོར་ཡོད་དོ་ཞེས་སྨྲས་སོ། །དེའི་
ཚེ་མི་རྒོད་ཀྱི་དཔོན་པོ་དེས་ཚིག་དེ་ཐོས་ནས་རབ་ཏུ་དགའ་སྟེ་འདི་སྐད་ཅེས་བགྲོས་སོ། །བདག་ཅག་གིས་དལ་གྱིས་བཞབས་ལ་དྲུང་དུ་ཕྱིན་པ་དང་། ཀུན་གྱིས་མདའ་འཕངས་ཏེ་གཟུང་བར་བྱའོ། །དེ་ནས་མི་རྒོད་ལྔ་བརྒྱས་དྲུང་དུ་བསྙེན་ནས་ཅིག་ཅར་སྐད་ཕྱུང་ནས་ཀུས་བཏབ་བོ། །

དེའི་ཚེ་ན་སྤྲུལ་པའི་མི་དེས་བྱམས་ཤིང་བརྩེ་བའི་སེམས་ཀྱིས་གཞུ་བདུངས་ནས་མདའ་འཕངས་པ་དང་མི་རྒོད་ལྔ་བརྒྱ་རྣམས་ལ་མདའ་རེ་རེ་ཕོག་སྟེ་མི་བཟོད་པའི་ན་ཚ་མྱོང་ནས་ས་ལ་འགྲེ་ཞིང་སྐད་ཆེན་པོ་ཕྱུང་ནས་ངུས་སོ། །དེ་དག་གིས་མདའ་ཕྱུང་བར་བསྐྱོད་ན་མདའ་རབ་ཏུ་དམ་པས་
སྟོབས་ཅི་ཡོད་པས་བཙལ་ཀྱང་མ་ནུས་སོ། །དེ་ནས་མི་རྒོད་ལྔ་བརྒྱས་སྐྲག་ནས་ད་ནི་བདག་ཅག་གདོན་མི་ཟ་བར་འཆིའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་འདི་སྙེད་ཀྱིས་མི་གཅིག་པུ་ཞིག་མ་ཐུབ་པ་ངོ་མཚར་ཆེའོ་ཞེས་ཐམས་ཅད་ཚིག་འཐུན་པར་འདི་སྐད་ཅེས་སྨྲས་སོ། །
མི་ཡི་ནང་ན་ཁྱོད་ཅི་ཡིན། །ལྷ་འམ་ཀླུ་འམ་ཡི་དགས་སམ། །འོན་ཏེ་རིག་སྔགས་མཐུ་ཡིན་ནམ། །མདའ་ཅིག་འཕངས་པས་ལྔ་བརྒྱ་རྨས། །ན་བའི་སྡུག་བསྔལ་བཟོད་དཀའ་བས། །བདག་ཅག་ཁྱོད་ལ་སྲོག་ཕྱོགས་ཀྱིས། །གདུག་པའི་མདའ་རྣམས་དབྱུང་དུ་གསོལ། །
ཕྱིན་ཅད་འགལ་བ་མི་བགྱིད་དོ། །དེ་ནས་སྤྲུལ་པའི་མི་དེས་ཚིགས་སུ་བཅད་དེ་སྨྲས་པ། སྟ་རེ་རྨ་ལས་འདའ་བ་མེད། །འཕེན་པའི་ནང་ན་མདེའུ་ཐུང་མཆོག །ལང་ཚོ་གྱད་ཀྱིས་མི་བྱིན་ཏེ། །མང་དུ་ཐོས་པས་མེད་པར་འགྱུར། །དེའི་ཚེ་སྤྲུལ་པའི་མི་དེས་ཚིགས་སུ་བཅད་པ་
འདི་སྨྲས་ནས་ཕྱིར་སངས་རྒྱས་ཀྱི་སྐུར་བསྒྱུར་ཏེ་འོད་ཟེར་ཆེན་པོ་བཀྱེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་འོད་དེས་རེག་པའི་སེམས་ཅན་ལོང་བ་རྣམས་ནི་མིག་གིས་གཟུགས་མཐོང་བར་གྱུར། ལུས་ཞ་བོ་སྒུར་པོ་རྣམས་ནི་ཕྱིར་རངས་པར་གྱུར། ལུས་ཀྱི་
རྐང་ལག་མ་ཚང་བ་རྣམས་ནི་ཡན་ལག་དང་ལྡན་པར་གྱུར། སྨྱོས་པ་རྣམས་ཀྱང་དྲན་པ་རྙེད་པར་གྱུར། །མདོར་ན་ཇི་ཙམ་དུ་ཡིད་དུ་མི་འོང་བ་ཐམས་ཅད་ཡིད་དུ་འོང་བར་གྱུར་ཏོ། །དེའི་ཚེ་ན་དེ་བཞིན་གཤེགས་པས་མི་རྒོད་ལྔ་བརྒྱ་ལ་ཆོས་རྣམ་པ་སྣ་ཚོགས་བསྟན་ཏེ། སྤྲོ་བ་དང་། གཟེངས་
བསྟོད་པ་དང་། དགའ་བར་བྱས་པས་མི་རྒོད་ལྔ་བརྒྱ་རྣམས་ཆོས་ཐོས་ནས་རབ་ཏུ་དགའ་ནས་ལུས་ཀྱི་རྨ་ཡང་སོས། ཁྲག་ཀྱང་འོ་མར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐམས་ཅད་ཚིག་འཐུན་པར་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བདག་

ཅག་བྱང་ཆུབ་སེམས་བསྐྱེད་དེ། །སེམས་ཅན་ཕན་དོན་རྒྱས་པར་བགྱི། །སངས་རྒྱས་བསྟན་པ་རྗེས་སུ་བསླབ། །བཀུར་སྟི་རིམ་གྲོ་རྒྱུན་དུ་བགྱི། །སངས་རྒྱས་ཐུགས་རྗེའི་ཤུགས་ཀྱིས་བསྐྱབས། །སྡུག་བསྔལ་ལས་ཐར་སེམས་ལུས་བདེ། །སངས་རྒྱས་བྱང་ཆུབ་
སེམས་དཔའ་དང་། །དགེ་བའི་བཤེས་གཉེན་དྲིན་དྲན་བགྱི། །སློབ་དཔོན་བླ་མ་ཕ་མ་དང་། དེ་ལས་གཞན་པ་སེམས་ཅན་རྣམས། །བྱམས་སྡང་ཀུན་ལ་མཉམ་པར་སེམས། །དྲིན་གྱི་བསོད་ནམས་གཉིས་སུ་མེད། །དེའི་ཚེ་སྟེང་གི་ནམ་མཁའ་ལ་འདོད་པའི་ཁམས་ཀྱི་ལྷ་བརྒྱ་བྱིན་
ལྷའི་དབང་པོ་ལ་སོགས་པས་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་ཕབ་ནས་ལྷ་རྫས་ཀྱི་རོལ་མོས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། སྐད་འཐུན་པར་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་སྔོན་གྱི་བསོད་ནམས་ཀྱིས། །འོད་ཟེར་སྣང་བ་མཆོག་ཏུ་མཛེས། །མཆོད་
པའི་ཡོ་བྱད་དམ་པ་ཡིས། །ཀུན་ལ་ཕན་པའི་དོན་བགྱིའོ། །སངས་རྒྱས་ཕྲད་པར་ཤིན་ཏུ་དཀའ། །དམ་ཆོས་ཐོས་པར་རབ་ཏུ་དཀའ། །སྔོན་ཚེ་དགེ་རྩ་བསྐྲུན་པས་ན། །ཤཱཀ་རིགས་ལྷ་དང་ཕྲད་པར་གྱུར། །སངས་རྒྱས་བཀའ་དྲིན་དྲན་སླད་དུ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་
དེ། །བདག་ཅག་སངས་རྒྱས་མཐོང་བ་དང་། །ཐེག་པ་གསུམ་གྱི་དགེ་བ་རྣམས། །འགྲོ་བ་མ་ལུས་དོན་གྱི་ཕྱིར། །བླ་མེད་བྱང་ཆུབ་ཡོངས་སུ་བསྔོ། །དེའི་ཚེ་ལྷ་རྣམས་ཀྱིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ཏེ། སངས་རྒྱས་ལ་མགོ་བོས་ཕྱག་བྱས་ནས་
སྟེང་གི་ནམ་མཁའ་ལ་ཕྱིར་དོང་ངོ་། །གཞན་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཐབས་མཁས་པ་དང་། ཐུགས་རྗེ་ཆེན་པོའི་དགེ་བའི་རྩ་བའི་སྟོབས་བསམ་གྱིས་མི་ཁྱབ་བོ། །དེའི་ཚེ་ཡུལ་ཡངས་པ་ཅན་ན་བྲམ་ཟེ་ཞིག་ལོག་པར་ལྟ་བ་ལ་ཞེན་ཏེ། ང་རྒྱལ་གྱིས་མངོན་པར་ཟིན་པས། ཤཱ་
རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོས་བྲམ་ཟེ་དེ་དང་བཤེས་ཏེ་རྒྱུན་དུ་ཁྱིམ་དུ་སོང་ནས་ཆོས་བསྟན་ཀྱང་དད་པར་མ་གྱུར་ཏེ་ངན་པར་ལྟ་བ་ལ་ཆགས་སོ། །བྲམ་ཟེ་དེ་རབ་ཏུ་ཕྱུག་པ་ལས་ནོར་བུ་རིན་པོ་ཆེ་རབ་ཏུ་མང་ཡང་དེ་ལ་བུ་མེད་དེ། གལ་ཏེ་ཤི་བར་གྱུར་ན་ནོར་ཕྱུགས་ཐམས་ཅད་སླར་སྡུད་དོ་སྙམ་

བསམས་སོ། །དེ་ནས་རི་གཉན་གྱི་ལྷ་དང་། ཤིང་གི་ལྷ་དང་། དེ་དག་ལ་སོགས་པ་ལ་མཆོད་ཅིང་གསོལ་ནས་ཞག་དགུ་བཅུ་ལོན་པ་དང་ཆུང་མ་ལ་བུ་ཡོད་པར་གྱུར་ཏོ། །དེ་ནས་ཟླ་བ་ཚང་བ་དང་བུ་ཁྱེའུ་བྱད་གཟུགས་བཟང་བ། བལྟ་ན་སྡུག་པ། མིའི་མཚན་དང་ལྡན་པ། ཕ་མའི་སྙིང་དུ་སྡུག་
པ། མང་པོའི་ཡིད་དུ་འོང་བ་ཅིག་བཙས་སོ། །བུ་དེ་གསོས་པ་བསྐྱེད་དེ། ལོ་ཉི་ཤུ་ལོན་པ་དང་གྲོགས་པོ་དང་ཕྱི་རོལ་དུ་འཁྱམ་ཞིང་ལྟད་མོ་ལྟར་སོང་བ་ལས་ལམ་དུ་བ་ལང་རྨིས་པ་དང་ཕྲད་པས་བརྫིས་ཏེ་ཤི་བར་གྱུར་ཏོ། །དེ་ལྟར་བུ་ཤི་བ་ཕ་མས་ཐོས་ནས་སྐད་ཕྱུང་ནས་ངུ་ཞིང་ཆོ་ངེས་བཏབ་ནས་
ས་ལ་འགྲེ་ཞིང་ལུས་ལ་ས་རྡུལ་བགོས་ཏེ་སྐྲ་ཡང་བལ་ནས་ནང་གཅིག་ཏུ་བདག་གི་རིན་པོ་ཆེ་མེད་པར་གྱུར་ཏོ་ཞེས་སྨྲས་ཏེ། ཆོ་ངེས་བཏབ་སྟེ་བུའི་རོ་ག་ན་བ་དེར་སོང་ནས་བུ་རོ་པང་དུ་བླངས་ཏེ་བརྒྱལ་ཞིང་ཕྱིར་སངས་པ་ཙམ་དུ་ངུ་ངུ་ནས་མྱོས་པར་གྱུར་ཏོ། །གོས་ཀྱང་བོར་ནས་སྒྲེན་མོར་སོང་སོང་བ་ལས་དེ་
བཞིན་གཤེགས་པ་དང་ཕྲད་དོ། །དེ་ནས་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་དེའི་བུར་སྤྲུལ་ཏེ་བུ་དང་ཕྲད་པར་བྱས་ནས་བུའི་ཕ་མ་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། བུ་པང་དུ་བླངས་ཏེ་མྱོས་པ་ཡང་སངས་ཏེ། སེམས་ཕྱིར་སོར་ཆུད་ནས་དེ་བཞིན་གཤེགས་པས་དེ་ལ་ཆོས་སྟོན་ཏོ། །
དེས་ཆོས་ཐོས་ནས་མོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །གཞན་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་། དགེ་བའི་རྩ་བའི་སྟོབས་ནི་བསམ་གྱིས་མི་ཁྱབ་བོ། །དེའི་ཚེ་རྒྱལ་པོ་བཻ་དཱུརྱས་དམག་རྣམ་བཞི་བཤམས་ནས་ཡུལ་སེར་སྐྱ་
བ་རྣམས་ཕམ་པར་བྱས་ཏེ་ཤཱཀ་རིགས་ཀྱི་བུ་རྣམས་བཟུང་ནས་མཆན་ཁུང་ནུབ་པ་ཙམ་དུ་ས་བརྐོས་ནས་གཡོ་ཞིང་འགུལ་མི་ནུས་པར་ས་ཐམས་སུ་བཅུག་གོ། །དེ་ལྟར་ས་ཐམས་སུ་བཅུག་ནས་ཞག་བདུན་ལོན་པ་དང་། དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་ས་ཐམས་དེ་ཁྲུས་ཀྱི་རྫིང་བུར་
སྤྲུལ་ཏེ། རྫིང་བུའི་ཆུ་དེ་ཡང་ཡོན་ཏན་བརྒྱད་དང་ལྡན་ལ་མེ་ཏོག་པད་མས་སྟེང་ཡོག་གོ། །འདི་ལྟ་སྟེ། མེ་ཏོག་པད་མ་དང་། པུཎ་ཌ་རཱི་ཀ་དང་། ཁ་དོག་སྔོན་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་ཤིང་རྟའི་ཕང་ལོ་ཙམ་གྱིས་ཡོངས་སུ་ཁེབས་ལ་བྱ་རྣམ་པ་སྣ་ཚོགས་ཀྱང་སྐད་སྙན་པ་འབྱིན་པར་སྤྲུལ་ཏོ།

དེའི་ཚེ་ཤཱག་རིགས་ཀྱི་བུ་རྣམས་དེ་ལྟར་གྱུར་པས་རབ་ཏུ་དགའ་བའི་སེམས་བསྐྱེད་ནས་མོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྒྱལ་པོ་བཻ་དཱུརྱས་བལ་གྱི་གླང་པོ་ཆེ་ནག་པོ་མ་རུངས་པ་ལྔ་བརྒྱ་ཆང་བླུད་དེ་རྨིས་པར་བྱས་ནས་རྐང་པ་
ལ་ལྕགས་ཀྱི་རྨིག་པ་བསྐོན་ནས་སྣ་ལ་རལ་གྲི་རྣོན་པོ་བཏགས་ནས་སྐད་ངན་ཕྱུང་སྟེ་ཤཱག་རིགས་ཀྱི་བུ་རྣམས་བརྫིར་བཅུག་གོ། །བ་ལང་རྨིག་པ་རྣམས་ཀྱིས་ཤཱག་རིགས་ཀྱི་བུ་རྣམས་བརྫིས་ནས་ལྷུ་ཚིགས་དང་། ཤ་དང་། པགས་པ་དང་། རུས་པ་ཀུན་ཞིབ་མོར་ས་ལ་བཙོག་བཙོག་ལྟར་བཞག་གོ། །
དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་དེ་དག་སེམས་དང་ལུས་ལ་མི་བདེ་བ་མེད་པར་གྱུར། ལུས་དང་སེམས་བདེ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་མཉམ་སྙོམས་པའི་སེམས་སུ་གྱུར། སེམས་མཉམ་པར་གྱུར་པས་ཞེ་
སྡང་གི་སེམས་མེད་པར་གྱུར། ཞེ་སྡང་མེད་པས་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེ་ལྟར་མཐོ་རིས་ཀྱི་ལྷར་སྐྱེས་ནས་ལྷའི་མིག་གིས་ཐོག་མ་རྒྱུ་ཅི་ལས་གྱུར་པ་བརྟགས་ནས་གཅིག་ལ་གཅིག་འདི་སྐད་དུ་བདག་ཅག་ནི་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་བཀའ་དྲིན་གྱིས་ལྷར་སྐྱེས་ཏེ། རིན་པོ་ཆེ་སྣ་བདུན་
གྱི་གཞལ་ཡས་ཁང་དང་ལྷ་རྫས་ཀྱི་གོས་དམ་པ་དང་ལྡན་ཏེ། ལུས་ལ་འོད་ཀྱང་ཡོད་ལ་རོལ་མོ་དང་བདེ་བའི་ལོངས་སྤྱོད་ཐམས་ཅད་དང་ལྡན་པར་གྱུར་ཏོ་ཞེས་སྨྲས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མཐུས་དེ་ལྟར་གྱུར་པས་ན་བདག་ཅག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་
དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། སངས་རྒྱས་ཀྱི་ཆོས་གང་ན་ཡོད་པ་ན་གྲོང་ངམ། གྲོང་རྡལ་ལམ། རིའམ། ཚལ་ལམ། ཤིང་དྲུང་ངམ། ཕོ་བྲང་འཁོར་རམ། ཁང་ཁྱིམ་མམ། གང་ན་མདོ་སྡེ་འདི་འདྲིའམ། ཀློག་གམ། འདོན་ཏམ། འཆད་པའི་གནས་དེར་ཆོས་ཀྱང་མི་བྲེལ་བ་ཡིད་བཞིན་དུ་
སྦྱར་ཞིང་དབུལ་བར་བྱའོ། །གནས་དེར་མཚོན་གྱིས་གནོད་པར་བྱེད་པ་དང་། རིམས་ནད་དང་། མུ་གེ་མི་འབྱུང་བར་བདག་ཅག་གིས་ཉིན་མཚན་དུ་བསྲུང་ཞིང་བསྐྱབ་པར་བགྱིའོ། །ཞེས་དེ་སྐད་ཅེས་སྨོན་ལམ་བཏབ་ནས་ལྷ་དེ་དག་གི་ཚེ་དང་། སྟོབས་དང་། ལུས་ཀྱི་མདོག་དང་། འོད་གསལ་བ་

སྔ་བས་ཀྱང་ལྷག་པར་བཟང་བར་གྱུར་ཏེ། དེ་དག་རབ་ཏུ་དགའ་ནས་ནམ་མཁའི་ཕྱོགས་ནས་ཕྱིར་དོང་ངོ་། །གཞན་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པའི་ཐུགས་རྗེ་ཆེན་པོ་དང་། དགེ་བའི་རྩ་བའི་སྟོབས་ནི་བསམ་གྱིས་མི་ཁྱབ་བོ། །དེའི་ཚེ་རྒྱལ་པོ་བཻ་དཱུརྱས་ཡུལ་སེར་སྐྱ་ཕབ་ནས་
ཤཱག་རིགས་ཀྱི་བུ་རྣམས་མེད་པར་བྱས་པའི་འོག་ཏུ་ཤཱག་རིགས་ཀྱི་བུ་མོ་བཟང་མོ་ཅི་ལ་ཡང་མཁས་པ་གཞན་པས་ལྷག་པ་ལྔ་བརྒྱ་ཞིག་གདམས་ནས་བུ་མོ་ལྔ་བརྒྱས་སྐོར་ཏེ། རོལ་མོ་བྱས་ནས་ཕྱིར་བདག་གི་ཡུལ་དུ་འོངས་ཏེ། བཙུན་མོ་དང་སླས་རྣམས་བཅས་སུ་ཕོ་བྲང་དུ་འདུས་ཚོགས་ནས་སྐྱིལ་མོ་ཀྲུང་
བཅས་ཏེ་འདུག་གོ། །གདན་ལ་འདུག་ནས་བདག་སྐྱིད་དོ་ལེགས་སོ་ཞེས་སྨྲས་སོ། །དེ་ནས་ཤཱག་རིགས་ཀྱི་བུ་མོ་རྣམས་ཀྱིས་རྒྱལ་པོ་བཻ་དཱུརྱ་ལ་ཁྱོད་ཅིས་སྐྱིད་ཅེས་སྨྲས་སོ། །རྒྱལ་པོས་སྨྲས་པ། ཁོ་བོ་དགྲ་ལས་རྒྱལ་བས་སྐྱིད་དོ། །བུ་མོ་རྣམས་ཀྱིས་སྨྲས་པ། ཁྱོད་རྒྱལ་བ་མ་ཡིན་ནོ། །ཇི་སྟེ་
རྒྱལ་པོའི་དམག་རྣམ་བཞི་ཀུན་ལོག་ན་ཡང་ཤཱག་རིགས་ཀྱི་བུ་གཅིག་ལས་མི་ཐུབ་བོ། །བདག་ཅག་ཤཱག་རིགས་ཀྱི་མི་རྣམས་སངས་རྒྱས་ཀྱི་སློབ་མར་གྱུར་ཏེ། ཅི་ལ་ཡང་བརྟོད་པ་མེད་པས་རྒྱལ་པོ་རྒྱལ་བར་ཟད་དོ། །གལ་ཏེ་ངན་སེམས་བསྐྱེད་ནས་ཁྱོད་སྔ་ཕྱི་ལན་གསུམ་བཞིའི་བར་དུ་ཡུལ་སེར་སྐྱར་
དམག་རྣམ་བཞི་དྲངས་པ་ན་རྟག་ཏུ་ཕམ་པར་བྱས་པ་མ་ཡིན་ནམ། ཁྱོད་ཐོག་མ་དམག་དྲངས་པའི་ཚེ་ཤཱག་རིགས་ཀྱི་བུ་རྣམས་འདི་སྐད་ཟེར་རོ། །རྒྱལ་པོ་བཻ་དཱུརྱ་ཁྲེལ་མེད་པ་དྲིན་མི་ཤེས་པར་གནོད་པ་བྱེད་དུ་འོང་བ་དེ་དང་འགྱེད་པར་གྱུར་ན་མཛངས་ངན་གྱི་བྱེ་བྲག་གང་ཡང་མེད་དཀར་ནག་ཀྱང་མི་མངོན་
གྱིས། བདག་ཅག་གིས་སྐྲག་པ་ཙམ་བྱས་ཏེ་ཕྱིར་བཟློག་པའི་ཕྱིར་ཐམས་ཅད་ཀྱིས་འདི་སྐད་ཅེས་དམ་བཅས་སོ། །བདག་ཅག་གིས་མདའ་ཅིག་ཅར་འཕངས་ལ་ཕ་རོལ་ལ་སྨས་ཤིང་གནོད་པར་མི་བྱའོ་ཞེས་དམག་རྣམ་བཞི་བཤམས་ནས་རྒྱང་གྲགས་བཞི་བཅུའི་མདུན་དུ་ཁྱོད་ཀྱི་དམག་བསུ་ནས་ཀུན་གྱིས་
མདའ་འཕངས་ན་མདའི་རྒྱུན་མ་ཆད་དེ། རྒྱལ་པོ་ཁྱོད་སྐྲག་ནས་ཕྱིར་མ་ལོག་གམ། དེ་ནས་ཡང་ཞག་དགུ་བཅུ་ལོན་པའི་འོག་ཏུ་ཕྱིར་དམག་རྣམ་བཞི་དྲངས་ནས་ཤཱག་རིགས་ལ་དྲངས་ཏེ་བརྒལ་བ་ན། དེའི་ཚེ་ཤཱག་རིགས་ཀྱི་བུ་རྣམས་འདི་སྐད་ཅེས་བགྲོས་སོ། །རྒྱལ་པོ་བཻ་དཱུརྱ་སྡིག་པ་ཅན་

ཁྲེལ་དང་ངོ་ཚ་མི་ཤེས་པ་ད་ཡང་བདག་ཅག་ལ་གནོད་པ་བྱེད་དུ་འོངས་པས་བདག་ཅག་ཤཱག་རིགས་རྣམས་ཀྱིས་འདི་ལྟར་དམ་བཅའོ། །དགྲ་དེ་དག་ལ་བདག་གིས་ཅིག་ཅར་མདའ་འཕངས་ལ་དེ་དག་གི་ལུས་ལ་གནོད་པར་མི་འགྱུར་བར་དེའི་ཡ་ལད་ཀྱི་རྒྱུན་ཀུན་བཅད་དེ། ཁྲབ་
ཀྱིས་ལ་ལྷགས་པར་བྱའོ་ཞེས་དམ་བཅས་ནས་ཤཱག་རིགས་ཀུན་གྱིས་མདའ་འཕངས་ནས་ཁྲབ་ཀྱི་རྒྱུན་ཀུན་བཅད་དེ་སྒྲེན་མོར་བཞག་གོ། །དེ་ནས་རྒྱལ་བུ་ཁྱོད་སྐྲག་ནས་དེ་ནི་བདག་ཅག་གི་སྲོག་ལ་བབ་ན་ཇི་ལྟར་བྱ་ཞེས་བགྲོས་པ་ལས་བློན་པོ་གཅིག་གིས་འདི་སྐད་ཅེས་གྲོས་མ་བཏབ་བམ།
ཤཱག་རིགས་རྣམས་ནི་སངས་རྒྱས་ཀྱི་སློབ་མ་ཡིན་པས་སྲོག་མི་གཅོད་པའི་ཁྲིམས་བསྲུངས་ཏེ་སྙིང་རྗེ་ཆེ་བས་བདག་ཅག་ལ་གནོད་པ་མ་བྱས་ཀྱི་དེ་ལྟ་མ་ཡིན་ན་བདག་ཅག་གི་ལུས་དང་སྲོག་མེད་པར་འགྱུར་རོ་ཞེས་སྨྲས་ནས་དེ་ལྟར་བདེན་ན་ད་དུང་དུ་བརྒལ་ལོ་ཞེས་སྨྲས་ཏེ། དེའི་ཚེ་ན་ཤཱག་རིགས་
ཀྱི་བུ་རྣམས་ནི་ལག་པ་མི་འགུལ་བར་སྡོད་དོ། །རྒྱལ་པོ་བཻ་དཱུརྱའི་དམག་རྣམ་བཞི་དྲུང་དུ་བསྙེན་ཀྱང་ཤཱག་རིགས་ཀྱི་བུ་རྣམས་མི་རྒོལ་བར་སྡོད་དོ། །དེ་ནས་བྲམ་ཟེ་ཞིག་འདུག་པས་ཤཱག་རིགས་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ད་མི་བདེ་བ་བྱུང་བཞིན་དུ་ཅིའི་ཕྱིར་མི་རྒོལ་བར་སྡོད་ཅེས་
སྨྲས་པ་དང་། ཤཱག་རིགས་རྣམས་ཀྱིས་སྨྲས་པ། བདག་ཅག་ནི་ཅི་ལ་ཡང་བརྟོད་པ་མེད་དེ། གལ་ཏེ་འདི་དང་བརྟོད་པར་གྱུར་ན་སངས་རྒྱས་ཀྱི་སློབ་མར་མི་རུང་ངོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་དེ་དག་གིས་སྨྲས་པ་ལ་མ་རངས་ཏེ། གཅིག་པུ་ཤཱག་རིགས་ཀྱི་མདུན་དུ་འཕགས་ནས་རྒྱལ་
པོ་བཻ་དཱུརྱའི་དམག་ལ་བརྒལ་ཏེ་མདའ་གཅིག་འཕངས་པས་མི་བདུན་བདུན་རྨས་པར་བྱས་པས་རིང་པོ་མི་ཐོགས་པར་རྨས་པ་དང་ཤི་བ་མང་བར་གྱུར་ཏེ། རྒྱལ་པོ་ཁྱོད་དམག་རྣམ་བཞི་དང་ཕྱིར་མ་ལོག་གམ། དམག་ཕྱིར་ལོག་པའི་འོག་ཏུ་ཤཱག་རིགས་རྣམས་འདི་སྙམ་དུ་སེམས་པར་གྱུར་ཏོ། །
བདག་ཅག་རྣམས་བྲམ་ཟེ་འདི་དང་ལྷན་ཅིག་འདུག་ཅིང་འགྲོགས་པའི་མི་རིགས་སོ་སྙམ་བསམས་ནས་ཤཱག་རིགས་རྣམས་འདུས་ནས་བྲམ་ཟེ་ཡུལ་དེ་ནས་བསྐྲད་དོ། །བྲམ་ཟེ་དེ་བསྐྲད་པའི་འོག་ཏུ་ཡང་རྒྱལ་པོས་དམག་རྣམ་བཞི་དྲངས་ནས་ཡུལ་སེར་སྐྱ་ཕབ་ནས་རྒྱལ་བར་བྱས་པ་ཡིན་ནོ། །དེ་

ནས་རྒྱལ་པོ་བཻ་དཱུརྱ་སྐྱེངས་ཏེ་ངོ་ཚ་བར་གྱུར་ཏོ། །དེ་ནས་རིགས་ངན་པའི་ཤན་པ་བཀུག་ནས་ཤཱག་རིགས་ཀྱི་བུ་མོ་རྣམས་རྐང་པ་དང་ལག་པ་གཏུབས་ལ་སྣ་དང་རྣ་བ་བཅད་དེ་ཤིང་རྟས་བསྐྱས་ནས་དུར་ཁྲོད་དུ་བོར་རོ། །དེའི་ཚེ་ཤཱག་རིགས་ཀྱི་བུ་མོ་རྣམས་རྐང་ལག་བཅད་ནས་ས་ལ་འགྲེ་ཞིང་སྡུག་
བསྔལ་ཆེན་པོ་མྱོང་བར་གྱུར་ནས་སྲོག་ལ་བབ་བོ། །དེའི་ཚེ་ཤཱག་རིགས་ཀྱི་བུ་མོ་རྣམས་སྡུག་བསྔལ་གྱིས་གདུངས་པས་ལ་ལ་ནི་ཕ་མ་དང་མིང་པོ་དང་ཕུ་ནུ་མོའི་མིང་ནས་འབོད། ལ་ལ་ནི་གནམ་འབོད། ལ་ལ་ནི་ས་འབོད། ལ་ལ་ནི་རབ་ཏུ་སྡུག་བསྔལ་བར་འབོད་པར་གྱུར་ཏོ། །དེའི་ནང་ན་
ཤཱག་རིགས་ཀྱི་བུ་མོ་མཆོག་ཏུ་གྱུར་པ་གཅིག་གིས་བུ་མོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་འདི་ལྟར་རིག་པར་གྱིས་ཤིག །བདག་གིས་སྔོན་སངས་རྒྱས་ལས་འདི་ལྟར་ཐོས་སོ། །གང་ཞིག་ཕོངས་ཤིང་ཉམ་ཐག་པར་གྱུར་པ་ན་སེམས་རྩེ་གཅིག་ཏུ་སངས་རྒྱས་ཡིད་ལ་བྱས་ཏེ་
མཚན་ནས་བརྗོད་ལ་སྲོག་ཕྱོགས་ན་བསམ་པ་བཞིན་དུ་འགྲུབ་ཅིང་བདེ་བར་འགྱུར་རོ་ཞེས་ཐོས་སོ། །དེ་ནས་ཤཱག་རིགས་ཀྱི་བུ་མོ་ལྔ་བརྒྱ་རྣམས་སེམས་རྩེ་གཅིག་ཏུ་བཏུད་ནས་འཐུན་པར་སངས་རྒྱས་ཤཱཀྱ་ཐུབ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་
བརྗོད་དེ། ཀྱི་ཧུད་ཀྱི་ཧུད། ཨེ་མ་རེ་སྡུག །ཨེ་མ་རེ་སྡུག །བཅོམ་ལྡན་འདས་བདེ་བར་གཤེགས་པ་ཞེས་བོས་སོ། །དེ་སྐད་སྨྲས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་སྟེང་གི་ནམ་མཁའ་ལ་སྙིང་རྗེ་ཆེན་པོའི་སྤྲིན་ཆགས་ཏེ། སྙིང་རྗེ་ཆེན་པོའི་སྤྲིན་ལས་ཆར་པ་
བབ་ནས་ཆར་པའི་ཐིགས་པས་བུ་མོའི་ལུས་ལ་ཕོག་གོ། །ཆར་པས་ཕོག་མ་ཐག་ཏུ་བུ་མོ་དེ་དག་གི་ལག་པ་དང་། རྐང་པ་ལ་སོགས་པ་ཡན་ལག་ཐམས་ཅད་སྔ་མཁོ་བཞིན་དུ་སོས་པར་གྱུར་ཏོ། །དེའི་ཚེ་ཤཱག་རིགས་ཀྱི་བུ་མོ་རྣམས་རབ་ཏུ་དགའ་བར་གྱུར་ནས་ཐམས་ཅད་ཚིག་འཐུན་པར་དེ་
བཞིན་གཤེགས་པ་བྱམས་པའི་ཕ་མ་དང་། བླ་ན་མེད་པ་བཅོམ་ལྡན་འདས་ནི་འཇིག་རྟེན་གྱི་སྨན་དམ་པའོ། །འཇིག་རྟེན་གྱི་སྣང་བའི་སྤྱན་ནོ། །ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་བར་མཛད་པའོ། །ཤིན་ཏུ་བདེ་བ་སྦྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་སྡུག་བསྔལ་

གྱིས་གདུངས་པ་ལས་ཐར་བར་གྱུར་པས་བདག་ཅག་གིས་སངས་རྒྱས་ཀྱི་བཀའ་དྲིན་དྲན་པར་བྱ་བའི་ཕྱིར་ད་སངས་རྒྱས་ཀྱི་བཀའ་དྲིན་བསབ་པར་བྱ་ན་ཐབས་ཇི་ལྟ་བུ་ཞིག་གིས་བཀའ་དྲིན་བསབ་པར་བྱ། དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེའི་སྐུ། རྟག་ཏུ་གནས་པའི་
སྐུ། བཀྲེས་པ་དང་སྐོམ་པ་མེད་པའི་སྐུ། གཟུགས་དམ་པའི་སྐུ། བསམ་གཏན་དང་། ཏིང་ངེ་འཛིན་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་བསམ་གྱིས་མི་ཁྱབ་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་
པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་ཤིང་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ། །དགྲ་དང་གཉེན་ལ་ཡང་མཉམ་པར་གཟིགས་ཏེ་ལན་མི་རེ་བ་ཡིན་ན། ད་བདག་ཅག་གིས་སངས་རྒྱས་ཀྱི་
བཀའ་དྲིན་བསབ་པར་བྱ་ན། བདག་ཅག་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་བསྲུངས་ལ་དམ་པའི་ཆོས་གཟུང་ངོ་སྙམ་བསམས་ནས། ཆོས་གོས་དང་ལྷུང་བཟེད་བཙལ་ཏེ། དགེ་སློང་མའི་གཙུག་ལག་ཁང་དུ་སོང་ནས་རབ་ཏུ་འབྱུང་བར་གསོལ་ཏེ་དགེ་སློང་མའི་གནས་སུ་ཕྱིན་ནས་དགེ་སློང་མ་
དྲུག་སྡེ་དང་སྔར་ཕྲད་པར་གྱུར་ཏེ། དགེ་སློང་མ་དྲུག་སྡེས་བདག་ཅག་ལ་འདི་སྐད་ཅེས་བསྒོའོ། །བུ་མོ་ཁྱོད་རྣམས་གཞོན་ཞིང་ལང་ཚོའི་དུས་ལ་བབ་ལ་བྱད་བཞིན་བཟང་ལ་སྡུག་ན་ཅིའི་ཕྱིར་འདི་ལྟ་བུ་གཏང་དཀའ་བ་གཏོང་བར་སེམས་ཤིང་རབ་ཏུ་འབྱུང་བར་སེམས། དེ་བས་ན་འཇིག་རྟེན་
གྱི་འདོད་པ་ལྔ་ལས་ལོངས་སྤྱད་ན་མི་སྐྱིད་དམ། སྐྱིད་པ་མྱོང་ནས་ཚེ་ནར་ཕྱིན་ཏེ་རབ་ཏུ་བྱུང་ན་མི་སླེབས་སམ་ཞེས་བསྒོའོ། །དྲུག་སྡེ་མ་རྣམས་ཀྱིས་བསམས་པ། འདི་དག་རབ་ཏུ་མ་བྱུང་ན་གདོན་མི་ཟ་བར་བདག་ཅག་གི་ཆོས་གོས་དང་། ལྷུང་བཟེད་དང་། འདོད་པ་ཐམས་ཅད་དབུལ་བར་
འགྱུར་རོ་བསམས་ནས་ཤཱག་རིགས་ཀྱི་བུ་མོ་རྣམས་རབ་ཏུ་འབྱུང་བའི་བགེགས་བྱས་སོ། །བུ་མོ་རྣམས་ཀྱིས་ཚིག་དེ་ཐོས་ནས་ལྷག་པར་མི་དགའ་ཞིང་མྱ་ངན་གྱིས་ནོན་པར་གྱུར་ཏེ། ཅིའི་ཕྱིར་ད་དུང་ཡང་འདི་ལྟ་བུའི་འཇིགས་པ་ཆེན་པོ་དང་ཕྲད་པར་འགྱུར། ཁ་ཟས་བཟང་པོའི་ནང་ན་དུག་མ་

རུངས་པ་ཡོད་པ་ལྟར་དགེ་སློང་མ་དེ་དག་ཀྱང་དེ་དང་འདྲ་སྟེ། འཇིག་རྟེན་གྱི་འདོད་པ་ལྔ་ནི་འཇིགས་པའི་སྐྱོན་མང་བར་བདག་ཅག་གིས་ཀྱང་ཤེས་ན། ཅིའི་ཕྱིར་འདི་དག་དེ་ལ་ཡོན་ཏན་དུ་ལྟ་སྙམ་བསམས་ནས་སྐད་ཕྱུང་སྟེ་ངུས་སོ། །དེ་ནས་ཕྱིར་བྱུང་སྟེ་སོང་སོང་བ་ལས་དགེ་སློང་མ་ཨུད་པ་ལའི་
མདོག་དང་ཕྲད་དེ། བདག་ཅག་ལ་ཅིའི་ཕྱིར་ངུ་ཞེས་དྲིས་སོ། །བདག་ཅག་གིས་དགེ་སློང་མ་ལ་བསམས་པ་ལྟར་མ་གྱུར་པས་ངུ་བ་ཡིན་ནོ་ཞེས་སྨྲས་སོ། །ཨུད་པ་ལའི་མདོག་གིས་སྨྲས་པ། ཁྱེད་ཅིར་བསམས་ན་མ་གྲུབ་པར་གྱུར། བདག་ཅག་གིས་རབ་ཏུ་དབྱུང་བར་གསོལ་བ་ལས་
རབ་ཏུ་འབྱུང་དུ་མ་གནང་ངོ་། །ཨུད་པ་ལའི་མདོག་གིས་སྨྲས་པ། ཁྱེད་རབ་ཏུ་འབྱུང་བར་དགའ་ན་ཁོ་བོས་རབ་ཏུ་དབྱུང་ངོ་། །ཤཱག་རིགས་ཀྱི་བུ་མོ་རྣམས་རབ་ཏུ་དགའ་ནས་ཨུད་པ་ལའི་མདོག་གི་སློབ་མར་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ཏུ་བྱུང་ནས་ཐམས་ཅད་འདུས་ཏེ་འདི་སྐད་ཅེས་གཏམ་བྱས་
སོ། །བདག་ཅག་རྣམས་རབ་ཏུ་མ་བྱུང་ན་སྡུག་བསྔལ་འགའ་ཙམ་མྱོང་བར་མ་ཟད་དེ། ཕ་མ་དང་གཉེན་བཤེས་ཀྱང་དགྲས་བསད། བདག་ཅག་ཀྱང་སྣ་དང་། རྣ་བ་དང་། རྐང་ལག་ཀུན་བཅད་གཏུབས་ཏེ་སྡུག་བསྔལ་མི་ཟད་མི་སྲིད་པ་མྱོང་ངོ་། །ཨུད་པ་ལའི་མདོག་གིས་སྨྲས་པ། ཁྱོད་
ཀྱིས་སྡུག་བསྔལ་དེ་ཙམ་མྱོང་བ་ལ་གཏམ་ཡང་བྱར་ཅི་ཡོད། ཁོ་མོ་རབ་ཏུ་མ་བྱུང་བ་ཙམ་ན་སྡུག་བསྔལ་མྱོང་བའི་གཏམ་དེ་མི་གཏོལ་ཏོ། །ཤཱག་རིགས་ཀྱི་བུ་མོ་རྣམས་ཀྱིས་ཐལ་མོ་སྦྱར་ནས་སློབ་དཔོན་མ་ལ་རབ་ཏུ་མ་བྱུང་བའི་ཚེ། སྡུག་བསྔལ་ཇི་ལྟ་བུ་མྱོང་བ་བསྟན་དུ་གསོལ་ཞེས་སྨྲས་སོ། །
དེ་ནས་དགེ་སློང་མ་ཨུད་པ་ལའི་མདོག་ཏིང་ངེ་འཛིན་དུ་ཞུགས་ནས་མངོན་པར་ཤེས་པའི་མཐུས་འོད་ཟེར་ཆེན་པོ་བཀྱེ་སྟེ་འཛམ་བུའི་གླིང་སྣང་བར་བྱས་ནས་ལས་དང་རྒྱུ་འཐུན་པས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་བསྡུས་ནས་འཁོར་མང་པོ་ལ་འདི་སྐད་ཅེས་
སྨྲས་སོ། །ཁོ་མོ་རབ་ཏུ་མ་བྱུང་བ་ན་ཡུལ་མཉན་དུ་ཡོད་པ་ཅན་ན་འདུག་པ་ན་ཁོ་མོའི་ཕ་མས་བྱང་ཕྱོགས་ན་གནས་པའི་མི་དེ་ལ་བག་མར་བཏང་ངོ་། །བྱང་ཕྱོགས་ཀྱི་མི་དེ་དག་གི་ཡུལ་ཆོས་ཀྱིས་བུ་བཙའ་ཀར་ཕྱིར་ཕ་མའི་ཡུལ་དུ་བུ་བཙར་བཏང་སྟེ། དེ་བཞིན་དུ་ལོ་དུ་མར་དེ་ལྟར་སྔ་ཕྱིར་བུ་བཙས་

ནས་ཕྱིས་བུ་ཞིག་བཙའ་བའི་ཚེ་ཁྱིམ་ཐབ་དང་འགྲོགས་ཏེ་བཞོན་པ་རྟ་དང་ཐེག་པར་བཅས་ཏེ་ཕ་མའི་ཡུལ་དུ་སོང་བ་ལས། ལམ་ཕྱེད་དུ་ཕྱིན་པ་ལས་ཆུ་ཀླུང་ཡོད་པ་ཆུ་བྲུག་སྟེ་མ་ཐར་ནས་དེའི་ནུབ་མོ་འབྲོག་དགོན་པའི་ཆུ་འགྲམ་དེར་ཉལ་ལོ། །དེའི་ནུབ་མོ་བུ་བཙས་པ་
དང་རྩྭའི་ནང་ནས་སྦྲུལ་གདུག་པ་ཡོད་པ་ཁྲག་གི་དྲི་ཚོར་ནས་བདག་བུ་བཙས་པའི་ཕྱོགས་སུ་འོངས་སོ། །བདག་གི་དྲུང་དུ་མ་ཕྱིན་པར་བདག་གི་ཁྱིམ་ཐབ་དང་བྲན་ཉལ་བའི་སྟེང་དུ་འོངས་ནས་བཙུགས་ཏེ་སྔར་བྲན་བསད་དོ། །དེ་ནས་ཁྱིམ་ཐབ་ཀྱི་ཐོག་ཏུ་འོངས་ནས་བདག་གིས་སྦྲུལ་འོངས་
སོ། །སྦྲུལ་འོངས་སོ་ཞེས་ཁྱིམ་ཐབ་ལ་བོས་ན་མ་ཚོར་ཏེ་ཁྱིམ་ཐབ་ཀྱང་བསད་དོ། །དེ་ནས་རྟ་དང་། བ་ལང་དང་། བཞོན་པ་ཀུན་བསད་དོ། །ཁོ་མོ་འབའ་ཞིག་ཐར་ཏེ་ཕྱི་དེ་ཉིན་ནམ་ནངས་ནས་བལྟས་ན་ཁྱིམ་ཐབ་ཀྱི་རོ་ཡང་བམ་ཞིང་། ས་ལ་ཁྲག་བཙོག་བཙོག་ལྟར་འདུག་པ་མཐོང་ནས་ཁོ་
མོ་སྐྲག་འཁམས་ནས་ས་ལ་འགྱེལ་ཏོ། །དེ་ནས་སྐད་ཆེན་པོ་ཕྱུང་སྟེ་ངུས་ནས་ཁུ་ཚུར་གྱིས་བྲང་བརྡུངས། སྐྲ་ཡང་བལ་ནས་རོའི་སྟེང་དུ་འགྱེལ་ཏོ། །དེ་བཞིན་དུ་ཞག་དུ་མར་ཆུ་ལས་མ་ཐར་ཏེ། ཆུ་འགྲམ་ན་འདུག་འདུག་པ་ལས་ཕྱིས་ཆུ་བྲུག་པ་བྲི་ནས་བུ་ཆེན་པོ་ཚུ་རོལ་དུ་བཞག །བུ་འབྲིང་
པོ་ཁུར་དུ་ཁྱེར། བུ་ཆུང་ངུ་ཐུ་བའི་ནང་དུ་བཅུག །ཐུ་བ་སོས་བཟུང་སྟེ་ཆུ་འབོགས་པ་ལས་ཆུ་ཕྱེད་དུ་ཕྱིན་པ་དང་། ཕྱིར་བུ་ལ་བལྟས་ན་བུ་ཆེན་པོ་སྟག་གཅིག་འོངས་ནས་བཟུང་བ་མཐོང་བ་དང་། ཁ་གདངས་ཏེ་ཁུས་བཏབ་པ་ལས་ཐུ་བ་ཤོར་བ་དང་བུ་ཆུང་ངུ་ཆུར་ལྷུང་ངོ་། །བུ་ཆུང་ངུ་བསྙབས་
པ་ལས་རྒྱབ་ན་མོའི་བུ་ཡང་ཤོར་ནས་བུ་ཀུན་ཤིའོ། །དེ་ལྟར་བུ་གཅིག་སྟག་གིས་ཟོས། གཞན་ཆུར་ཤི་བས་བདག་ཕ་རོལ་ཏུ་ཕྱིན་ཏེ་སྙིང་གས་པ་ཙམ་དུ་སྡུག་བསྔལ་གྱིས་གདུངས་ནས་ཁ་ནས་ཁྲག་སྐྱུགས་ཏེ། ཀྱི་ཧུད་ཀྱི་ཧུད་ཅེས་ཆོ་ངེས་བཏབ་ནས་ནང་གཅིག་ཏུ་འདི་འདྲ་བའི་སྡུག་
བསྔལ་མྱོང་བར་འགྱུར་བར་མཐོང་བར་གྱུར་ཏོ་ཞེས་ངུ་ཞིང་འདུག་འདུག་པ་ལས། རིང་པོ་མ་ཐོགས་པར་འདྲོན་པོ་མང་པོ་ཞིག་དེར་ལྷགས་སོ། །དེའི་ཚེ་ན་འདྲོན་པོ་དེ་དག་གི་ནང་ན་ཁྱིམ་བདག་གཅིག་ཅིག་ཁོ་མོའི་ཕ་མ་དང་མཛའ་ཞིང་བཤེས་པ་ཞིག་སྟེ། ཁོ་མོ་དེའི་གན་དུ་སོང་སྟེ་ཕ་

མའི་གཏམ་དྲིས་སོ། །དེ་ལ་ཁྱིམ་བདག་དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཕ་མ་དང་ཁྱིམ་དུ་མེ་ཐར་ཏེ་ཁྱིམ་ཡང་ཚིག་གོ། །ཁྱོད་ཀྱི་ཕ་མ་ཡང་ཚིག་གོ། །བདག་གིས་ཚིག་དེ་ཐོས་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་ཏེ་སོང་སོང་བ་ལས་གྲོགས་པོ་
རྣམས་མི་རྒོད་ལྔ་བརྒྱ་དང་ཕྲད་དེ་བཅོམ་མོ། །དེའི་ཚེ་མི་རྒོད་ཀྱི་དཔོན་པོས་བདག་ཆུང་མར་བླངས་ནས་རྟག་ཏུ་སྒོ་སྲུང་དུ་བཅུག་གོ། །སྒོ་སྲུང་དུ་བཅུག་པ་ན་རིངས་དྲག་ཅིག་བྱུང་བ་ན་ཚོར་སང་ཆེར་བྱོས་ལ་ནང་དུ་སྦྲོན་ཅིག་ཅེས་བསྒོའོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་ཐབ་དེ་མི་རྒོད་རྣམས་
དང་འཕྲོག་ཅིང་འཇོམས་སུ་སོང་སོང་བ་ལས་རྒྱལ་པོའི་གྲོང་ཁྱེར་གྱི་མི་རྣམས་ཀྱིས་བདས་ནས་ཉམ་ཐག་སྟེ་ཕྱིར་གནས་སུ་བྲོས་པ་ལས་དེའི་ཐད་ཀར་ཁོ་མོ་བུ་བཙའ་བའི་ཐད་ཀར་བབ་སྟེ། ཁྱིམ་ཐབ་སྒོ་ན་འབོད་པ་ཐོས་ཀྱང་སྒོ་འབྱེད་མ་ནུས་པས། དེའི་ཚེ་ཁྱིམ་ཐབ་དེ་འདི་སྙམ་དུ་སེམས་
པར་གྱུར་ཏོ། །བདག་གི་ཆུང་མ་འདི་ནི་ང་ལ་གནོད་པ་བྱེད་པར་སེམས་པ་ལྟ། སྒོ་འབྱེད་དུ་ཡང་མ་བཏུབ་བོ་སྙམ་བསམས་ནས་རྩིག་པ་ལ་རྒལ་ནས་ནང་དུ་འོངས་སོ། །དེས་ཆུང་མ་ལ་ཅིའི་ཕྱིར་སྒོ་མི་འབྱེད་ཅེས་བྱས་སོ། །ཆུང་མས་སྨྲས་པ། བདག་བུ་བཙའ་ཞིང་འདུག་པས་སྒོ་འབྱེད་མ་ནུས་སོ། །
དེའི་ཚེ་ན་ཁྱིམ་ཐབ་དེ་ཁྲོས་ནས་ཇི་ཙམ་དུ་ལུས་ཡོད་ན་བུ་ཡོད་པར་འགྱུར་ཏེ། ཁྱོད་ང་ལ་གནོད་པ་བྱས་པས་བུ་དེ་བདོག་ན་ཡང་ཅི་རུ་རུང་མྱུར་དུ་སོད་ཅིག་ཅེས་བསྒོའོ། །དེའི་ཚེ་བདག་བུ་ལ་བྱམས་ཆེས་པས་གསོད་མ་ཕོད་དོ། །དེ་ནས་བདག་གི་ཁྱིམ་ཐབ་ཀྱིས་རལ་གྲི་ཕྱུང་ནས་བུའི་རྐང་ལག་བཅད་དེ་ཤ་
འདི་ཟོ་ཤིག །ཤ་མ་ཟོས་ན་མགོ་གཅད་དོ་ཞེས་སྨྲས་སོ། །དེ་ནས་བདག་སྐྲག་ནས་བུའི་ཤ་ཟོས་སོ། །དེ་ལྟར་བུའི་ཤ་ཟོས་ནས་ཁྲོ་བ་ཡང་ཞི་བར་གྱུར་ཏོ། །དེ་ནས་ཡང་དུས་གཞན་ཞིག་ན་རྐུ་ཞིང་འཕྲོག་ཏུ་སོང་སོང་བ་ལས་རྒྱལ་པོས་ཟིན་ཏེ་ཁྲིམས་དང་སྦྱར་ནས་སྲོག་བཅད་དོ། །དེའི་ཚེ་ན་རྒྱལ་
པོ་དེའི་ཡུལ་ཆོས་ཀྱིས་རྐུན་པོ་བསད་ནས་རྐུན་པོའི་རོ་དང་ཆུང་མ་གསོན་པོར་དུར་དུ་བཅུག་གོ། །ཁོ་མོ་རྒྱན་དང་བཅས་སུ་དུར་དུ་བཅུག་པར་གཞན་གྱིས་མཐོང་ནས་དེ་ནས་མོད་ལ་གཞན་གྱིས་བདག་གི་རྒྱན་འདོད་པའི་ཕྱིར་མཚན་མོ་དུར་བྲུས་ནས་བདག་ཀྱང་ཁྲིད་དེ་ཆུང་མར་བླངས་ནས་དུར་རྐུན་དེ་

ཡང་རིང་པོ་མ་ལོན་པར་ཡང་རྒྱལ་པོས་ཟིན་ནས་ཁྲིམས་དང་སྦྱར་ནས་བསད་དོ། །ཡུལ་ཆོས་ཀྱིས་རྐུན་པོའི་ཆུང་མ་ཡང་གསོན་པོར་རོ་དང་དུར་དུ་བཅུག་གོ། །དེ་ནས་རིང་པོ་མ་ལོན་པར་སྤྱང་ཀི་ལྟོགས་པས་རོ་ཟོས་ནས་ཕྱིར་བྱུང་ནས་བདག་ཀྱང་དེ་ནས་ཐར་ཏེ་མྱོས་བཞིན་དུ་
འཐོམ་ཞིང་སོང་སོང་བ་ལས་མི་མང་པོ་ཞིག་དང་ཕྲད་དེ། མི་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཤིན་ཏུ་སྡུག་