Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ

Văn bản gốc(Tây Tạng)

Trang 11 / 18 (50.000 ký tự/trang)
བསྔལ་མང་པོས་ཡོངས་སུ་གཟིར་བར་གྱུར་པས་ད་མྱ་ངན་མེད་པའི་བདེ་བའི་གནས་ཤིག་འདོད་དོ། །དེ་ནས་ཁྱིམ་བདག་བྲམ་ཟེ་ཞིག་བདག་ལ་སྙིང་བརྩེ་བའི་ཕྱིར་བདག་
ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་ཞུགས་ན་ཉོན་མོངས་པའི་རྐྱེན་མེད་དེ་རབ་ཏུ་བདེའོ། །ཞེས་ཐོས་སོ། །བདག་གིས་ཚིག་དེ་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གྲགས་འཛིན་མ་ག་ལ་བ་དེར་སོང་ནས་ཕྱིན་
པ་དང་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་མཐར་གྱིས་བསྒོམས་ནས་འབྲས་བུ་ཐོབ་པར་གྱུར་ཏེ། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་ཏོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཁོ་མོ་རབ་ཏུ་མ་བྱུང་བའི་ཚེ་དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་ངོ་། །
མྱོང་ནས་དེའི་རྐྱེན་གྱིས་རབ་ཏུ་བྱུང་ནས་འབྲས་བུ་ཡང་ཐོབ་པར་གྱུར་ཏོ། །དེའི་ཚེ་ཤཱག་རིགས་ཀྱི་བུ་མོ་རྣམས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །ཆོས་ཉན་པའི་འཁོར་རྣམས་ཀྱང་བྱང་ཆུབ་ཏུ་སྨོན་ལམ་
བཏབ་ནས་དགའ་བས་ཕྱིར་དོང་ངོ་། །དེའི་ཚེ་ན་སངས་རྒྱས་ཀྱི་ཡུམ་སྲུ་དགེ་སློང་མ་གཽ་ཏ་མཱིས་དགེ་སློང་མ་དང་། བར་ཁྲིམས་མ་དང་། དགེ་སྦྱོང་མ་དང་། དགེ་བསྙེན་མ་ལ་སོགས་ཏེ་བུད་མེད་ཐམས་ཅད་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀྱི་ཆོས་ནི་ཐམས་ཅད་ལ་ཕན་པ་དང་བདེ་
བར་འགྱུར་བའི་ཡོན་ཏན་དང་ལྡན་ཏེ། འབྲས་བུ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་རྒྱ་མཚོར་འཇུག་པ་ལ་སེམས་ཅན་ཐམས་ཅད་ཐོབ་པའི་སྐལ་བ་ཡོད་མོད་ཀྱི་བདག་ཅག་བུད་མེད་ཐམས་ཅད་ལ་ནི་མ་གནང་ངོ་། །དེ་ཡང་བུད་མེད་ཐམས་ཅད་ལ་

བསྒྲིབས་པ་མང་ཞིང་གཏོང་མི་ཕོད་པ་ཆགས་ཤིང་ཞེན་པ་དང་། ཀུན་ནས་ཉོན་མོངས་པའི་ལས་གྲངས་མེད་པས་གླགས་པ་དང་། ཤེས་པ་ཆུང་ཞིང་ཞེན་པ་དང་། ལེ་ལོ་བྱེད་ཅིང་ང་རྒྱལ་ཆེ་བ་དང་། ལུས་འདི་ཉིད་ཀྱིས་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཞིང་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་མི་རུང་བ་དང་། འཁོར་
བར་འཁོར་བ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འབྲས་བུའི་མཆོག་དགེ་བ་བཅུའི་ཆོས་ཀྱིས་འགྲོ་བ་མང་པོ་སྡུད་མི་ནུས་པ་དང་། ཚངས་པའི་རྒྱལ་པོའི་ཐབས་བླ་ན་མེད་པ་མི་འཐོབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མི་ནུས་པའི་
ཕྱིར་དེ་བས་ན་དེ་བཞིན་གཤེགས་པས་བུད་མེད་རྣམས་ཆོས་ལ་འཇུག་པའི་སློབ་མར་མ་གནང་ངོ་། །ལྷའི་བདུད་དམ་ངན་པར་ལྟ་བ་དང་། མུ་སྟེགས་ཅན་ཐམས་ཅད་རྟག་ཏུ་ངན་པར་ལྟ་བ་ལ་ཆགས་ཤིང་ཞེན་ཏེ་དམ་པའི་ཆོས་མེད་པར་བྱ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་བཤིག་
པར་འདོད་པ་དང་འདྲ་བར་དེ་བཞིན་གཤེགས་པས་བུད་མེད་རྣམས་སངས་རྒྱས་ཀྱི་ཆོས་ལ་མོས་ཀྱང་འཇུག་ཏུ་མ་གནང་སྟེ། ཁོ་མོས་བུད་མེད་ཐམས་ཅད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་ལན་གསུམ་གྱི་བར་དུ་སངས་རྒྱས་ཀྱི་ཆོས་ལ་འཇུག་པར་གསོལ་ན་མ་གནང་ངོ་། །དེ་ལྟར་ལན་གསུམ་
གྱི་བར་དུ་གསོལ་ཀྱང་མ་གནང་ནས་བསམས་པ་བཞིན་མ་གྱུར་ནས་ཁོ་མོ་མི་དགའ་བའི་མྱ་ངན་གྱིས་ནོན་ཏེ། མིག་མཆི་མས་གང་སྟེ་ཕྱིར་བྱུང་སྟེ་སོང་སོང་བ་ལས་ལམ་དུ་ཀུན་དགའ་བོ་དང་ཕྲད་ནས་ཀུན་དགའ་བོས་ཁོ་མོ་ལ་ཡུམ་ཅིའི་ཕྱིར་འདི་ལྟར་མི་དགའ་ཞིང་མྱ་ངན་བྱེད་ཅེས་དྲིས་སོ། །ཁོ་མོས་དེའི་ཚེ་ན་
ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་སངས་རྒྱས་ཀྱི་ཆོས་ལ་དད་ཅིང་མོས་ཏེ་ལན་གསུམ་གྱི་བར་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་ལས་མ་གནང་བས་དེའི་ཕྱིར་བདག་མི་དགའ་ཞིང་མྱ་ངན་བྱེད་དོ་ཞེས་སྨྲས་པ་དང་། དེའི་ཚེ་ཀུན་དགའ་བོས་བདག་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་མི་དགའ་བ་
མ་བྱེད་ཅིག །བདག་གིས་དེ་བཞིན་གཤེགས་པ་ལ་གསོལ་ཏེ་ཡུམ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱའོ་ཞེས་སྨྲས་སོ། །དེ་ནས་བདག་མོད་ལ་དགའ་བར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་སངས་རྒྱས་གང་ན་བ་དེར་སོང་ནས་ཕྱིན་པ་དང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཞུ་ཞིང་

གསོལ་བའི་སྐབས་དབྱེ་བར་གནང་ན་བཅོམ་ལྡན་འདས་ལ་ཞུའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་དང་ཅི་འདོད་པ་དྲིས་ཤིག་པར་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །ཡུམ་གཽ་ཏ་མཱི་ནི་དེ་
བཞིན་གཤེགས་པའི་གཟུགས་ཀྱི་སྐུ་གསོ་ཞིང་བསྐྱེད་བསྐྱེད་དེ། ད་མངོན་པར་སངས་རྒྱས་པའང་ཡུམ་གྱི་རྐྱེན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ལགས་ཏེ། ཡུམ་ནི་དེ་བཞིན་གཤེགས་པ་ལ་དྲིན་ཆེ་བ་ལགས་ན་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་
བསྟན་པ་ལ་འཇུག་ཏུ་གནང་ན་ཡུམ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སྨྲས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ལ་ཡུམ་དྲིན་ཆེ་བར་དེ་བཞིན་གཤེགས་པས་མི་མཁྱེན་པ་མ་ཡིན་ན། བུད་མེད་རྣམས་
སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མ་གནང་ངོ་། །གལ་ཏེ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་བསྟན་པ་ལ་བུད་མེད་འཇུག་ཏུ་གནང་བར་གྱུར་ན་དམ་པའི་ཆོས་ལོ་ལྔ་བརྒྱས་སྔར་ནུབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མི་དགྱེས་
སོ། །དེ་ནས་ཀུན་དགའ་བོས་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བ་བཏུད་དེ། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་མངོན་དུ་དྲན་པ་འདས་པའི་སངས་རྒྱས་ཐམས་ཅད་འཁོར་བཞི་དང་ལྡན་ན་སངས་རྒྱས་ཤཱཀྱ་ཐུབ་པ་འབའ་ཞིག་འཁོར་བཞི་དང་ལྡན་པ་
མ་ལགས་སམ། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་ལྟར་གཽ་ཏ་མཱི་སངས་རྒྱས་ཀྱི་ཆོས་ལ་དད་ན་བརྩོན་འགྲུས་ཆེན་པོ་བསྐྱེད་དེ། བཙུན་པར་བྱ་བའི་ཆོས་རྣམ་པ་བརྒྱད་ཡོངས་སུ་དག་པར་སྤྱོད་ན་སངས་རྒྱས་ཀྱི་ཆོས་ལ་འཇུག་ཏུ་གནང་ངོ་། །དེ་ནས་ཀུན་དགའ་བོས་སངས་རྒྱས་
ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱིར་སོང་སྟེ་ཡུམ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་དེ་བཞིན་གཤེགས་པ་ལ་ནན་གྱིས་གསོལ་ནས་ཡུམ་ཆོས་ལ་འཇུག་ཏུ་གནང་ངོ་། །ཤིན་ཏུ་ལེགས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་དུ་

གསོལ་ཏེ་ཡུམ་བསམ་པ་ལྟར་གྱུར་པ་ལེགས་སོ། །ཡུམ་གྱིས་ཀུན་དགའ་བོ་ལ་དེ་བཞིན་གཤེགས་པའི་བསྟན་པ་ལ་འཇུག་ཏུ་གནང་བ་ཐོས་ནས་རབ་ཏུ་དགའ་ནས་བདག་གི་ལུས་མི་རྟག་པ་འདིས་དེང་འདིར་རྟག་པའི་རིན་པོ་ཆེའི་ལུས་སུ་གྱུར་ཏོ། །བདག་གི་སྲོག་འདི་ཡང་སྐད་ཅིག་སྐད་ཅིག་ཅིང་འགྱུར་
ཞིང་འཕོ་བ་ལས་དེང་འདིར་རིན་པོ་ཆེའི་སྲོག་ཏུ་གྱུར་ཏོ། །ད་ལྟར་བདག་གི་ལུས་དང་། སྲོག་དང་། ནོར་ཡང་རྐྱེན་འདུས་པ་ལས་ཡོད་པར་ཟད་དེ། ད་ནི་རིན་པོ་ཆེའི་ནོར་རྙེད་པར་གྱུར་ཏོ། །དེ་ལྟར་བདག་གིས་ཕན་པ་དང་བདེ་བའི་ཡོན་ཏན་ཆེན་པོ་མཐོང་བས་ཀུན་དགའ་བོ་ལ་ལྷག་པར་བཀུར་སྟི་
བྱ་བ་དང་རིམ་གྲོ་བྱ་བའི་སེམས་སྐྱེས་ཏེ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཐེ་ཙོམ་མ་ཟ་ཞིག །དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་རྗེས་སུ་སྤྱོད་ཅིང་ལུས་དང་སྲོག་ཡལ་ཡང་ཉམས་པར་མི་བགྱིད་དོ། །དེ་ནས་དེ་བཞིན་གཤེགས་པས་བཙུན་པར་བྱ་བའི་ཆོས་རྣམ་པ་བརྒྱད་
ཉམས་པར་མི་བྱ་བ་ཡང་ཞིབ་ཏུ་བསྟན་ཏོ། །དེའི་ཚེ་ཡུམ་གཽ་ཏ་མཱི་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་མ་འོངས་པའི་བུད་མེད་ཐམས་ཅད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཆོས་ལ་དད་ཅིང་མོས་པ་ཞིག་མཆིས་ན་
དེ་ཡང་བསྟན་པ་ལ་འཇུག་པར་གནང་བར་མཛད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །བུད་མེད་གང་སངས་རྒྱས་ཀྱི་ཆོས་སྲུང་ཞིང་འཛིན་ལ་མཐར་གྱིས་ཚུལ་ཁྲིམས་དང་། སྦྱིན་པ་དང་། མང་དུ་ཐོས་པ་དང་། དགེ་བའི་ཆོས་རྣམས་ཉམས་སུ་ལེན་ན་རབ་ཏུ་འབྱུང་
བ་དང་། ཁྱིམ་པར་འདུག་ཀྱང་སྐྱབས་སུ་འགྲོ་བ་གསུམ་དང་། གཏན་ཁྲིམས་ལྔ་དང་། ཁྲིམས་རྫོགས་པའི་བར་དུ་ནོད་ཅིང་རྣམ་པར་ཐར་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཀྱི་བར་དུ་འཇུག་ཏུ་གནང་ངོ་། །དེ་ལ་ནན་ཏན་བྱས་ན་འབྲས་བུ་རྣམ་པ་གསུམ་ཡང་འཐོབ་ཅིང་ལྷ་དང་མིའི་མྱ་ངན་ལས་
འདའ་བའི་བར་དུ་ཐོབ་པར་འགྱུར་རོ། །གཽ་ཏ་མཱིས་དེ་སྐད་གསུངས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་དགའ་བའི་སེམས་སུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་འབྲས་བུ་ཐོབ་པར་གྱུར་པ་ཡང་སངས་རྒྱས་ཀྱི་བཀའ་དྲིན་ལགས་སོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དེ་སྐད་མ་ཟེར་ཅིག །དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་དྲིན་ཡོད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་དྲིན་ཡོད་ཅེའམ། དྲིན་མེད་ཅེས་མི་དགོངས་སོ། །གལ་ཏེ་དེ་བཞིན་གཤེགས་པ་སེམས་
ཅན་རྣམས་ལ་དྲིན་བགྲང་ན་མཉམ་སྙོམས་པའི་ཐུགས་ཉམས་པར་འགྱུར་ཏེ། གཽ་ཏ་མཱི་དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་དྲིན་ཡོད་ཅེའམ་མེད་ཅེས་དགོངས་ན་མཉམ་སྙོམས་པ་ཡང་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་གིས་སངས་རྒྱས་ལ་གནོད་པ་ཞིག་བྱས་ན་ཡང་
དེ་ལ་ཞེ་སྡང་བ་ཡང་མེད། སེམས་ཅན་གང་སྤོས་ཙན་དན་གྱི་འདེ་གུས་དེ་བཞིན་གཤེགས་པའི་སྐུ་ལ་བསྐུས་ན་ཡང་དེ་ལ་དེ་བཞིན་གཤེགས་པ་དགྱེས་པར་མི་དགོངས་སོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་མཉམ་སྙོམས་པར་གཟིགས་ཏེ། འདི་ནི་ཀུན་དགའ་བོའི་དྲིན་ཡིན་གྱི་དེ་བཞིན་
གཤེགས་པའི་དྲིན་མ་ཡིན་ན། ཀུན་དགའ་བོའི་རྐྱེན་གྱིས་བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་གྱུར་ཏོ། །གཽ་ཏ་མཱི་མ་འོངས་པའི་དུས་ན་དགེ་སློང་མ་དང་། དགེ་བསྙེན་མ་དང་། བུད་མེད་རྣམས་རྟག་པར་སེམས་རྩེ་གཅིག་ཏུ་ཀུན་དགའ་བོ་ལ་སོམས་ཤིག །བཀུར་སྟི་དང་རིམ་
གྲོ་ཆེར་བྱས་ཏེ་མིང་ནས་ཡང་བརྗོད་ལ་རྒྱུན་དུ་དྲིན་དྲན་པར་བྱའོ། །དེ་མ་ཡིན་ན་ཉིན་མཚན་དུས་དྲུག་ཏུ་ཡང་མི་བརྗེད་པར་བྱའོ། །དྲན་པར་བྱའོ། །དེ་ནས་གཽ་ཏ་མཱིས་དགེ་སློང་མ་རྣམས་དང་། བུད་མེད་རྣམས་ལ་འདི་སྐད་ཅེས་བསྒོའོ། །བདག་ཅག་རྣམས་ཀྱིས་སྟོན་པ་ཀུན་དགའ་བོ་ལ་སྐྱབས་
སུ་གསོལ་ཏེ་སྲོག་ཕྱོགས་སོ། །བུད་མེད་གང་ཞིག་རྟག་ཏུ་བདེ་སྐྱིད་པ་དང་། བཀྲ་ཤིས་པ་དང་། འབྲས་བུ་ཐོབ་པར་འདོད་ན་རྟག་ཏུ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་དང་། སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ལ་གོས་སར་པ་གཙང་མ་བགོས་ཏེ། སེམས་རྩེ་གཅིག་ཏུ་ཉིན་ཞག་གཅིག་ཁྲིམས་བརྒྱད་
མནོས་ལ་དུས་དྲུག་ཏུ་བརྩོན་འགྲུས་བསྐྱེད་དེ་མཆོད་པ་བྱས་ན་ཀུན་དགའ་བོས་རྫུ་འཕྲུལ་གྱི་མཐུས་སྐྱོབ་ཅིང་བསམས་པ་བཞིན་དུ་གྲུབ་པར་བྱེད་དོ། །འཁོར་མང་པོ་རྣམས་ཆོས་ཐོས་པས་རབ་ཏུ་དགའ་ནས་བསྐོར་བ་བྱས་ནས་ཕྱིར་དོང་ངོ་། །ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་

བསབ་པའི་མདོ་ལས་སྙིང་རྗེའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །།ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ། བམ་པོ་དྲུག་པ། དེའི་ཚེ་དེ་བཞིན་གཤེགས་པ་ལ་འཁོར་མང་པོས་ཡོངས་སུ་བསྐོར་ནས་མཆོད་པ་དང་རིམ་གྲོ་བྱས། བཀུར་སྟི་དང་ཕུ་དུད་
དུ་བྱས། བསྔགས་ཤིང་བསྟོད་ནས་འཁོད་དོ། །དེ་ནས་ཀུན་དགའ་བོས་འཁོར་མང་པོའི་ཐེ་ཙོམ་སེམས་ཀྱིས་རྟོགས་ནས་སྟན་ལས་ལངས་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་མ་འགགས་པ་ལྟ་བུ་མ་རབས་རིགས་ངན་པ་ཡང་རབ་ཏུ་འབྱུང་དུ་གནང་
མ་འགགས་པ་རབ་ཏུ་བྱུང་བས་རྒྱལ་རིགས་དང་རྗེའུ་རིགས་ཐམས་ཅད་ཀྱི་དད་པ་དང་གུས་པའི་སེམས་ཉམས་པར་གྱུར་ཏོ། །དེ་ལྟར་དད་པའི་སེམས་ཉམས་པས་བསོད་ནམས་ཀྱི་དངོས་པོ་ཡོངས་སུ་ཉམས་པར་གྱུར། རྒྱལ་པོ་ཟས་གཙང་མའི་སྲས་དགེ་སློང་དགའ་བོས་ཀྱང་བརྙས་པའི་སེམས་
སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་རྣམས་ལེགས་པར་ཉོན་ཅིག །ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མཉམ་སྙོམས་པའི་ཐུགས་རྗེ་ཆེན་པོ་དང་། དྲན་པ་ཉེ་བར་གཞག་པ་
གསུམ་དང་། ཡེ་ཤེས་ལྔ་དང་། ཏིང་ངེ་འཛིན་མེད་དོ་ཞེས་སྨྲས་ཀྱང་སླའི། །དགེ་སློང་མ་འགགས་པ་འདི་ཡང་དག་པར་མ་རབས་རིགས་ངན་ཡིན་ཞེའམ། སྤྱོད་པ་ཐ་མའམ། སྨོན་ལམ་ཐ་མའམ། བརྩོན་འགྲུས་ཐ་མ་ཡིན་ནོ་ཞེས་བྱར་རུང་ངམ། ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་
པ་ནི་ཉོན་མོངས་པ་དང་བཅས་པའོ། །མི་རྟག་པའོ། །འགྱུར་ཞིང་འཕོ་བའོ་ཞེས་བྱས་ཀྱང་སླའི། དགེ་སློང་མ་འགགས་པ་མ་རབས་རིགས་ངན་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡང་དག་པ་བདེན་པའི་ཚིག་
གསུང་བས་ཁྱེད་རྣམས་དེ་བཞིན་གཤེགས་པས་གསུངས་པ་ལ་ཡིད་ཆེས་པར་བྱའོ། །དེ་བཞིན་གཤེགས་པ་ནི་འཁོར་བའི་སྐྱོན་དང་ཉེས་པ་གཟིགས་ཤིང་མཁྱེན་པས་རང་མངོན་པར་རྫོགས་པར་སངས་རྒྱས་ཏེ། དགེ་སློང་མ་འགགས་པ་ལྟ་བུ་རབ་ཏུ་བྱུང་བས་རིག་པ་གསུམ་དང་། མངོན་

པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་ཏེ། ལྷ་དང་མི་རྣམས་ཀྱི་མཆོད་པའི་གནས་སུ་གྱུར་ཏོ། །དམ་པའི་ཆོས་སྲུང་ཞིང་འདུལ་བ་འཛིན་པའི་མཆོག་དམ་པར་གྱུར་ཏེ། ཐམས་ཅད་ཀྱིས་མཆོད་པའི་གནས་སུ་གྱུར་པས་ན་སོ་སོའི་སྐྱེ་བོ་དག་ཀྱང་འབྲས་བུ་དམ་པ་
གསུམ་ཐོབ་པར་བྱེད་དོ། །འདི་ལྟ་སྟེ། ད་ལྟར་གྱི་འབྲས་བུ་ཐོབ་པ་དང་། སྐྱེ་བའི་འབྲས་བུ་དང་། མ་འོངས་པའི་འབྲས་བུ་ཐོབ་པར་བྱེད་དེ། དེ་བས་ན་མ་འགགས་པ་ནི་སྤྱོད་པ་མཆོག་དམ་པ་དང་ལྡན་ཏེ། ཕྱོགས་གཅིག་ཏུ་སྙིང་རྗེ་ཆེ་བའི་བྱང་ཆུབ་སེམས་དཔའོ། །སྔོན་འདས་པའི་དུས་
ན་ཡང་སངས་རྒྱས་གྲངས་མེད་པ་བྱེ་བ་བརྒྱ་སྟོང་སྙེད་ལ་དགེ་བའི་རྩ་བ་བསྐྱེད་ལ་བསྙེན་བཀུར་བྱས་ནས་སངས་རྒྱས་དེ་དག་གི་ཆོས་ལ་ཡང་འདུལ་བ་འཛིན་པའི་མཆོག་བྱས། ད་ལྟར་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་ཡང་འདུལ་བ་འཛིན་པའི་མཆོག་ཏུ་གྱུར་ཏོ། །དེའི་ཚེ་དགེ་སློང་དགའ་བོས་
སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་འདུག་པ་ལས་ལངས་ཏེ། མགོ་བོས་འཕགས་པ་ཀཽཎྜི་ནྱའི་རྐང་པ་ལ་ཕྱག་འཚལ་ཏེ། མཐར་གྱིས་མ་འགགས་པའི་དྲུང་དུ་ཕྱིན་ནས་ཐལ་མོ་སྦྱར་ནས་འདུད་པ་ཙམ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་
པ། དགའ་བོ་ཁྱོད་ནི་ཤེས་པར་བྱོས། །དབུལ་ཞིང་སྡུག་པར་འགྱུར་བའམ། །ཆེ་བཙན་ཉམས་པར་མི་འགྱུར་གྱི། །རབ་ཏུ་བྱུང་བའི་ཆོས་ཉིད་དོ། །བཅོམ་ལྡན་འདས་ཀྱིས་དེ་ལྟར་དགའ་བོ་ལ་བསྟན་པ་དང་། གཟེངས་བསྟོད་པ་དང་། དགའ་བའི་ཆོས་རྣམ་པ་དུ་མ་གསུངས་ནས་
དགའ་བོ་རབ་ཏུ་དགའ་མགུ་རངས་ཏེ། གོས་ཚགས་བཅོས་ནས་འཕགས་པ་མ་འགགས་པའི་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་དང་། དེ་མ་ཐག་ཏུ་གནམ་ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །ལུས་དང་སེམས་མཉེན་ཞིང་ལས་སུ་རུང་བར་གྱུར་ཏེ། བདག་གི་དོན་རབ་ཏུ་རྙེད་ཅིང་
བྱ་བ་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་མ་འགགས་པ་ལ་ཁྱོད་ཀྱིས་མྱུར་དུ་སེང་གེའི་སྒྲ་སྒྲོགས་ཤིག །འདི་ལྟ་སྟེ། དཀོན་མཆོག་གསུམ་དང་། བདེན་པ་བཞི་དང་། ཁྱིམ་པ་དང་། རབ་ཏུ་བྱུང་བའི་འཁོར་བདུན་གྱི་ཁྱད་པར་དང་། དེ་དག་གི་སྐྱབས་སུ་འགྲོ་

བ་གསུམ་དང་། གཏན་ཁྲིམས་ལྔ་ནས་ཚུལ་ཁྲིམས་ཐམས་ཅད་ཀྱི་བར་དུ་སེམས་ཅན་ལ་ཕན་པའི་ཚུལ་ཁྲིམས་དང་། ཉོན་མོངས་པ་སྦྱོང་བའི་ཚུལ་ཁྲིམས་དང་། སྤྱོད་ལམ་གྱིས་གདུལ་བའི་ཚུལ་ཁྲིམས་དང་། བསམ་གཏན་གྱི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་ཚུལ་ཁྲིམས་བསྟན་
ཏེ་དཀོན་མཆོག་གསུམ་གྱི་གདུང་རྒྱས་པར་བྱོས་ཤིག །དེ་ནས་མ་འགགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་མཐུས་བདག་ལ་བྱིན་གྱིས་བརླབས་ན་བདག་གིས་དེ་བཞིན་གཤེགས་པ་ལ་ཆུང་ཟད་ཅིག་ཞུའོ། །གསོལ་པ། དཀོན་
མཆོག་གསུམ་ཞེས་བགྱི་བ་གང་ལགས། སངས་རྒྱས་དང་། ཆོས་དང་དགེ་འདུན་ཞེས་བགྱི་བ་དཀོན་མཆོག་གསུམ་ལ་མཚན་ཉིད་མ་མཆིས་ན་ཅིའི་སླད་དུ་ཆོས་དང་དགེ་འདུན་བྱེ་བྲག་དང་ཁྱད་པར་མཆིས་ཤིང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བ་ཇི་ལྟར་གཟུངས་སུ་གཟུང་། སྐྱབས་སུ་
མཆི་བ་གསུམ་གལ་ཏེ་གཅིག་ལགས་ན་གསུམ་ཞེས་གསུང་བ་ཡང་མི་རིགས། གལ་ཏེ་སྐྱབས་སུ་མཆི་བ་གསུམ་དུ་གསུངས་ན། ཅིའི་སླད་དུ་འཁོར་རྣམ་པ་བདུན་མཆིས་པར་གསུངས། བཅོམ་ལྡན་འདས་ཅི་ལ་སྐྱབས་སུ་མཆི་ན་སྐྱབས་སུ་མཆི་བ་ཞེས་བགྱི། དེ་ནས་བཅོམ་ལྡན་
འདས་ཀྱིས་དོན་དེ་དག་སོ་སོ་ནས་རྣམ་པར་བཀྲོལ་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་ཞེས་བྱ་བ་ནི་ཚོར་བ་སྟེ། ཆོས་ཀྱི་མཚན་ཉིད་ཐམས་ཅད་མངོན་སུམ་དུ་ཚོར་བའི་ཕྱིར་རོ། །གཞན་ཡང་སེམས་ཅན་ཐམས་ཅད་ནི་ཁམས་གསུམ་ན་རྒྱུན་དུ་གཉིད་ཀྱིས་མྱོས་ཏེ། སངས་རྒྱས་
ནི་བྱང་ཆུབ་ཀྱི་སྤྱན་བྱེ་བས་ན་བདག་ཀྱང་ཚོར་ལ་ཕ་རོལ་པོ་ཡང་ཚོར་བར་བྱེད་པས་ཚོར་བ་ཞེས་བྱའོ། །སངས་རྒྱས་ནི་ཆོས་ཐམས་ཅད་ལ་ཐབས་ཐོབ་པ་ཐམས་ཅད་གསུངས་པའོ། །གསོལ་བ་ཇི་ལྟར་ན་སངས་རྒྱས་ཀྱིས་ཐམས་ཅད་གསུངས་པ་ཞེས་བགྱི་བ་ལགས། འོན་ཏེ་དུས་ཚོད་ལས་
མ་ཡོལ་བར་དབང་པོ་ཅི་དང་འཕྲོད་པ་བཞིན་དུ་གསུངས་པ་ལ་བགྱི་བའམ། འོན་ཏེ་སོ་སོའི་སྡེ་ཐ་དད་པ་བཞིན་དུ་རྗེས་སུ་གསུངས་པ་ལ་བགྱི། བཀའ་སྩལ་པ། སངས་རྒྱས་ནི་དབང་པོ་ཇི་བཞིན་དུས་ལས་མི་ཡོལ་བར་ཆོས་ཐམས་ཅད་གསུངས་ན་ཕྱིས་ཉེ་གནས་རྣམས་ཀྱིས་

ཆོས་ཀྱི་སྡེ་སྣོད་བསྡུས་པའི་ཚེ་སྡེ་སྡེའི་བག་ལ་བསྟན་ཏོ། །སངས་རྒྱས་ཀྱིས་ནི་སྐབས་ཁ་ཅིག་ཏུ་ཉེ་གནས་རྣམས་ལ། ཚུལ་ཁྲིམས་ལྕི་བ་དང་། ཡང་བ་དང་། ལྟུང་བ་དང་། ལྟུང་བ་མེད་པ་བཅས་ཏེ་འདུལ་བའི་སྡེ་སྣོད་དུ་ཕྱེའོ། །སྐབས་ཁ་ཅིག་ཏུ་ནི་རྒྱུ་དང་འབྲས་
བུའི་མཚན་ཉིད་ལས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྐྱེ་བས་ལས་ཀྱི་མཚན་ཉིད་གསུངས་ཏེ་ཆོས་མངོན་པའི་སྡེ་སྣོད་ཕྱེའོ། །ལྷ་དང་མིའི་འཇིག་རྟེན་དུ་བཅས་པ་ལ་ཅི་དང་འཕྲོད་པ་བཞིན་དུ་བསྟན་ཅིང་གསུངས་པ་ནི་གཞུང་གཅིག་ནས་འཕྲོས་པ་ཞེས་བྱ་སྟེ། འདུལ་བའི་
སྐལ་བ་དང་ལྡན་པའི་གང་ཟག་རྣམས་ཀྱིས་སྤྱོད་པའི་ལས་སུ་གསུངས་སོ། །སེམས་ཅན་དབང་པོ་རྣོན་པོ་རྣམས་ལ་དོན་ཟབ་མོ་རྣམ་པ་མང་པོ་གསུངས་པ་ནི་གཞུང་བར་མ་ཞེས་བྱ་སྟེ། སློབ་མ་རྣམས་ཀྱི་སྤྱོད་པའི་ལས་སུ་གསུངས་སོ། །བསམ་གཏན་གྱི་ཆོས་རྣམ་པ་སྣ་ཚོགས་
གསུངས་པ་ནི་གཞུང་སིལ་བུ་ཞེས་བྱ་སྟེ། གང་ཟག་བསམ་གཏན་བྱེད་པ་རྣམས་ཀྱི་སྤྱོད་པའི་ལས་སུ་གསུངས་སོ། །མུ་སྟེགས་ཅན་མང་པོ་གཞིག་པའི་དོན་དུ་གཞུང་རིང་པོ་གསུངས་སོ། །གསོལ་པ། གལ་ཏེ་སངས་རྒྱས་ཐམས་ཅད་གསུངས་པ་ལ་གནས་ན་མདོ་སྡེ་ལས་སངས་
རྒྱས་ཤིང་ལྗོན་པ་ཞིག་གི་དྲུང་དུ་བཞུགས་ཏེ། ཤིང་དེའི་ཡལ་ག་གཅིག་གི་འདབ་མ་ལས་བཟུང་ནས་ཉེ་གནས་རྣམས་ལ་ཡལ་ག་བཟུང་བ་འདིའི་འདབ་མ་མང་ངམ། ཤིང་ལྗོན་པ་ཆེན་པོའི་འདབ་མ་མང་ཞེས་བཀའ་སྩལ་ནས་ཤིང་ལྗོན་པའི་འདབ་མ་མང་ངོ་ཞེས་གསོལ་པ་ལས་སངས་རྒྱས་
ཀྱིས་ཀྱང་ངས་མཁྱེན་པའི་ཆོས་ནི་ཤིང་ལྗོན་པའི་འདབ་མ་དང་འདྲའོ། །ངས་བཤད་པའི་ཆོས་ནི་ལག་པས་བཟུང་བའི་འདབ་མ་དང་འདྲའོ་ཞེས་གསུངས་ན་སངས་རྒྱས་ནི་ཐམས་ཅད་གསུངས་པའོ་ཞེས་བགྱིར་རུང་ངམ། བཀའ་སྩལ་པ། མཚན་ཉིད་ཐ་དད་པ་ཐམས་ཅད་ཀྱི་ཐམས་ཅད་དང་།
མཚན་ཉིད་གཅིག་པ་ཐམས་ཅད་ཀྱི་ཐམས་ཅད་ཡོད་དོ། །འདིར་ནི་མཚན་ཉིད་ཐ་དད་པའི་ཐམས་ཅད་ལ་དགོངས་ཏེ་སངས་རྒྱས་ནི་ཐམས་ཅད་གསུངས་པའོ་ཞེས་བཤད་དོ། །དེ་ཡང་སེམས་ཅན་གྱི་ཟད་པར་གཟུང་མི་ནུས་པ་ལ་བྱའི། སངས་རྒྱས་ཀྱིས་གསུངས་མི་ནུས་པ་ནི་མ་ཡིན་ནོ། །

གཞན་ཡང་ཐམས་ཅད་མཁྱེན་པ་ལ་ཡང་ཐམས་ཅད་གསུངས་པ་ཞེས་བྱའི། དྲང་ཐབས་སུ་ཐམས་ཅད་གསུངས་པ་ཞེས་བྱར་མི་རུང་ངོ་། །གསོལ་པ། གལ་ཏེ་སངས་རྒྱས་ཀྱིས་མཁྱེན་པས་གསུངས་པ་ལགས་ན་ཉན་ཐོས་དང་། རང་སངས་རྒྱས་ཀྱང་ཤེས་པ་ལ་བརྟེན་ཏེ་སྨྲ་ན་ཅིའི་
སླད་དུ་དེ་ལ་ཡང་སངས་རྒྱས་ཞེས་མིང་གདགས། བཀའ་སྩལ་པ། དེ་ལྟ་བུ་མ་ཡིན་ཏེ་སངས་རྒྱས་ནི་མཁྱེན་པ་དང་གསུངས་པ་གཉི་གའི་མཐར་ཕྱིན་ཏོ། །ཐེག་པ་གཉིས་ཀྱི་ཤེས་པ་དང་སྨྲ་བ་ནི་ཆོས་ཀྱི་མཐར་མ་ཕྱིན་པའི་ཕྱིར་རོ། །གཞན་ཡང་སངས་རྒྱས་ནི་ཆོས་ཐམས་ཅད་ཆུབ་པར་
མཁྱེན་པས་མིང་བཏགས་པ་ཡང་མཁྱེན་གྱི། ཐེག་པ་གཉིས་ཀྱིས་དེ་ལྟར་མི་ནུས་སོ། །གཞན་ཡང་སངས་རྒྱས་ནི་ཆོས་བརྙེས་པ་ཡང་མཐའ་ཡས་ལ་ཆོས་གསུངས་པ་ཡང་མཐའ་ཡས་ཏེ། ཐེག་པ་གཉིས་ཀྱིས་དེ་ལྟར་མི་ནུས་སོ། །གཞན་ཡང་སངས་རྒྱས་ཀྱིས་བརྙེས་པའི་ཐུན་མོང་
ནི་ཐེག་པ་གཉིས་ཀྱིས་ཐོབ་པ་དང་ཐུན་མོང་བ་ཡང་ཡོད། ཉན་ཐོས་ཀྱིས་ཐོབ་པ་དང་། ཐུན་མོང་མ་ཡིན་པ་ཡང་ཡོད་དོ། །ཐེག་པ་གསུམ་གྱི་ཤེས་པ་ཐུན་མོང་ནི་ཐེག་པ་འབྲིང་གིས་ཐོབ། ཐེག་པ་གཉིས་ཀྱི་ཤེས་པ་ཐུན་མོང་ནི་སངས་རྒྱས་འབའ་ཞིག་གིས་བརྙེས་ཏེ་ཐེག་པ་གཉིས་
ཀྱིས་མི་ཤེས་པ་ཡང་སངས་རྒྱས་ཉག་གཅིག་གིས་མཁྱེན་ཏོ། །གཞན་ཡང་ཇི་ཙམ་དུ་སྒྲོམ་ཆེ་ན་ཁ་གབ་ཀྱང་ཆེ་སྟེ། ཆོས་ཆེ་ན་མཚན་ཉིད་ཀྱང་མཐའ་ཡས་པས་སངས་རྒྱས་ནི་མཐའ་ཡས་པའི་ཡེ་ཤེས་ཀྱིས་མཐའ་ཡས་པའི་ཆོས་གསུངས་ཏེ། ཐེག་པ་གཉིས་ཀྱི་ཡེ་ཤེས་ནི་མཐའ་
ཡོད་པས་ཆོས་ཀྱི་མཚན་ཉིད་ཅེས་མི་གདགས་སོ། །གཞན་ཡང་དབང་པོ་དང་དོན་དུ་ལྡན་ཏེ། དབང་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་པོའོ། །དོན་ཞེས་བྱ་བ་ནི་ཤེས་རབ་བོ། །དབང་པོའི་དོན་ཞེས་བྱ་བ་ནི་ཤེས་རབ་ཀྱིས་དམིགས་པའི་ཆོས་སོ། །སངས་རྒྱས་ནི་དབང་པོ་དང་དོན་
གཉི་ག་རྫོགས་ཏེ། ཤེས་རབ་ཀྱིས་དམིགས་པའི་ཆོས་ཀྱང་མཐར་མ་ཕྱིན་པ་མེད་དོ། །ཐེག་པ་གཉིས་ཀྱིས་ནི་དབང་པོ་དང་དོན་གཉི་ག་མ་རྫོགས་སོ། །གཞན་ཡང་སངས་རྒྱས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཡང་དག་པའི་ཡེ་ཤེས་

བརྙེས་པ་ཡིན་ནོ། །ཐེག་པ་གཉིས་ཀྱིས་ནི་ཆོས་ཀྱི་གཏིང་ཆུབ་པར་མི་ཤེས་པས་ཡང་དག་པའི་ཡེ་ཤེས་ཞེས་བྱ་བར་མི་རུང་སྟེ། དེ་ལྟར་དོན་རྣམ་པ་མང་པོའི་སྒོ་ནས་ཐེག་པ་གཉིས་ལ་སངས་རྒྱས་ཞེས་བྱར་མི་རུང་ངོ་། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཚིག་དང་སྒྲའི་སྒོ་
ནས་གདགས་སུ་མི་རུང་གི །དོན་གྱི་སྒོ་ནས་བཏགས་པས་བཅོམ་ལྡན་འདས་ཞེས་བྱ་སྟེ། དེ་ཡང་གཉེན་པོའི་ཆོས་ཐམས་ཅད་མཁྱེན་པའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་པའི་སྒྲ་སྐད་མི་འཐུན་པས་འཇིག་རྟེན་པ་རང་གིས་མི་ཤེས་པར་ཟད་ཀྱི། སངས་རྒྱས་ཀྱིས་ནི་ཀུན་མཁྱེན་
པས་བཅོམ་ལྡན་འདས་ཞེས་བྱའོ། །གཞན་ཡང་དགེ་སློང་རྩིབ་ལོགས་ཅན་བྱ་བའི་གཞུང་ལས་ཐེག་པ་གཉིས་དང་སོ་སོའི་སྐྱེ་བོ་དག་ནི་ཁ་ཅིག་དབེན་ཞིང་ཞི་བ་ལ་དད་པ་ཡང་ཡོད། ཁ་ཅིག་ནི་བསམ་གཏན་དང་ཏིང་ངེ་འཛིན་ལ་དད་པ་ཡང་ཡོད། ཁ་ཅིག་ནི་རྐྱེན་གཞན་གྱིས་གསང་
མཁྱུད་དེ་མི་སྟོན་པ་ཡང་ཡོད་མོད་ཀྱི། སངས་རྒྱས་བརྙེས་པའི་ཆོས་ནི་བྱམས་པ་དང་ཐུགས་རྗེའི་མཐུར་ལྡན་པས་གཞན་ལ་སྟོན་ཅིང་གསུང་བར་སྤྲོའོ། །གཞན་དུ་ན་གདུག་པ་གསུམ་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བྱའོ། །གསོལ་པ། ཐེག་པ་གཉིས་ཀྱང་གདུག་པ་
གསུམ་བཅོམ་ན་ཅིའི་སླད་དུ་བཅོམ་ལྡན་འདས་ཞེས་མི་གདགས་བཀའ་སྩལ་པ། དེ་ལྟ་མ་ཡིན་ཏེ། ཐེག་པ་གཉིས་ནི་ཕྱིར་ལྡོག་པ་ཡོད་ཀྱི། སངས་རྒྱས་ལ་ནི་ཕྱིར་ལྡོག་པ་མེད་པའི་ཕྱིར་རོ། །ཕྱིར་ལྡོག་པ་ལ་ཡང་རྣམ་པ་གསུམ་སྟེ། འབྲས་བུ་ཕྱིར་ལྡོག་པ་དང་། འབྲས་བུ་
མ་ཡིན་པའི་ཕྱིར་ལྡོག་པ་དང་། སྤྱོད་པའི་ལས་ཕྱིར་ལྡོག་པའོ། །འབྲས་བུ་ཕྱིར་ལྡོག་ཅེས་བྱ་བ་ནི་ཉན་ཐོས་ཀྱི་འབྲས་བུ་གསུམ་ཕྱིར་ལྡོག་པར་ཟད་ཀྱི། འབྲས་བུ་ཐ་མ་ཕྱིར་མི་ལྡོག་པ་དང་། ཐེག་པ་བར་མ་ལ་རྣམ་པ་གཉིས་ཏེ། གལ་ཏེ་བསྐལ་པ་བརྒྱའི་བར་དུ་རྣལ་འབྱོར་
སྤྱོད་པའི་རང་སངས་རྒྱས་ནི་འབྲས་བུ་ཕྱིར་མི་ལྡོག་གོ། །གལ་ཏེ་ཐོག་མ་ནས་ཐེག་པ་ཆུང་ངུའི་འབྲས་བུ་གསུམ་ལས་རང་སངས་རྒྱས་སུ་གྱུར་ན་དེའི་འབྲས་བུ་ནི་ཕྱིར་ལྡོག་པར་འགྱུར་གྱི། སངས་རྒྱས་ཀྱི་འབྲས་བུ་ནི་ཕྱིར་མི་ལྡོག་གོ། །འབྲས་བུ་མ་ཡིན་པའི་ཕྱིར་ལྡོག་པ་ནི་གལ་ཏེ་

ཐེག་པ་གསུམ་ལ་ཕྱོགས་པའི་གང་ཟག་འབྲས་བུ་མ་ཐོབ་པར་ཕྱིར་ལྡོག་པ་དང་། དགེ་སློང་རྣལ་འབྱོར་ཅན་ལེ་ལོ་བྱེད་པ་དང་། བརྩོན་འགྲུས་མེད་པ་དང་། རྣལ་འབྱོར་སྤྱོད་པ་ལ་ཉམས་ཏེ་མི་བརྩོན་པ་འདི་གསུམ་ནི་འབྲས་བུ་མ་ཡིན་པའི་ཕྱིར་ལྡོག་པ་ཞེས་བྱའོ། །སྤྱོད་པའི་
ལས་ཕྱིར་ལྡོག་ཅེས་བྱ་བ་ནི་ཅི་ཙམ་དུ་ཐོབ་པར་བྱ་བའི་ཆོས་མངོན་སུམ་དུ་ལས་སུ་མི་རུང་བའོ། །དཔེར་ན་སངས་རྒྱས་ཀྱི་སྟོབས་བཅུ་དང་། ཐེག་པ་ཆུང་ངུའི་ཡེ་ཤེས་བཅུ་ལྟ་བུ་གཅིག་ལ་ལས་སུ་བྱས་ཀྱི་ལྷག་མ་གཞན་མི་དགོས་པའམ། མདོ་སྡེའི་ཚིགས་སུ་བཅད་པ་འབུམ་
ཁ་ཏོན་དུ་ཤེས་པ་ལས་གལ་ཏེ་ཁ་ཏོན་དུ་མ་བྱས་པའི་དུས་ན་དེ་ཀུན་ལ་སྤྱོད་པའི་ལས་ཕྱིར་ལྡོག་པ་ཞེས་བྱའོ། །ཐེག་པ་ཆུང་ངུ་ལ་ཡང་འབྲས་བུ་ཕྱིར་མི་ལྡོག་པ་ཡོད། ཐེག་པ་བར་མ་ལ་ཡང་འབྲས་བུ་མ་ཡིན་པའི་ཕྱིར་ལྡོག་པ་ཡོད་ཀྱི། སངས་རྒྱས་ལ་ནི་འབྲས་བུ་མ་ཡིན་པའི་
ཕྱིར་ལྡོག་པ་མེད་དོ། །དེ་ཡང་ཆོས་ཐམས་ཅད་ལ་བརྩོན་འགྲུས་མ་བྱས་པ་མེད་པའི་ཕྱིར་རོ། །ཐེག་པ་གཉིས་ལ་ནི་སྤྱོད་པ་ལས་ཕྱིར་ལྡོག་པ་ཡོད་ཀྱི། སངས་རྒྱས་ལ་ནི་གཅིག་ཏུ་མ་ངེས་ཏེ། སྟོབས་བཅུ་ལས་གཅིག་ལས་སུ་བྱས་པས་ཆོག་གི་དགུ་ལས་སུ་བྱ་མི་དགོས་པས་ལྡོག་པ་
ཞེས་བྱའོ། །ཡང་གཞན་དུ་ན་ལས་སུ་བྱ་བ་ལ། མི་དགོས་པའི་ཕྱིར་ལྡོག་པ་མེད་དེ། དཔེར་ན་མདོ་སྡེའི་ཚིགས་སུ་བཅད་པ་ཁྲི་ཕྲག་ཉི་ཤུ་ཁ་ཏོན་དུ་འདོན་ཤེས་ན་གང་ཟག་ནི་མཐུ་ཞེན་པས་ཉིན་ཞག་གཅིག་གམ། ཉིན་ཞག་གཉིས་ཀྱི་བར་དུ་རྫོགས་པར་འདོན་ནུས་ཀྱི། སངས་
རྒྱས་ནི་སྐད་ཅིག་ཙམ་གྱིས་རྫོགས་པས་སྟོབས་བཅུ་ཡང་དེ་དང་འདྲ་སྟེ། ལས་སུ་བྱ་དགོས་ན་སྐད་ཅིག་ཙམ་གྱིས་མཛད་པ་ཚད་མེད་པས་ལས་སུ་བྱ་བ་ལ་མི་དགོས་པའི་ཕྱིར་ལྡོག་པ་མེད་དོ། །གཞན་ཡང་སངས་རྒྱས་ལ་ལས་སུ་བྱ་བ་ལ་མི་དགོས་པའི་ཕྱིར་ལྡོག་པ་མེད་དེ། དཔེར་
ན་ན་བཟའ་སྨད་གཡོགས་གསོལ་བའི་ཚེ་སོ་སོའི་སྐྱེ་བོའི་ཆོས་ལྟ་བུར་གཞུང་མེད་པར་གསོལ་བ་ནི་མ་ཡིན་ཏེ། དེ་ཡང་སེམས་ཅན་མང་པོ་ལ་ཕན་པའི་དོན་དུ་ཕྲིན་ལས་ཅི་མཛད་ཀྱང་ཕན་པ་ཡོད་ན་ལས་དེ་མཛད་ཀྱི། ཕན་པ་མེད་ན་ལས་དེ་མི་མཛད་དོ། །དེ་ལྟར་ལས་སུ་བྱ་བ་ལ་

མི་དགོས་པའི་ཕྱིར་ལྡོག་པ་མེད་ཀྱི། སོ་སོ་ནས་དགོས་པ་ཡོད་དེ་གཅིག་ཏུ་མ་ངེས་པས་སངས་རྒྱས་ཀྱི་དགོངས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གསོལ་པ། ཉན་ཐོས་ལ་ཅིའི་སླད་དུ་འབྲས་བུ་གསུམ་ནི་ཕྱིར་ལྡོག་ལ། འབྲས་བུ་ཐ་མ་ཕྱིར་མི་ལྡོག་པ་
ལགས། བཀའ་སྩལ་པ། འབྲས་བུ་གསུམ་ནི་སྔོན་ཡང་ཐོབ་པས་ན་ཕྱིར་ལྡོག་གོ། །འབྲས་བུ་ཐ་མ་ནི་ད་དུང་མ་ཐོབ་པས་ན་ཕྱིར་མི་ལྡོག་གོ། །དཔེར་ན་གང་ཟག་བཀྲེན་པ་ཞིག་ཁ་ཟས་ཞིམ་པོ་དང་ཕྲད་ན་ཡུན་རིང་པོར་མི་བརྗེད་པ་ལྟར་དོན་འདི་ཡང་དེ་དང་འདྲའོ། །གཞན་ཡང་འབྲས་
བུ་ཐ་མ་ནི་བཟོད་པ་ཐོགས་པ་མེད་པའི་ལམ་དུ་འགྱུར་ལ་ཡེ་ཤེས་རྣམ་པར་གྲོལ་བའི་ལམ་དུ་འགྱུར་རོ། །འབྲས་བུ་གསུམ་ནི་ཡེ་ཤེས་ཐོགས་པ་མེད་པའི་ལམ་དུ་མ་གྱུར་ལ་ཡེ་ཤེས་རྣམ་པར་གྲོལ་བའི་ལམ་དུ་མ་གྱུར་པའི་ཕྱིར་ཕྱིར་ལྡོག་གོ། །གཞན་ཡང་བདེན་པ་མཐོང་བའི་ལམ་ནི་ཕྱིར་
མི་ལྡོག་གི །བསམ་པའི་ལམ་ནི་ཕྱིར་ལྡོག་སྟེ། དག་པ་དང་མ་དག་པའི་འདུ་ཤེས་ཀྱིས་ཉོན་མོངས་པའི་མདུད་པ་གཅད་པའི་ཕྱིར་རོ། །སེམས་པ་ལ་ནི་ཀུན་ནས་ཉོན་མོངས་པ་ཡོད་ཀྱི། བདེན་པ་མཐོང་བ་ལ་ཀུན་ནས་ཉོན་མོངས་པ་མེད་དེ། བདེན་པ་མཐོང་བས་ཀུན་ནས་ཉོན་མོངས་
པ་མེད་ཅིང་བདེན་པ་མཐོང་བས། ཀུན་ནས་ཉོན་མོངས་པ་ཡང་མཐོང་ལ་དོན་མཐོང་བས་དོན་ཟབ་མོ་སེམས་པ་ཡང་སྐྱེ་སྟེ། ཀུན་ནས་ཉོན་མོངས་པ་ཕྱིར་མི་ལྡོག་གོ། །གཞན་ཡང་བདེན་པ་མཐོང་བའི་ཡེ་ཤེས་ཀྱི་སྟོབས་ཆེ་བ་ནི་དཔེར་ན་སྡོང་པོ་ཆེན་པོས་རྫས་མནན་པ་དང་འདྲ་སྟེ།
སེམས་ཤིང་ཡིད་ལ་བྱེད་པའི་ཤེས་རབ་ཞན་པས་ཕྱིར་ལྡོག་པ་ཡོད་དོ། །གཞན་ཡང་བདེན་པ་མཐོང་བར་འདོད་པའི་ཁམས་ཀྱི་བཟོད་པ་དང་། ཤེས་རབ་ཀྱི་སེམས་གཉིས་ཀྱིས་ནི་དགུ་པའི་ཀུན་ནས་ཉོན་མོངས་པའི་མདུད་པ་གཅོད་དོ། །ཁམས་གོང་མའི་བཟོད་པ་དང་ཤེས་རབ་
ཀྱི་སེམས་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་བདུན་ཅུ་རྩ་གཉིས་གཅོད་དོ། །གཟུགས་མེད་པའི་ཁམས་ཀྱི་མཐར་ཕྱིན་པས་ཕྱིར་ལྡོག་པ་མེད་དོ། །དོན་དེ་ལྟ་བས་ན་དེ་འབའ་ཞིག་ལ་བཅོམ་ལྡན་འདས་ཞེས་བྱའོ། །གཞན་ཡང་སངས་རྒྱས་ལ་ནི་བག་ཆགས་ཀྱི་རྣམ་

པ་མེད་ཀྱི། ཐེག་པ་གཉི་ག་ཡི་ནི་བག་ཆགས་མ་ཟད་དོ། །དཔེར་ན་དགེ་སློང་རྟག་ཏུ་བལྡད་པ་ཞེས་བྱ་བ་རྟག་པར་བ་ལང་ལྟར་བལྡད་པ་ཡང་ཚེ་རབས་སྔ་མ་ལ་ཚེ་རབས་དུ་མར་བ་ལང་བྱེད་བྱེད་པ་ལས་མིར་སྐྱེས་པའི་ཕྱིར་རོ། །དཔེར་ན་དགེ་སློང་ཞིག་ཟག་པ་ཟད་ཀྱང་རྟག་ཏུ་མེ་ལོང་ལ་
བལྟ་བ་ནི་ཚེ་རབས་དུ་མར་བུད་མེད་སྦྲུལ་འཚོང་མ་ལས་མིར་སྐྱེས་པའི་ཕྱིར་རོ། །དཔེར་ན་དགེ་སློང་ཞིག་ཁྲི་དང་གདང་ལ་འཛེག་པར་དགའ་བ་ཡང་ཚེ་རབས་དུ་མར་སྤྲེའུ་བྱེད་བྱེད་པ་ལས་མིར་སྐྱེས་ཏེ། དེ་དག་ལ་ནི་བཅོམ་ལྡན་འདས་ཞེས་བྱར་མི་རུང་ངོ་། །གསོལ་པ། འདི་སྐད་
བདག་གིས་ཐོས་ཞེས་བགྱི་བ་སངས་རྒྱས་བཞུགས་པའི་ཚེ་བདག་གིས་ཐོས་ཞེས་གསུངས་སམ། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཐོས་ཞེས་གསུངས། ཆོས་ཀྱི་མཛོད་བསྡུས་པའི་ཚིག་ལས་བདག་གིས་ཐོས་ཞེས་བྱ་ན་སངས་རྒྱས་ཤིང་བསྟན་པ་ཡང་བདག་ལ་མ་
ལུས་པར་བསྟན་ཅིང་བཤད་པར་གསོལ་ལོ་ཞེས་མ་སྨྲས་སམ། གསོལ་པ། ལོ་ཉི་ཤུའི་བར་དུ་ཆོས་ཀྱི་ཚིག་ཅི་བཤད་པ་དེ་ཇི་ལྟར་བསྟན་པར་བགྱི། བཀའ་སྩལ་པ། སངས་རྒྱས་ཀྱི་ཐབས་མཁས་པས་ཚིགས་སུ་བཅད་པ་གཅིག་གིས་ཀྱང་ཆོས་གྲངས་མེད་པ་སྟོན་ལ། ཆོས་
གྲངས་མེད་པའི་དོན་ཡང་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། སངས་རྒྱས་ཀྱི་མདོ་ཙམ་ཞིག་བསྟན་ན་ཡང་ཀུན་དགའ་བོས་མ་ལུས་པར་ཤེས་པ་ནི་རྣོ་བའི་ཤེས་རབ་ཀྱིས་གཟུངས་སུ་འཛིན་པའི་སྟོབས་ཆེ་བའི་ཕྱིར་རོ། །ཆོས་བརྒྱད་ཁྲི་ཡོད་ཅེས་བྱ་བ་ནི་དཔེར་ན་ཤིང་གི་རྩ་བ་དང་།
ཡལ་ག་དང་། ལྕུག་མ་དང་། འདབ་མ་ལ་སྤྱིར་སྡོང་པོ་གཅིག་ཅེས་བྱ་བ་ལྟར། སངས་རྒྱས་ཀྱི་སེམས་ཅན་གྱི་དོན་དུ་ཐོག་མ་ནས་ཐ་མའི་བར་དུ་ཆོས་བསྟན་པ་ལ་སྡེ་སྣོད་གཅིག་ཅེས་བྱ་སྟེ། དེ་ལྟར་ན་བརྒྱད་ཁྲིའོ། །གཞན་དུ་ན་སངས་རྒྱས་གདན་གཅིག་ལས་མ་གཡོས་པར་ལོ་ཉི་ཤུའི་
བར་དུ་ཆོས་བཤད་ཀྱང་ཀུན་དགའ་བོས་མ་ཐོས་ན་ཅིའི་སླད་དུ་བདག་གིས་ཐོས་ཞེས་བགྱི། བཀའ་སྩལ་པ། ལྷ་རྣམས་ཀྱིས་ཀུན་དགའ་བོ་ལ་སྨྲས་ཞེས་ཀྱང་བྱ། གཞན་དུ་ན་སངས་རྒྱས་བཅོམ་ལྡན་འདས་ཀུན་རྫོབ་འཇིག་རྟེན་པའི་ཐུགས་ཀྱིས་ཀུན་དགའ་བོས་ཤེས་པར་བྱས་ཞེས་

ཀྱང་བྱ། གཞན་དུ་ན་དགེ་སློང་རྣམས་ལ་ཆོས་ཞེས་ཀྱང་བྱའོ། །གཞན་ཡང་ཀུན་དགའ་བོས་འདི་སྐད་ཅེས་སངས་རྒྱས་ལ་གསོལ་བ་བཏབ་བོ། །སངས་རྒྱས་ཀྱི་ན་བཟའ་རྙིང་པ་བདག་ལ་མི་སྩལ་ཅིང་ཡོན་བདག་གི་བསོད་སྙོམས་བདག་ལ་མི་སྩལ་བར་གསོལ་ཏོ། །
བདག་ནི་ཆོས་འདོད་པའི་ཕྱིར་སངས་རྒྱས་ལ་ཕུ་དུད་དང་རིམ་གྲོ་བགྱིད་དེ། ཅི་བཞེད་པ་སྦྱོར་གྱི་གོས་དང་ཟས་ཀྱི་ཕྱིར་མ་ཡིན་ནོ། །དགེ་སློང་གཞན་རྣམས་ནི་སྔ་དྲོ་དང་ཕྱི་དྲོའི་དུས་ཀྱི་ཚེ། སངས་རྒྱས་མཐོང་གི །བདག་ནི་ནམ་ལྟ་འདོད་པ་ན་མཐོང་བར་གསོལ་ལོ། །གཞན་ཡང་ལོ་ཉི་
ཤུའི་བར་དུ་ཆོས་གསུངས། ཆོས་བསྟན་པ་ལ་སྡེ་སྣོད་གཅིག་ཅེས་བྱ་སྟེ། དེ་ལྟར་ན་བརྒྱད་ཁྲིའོ། །ཡང་གཞན་དུ་ན་ཡི་གེའི་ཚེག་བར་བཅུ་དྲུག་ལ་ཚིགས་སུ་བཅད་པ་ཕྱེད་དོ། །ཡི་གེའི་ཚེག་བར་སུམ་ཅུ་རྩ་གཉིས་ལ་ཚིགས་སུ་བཅད་པ་གཅིག་ཅེས་བྱ་སྟེ། དེ་ལྟར་བརྒྱད་ཁྲིའོ། །
ཡང་གཞན་དུ་ན་ཚིགས་བཅད་ཀྱི་རྐང་པ་རིང་ཐུང་ལས་ཡི་གེའི་ཚེག་བར་བཞི་བཅུ་རྩ་གཉིས་ལ་ཚིགས་སུ་བཅད་པ་གཅིག་སྟེ། དེ་ལྟར་ན་བརྒྱད་ཁྲིའོ། །ཡང་གཞན་དུ་ན་ཟླ་བ་ཕྱེད་ཕྱེད་ཅིང་ཚུལ་ཁྲིམས་བསྟན་པ་ལ་སྡེ་སྣོད་གཅིག་ཅེས་བྱ་སྟེ། དེ་ལྟར་ན་བརྒྱད་ཁྲིའོ། །ཡང་གཞན་
དུ་ན་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་དྲུག་ཁྲི་དྲུག་སྟོང་ལ་སྡེ་སྣོད་གཅིག་ཅེས་བྱ་སྟེ། དེ་ལྟར་ན་བརྒྱད་ཁྲིའོ། །ཡང་གཞན་དུ་ན་སངས་རྒྱས་ཀྱིས་ཉོན་མོངས་པ་བརྒྱད་ཁྲིའི་གཉེན་པོར་ཆོས་ཀྱི་སྨན་བརྒྱད་ཁྲིར་གསུངས་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་ཞེས་བྱའོ། །གསོལ་
པ་ཅིའི་སླད་དུ་མདོ་སྡེ་དང་ཆོས་མངོན་པ་སངས་རྒྱས་ཀྱིས་སྔར་མ་སྨོས་ལ་འདུལ་བ་སངས་རྒྱས་ཀྱིས་སྔར་སྨོས་བཀའ་སྩལ་པ། མཆོག་ཡིན་པ་དང་། སངས་རྒྱས་ཀྱིས་བཅས་པའི་ཕྱིར་རོ། །དཔེར་ན་མདོ་སྡེ་ལྟ་བུ་ནི་ཉེ་གནས་རྣམས་ཀྱིས་ཆོས་བསྟན་པ་ཡང་ཡོད། །དཔེར་ན་བརྒྱ་བྱིན་ལྷའི་
དབང་པོ་ལྟ་བུ་བདག་ནི་སྦྱིན་པ་བྱིན་པའི་ནང་ན་མཆོག་གོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་སྦྱིན་པ་བྱིན་པས་ལྷའི་དབང་པོར་གྱུར་ཏེ་བསམ་པ་ཡིད་བཞིན་ནོ་ཞེས་སྨྲས་ཏེ། སངས་རྒྱས་ཀྱིས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ཡང་ཡོད། དུས་ཁ་ཅིག་ཏུ་སངས་རྒྱས་སྤྲུལ་པའི་སངས་རྒྱས་

སུ་སྤྲུལ་ཏེ། སྤྲུལ་པའི་སངས་རྒྱས་ཀྱིས་ཆོས་གསུངས་པ་ཡང་ཡོད་ཀྱི། འདུལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པས་དེ་བས་ན་སངས་རྒྱས་ཀྱིས་སྔར་སྨོས་སོ། །ཡང་གཞན་དུ་ན་མདོ་སྡེ་ནི་གནས་གང་ན་བཞུགས་པ་བཞིན་གསུངས་ཀྱི། འདུལ་
བ་ནི་དེ་ལྟ་བུ་མ་ཡིན་ཏེ། གནས་གང་ན་ཉེས་པ་བྱུང་ན་དེ་ཉིད་དུ་ཁྲིམས་བཅའ་བ་མ་ཡིན་གྱི། མཚམས་ཀྱི་ཕྱི་རོལ་དུ་བཅའ་བ་དང་། ཁྱིམ་པའི་ནང་ན་ཉེས་པ་བྱུང་ན་དགེ་འདུན་གྱི་ནང་དུ་བཅའ་བ་དང་། གྲོང་ཁྱེར་གཅིག་ཏུ་ཉེས་པ་བྱུང་ན་ཡང་དགེ་འདུན་གྱི་ནང་དུ་བཅའ་བ་དང་། འཁོར་རྣམ་
ལྔའི་ནང་དུ་ཉེས་པ་བྱུང་ན་དགེ་སློང་དང་། དགེ་སློང་མའི་ནང་དུ་བཅའ་བ་དགོས་པས་དེ་བས་ན་སངས་རྒྱས་ཀྱིས་སྔར་སྨོས་པ་ཡིན་ནོ། །ཡངས་པ་ཅན་ཞེས་བྱ་བ་ནི་ཡུལ་ཁ་ཅིག་ནི་རྒྱལ་པོའི་མཚན་ལས་བཏགས་པ་ཡང་ཡོད། །ཡུལ་ཁ་ཅིག་ཡུལ་ས་ལས་བཏགས་པ་ཡང་ཡོད། ཁ་ཅིག་
ནི་གྲོང་ཁྱེར་ལས་བཏགས་པ་ཡང་ཡོད། ཡུལ་འདི་ནི་ཀླུ་ལས་ཡུལ་གྱི་མིང་དུ་བཏགས་སོ། །ཀ་ལན་ཏ་ཀའི་གནས་ཞེས་བྱ་བ་ནི་བྱ་ལས་མིང་དུ་བཏགས་ཏེ། གྲོང་ཁྱེར་ཞེས་བྱ་བ་ནི་གྲོང་གི་བདག་པོའི་མིང་ངོ་། །ལྷ་སྦྱིན་ཞེས་བྱ་བ་ཡང་དེའི་ཕ་མས་ལྷ་ལ་གསོལ་བ་བཏབ་པས་བུ་རྙེད་
པས་ན་ལྷ་སྦྱིན་ཞེས་མིང་དུ་བཏགས་སོ། །བཙན་ཕྱུག་ཅེས་བྱ་བ་ནི་ཕྱུག་པ་ལ་རྣམ་པ་གཉིས་ཏེ། སེམས་ཅན་གྱི་བག་དང་། སེམས་ཅན་མ་ཡིན་པའི་བག་གོ། །སེམས་ཅན་མ་ཡིན་པ་ཞེས་བྱ་བ་ནི་གསེར་དངུལ་དང་། རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་དང་། ནོར་དབྱིག་དང་།
ཞིང་དང་། ཁང་ཁྱིམ་མང་དུ་ཡོད་པའོ། །སེམས་ཅན་ཞེས་བྱ་བ་ནི་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་དང་། བལ་གླང་དང་། རྟ་དང་། བ་ལང་དང་། ལུག་དང་། དབང་བྱེད་པའི་གྲོང་ཁྱིམ་མང་དུ་ཡོད་པ་སྟེ། དེ་ནི་ཕྱུག་པོ་ཞེས་བྱའོ། །བཙན་ཞེས་བྱ་བ་ནི་དབང་དང་
ལྡན་པའམ། ལེགས་པའི་ཡོན་ཏན་དང་ལྡན་ཏེ་མིའོ་ཅོག་གིས་ཕུ་དུད་བྱེད་ཅིང་བཙུན་པར་བྱེད་པས་བཙན་ཞེས་བྱའོ། །དཀོན་མཆོག་གསུམ་ལ་ཕྱོགས་ཤིང་སྐྱབས་སུ་འགྲོ་བ་གསུམ་མནོས་པའོ། །གསོལ་པ་སྐྱབས་སུ་འགྲོ་བ་གསུམ་གྱི་རང་བཞིན་ཇི་ལྟ་བུ་ལགས། སྟོན་པ་ཁ་

ཅིག་ནི་སྐྱབས་སུ་འགྲོ་བ་གསུམ་ནི་ཆོ་ག་ཡིན་གྱི་ཆོ་ག་ལ་མཚན་ཉིད་མེད་དོ། །སྐྱབས་སུ་འགྲོ་བ་གསུམ་ནོད་པའི་ཚེ་པུས་མོ་བཙུགས་ལ་ཐལ་མོ་སྦྱར་ཏེ། སྐྱབས་སུ་འགྲོ་བ་གསུམ་ཁ་ནས་ཚིག་ཏུ་བརྗོད་པ་ནི་ལུས་དང་ངག་གི་ཆོ་ག་བསྟན་པའོ། །གལ་ཏེ་སེམས་རྩེ་
གཅིག་ཏུ་བྱས་ནས་ལུས་དང་ངག་ཡོད་ཀྱང་ཆོ་གས་བསྟན་པ་མེད་དེ། དེ་ནི་ཆོ་ག་བསྟན་པ་མེད་པ་ཞེས་བྱའོ། །གཞན་དུ་ན་སྐྱབས་སུ་འགྲོ་བ་གསུམ་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་རང་བཞིན་གསུམ་ཞེས་བྱའོ། །ཡང་གཞན་དུ་ན་སྐྱབས་སུ་འགྲོ་བ་གསུམ་ནི་ཕུང་པོ་ལྔ་དགེ་བ་
སྟེ། སེམས་ཅན་གྱི་ཕུང་པོ་ལྔ་དགེ་བས་གསུམ་ལ་སྐྱབས་སུ་འགྲོ་བར་བྱེད་དེ། དཀོན་མཆོག་གསུམ་ནི་སྐྱབས་སུ་འགྲོ་བའི་གནས་སོ། །སྐྱབས་སུ་འགྲོ་ཞེས་བྱ་བ་ནི་མགོན་སྐྱབས་སམ་དཔུང་གཉེན་གྱི་དོན་ཏེ། དཔེར་ན་མི་ཞིག་ལ་ཉེས་པ་ཆེན་པོ་བྱུང་བ་ལས་ཡུལ་གཞན་དུ་འཕོས་པ་
ལས་རྒྱལ་པོ་ཕ་རོལ་པོ་ལ་ཕར་སྐྱབས་སུ་བཙལ་ན། ཡུལ་ཕ་རོལ་གྱི་རྒྱལ་པོས་དེ་ལ་ཁྱོད་མི་འཇིགས་པ་འདོད་ན་ངའི་ཡུལ་འདི་ནས་མི་འགྲོ་ཞིང་ངས་བསྟན་པ་ཉན་ན་མགོན་སྐྱབས་བྱའོ་ཞེས་བསྒོ་བ་དང་འདྲ་བར་སོ་སོའི་སྐྱེ་བོ་ཡང་དེ་དང་འདྲ་སྟེ། བདུད་ཀྱི་དབང་དུ་གྱུར་ལ་སྐྱེ་ཤིར་
འཁོར་བའི་ཉེས་པ་ཡོད་པས་དཀོན་མཆོག་གསུམ་ལ་ཕྱོགས་ཏེ་སྐྱབས་སུ་འགྲོ་བར་བྱའོ། །གལ་ཏེ་དཀོན་མཆོག་གསུམ་ལ་རྩེ་གཅིག་ཏུ་ཕྱོགས་ཤིང་སྐྱབས་སུ་སོང་ལ་སངས་རྒྱས་ཀྱི་བསྟན་པ་ལས་འགལ་བར་མ་བྱས་ན་བདུད་ཀྱི་རྒྱལ་པོ་སྡིག་པ་ཅན་གྱིས་ཅི་བྱར་ཡང་མེད་དོ། །སྔོན་ཕུག་རོན་
གཅིག་ཁྲས་ཉེན་ནས་ཤཱ་རིའི་བུའི་ཕག་གྲིབ་མར་སོང་བ་ལས་འོན་ཀྱང་སྐྲག་ཅིང་དངང་བ་བཞིན་ནོ། །དེ་ནས་སངས་རྒྱས་ཀྱི་གྲིབ་མའི་ཕག་ཏུ་སོང་བ་ལས་འཇིགས་པ་མེད་དེ་འདར་བ་ཡང་མེད་དོ། །གལ་ཏེ་རྒྱ་མཚོ་ཆེན་པོ་འཕོ་ཞིང་འགྱུར་ཡང་སྲིད་ཀྱི་ཕུག་རོན་དེ་ནི་བསྒྱུར་དུ་མེད་དེ། དེ་བས་
ན་སངས་རྒྱས་ནི་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོར་ལྡན་གྱི། ཤཱ་རིའི་བུ་ལ་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་མེད་དོ། །སངས་རྒྱས་ལ་ནི་བག་ཆགས་མེད་ཀྱི། ཤཱ་རིའི་བུ་ལ་ནི་བག་ཆགས་མ་ཟད་དོ། །སངས་རྒྱས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བྱང་ཆུབ་སེམས་

དཔའི་སྤྱད་པ་སྤྱོད་ཀྱི། ཤཱ་རིའི་བུ་ནི་བསྐལ་པ་དྲུག་ཅུའི་བར་དུ་དཀའ་ཐུབ་སྤྱད་དེ། དེ་བས་ན་ཕུག་རོན་ཡང་ཤཱ་རིའི་བུའི་གྲིབ་མར་སོང་བ་ན་འོན་ཀྱང་སྐྲག་ཅིང་འཇིགས་ཀྱི། སངས་རྒྱས་ཀྱི་གྲིབ་མར་སོང་ན་འཇིགས་པ་མེད་པར་གྱུར་ཏོ། །གསོལ་པ། གལ་ཏེ་དཀོན་མཆོག་གསུམ་
ལ་སྐྱབས་སུ་སོང་བས་སྡིག་པ་མི་དགེ་བ་བྱང་ཞིང་འཇིགས་པར་མི་འགྱུར་ན། ཅིའི་སླད་དུ་ལྷ་སྦྱིན་ལྟ་བུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་དད་པས་ཁྱིམ་ནས་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་ཀྱང་རྫོགས་པ་ལས། མཚམས་མེད་པ་གསུམ་བགྱིས་ནས་མཚམས་མེད་པའི་སེམས་
ཅན་དམྱལ་བར་ལྟུང་བར་འགྱུར། བཀའ་སྩལ་པ། མགོན་སྐྱབས་བྱ་བ་ཡང་སྐྱབས་བྱ་བར་འོས་པ་ལ་སྐྱབས་སུ་བྱ་བ་ཡིན་ཏེ། ལྷ་སྦྱིན་ལྟ་བུ་ནི་མི་དགེ་བའི་སྡིག་པ་ཆེན་པོ་བྱས་ལ་གདོན་མི་ཟ་བར་མྱོང་བའི་ལས་དང་ཡང་བཅས་པས་དེའི་ཕྱིར་ཡང་མགོན་སྐྱབས་བྱར་ཡང་དཀའོ། །
གསོལ་པ། གལ་ཏེ་སྡིག་པ་ཆེན་པོ་བགྱིས་པ་ལ་སངས་རྒྱས་ཀྱིས་མགོན་སྐྱབས་མི་མཛད་ན་སྡིག་པའི་ལས་མ་མཆིས་པ་ལ་སངས་རྒྱས་ཀྱིས་མགོན་སྐྱབས་བགྱི་ཡང་ཅི་འཚལ། དཀོན་མཆོག་གསུམ་ལ་མགོན་སྐྱབས་མངའོ་ཞེས་ཀྱང་ཇི་སྐད་བགྱི། བཀའ་སྩལ་པ། ལྷ་
སྦྱིན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡང་ཡང་དག་པའི་སེམས་ཀྱིས་མ་ཡིན་ཏེ་སྐྱབས་སུ་འགྲོ་བ་གསུམ་མ་རྫོགས་སོ། །དེ་ནི་རྒྱུན་དུ་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་འདོད་པའི་ཕྱིར་བདག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་ནོ་ཞེས་སངས་རྒྱས་ལ་ཡང་
སྔོ་བས་ན། དེའི་ཕྱིར་དཀོན་མཆོག་གསུམ་ལ་མཐུ་སྟོབས་ཆེན་པོ་ཡོད་མོད་ཀྱི་མགོན་སྐྱབས་སུ་མི་འགྱུར་རོ། །དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུ་ལ་མཚམས་མེད་པའི་སྡིག་པ་ཡོད་དེ། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་རིགས་པ་ལས་ཡང་དག་པའི་
སེམས་རྩེ་གཅིག་ཏུ་སངས་རྒྱས་ལ་སྐྱབས་སུ་གསོལ་བས་མཚམས་མེད་པའི་སྡིག་པ་བྱང་ནས། ཐིག་ནག་པོའི་སེམས་ཅན་དམྱལ་བར་ལྷུང་ནས་མིའི་ནང་ནས་སྡིག་པ་ལྕི་བ་མྱོང་བས་ལྕི་བ་དང་འདྲ་བར་ཞག་བདུན་མྱོང་བ་ཙམ་གྱིས་སྡིག་པ་ཀུན་བྱང་བས་ན་དེ་ནི་དཀོན་མཆོག་གསུམ་

གྱི་མགོན་སྐྱབས་ཀྱི་མཐུ་ཞེས་བྱའོ། །གསོལ་པ། ལྷ་སྦྱིན་གྱིས་སྡིག་པ་བགྱིས་པའི་མགོན་སྐྱབས་བྱར་མི་རུང་ངོ་ཞེས་བགྱིས་པ་མདོ་སྡེའི་ནང་ནས་གང་སུ་ཡང་རུང་སངས་རྒྱས་ལ་སྐྱབས་སུ་སོང་ན་ངན་སོང་གསུམ་དུ་མི་ལྟུང་ངོ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས།
བཀའ་སྩལ་པ། ལྷ་སྦྱིན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་མཚམས་མེད་པའི་སེམས་ཅན་དམྱལ་བར་སོང་མོད་ཀྱི་སྡུག་བསྔལ་མྱོང་བ་ཡང་ཞིང་ཆུང་ལ་བསྟི་བའི་དུས་སྐབས་ཡོད་དོ། །དཔེར་ན་མི་ཞིག་རིའམ། ནགས་ཚལ་ལམ། འབྲོག་དགོན་པ་འཇིགས་པའི་
གནས་སུ་ཕྱིན་པ་ལས། གལ་ཏེ་སངས་རྒྱས་ཡིད་ལ་བྱས་ཤིང་བསམས་ན་དེའི་ཡོན་ཏན་གྱིས་འཇིགས་ཤིང་སྐྲག་པ་ཞི་བར་འགྱུར་ཏེ། དེ་བས་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་མགོན་སྐྱབས་སུ་འགྱུར་བ་ཡང་མི་བརྫུན་ནོ། །གསོལ་པ། དཀོན་མཆོག་གསུམ་ཞེས་བགྱི་བ་
བདེན་པ་བཞི་ལ་བདེན་པ་གང་གི་ནང་དུ་བསྡུ། དབང་པོ་ཉི་ཤུ་རྩ་གཉིས་ལ་དབང་པོ་གང་གི་ནང་དུ་བསྡུ། ཁམས་བཅོ་བརྒྱད་ལ་ཁམས་གང་གི་ནང་དུ་བསྡུ། སྐྱེ་མཆེད་བཅུ་གཉིས་ལ་སྐྱེ་མཆེད་གང་གི་ནང་དུ་བསྡུ། ཕུང་པོ་ལྔ་ལ་ཕུང་པོ་གང་གི་བསྡུ་བར་བགྱི། བཀའ་སྩལ་པ། དཀོན་
མཆོག་གསུམ་ནི་བདེན་པ་བཞི་ལ་འགོག་པའི་བདེན་པར་བསྡུ་སྟེ། ལམ་གྱི་བདེན་པའི་ཕྱོགས་ཆ་གཅིག་གོ། །དབང་པོ་ནི་མི་ཤེས་པ་ཀུན་ཤེས་པར་བྱ་བའི་དབང་པོར་བསྡུའོ། །ཁམས་བཅྭ་བརྒྱད་ལ་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་སུ་
བསྡུའོ། །སྐྱེ་མཆེད་བཅུ་གཉིས་ལ་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་བསྡུའོ། །ཕུང་པོ་ལྔ་ལ་ཟག་པ་མེད་པའི་ཕུང་པོ་ལྔའི་ནང་དུ་བསྡུའོ། །དེ་ལ་སངས་རྒྱས་དཀོན་མཆོག་ནི་བདེན་པ་བཞི་ལ་ལམ་གྱི་བདེན་པའི་ཕྱོགས་ཆ་གཅིག་གོ། །ཆོས་དཀོན་མཆོག་ནི་བདེན་པ་བཞི་
ལ་འགོག་པའི་བདེན་པར་བསྡུའོ། །དགེ་འདུན་དཀོན་མཆོག་ཀྱང་བདེན་པ་བཞི་ལ་ལམ་གྱི་བདེན་པའི་ཕྱོགས་ཆ་གཅིག་གོ། །སངས་རྒྱས་དཀོན་མཆོག་ནི་དབང་པོ་ཉི་ཤུ་རྩ་གཉིས་ལ་ཀུན་ཤེས་པའི་དབང་པོར་བསྡུའོ། །ཆོས་དཀོན་མཆོག་ནི་འགོག་པའི་བདེན་པ་ཡིན་པས་འདུས་མ་བྱས་པ་སྟེ་དབང་

པོས་བསྡུ་བ་མ་ཡིན་ནོ། །དགེ་འདུན་དཀོན་མཆོག་ནི་དབང་པོ་ཉི་ཤུ་རྩ་གཉིས་ལ་ཟག་པ་མེད་པའི་དབང་པོ་གསུམ་གྱི་ནང་དུ་བསྡུའོ། །སངས་རྒྱས་དཀོན་མཆོག་ནི་ཁམས་བཅྭ་བརྒྱད་ལ་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཆ་གཅིག་
གི་ནང་དུ་བསྡུའོ། །སྐྱེ་མཆེད་བཅུ་གཉིས་ལ་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཟག་པ་མེད་པ་ཕུང་པོ་ལྔའི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །ཆོས་དཀོན་མཆོག་ནི་ཁམས་བཅྭ་བརྒྱད་ལ་ཆོས་ཀྱི་ཁམས་ཀྱི་
ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །སྐྱེ་མཆེད་བཅུ་གཉིས་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །ཆོས་དཀོན་མཆོག་ནི་ཕུང་པོ་ལྔར་བསྡུས་པ་མ་ཡིན་ནོ། །ཕུང་པོ་ལྔ་ནི་འདུས་བྱས་པས་ཆོས་ནི་འདུས་མ་བྱས་པའི་ཕྱིར་རོ། །དགེ་འདུན་དཀོན་མཆོག་ནི་ཁམས་བཅྭ་
བརྒྱད་ལ་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །སྐྱེ་མཆེད་བཅུ་གཉིས་ལ་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །ཕུང་པོ་ལྔ་ལ་ཟག་པ་མེད་པའི་ཕུང་པོ་ལྔའི་ཕྱོགས་ཆ་
གཅིག་གི་ནང་དུ་བསྡུའོ། །གསོལ་པ། སངས་རྒྱས་ལ་སྐྱབས་སུ་གསོལ་ཞེས་བགྱི་བ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་གསོལ་ལམ། འོན་ཏེ་དུས་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་གསོལ། བཀའ་སྩལ་པ། དུས་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་གསོལ་ལོ། །ཇི་ལྟ་ཞེ་
ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་གཅིག་ཏུ་འཐུན་པའི་ཕྱིར་རོ། །སངས་རྒྱས་གཅིག་ལ་སྐྱབས་སུ་སོང་བ་ཉིད་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་སོང་བ་སྟེ། སངས་རྒྱས་ལ་ཐ་དད་པ་མེད་པའི་ཕྱིར་རོ། །ཡང་གཞན་དུ་ན་དུས་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་གསོལ་ལོ་ཞེས་བགྱི་བ་ལྷ་རྣམས་ལས་ཁ་
ཅིག་ནི་བདག་སངས་རྒྱས་འོད་སྲུང་གི་ཉེ་གནས་ཡིན་པར་སྨྲ། ཁ་ཅིག་ནི་བདག་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉེ་གནས་ཡིན་པར་སྨྲ་སྟེ། དེ་བཞིན་དུ་སངས་རྒྱས་བདུན་ཆར་ལ་ཡང་སོ་སོ་ནས་བདག་ནི་སངས་རྒྱས་ཆེ་གེ་མོ་ཞིག་གི་ཉེ་གནས་ཡིན་ཞེས་སྨྲ་བས་དེ་བས་ན་སངས་རྒྱས་གཅིག་ལ་ང་སྐྱབས་

སུ་གསོལ་བར་འོས་ཀྱི་དུས་གསུམ་མི་རིགས་སོ། །གཞན་ཡང་དེ་ལྟར་མི་རུང་ངོ་ཞེས་སྨྲ་བ་ཡང་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་རྣམ་ཐོས་ཀྱི་བུས་དྲིས་པའི་མདོ་ལས་རྒྱལ་པོ་རྣམ་ཐོས་ཀྱི་བུ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་ནི་འདས་པ་དང་། མ་བྱོན་པ་
དང་། ད་ལྟར་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་གསོལ་ལོ་ཞེས་གསུངས་ཏེ། དོན་དེ་དང་སྦྱར་ན་དུས་གསུམ་གྱི་སངས་རྒྱས་རྣམས་ལ་སྐྱབས་སུ་གསོལ་བར་མངོན་ནོ། །གསོལ་པ། གལ་ཏེ་དེ་ལྟ་བུ་ལགས་ན་ལྷའི་བུ་དག་སོ་སོ་ནས་བདག་ནི་སངས་རྒྱས་ཆེ་གེ་མོ་ཞིག་གི་ཉེ་གནས་
ལགས་སོ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཀའ་སྩལ་པ། ལྷའི་བུས་སྨྲས་པ་ལ་དོན་ངེས་པར་ཆད་པ་ཡང་ཅི་ཡོད། ལྷའི་བུ་ཁ་ཅིག་ནི་སངས་རྒྱས་གཅིག་ལ་སྐྱབས་སུ་འགྲོ་བ་ཡང་ཡོད། ཁ་ཅིག་ནི་དུས་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡང་ཡོད་དེ། མདོར་ན་སངས་རྒྱས་
གཅིག་ལ་བྱའོ། །གསོལ་པ། ཅི་ལ་སྐྱབས་སུ་མཆིས་ན་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཞེས་བགྱི། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་ངག་གི་འཁོར་ལོ་སྟེ། ཐམས་ཅད་མཁྱེན་པ་སློབ་པ་མེད་པའི་ཡོན་ཏན་ལ་སྐྱབས་སུ་སོང་བའོ། །གསོལ་པ། གཟུགས་
ཀྱི་སྐུ་ལ་སྐྱབས་སུ་མཆིའམ། ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། བཀའ་སྩལ་པ། ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོའི་གཟུགས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་བ་མ་ཡིན་ཏེ། གཟུགས་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །གསོལ་པ། གཟུགས་ཀྱི་སྐུ་སངས་རྒྱས་མ་ལགས་ན་ཅིའི་སླད་དུ་
སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བས་མཚམས་མ་མཆིས་པའི་ལས་བགྱིས་པར་འགྱུར། །བཀའ་སྩལ་པ། གཟུགས་ཀྱི་སྐུ་ནི་ཆོས་ཀྱི་སྐུའི་སྣོད་ཡིན་ཏེ། ཆོས་ཀྱི་སྐུའི་གནས་སོ། །དེ་བས་ན་གཟུགས་ཀྱི་སྐུ་ལ་གནོད་པ་བྱས་པས་མཚམས་མེད་པའི་ལས་སུ་འགྱུར་གྱི། གཟུགས་
ཀྱི་སྐུ་སངས་རྒྱས་ཡིན་པས་མཚམས་མེད་པའི་ལས་སུ་འགྱུར་བ་ནི་མ་ཡིན་ནོ། །གསོལ་པ། ཅི་ལ་སྐྱབས་སུ་མཆི་ན་ཆོས་ལ་སྐྱབས་སུ་མཆི་བ་ཞེས་བགྱི། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་ངག་གི་འཁོར་ལོ་སྟེ། འདོད་པ་དང་། འདོད་པ་མེད་པའི་མཐར་ཕྱིན་

ཅིང་མྱ་ངན་ལས་འདས་པ་ལ་སྐྱབས་སུ་སོང་བ་ནི་ཆོས་ལ་སྐྱབས་སུ་སོང་བ་ཞེས་བྱའོ། །གསོལ་པ། བདག་གི་ལུས་མཐར་ཕྱིན་པ་ལ་སྐྱབས་སུ་མཆིའམ། གཞན་གྱི་ལུས་མཐར་ཕྱིན་པ་ལ་སྐྱབས་སུ་མཆི། བཀའ་སྩལ་པ། བདག་གི་ལུས་མཐར་ཕྱིན་པ་དང་། གཞན་
གྱི་ལུས་མཐར་ཕྱིན་པ་ལ་སྐྱབས་སུ་འགྲོ་བ་ནི་ཆོས་ལ་སྐྱབས་སུ་སོང་བ་ཞེས་བྱའོ། །གསོལ་པ། ཇི་ལྟར་ན་དགེ་འདུན་ལ་སྐྱབས་སུ་མཆི་བ་ལགས། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་ནི་ངག་གི་འཁོར་ལོ་སྟེ། བསོད་ནམས་ཀྱི་ཞིང་སློབ་པ་དང་། མི་སློབ་པའི་ཉན་ཐོས་ཀྱི་ཡོན་ཏན་
ལ་སྐྱབས་སུ་འགྲོ་བ་ནི་དགེ་འདུན་ལ་སྐྱབས་སུ་སོང་བ་ཞེས་བྱའོ། །གསོལ་པ། ཀུན་རྫོབ་ཀྱི་བདེན་པའི་དགེ་འདུན་ལ་སྐྱབས་སུ་མཆིའམ། དོན་དམ་པའི་བདེན་པའི་དགེ་འདུན་ལ་སྐྱབས་སུ་མཆི། གལ་ཏེ་དོན་དམ་པའི་བདེན་པའི་དགེ་འདུན་ལ་སྐྱབས་སུ་མཆི་ན་ནི་སྔོན་སངས་རྒྱས་
ཀྱིས་དེ་ཝི་དང་། པ་རི་ལ་སྐྱབས་སུ་འགྲོ་བ་གསུམ་ཕོག་པའི་ཚེ། ཕྱིས་དགེ་འདུན་ཞེས་བྱ་བ་ཡོད་པར་འགྱུར་གྱིས་དེ་ལ་སྐྱབས་སུ་སོང་ཤིག་ཅེས་གསུང་བའི་མི་རིགས་ཏེ་དོན་དམ་པའི་བདེན་པའི་དགེ་འདུན་ནི་རྟག་ཏུ་འཇིག་རྟེན་ན་མཆིས་པ་ལགས། བཀའ་སྩལ་པ། ཀུན་རྫོབ་ཀྱི་བདེན་པའི་
དགེ་འདུན་ནི་དོན་དམ་པའི་དགེ་འདུན་གྱི་རྟེན་པའི་གནས་ཡིན་པས་ན་ཕྱིས་དགེ་འདུན་ཡོད་པར་འགྱུར་གྱིས་དེ་ལ་སྐྱབས་སུ་སོང་ཤིག་ཅེས་གསུངས་པ་ཡིན་ནོ། །ཡང་གཞན་དུ་ན་ཀུན་རྫོབ་ཀྱི་བདེན་པའི་དགེ་འདུན་ལ་བཀུར་ཞིང་བཙུན་པར་བྱ་བའི་ཕྱིར་ཡང་དེ་སྐད་ཅེས་གསུངས་ཏེ། སངས་རྒྱས་
ཀྱིས་ནི་འཁོར་ཐམས་ཅད་ཀྱི་ནང་ན་དགེ་འདུན་ནི་སངས་རྒྱས་ཀྱི་འཁོར་མཆོག་གོ། །དཔེར་ན་འོ་མ་ལས་ཞོ་འབྱུང་ལ། ཞོ་ལས་མར་འབྱུང་མར་ལས་མར་གྱི་སྙིང་པོ་འབྱུང་སྟེ། མར་གྱི་སྙིང་པོ་ནི་མཆོག་རབ་གྱ་ནོམ་པ་དང་འདྲ་སྟེ། སངས་རྒྱས་ཀྱི་འཁོར་དགེ་འདུན་ཡང་དེ་དང་འདྲ་སྟེ། ཉེ་
གནས་དགེ་འདུན་ཡོད་ན་དེའི་ནང་ན་འཇུག་པ་བཞི་དང་། འབྲས་བུ་བཞི་ཐོབ་པ་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཡོད་པས་ན་འཁོར་རྣམ་པ་དགུ་བཅུ་རྩ་དྲུག་གི་ནང་ན་དགེ་འདུན་ནི་གྱ་ནོམ་པ། མཆོག་རབ་དཔེ་ཟླ་མེད་པ་སྟེ། དེ་བས་ན་ཕྱིས་དགེ་འདུན་ཡོད་པར་འགྱུར་གྱིས་སྐྱབས་སུ་

སོང་ཤིག་ཅེས་གསུངས་པ་ལ་དོན་དང་འགལ་བ་མེད་དོ། །གསོལ་པ། སངས་རྒྱས་ཉིད་ཆོས་ལགས་ལ། ཆོས་ཉིད་ཀྱང་དགེ་འདུན་ལགས་ཏེ། དགེ་འདུན་ཉིད་ཀྱང་ཆོས་ལགས་པས་ཡང་དག་པར་ན་ཆོས་གཅིག་ཏུ་བས་ན་ཁྱད་པར་རམ་བྱེ་བྲག་ཅི་མཆིས།
བཀའ་སྩལ་པ། ཆོས་དེ་དག་མཆིས་མོད་ཀྱི་དོན་གྱི་སྒོ་ནས་བྱེ་བྲག་ཡོད་དོ། །དཀོན་མཆོག་གསུམ་ཞེས་བྱ་བ་བསྟན་པ་མེད་པར་ཡེ་ཤེས་ཆེན་པོ་དང་། སློབ་པ་མེད་པའི་ས་ནོན་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་སངས་རྒྱས་དཀོན་མཆོག་ཅེས་བྱའོ། །འགོག་པའི་བདེན་
པ་དང་། འདུས་མ་བྱས་པ་ནི་ཆོས་དཀོན་མཆོག་ཅེས་བྱའོ། །ཉན་ཐོས་ཀྱི་སློབ་པ་དང་། མི་སློབ་པའི་ཡོན་ཏན་དང་། ཤེས་རབ་ཏུ་ལྡན་པ་ནི་དགེ་འདུན་དཀོན་མཆོག་ཅེས་བྱའོ། །ཆོས་ཀྱི་སྒོ་ནས་དབྱེ་ན་བསྟན་པ་མེད་པ་དང་། བསླབ་པ་མེད་པའི་ཆོས་ནི་སངས་རྒྱས་
དཀོན་མཆོག་ཅེས་བྱའོ། །འགོག་པའི་བདེན་པ་དང་། འདུས་མ་བྱས་པ་དང་། སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པའི་ཆོས་ནི་ཆོས་དཀོན་མཆོག་ཅེས་བྱའོ། །ཉན་ཐོས་ཀྱི་སློབ་པ་དང་། མི་སློབ་པ་ནི་དགེ་འདུན་དཀོན་མཆོག་ཅེས་བྱའོ། །དབང་པོའི་སྒོ་
ནས་དབྱེ་ན་སངས་རྒྱས་ནི་ཀུན་ཤེས་པའི་དབང་པོའོ། །ཆོས་ནི་དབང་པོའི་ཆོས་མ་ཡིན་པའོ། །དགེ་འདུན་ནི་ཟག་པ་མེད་པའི་དབང་པོ་གསུམ་མོ། །བདེན་པའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་ལམ་གྱི་བདེན་པའི་ཕྱོགས་ཆ་གཅིག་གོ། །ཆོས་ནི་འགོག་པའི་བདེན་པའོ། །དགེ་
འདུན་ཡང་ལམ་གྱི་བདེན་པའི་ཕྱོགས་ཆ་གཅིག་གོ། །དགེ་སྦྱོང་གི་འབྲས་བུའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་དགེ་སྦྱོང་ངོ་། །ཆོས་ནི་དགེ་སྦྱོང་གི་འབྲས་བུའོ། །དགེ་འདུན་ནི་དགེ་སྦྱོང་ངོ་། །ཆོས་དཀོན་མཆོག་ནི་དགེ་སྦྱོང་གི་འབྲས་བུའོ། །བྲམ་ཟེའི་སྒོ་ནས་དབྱེ་ན་སངས་
རྒྱས་ནི་བྲམ་ཟེའོ། །ཆོས་ནི་བྲམ་ཟེའི་འབྲས་བུའོ། །དགེ་འདུན་ནི་བྲམ་ཟེའོ། །ཆོས་དཀོན་མཆོག་ནི་བྲམ་ཟེའི་འབྲས་བུའོ། །ཚངས་པར་སྤྱོད་པའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་ཚངས་པར་སྤྱོད་པའོ། །ཆོས་ནི་ཚངས་པར་སྤྱོད་པའི་འབྲས་བུའོ། །དགེ་འདུན་ནི་ཚངས་

པར་སྤྱོད་པའོ། །ཆོས་དཀོན་མཆོག་ནི་ཚངས་པར་སྤྱོད་པའི་འབྲས་བུའོ། །རྒྱུ་དང་འབྲས་བུའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་རྒྱུའོ། །ཆོས་ནི་འབྲས་བུའོ། །དགེ་འདུན་ནི་རྒྱུའོ། །ཆོས་དཀོན་མཆོག་ནི་འབྲས་བུའོ། །ལམ་དང་འབྲས་བུའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་
ལམ་མོ། །ཆོས་ནི་འབྲས་བུའོ། །དགེ་འདུན་ནི་ལམ་མོ། །ཆོས་དཀོན་མཆོག་ནི་འབྲས་བུའོ། །སངས་རྒྱས་ཀྱི་སྟོན་པ་ནི་ཆོས་ཡིན་ཏེ། ཆོས་ལས་སངས་རྒྱས་སྐྱེས་པས་ན་ཆོས་ནི་སངས་རྒྱས་ཀྱི་ཡུམ་ཡིན་ཏེ། སངས་རྒྱས་ནི་ཆོས་ལ་གནས་སོ། །གསོལ་པ། སངས་
རྒྱས་ཀྱི་སྟོན་པ་ཆོས་ལགས་ན་ཅིའི་སླད་དུ་དཀོན་མཆོག་གསུམ་ལ་ཆོས་སྔར་མི་སྨོས། བཀའ་སྩལ་པ། སངས་རྒྱས་ཀྱིས་སྟོན་པ་ཆོས་ཡིན་མོད་ཀྱི་ཆོས་ཀྱང་སངས་རྒྱས་མ་ཡིན་པ་གཞན་གྱིས་མི་སྟོན་ཏེ། ལམ་ཞེས་བྱ་བ་ཡང་མིས་བསྒྲུབ་དགོས་པས་དེ་བས་ན་སངས་རྒྱས་སྔར་
སྨོས་སོ། །དེ་ནས་མ་འགགས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་མནོད་པའི་ཚེ། སྔར་ཆོས་དཀོན་མཆོག་སྨོས་ལ། ཕྱིས་སངས་རྒྱས་དཀོན་མཆོག་སྨོས་ན་གསུམ་ལ་སྐྱབས་སུ་མཆི་བར་
རུང་ངམ། བཀའ་སྩལ་པ། རྟོགས་ཤིང་ཤེས་པ་མེད་ན་གོ་རིམས་ནོར་ན་ཡང་ཉེས་པ་མེད་དེ་སྐྱབས་སུ་འགྲོ་བར་ཆུད་དོ། །གལ་ཏེ་ཤེས་བཞིན་དུ་ཆེད་དུ་ནོར་བར་སྨྲས་ན་ཉེས་པ་དང་བཅས་ལ་གསུམ་ལ་སྐྱབས་སུ་འགྲོ་བར་ཡང་མི་ཆུད་དོ། །གསོལ་པ། སངས་རྒྱས་དང་ཆོས་
སྨོས་ལ་དགེ་འདུན་མ་སྨོས་ན་སྐྱབས་སུ་མཆི་བ་གསུམ་དུ་རུང་ངམ། གལ་ཏེ་ཆོས་དང་དགེ་འདུན་སྨོས་ལ་སངས་རྒྱས་མ་སྨོས་ན་སྐྱབས་སུ་མཆི་བར་རུང་ངམ། གལ་ཏེ་སངས་རྒྱས་དང་དགེ་འདུན་སྨོས་ལ་ཆོས་མ་སྨོས་ན་གསུམ་ལ་སྐྱབས་སུ་མཆི་བར་ཆུད་དམ། བཀའ་སྩལ་པ། དེ་གང་
ཡང་མི་རུང་སྟེ་མི་ཆུད་དོ། །གསོལ་པ། གསུམ་ལ་སྐྱབས་སུ་མ་མཆིས་པར་ཚུལ་ཁྲིམས་ལྔ་ཐོབ་པར་རུང་ངམ། གལ་ཏེ་གསུམ་ལ་སྐྱབས་སུ་མ་མཆིས་པར་ཡང་ཡན་ལག་བརྒྱད་ཀྱི་ཚུལ་ཁྲིམས་ཐོབ་པར་རུང་ངམ། གལ་ཏེ་གསུམ་ལ་སྐྱབས་སུ་མཆི་བ་མ་མཆིས་པར་ཚུལ་ཁྲིམས་བཅུ་

ཐོབ་པར་རུང་ངམ། ཞུ་བ་དང་གསོལ་བ་བཞིའི་ལས་མ་བགྱིས་པར་ཚུལ་ཁྲིམས་རྫོགས་པར་མནོད་དུ་རུང་ངམ། བཀའ་སྩལ་པ། དེ་དག་གང་ཡང་མི་རུང་ངོ་། །གལ་ཏེ་ཚུལ་ཁྲིམས་ལྔ་ནོད་ན་སྔར་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །གསུམ་ལ་
སྐྱབས་སུ་སོང་བའི་འོག་ཏུ་ཁྲིམས་ལྔ་ཐོབ་པར་འགྱུར་ཏེ། དེ་ནས་ཁྲིམས་ལྔ་གང་ཡིན་པ་བརྗོད་དེ། ཕ་རོལ་པོས་ཁྲིམས་ལྔའི་མིང་ཤེས་པར་བྱའོ། །དེ་བཞིན་དུ་གསོལ་པ་དང་ཞུ་བ་བཞིའི་ལས་བྱས་ནས་ཚུལ་ཁྲིམས་རྫོགས་པར་འགྱུར་ཏེ། དེའི་འོག་ཏུ་གནས་བཞི་
དང་། རྩ་བ་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་ཅིང་བསྟན་པར་བྱའོ། །ཡང་གཞན་དུ་ན་སྐྱབས་སུ་འགྲོ་བ་བྱས་ནས་སྲོག་མི་གཅོད་པའི་ཁྲིམས་བསྟན་ན་ཁྲིམས་ཐོབ་པར་འགྱུར་ཏེ། དེ་བས་ན་ཁྲིམས་གཅིག་བཤད་པས་
ཁྲིམས་ལྔ་ཐོབ་ཅེས་བྱ་སྟེ། གལ་ཏེ་ཁྲིམས་གཅིག་ཐུབ་ན་ཁྲིམས་ལྔ་ཆར་ཐུབ་ཅེས་བྱའོ། །ཡང་གཞན་དུ་ན་ཁྲིམས་ལྔ་གཅིག་ལ་གཅིག་འབྲེལ་པ་ཡང་ཡིན་ལ་ཐོག་མ་ནས་ཁྲིམས་ལྔ་མནོད་པར་དམ་བཅས་པའི་ཕྱིར་རོ། །ཡང་གཞན་དུ་ན་ཁྲིམས་ལྔ་ནི་མནོས་པའི་འོག་ཏུ་
ཁྲིམས་ཐོབ་བོ། །སྟོན་པ་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་གསུམ་བྱས་ནས་ཁྲིམས་ལྔ་ཐོབ་ཅེས་བྱ་བ་ནི་དོན་བདེན་པ་སྟེ། ཇི་ལྟར་གསོལ་པ་དང་། ཞུ་བའི་ལས་བྱས་པ་བཞིན་ནོ། །ཡན་ལག་བརྒྱད་པའི་ཁྲིམས་ནོད་པ་དང་། ཁྲིམས་བཅུ་ནོད་པ་དང་། ཁྲིམས་ལྔ་ནོད་པ་
བཤད་པ་བཞིན་ནོ། །གསོལ་པ། གལ་ཏེ་སྔར་གསུམ་ལ་སྐྱབས་སུ་མཆིས་ཏེ། དགེ་བསྙེན་དུ་གྱུར་པ་སླད་ཀྱིས་གལ་ཏེ་ཁྲིམས་ལྔ་ནོད་དམ། ཁྲིམས་བཅུ་ནོད་ཀྱང་རུང་། སྐྱབས་སུ་མཆི་བ་གདོད་བགྱི་འཚལ་ལམ། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་གསུམ་མ་
བྱས་ཀྱང་སྔར་གསུམ་ལ་སྐྱབས་སུ་སོང་བས་ཚུལ་ཁྲིམས་ཀུན་ཐོབ་བོ། །གསོལ་པ། གལ་ཏེ་གསུམ་ལ་སྐྱབས་སུ་མཆི་བ་ཡང་བགྱིས། གསོལ་པ་དང་ཞུ་བའི་ལས་ཀྱང་མ་བགྱིས་ན་ཁྲིམས་ཐོབ་པར་འགྱུར་རམ། བཀའ་སྩལ་པ། ཁྲིམས་ལྔ་དང་། ཡན་ལག་བརྒྱད་པའི་

ཁྲིམས་དང་། ཁྲིམས་བཅུ་ནོད་པ་གསུམ་ལ་སྐྱབས་སུ་སོང་ནས་ཁྲིམས་འཐོབ་བོ། །གལ་ཏེ་ཚུལ་ཁྲིམས་རྫོགས་པར་མནོད་པ་ནི་གསོལ་བ་དང་། ཞུ་བ་བཞིའི་ལས་བྱས་པས་ཚུལ་ཁྲིམས་རྫོགས་པར་འགྱུར་གྱི་གསུམ་ལ་སྐྱབས་སུ་སོང་བས་ནི་མ་ཡིན་ནོ། །ཚུལ་ཁྲིམས་རྫོགས་
པར་མནོད་པ་ནི་དེའི་ཡོན་ཏན་དང་བསོད་ནམས་ཆེ་བས་ན་ལས་ཅུང་ཟད་ཙམ་མམ། རྐྱེན་ཅུང་ཟད་ཙམ་གྱིས་བསྒྲུབ་པར་མི་འགྱུར་བས་དེ་བས་ན་སྐྱབས་སུ་འགྲོ་བ་གསུམ་དང་། དགེ་འདུན་བཅུའི་ནང་དུ་གསོལ་བ་དང་ཞུ་བ་བཞིའི་ལས་བྱས་པས་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །
ཁྲིམས་ལྔ་དང་། ཡན་ལག་བརྒྱད་པའི་ཁྲིམས་དང་། ཁྲིམས་བཅུ་ནི་ཡོན་ཏན་དང་མཐུ་དེ་ཙམ་དུ་མི་ཆེ་བས་དེ་བས་ན་གསུམ་ལ་སྐྱབས་སུ་སོང་བས་ན་ཚུལ་ཁྲིམས་ཐོབ་པར་འགྱུར་ཏེ། ལས་མང་པོ་དང་། རྐྱེན་མང་པོ་མི་དགོས་སོ། །གསོལ་པ། ཚུལ་ཁྲིམས་རྫོགས་པར་མནོས་
པའི་འོག་ཏུ་རྩ་བ་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་འབའ་ཞིག་ནི་བསྟན་ལ་གཞན་དག་རྫོགས་པར་མི་སྟོན། བཀའ་སྩལ་པ། ཚུལ་ཁྲིམས་རྣམ་པ་འདི་གཉིས་ནི་ནང་གི་ལྕི་བ་ཡིན་ཏེ། རྩ་བ་བཞི་ལས་གཅིག་ཉམས་ན་ཡང་ཕྱིར་གསོར་མི་རུང་ངོ་། །ལྷག་མ་ནི་
གསོར་རུང་མོད་ཀྱི་གསོ་དཀའ་སྟེ། དེ་ཡང་དགེ་འདུན་ལ་མགུ་བ་དང་། ཆད་པའི་ལས་བྱས་ལ་གང་ན་དགེ་འདུན་ཉི་ཤུ་ཡོད་པའི་མདུན་དུ་ཉེས་པ་བཤགས་དགོས་ཏེ། འདི་ནི་བསྲུང་དཀའ་བས་བསྲུང་དགོས་པའི་ཕྱིར་སྨོས་སོ། །གཞན་བསླབ་ན་བསྲུང་སླ་བའི་ཕྱིར་སྨོས་མི་དགོས་ཏེ།
དེ་བས་ན་རྣམ་པ་འདི་གཉིས་སྨོས་ཀྱི་གཞན་མ་སྨོས་པ་ཡིན་ནོ། །གསོལ་པ། སོ་སོར་ཐར་པའི་ཁྲིམས་འདི་ཟག་པ་མེད་པའི་ཁྲིམས་ལགས་སམ། བསམ་གཏན་གྱི་ཚུལ་ཁྲིམས་ལགས། བཀའ་སྩལ་པ། ཟག་པ་མེད་པའི་ཁྲིམས་ཀྱང་མ་ཡིན། བསམ་གཏན་གྱི་ཚུལ་
ཁྲིམས་ཀྱང་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་འདི་ནི་གལ་ཏེ་སངས་རྒྱས་འཇིག་རྟེན་དུ་གཤེགས་ན་ནི་ཚུལ་ཁྲིམས་འདི་ཡོད་ཀྱི། གལ་ཏེ་སངས་རྒྱས་འཇིག་རྟེན་དུ་མ་གཤེགས་ན་ཚུལ་ཁྲིམས་འདི་མེད་དོ། །ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་སངས་

རྒྱས་འཇིག་རྟེན་དུ་གཤེགས་ཀྱང་རུང་། མ་གཤེགས་ཀྱང་རུང་དུས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོད་དོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་བཅས་པ་ལས་ཡོད་པར་འགྱུར་གྱི། ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་བཅས་པ་ལས་ཡོད་
པ་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་གཞན་ལས་ཐོབ་པར་འགྱུར་གྱི། ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་གཞན་ལས་ཐོབ་པ་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་གཉིད་ཀྱིས་ལོག་གམ། མ་ལོག་པའམ། དགེ་བའམ། སྡིག་
པའམ། ལུང་དུ་མི་སྟོན་པའི་སེམས་ཀྱི་དུས་ཐམས་ཅད་དུ་ཡོད་དོ། །ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་བསམ་གཏན་དུ་འདུག་པ་དང་། ཟག་པ་མེད་པའི་སེམས་ལ་ངེས་པའི་ཚེ་ཚུལ་ཁྲིམས་ཡོད་ཀྱི། །སེམས་གཞན་ཐམས་ཅད་ལ་མེད་དོ། །སོ་
སོར་ཐར་པའི་ཚུལ་ཁྲིམས་ནི་མིའི་ནང་འབའ་ཞིག་ན་ཡོད་ཀྱི། ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་ལྷ་དང་མི་གཉིས་ལ་ཡོད་དོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་འདོད་པའི་ཁམས་འབའ་ཞིག་ན་ཡོད་ཀྱི། ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་
ཁྲིམས་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ན་རྫོགས་པར་ཡོད་དོ། །ཟག་པ་མེད་པའི་ཚུལ་ཁྲིམས་དང་། སོ་སོར་ཐར་པའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་སློབ་མ་འབའ་ཞིག་ལ་ཡོད་མོད་ཀྱི། བསམ་གཏན་གྱི་ཚུལ་ཁྲིམས་ནི་མུ་སྟེགས་ཅན་ལ་ཡང་ཡོད་དོ། །
གསོལ་པ། དགེ་བསྙེན་གྱི་ཁྲིམས་ལྔ་ལ་དུ་ནི་རང་བཞིན་གྱི་སྡིག་ལགས། དུ་ནི་བཅས་པའི་སྡིག་ལགས། བཀའ་སྩལ་པ། བཞི་ནི་རང་བཞིན་གྱི་སྡིག །ཆང་འཐུང་བའི་ཁྲིམས་གཅིག་ནི་བཅས་པའི་སྡིག་གོ། །ཆང་འཐུངས་པས་ནི་བག་མེད་པ་ལེ་ལོའི་གནས་ཡིན་པ་སྟེ། སྡིག་
པ་བཞིའི་གྲོགས་སུ་འགྱུར་རོ། །ཁྲིམས་ལྔ་ལ་ཆང་འཐུང་བ་ནི་བག་མེད་པའི་གཞི་ཡིན་པས། ཁྲིམས་བཞི་ཡང་ཉམས་པར་བྱེད་དེ། དཔེར་ན་སངས་རྒྱས་འོད་སྲུང་གི་ཚེ་དགེ་བསྙེན་ཞིག་ཆང་འཐུངས་པའི་རྐྱེན་གྱིས་གཞན་གྱི་ཆུང་མ་ལ་འདོད་པས་ལོག་པར་གཡེམ་པ་ཡང་བྱས།

ཕ་རོལ་པོའི་བྱ་ཡང་བརྐུས་ནས་བསད་དོ། །གཞན་ཞིག་གིས་ཁྱོད་ཅིའི་ཕྱིར་འདི་ལྟར་བྱེད་ཅེས་དྲིས་ན་བདག་གིས་བྱས་པ་མེད་ཅེས་ཟེར་ཏེ། དེ་ལྟར་ཆང་འཐུངས་པས་ཁྲིམས་བཞི་ཆར་ཅིག་ཅར་ཉམས་པར་བྱས་སོ། །ཆང་འཐུངས་ན་མཚམས་མེད་པ་བཞི་ཡང་བྱེད་པར་འགྱུར་ཏེ། དགེ་
འདུན་གྱི་དབྱེན་འབའ་ཞིག་བྱེད་མི་ནུས་སོ། །འདི་ཡང་སྔོན་གྱི་ལས་ཀྱིས་གཉེར་བ་མ་ཡིན་མོད་ཀྱི། འོན་ཀྱང་སྨྱོ་བ་དང་མི་དྲན་པར་སྨྱོ་བ་མྱོང་བར་འགྱུར་རོ། །ཆང་འཐུངས་པས་བན་གླང་མྱོས་པ་ལྟར་མྱོས་ཤིང་འཁྲུག་པར་འགྱུར་ཏེ། ཆང་གིས་མྱོས་ན་ཡང་དག་པའི་ལས་སུ་
བྱ་བ་བསམ་གཏན་དང་། མདོ་སྡེ་ཀློག་པ་དང་། འདོན་པ་དང་། དགེ་འདུན་གྱི་ལས་བྱ་བ་རྣམས་ཤོར་བར་འགྱུར་ཏེ། རང་བཞིན་གྱི་སྡིག་པ་མ་ཡིན་མོད་ཀྱི་རང་བཞིན་གྱི་སྡིག་པ་དང་འདྲའོ། །དེ་ནས་མ་འགགས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
དགེ་བསྙེན་གྱི་ཁྲིམས་ལྟ་བུ་སེམས་ཅན་འབའ་ཞིག་ལས་ཁྲིམས་ཐོབ་བམ། སེམས་ཅན་མ་ཡིན་པ་ལས་ཀྱང་ཐོབ་པར་རུང་། འོན་ཏེ་གསད་དུ་རུང་བ་དང་། རྐུར་ཡོད་པ་དང་། མི་ཚངས་པར་སྤྱད་དུ་རུང་བ་དང་། བརྫུན་སྨྲར་རུང་བའི་སེམས་ཅན་ལས་ཁྲིམས་ཐོབ་པར་འགྱུར་རམ།
འོན་ཏེ་གསད་དུ་མི་རུང་བ་དང་། རྐུར་མ་མཆིས་པ་དང་། མི་ཚངས་པར་སྤྱད་དུ་མི་རུང་བ་དང་། བརྫུན་སྨྲར་མི་རུང་བ་དང་། སེམས་ཅན་ལས་ཀྱང་ཁྲིམས་ཐོབ་པར་འགྱུར། བཀའ་སྩལ་པ། སེམས་ཅན་ལས་ནི་ཁྲིམས་བཞི་ཐོབ་པར་འགྱུར་གྱི་སེམས་ཅན་མ་ཡིན་པ་ལས་ཆང་
མི་འཐུང་བའི་ཁྲིམས་ཐོབ་པར་འགྱུར་རོ། །སེམས་ཅན་དུ་གཏོགས་པ་གསོད་དུ་རུང་བའམ། གསོད་དུ་མི་རུང་བའམ། མི་ཚངས་པར་སྤྱན་དུ་རུང་བའམ། མི་རུང་བའམ། རྐུར་རུང་བའམ། མི་རུང་བའམ། བརྫུན་སྨྲར་རུང་བའམ། མི་རུང་བ་ཐམས་ཅད་ལས་ཚུལ་ཁྲིམས་
ཐོབ་སྟེ། མཚམས་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མན་ཆད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པ་དེ་བཞིན་གཤེགས་པའི་བར་དུ་སྲོག་དང་བཅས་པ་ཐམས་ཅད་ལས་ཚུལ་ཁྲིམས་འདི་བཞི་ཐོབ་པར་རུང་

སྟེ། དེ་ཡང་ཐོག་མ་ཚུལ་ཁྲིམས་ནོད་པའི་ཚེ་སྲོག་ཆགས་ཐམས་ཅད་ཀྱི་སྲོག་མི་གཅོད་པ་དང་། ཐམས་ཅད་མ་བྱིན་པར་མི་ལེན་པ་དང་། ཐམས་ཅད་ལ་མི་ཚངས་པར་མི་སྤྱོད་པ་དང་། བརྫུན་ཐམས་ཅད་མི་སྨྲའོ་ཞེས་བྱ་བའི་མཐའ་དང་ཚད་གཟུང་དུ་མེད་པས་དེ་བས་ན་
སེམས་ཅན་ཐམས་ཅད་ལས་ཚུལ་ཁྲིམས་མི་ཐོབ་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་འབོགས་པ་ཆོ་ག་བཞིན་དུ་བྱས་ན་སྔར་ཁོང་དུ་ཆུད་ཅིང་ཡིད་ཆེས་པར་བྱ་བའི་ཕྱིར་ཆོས་བཤད་ལ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་བསྐྱེད་དུ་གཞུག་གོ། །དེ་ལྟར་ལྷག་པར་
མོས་པའི་སེམས་སྐྱེས་ན་ལྷག་པའི་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །ཡང་ཚུལ་ཁྲིམས་ཐོབ་པ་ནི་སེམས་ཅན་ཐམས་ཅད་ལས་སོ་སོ་ནས་ཚུལ་ཁྲིམས་བཞི་ཐོབ་པར་འགྱུར་ཏེ། ཚུལ་ཁྲིམས་བཞི་སོ་སོར་དབྱེ་ན་ཚུལ་ཁྲིམས་བཅུ་གཉིས་སུ་འགྱུར་རོ། །སེམས་ཅན་ལས་སྲོག་
མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་དང་། མི་ཚངས་པར་མི་སྤྱོད་པ་དང་། བརྫུན་མི་སྨྲ་བས་བཟློག་པའི་ཉེས་པ་བཞི་སྐྱེ་བ་ཡང་རྒྱུ་དང་རྐྱེན་གསུམ་གྱི་ཕྱིར་ཏེ། དེ་ཡང་འདོད་ཆགས་ལས་སྐྱེ་བ་དང་། ཞེ་སྡང་ལས་སྐྱེ་བ་དང་། གཏི་མུག་ལས་སྐྱེ་བའོ། །སེམས་ཅན་ཐམས་
ཅད་ལ་མི་དགེ་བ་བཅུ་གཉིས་པོ་འདི་ཡོད་དེ། མི་དགེ་བ་འདི་ལས་བཟློག་ན་དགེ་བའི་ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་བཅུ་གཉིས་ཐོབ་པར་འགྱུར་རོ། །དཔག་ཏུ་མེད་པའི་སེམས་ཅན་ཐམས་ཅད་ལས་ཐོབ་པ་ཡང་དེ་དང་འདྲའོ། །གལ་ཏེ་དགྲ་བཅོམ་པ་ཁྲི་ཕྲག་བརྒྱའམ།
འབུམ་ཕྲག་བརྒྱ་མྱ་ངན་ལས་འདས་ཀྱང་། ཐོག་མར་དགྲ་བཅོམ་པ་དེ་དག་ལས་ཚུལ་ཁྲིམས་ཐོབ་ན་དགྲ་བཅོམ་པ་མྱ་ངན་ལས་འདས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་བ་མ་ཡིན་ནོ། །ཆང་མི་འཐུང་བའི་ཁྲིམས་ནི་ལུས་འདི་ཐོག་མ་ནས་ཐ་མའི་བར་དུ་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་ཇི་ཙམ་ཚང་དུ་གཏོགས་པ་ཐམས་ཅད་ལ་རྔུབ་རེ་ཞིང་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་འཐོབ་སྟེ། ཐོག་མ་ཁྲིམས་ནོད་པའི་ཚེ་ཆང་ཐམས་ཅད་མི་འཐུང་ངོ་ཞེས་བྱས་པས་གལ་ཏེ་ཆང་ཐམས་ཅད་ཟད་ཀྱང་ཚུལ་ཁྲིམས་ནི་རྟག་ཏུ་ཡོད་པས་མི་ཉམས་སོ། །གསོལ་པ།

ཐོག་མ་ཁྲིམས་ནོད་པའི་ཚེ་བུད་མེད་ཐམས་ཅད་ཀྱི་སྒོ་གསུམ་ནས་འདོད་པས་ལོག་པར་མི་གཡེམ་པའི་ཁྲིམས་མནོས་ལ་ཕྱིས་ཆུང་མ་བླངས་ན་ཚུལ་ཁྲིམས་འདི་ཉམས་པར་འགྱུར་རམ། བཀའ་སྩལ་པ། ཉམས་པར་མི་འགྱུར་རོ། །ཇི་ལྟ་ཞེ་ན། ཐོག་མ་བུད་མེད་ལ་འདོད་པས་ལོག་པར་
མི་གཡེམ་པའི་ཁྲིམས་ཐོབ་ལ་འདི་ནི་བདག་གི་ཆུང་མ་ཡིན་པས་འདོད་པས་ལོག་པར་གཡེམ་པ་མ་ཡིན་ཏེ། ཁྲིམས་འདི་ནི་ཉམས་པར་མི་འགྱུར་རོ། །དོན་འདི་དང་སྦྱར་ན་ཐམས་ཅད་འཐུན་ཏེ། ཁྲིམས་བརྒྱད་དང་། ཁྲིམས་བཅུ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་རྣམས་
ལས་ཚུལ་ཁྲིམས་ཐོབ་པ་ཡང་དེ་དང་འདྲའོ། །ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཡང་སེམས་ཅན་ཀུན་ལ་སོ་སོ་ནས་ཚུལ་ཁྲིམས་བདུན་བདུན་ཞིག་ཐོབ་སྟེ། དེ་ཡང་རྣམ་པར་དབྱེ་ན་ཚུལ་ཁྲིམས་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ལུས་དང་ངག་གི་སྡིག་པ་བདུན་
འབྱུང་སྟེ། སྡིག་པ་འབྱུང་བ་འདི་ཡང་རྒྱུ་དང་རྐྱེན་རྣམ་པ་གསུམ་གྱིས་སྐྱེའོ། །དེ་ཡང་འདོད་ཆགས་ཀྱིས་སྐྱེ་བ་དང་། ཞེ་སྡང་གིས་སྐྱེ་བ་དང་། གཏི་མུག་གིས་སྐྱེ་བ་སྟེ། དེ་ལྟར་ན་རྒྱུ་དང་རྐྱེན་གསུམ་གྱིས་སྡིག་པ་བདུན་སྐྱེ་སྟེ། དེ་ལྟར་ན་མི་དགེ་བའི་སྡིག་པ་བདུན་གསུམ་ཉི་ཤུ་གཅིག་
གོ། །སྡིག་པ་དེ་ལས་བཟློག་ན་ཚུལ་ཁྲིམས་སུ་འགྱུར་ཏེ། སེམས་ཅན་གཅིག་ལ་ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ཉི་ཤུ་རྩ་གཅིག་ཡོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་དེ་དང་འདྲའོ། །དོན་དེ་དང་སྦྱར་ན་དུས་གཅིག་ཏུ་ཚུལ་ཁྲིམས་གྲངས་མེད་པ་ཐོབ་པར་ནི་རུང་གི །
དུས་གཅིག་ཏུ་ཅིག་ཅར་ཉམས་པར་འགྱུར་བའམ། དུས་གཅིག་ཏུ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །ཚུལ་ཁྲིམས་ཉམས་ཞེས་བྱ་བ་ནི་གལ་ཏེ་ཚུལ་ཁྲིམས་ཀྱི་རྩ་བ་ཉམས་ན་གོང་ནས་གོང་དུ་འཕར་བར་མི་འགྱུར་ཏེ། ཇི་སྟེ་ཚུལ་ཁྲིམས་ཕུལ་ལ་ཕྱིས་ནོད་ན་ཡང་ཚུལ་ཁྲིམས་ཐོབ་པར་མི་འགྱུར་
རོ། །དཔེར་ན་ཉིན་ཞག་གཅིག་གི་ཡན་ལག་བརྒྱད་པའི་ཁྲིམས་ཀྱི་རྩ་བ་ཉམས་ན་ཕྱིས་ཁྲིམས་བརྒྱད་དམ། ཁྲིམས་ལྔའམ། ཁྲིམས་བཅུའམ། ཁྲིམས་རྫོགས་པའམ། བསམ་གཏན་གྱི་ཚུལ་ཁྲིམས་སམ། ཟག་པ་མེད་པའི་ཚུལ་ཁྲིམས་སམ། ཚུལ་ཁྲིམས་འདི་དག་གང་

ཡང་ནོད་དུ་མི་རུང་ངོ་། །གལ་ཏེ་ཚུལ་ཁྲིམས་ལྔའི་རྩ་བ་ཉམས་ན་ཡང་ཁྲིམས་བརྒྱད་དམ། བཅུའམ། ཚུལ་ཁྲིམས་རྫོགས་པའམ། བསམ་གཏན་གྱི་ཚུལ་ཁྲིམས་སམ། ཟག་པ་མེད་པའི་ཚུལ་ཁྲིམས་མནོས་ཀྱང་ཐམས་ཅད་ཐོབ་པར་མི་རུང་ངོ་། །གལ་ཏེ་
ཁྲིམས་ལྔ་ཉམས་པའི་འོག་ཏུ་ཁྲིམས་ལྔ་ཕུལ་ལ་ཁྲིམས་བཅུ་ནོད་པ་དེ་ནི་གནས་མ་ཡིན་ནོ། །གལ་ཏེ་ཁྲིམས་ལྔ་ཕུལ་བའི་འོག་ཏུ་ཁྲིམས་ལྔ་ནོད་ཀྱང་རུང་། ཁྲིམས་བརྒྱད་དམ། ཁྲིམས་བཅུའམ། ཁྲིམས་རྫོགས་པའམ། བསམ་གཏན་གྱི་ཚུལ་ཁྲིམས་སམ། ཟག་པ་མེད་པའི་
ཁྲིམས་མནོས་ཀྱང་ཁྲིམས་གང་ཡང་མི་འཐོབ་བོ། །གལ་ཏེ་ཁྲིམས་བཅུའམ། ཁྲིམས་རྫོགས་པའི་རྩ་བ་ཉམས་ན་གོང་ནས་གོང་དུ་འཕར་བའམ། ཁྲིམས་ཕུལ་ཏེ་ཁྲིམས་ནོད་པ་ནི་ཇི་ལྟར་ཁྲིམས་ལྔ་ལས་བཤད་པ་དང་འདྲའོ། །གསོལ་པ། བསམ་གཏན་གྱི་ཚུལ་ཁྲིམས་དང་།
ཟག་པ་མེད་པའི་ཚུལ་ཁྲིམས་དང་། སོ་སོར་ཐར་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འདི་གསུམ་ལས་ཚུལ་ཁྲིམས་མཆོག་ཅེས་བགྱི་བ་གང་ལགས། བཀའ་སྩལ་པ། བསམ་གཏན་གྱི་ཚུལ་ཁྲིམས་མཆོག་སྟེ། གཞན་དུ་ན་སོ་སོར་ཐར་པའི་ཚུལ་ཁྲིམས་ཀྱང་མཆོག་ཡིན་
ནོ། །དེ་ཇི་ལྟ་ཞེ་ན། གལ་ཏེ་སངས་རྒྱས་འཇིག་རྟེན་དུ་གཤེགས་ན་ཚུལ་ཁྲིམས་འདི་ཡོད་པར་འགྱུར་གྱི། བསམ་གཏན་གྱི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་ཚུལ་ཁྲིམས་ནི་ཐམས་ཅད་ཀྱི་དུས་སུ་ཡོད་དོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལས་
ཀྱང་ཐོབ་པར་རུང་གི །བསམ་གཏན་གྱི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ལས་ཐོབ་པ་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་ཐོབ་པར་འགྱུར་གྱི། བསམ་གཏན་གྱི་ཚུལ་ཁྲིམས་དང་།
ཟག་པ་མེད་པའི་ཚུལ་ཁྲིམས་ནི་བྱམས་པའི་སེམས་ཀྱིས་ཐོབ་པ་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་ཆོས་འཛིན་པར་འཁོར་རྣམ་པ་བདུན་འཇིག་རྟེན་ན་ཡོད་ཅིང་ཐག་པ་རྣམ་གསུམ་གྱི་འབྲས་བུ་རྒྱུན་མི་འཆད་པར་བྱེད་པའི་གཞིར་འགྱུར་བ་ཡིན་གྱི། བསམ་གཏན་གྱི་

ཁྲིམས་དང་། ཟག་པ་མེད་པའི་ཁྲིམས་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་བས་ན་ཁམས་གསུམ་ན་མཆོག་རབ་ཕུལ་དུ་གྱུར་པ་ཡིན་ནོ། །ཐོག་མ་ཁྲིམས་ནོད་པའི་ཚེ་གསོལ་བ་དང་ཞུ་བ་བཞིའི་ལས་བྱས་མ་ཐག་ཏུ་ཚུལ་ཁྲིམས་རྫོགས་པར་འགྱུར་ཏེ། ཐོག་མའི་སེམས་སྐད་ཅིག་མ་དང་པོའི་
ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ནི་ལས་ཞེས་ཀྱང་བྱ། ལས་ཀྱི་ལམ་ཞེས་ཀྱང་བྱའོ། །སེམས་སྐད་ཅིག་མ་ཕྱི་མ་ལས་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་བྱུང་བ་ནི་ལས་ཞེས་བྱའི། ལས་ཀྱི་ལམ་མ་ཡིན་ནོ། །དེ་ལྟ་བས་ན་སེམས་ཀྱི་སྐད་ཅིག་མ་དང་པོ་ལས་
ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་བསམ་པ་ཡོངས་སུ་རྫོགས་ཏེ། བསམ་པ་དང་ལྡན་པས་བསམ་པའི་ལས་ཀྱི་ལམ་ཞེས་བྱའོ། །ཚུལ་ཁྲིམས་སྔ་མས་རྒྱུ་བྱས་ཏེ། ཚུལ་ཁྲིམས་ལྷག་མའི་རྣམ་པར་རིག་བྱེད་ཀྱི་གཟུགས་ལྷུན་གྱིས་གྲུབ་པས་དེ་བས་ན་དེ་ལ་ལས་ཞེས་བྱའི་ལས་
ཀྱི་ལམ་མ་ཡིན་ནོ། །དང་པོའི་སེམས་སྐད་ཅིག་མ་གཅིག་གི་ཁྲིམས་ནི་ཆོ་ག་དང་ཡང་བཅས་ལ་ཆོ་ག་མེད་པ་ཡང་མ་ཡིན་ནོ། །ཕྱིས་རིམ་གྱིས་སྐྱེ་བའི་ཁྲིམས་ནི་ཆོ་ག་མེད་པ་འབའ་ཞིག་དང་ལྡན་གྱི། ཆོ་ག་དང་བཅས་པ་མ་ཡིན་ནོ། །ཐོག་མའི་སེམས་སྐད་ཅིག་མ་གཅིག་གི་ཁྲིམས་ནི་ཚུལ་
ཁྲིམས་ཞེས་ཀྱང་བྱ། དགེ་བར་སྤྱོད་པ་ཞེས་ཀྱང་བྱ། འདུལ་བ་ཞེས་ཀྱང་བྱའོ། །ཕྱིས་རིམ་གྱིས་དེ་མ་ཐག་ཏུ་སྐྱེ་བའི་ཚུལ་ཁྲིམས་ཀྱང་དོན་དེ་དང་ལྡན་ནོ། །དེ་ནས་མ་འགགས་པས་ཡང་བཅོམ་ལྡན་འདས་ལ་གསོལ་པ། དུས་གསུམ་དུ་བཀུམ་པའི་ནང་ན་དུས་གང་གིས་ཚུལ་ཁྲིམས་ཐོབ་
པར་འགྱུར། བཀའ་སྩལ་པ། ད་ལྟར་གྱི་དུས་ཀྱི་སེམས་སྐད་ཅིག་མ་གཅིག་གིས་ཁྲིམས་ཐོབ་པར་འགྱུར་རོ། །འདས་པ་དང་མ་འོངས་པ་ནི་ཆོས་ཡིན་ཏེ། སེམས་ཅན་མ་ཡིན་པས་ཁྲིམས་མི་འཐོབ་ཀྱི། ད་ལྟར་གྱི་སེམས་སྐད་ཅིག་མ་གཅིག་ནི་སེམས་ཅན་ཡིན་པས་ན་ཁྲིམས་འཐོབ་བོ། །
གསོལ་པ། དགེ་བའི་སེམས་ཀྱིས་ཚུལ་ཁྲིམས་ཐོབ་བམ། མི་དགེ་བའི་སེམས་ཀྱིས་སམ། འོན་ཏེ་ལུང་དུ་མ་བསྟན་པའི་སེམས་ཀྱིས་སམ། སེམས་མེད་པས་ཁྲིམས་ཐོབ་པར་འགྱུར། བཀའ་སྩལ་པ། ཐམས་ཅད་ཀྱིས་ཐོབ་པར་འགྱུར་ཏེ། ཐོག་མ་དགེ་བའི་སེམས་ཀྱིས་དགེ་

འདུན་གྱི་རྐང་པ་ལ་ཕྱག་བྱས་ལ་ཆོས་གོས་དང་ལྷུང་བཟེད་བླངས་ཏེ་མཁན་པོ་གང་ཡིན་པ་ལ་གསོལ་བ་གདབ་བོ། །དེ་ནས་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ལ་གསོལ་བ་དང་ཞུ་བ་བཞིའི་ལས་བར་ཆད་མེད་པར་དགེ་བའི་སེམས་ཀྱིས་ཁྲིམས་རྫོགས་པ་ནི་དགེ་བའི་
སེམས་ཀྱིས་ཚུལ་ཁྲིམས་ཐོབ་པ་ཞེས་བྱའོ། །གལ་ཏེ་དེ