Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ

Văn bản gốc(Tây Tạng)

Trang 7 / 18 (50.000 ký tự/trang)
ང་། རྒ་བ་དང་། ན་བ་དང་། འཆི་བས་གཟིར་ཏེ་སྐད་ཅིག་ཏུ་མི་རྟག་པས་སྒྲིབ་པ་
ལྔ་དང་། ཀུན་ནས་གླགས་པ་བཅུས་ཀུན་དུ་གླགས་ཏེ། སྲིད་པ་གསུམ་དུ་འཁོར་ཞིང་སྐྱེ་ཤི་ཐོག་མ་དང་ཐ་མ་མེད་པ་མྱོང་བར་གྱུར་ཏོ། །དེ་བས་ན་དེ་བཞིན་གཤེགས་པས་ཅི་དང་ཅིར་འཕྲོད་པ་བཞིན་སྡེ་སྣོད་གསུམ་དང་། མདོ་སྡེ་དགུ་ནས་མདོ་སྡེ་བཅུ་གཉིས་ཀྱི་བར་དུ་རྣམ་པར་ཕྱེ་
ཞིང་བསྟན་ཏོ། །སོ་སོའི་འདོད་པ་བཞིན་མདོ་སྡེ་མང་པོ་གསུངས་སོ། །ཚིག་ལ་ཆགས་པ་ཁ་ཅིག་བདག་ནི་འདི་ཁོ་ནས་ཆོག་སྟེ། མྱ་ངན་ལས་འདས་པ་ཐོབ་ཅེས་འཛིན་པ་ཡང་ཡོད་དོ། །དེ་ཡང་དེ་བཞིན་གཤེགས་པའི་སྔོན་གྱི་ཐུགས་རྗེ་ཆེན་པོའི་སྨོན་ལམ་གྱི་ཤུགས་
ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ལས་འཐུན་པ་ཐམས་ཅད་བསྡུས་སོ། །དེ་ལྟར་ལས་འཐུན་པ་ཀུན་འདུས་པ་འཁོར་མང་པོའི་དཀྱིལ་འཁོར་དེར་དམ་པའི་ཆོས་མདོ་སྡེ་གསུངས་པར་དགོངས་ཏེ། གཟུགས་བརྙན་གྱི་ཆོས་ནམ་དུ་ཡང་རྒྱུན་མི་འཆད་ཅིང་སོ་སོའི་སྐྱེ་བོ་ཐམས་
ཅད་བདེ་བ་ཆེན་པོ་ཐོབ་པར་མཛད་དོ། །དེ་བས་ན་དེ་བཞིན་གཤེགས་པ་འདུལ་ཞིང་སྟོན་པ་ཡང་དུས་ལས་མི་ཡོལ་བར་ཤེས། དུས་ལས་མི་ཡོལ་བར་མྱ་ངན་ལས་འདའོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས་ཞེས་གྲགས་
སོ། །སྐབས་ཁ་ཅིག་ཏུ་ནི་དགའ་ལྡན་གནས་སུ་གཤེགས་ནས་ལྷ་རྣམས་ཀྱི་སྟོན་པ་མཛད་དོ། །སྐབས་ཁ་ཅིག་ཏུ་ནི་དགའ་ལྡན་གནས་ནས་བབས་ཏེ། འཛམ་བུའི་གླིང་དུ་སྐུ་ཚེ་ལོ་བརྒྱད་ཅུར་བཞུགས་པ་ཡང་སྟོན་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་
བོ། །འཇིག་རྟེན་གྱི་ཁམས་ཀྱང་བསམ་གྱིས་མི་ཁྱབ་བོ། །ལས་ཀྱི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་བོ། །སེམས་ཅན་གྱི་བསམ་པ་ཡང་བསམ་གྱིས་མི་ཁྱབ་བོ། །བསམ་གཏན་གྱི་ཏིང་ངེ་འཛིན་ཡང་བསམ་གྱིས་མི་ཁྱབ་བོ། །ཀླུའི་མཐུ་ཡང་བསམ་གྱིས་མི་
ཁྱབ་བོ། །འདི་ནི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་སྟེ། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཐུགས་ལ་དགོངས་པ་ཤེས་པར་འདོད་ན་སེམས་ཅན་དབང་པོ་ཞན་པ་ཐ་མའི་བར་དུ་ཡང་ཀུན་ཤེས་པར་མཛད་དོ། སེམས་ཅན་ཐམས་ཅད་ལས་གང་ཡང་སངས་རྒྱས་
མཐོང་བར་འདོད་ན་དེ་མ་ཐག་ཏུ་མཐོང་བར་མཛད་དོ། །གལ་ཏེ་མཐོང་བར་མི་མཛད་ན་མིག་སྔར་བབ་ཀྱང་མི་མཐོང་ངོ་། །དེ་བས་ན་ཉན་ཐོས་དང་། རང་སངས་རྒྱས་དག་ལྷའི་མིག་གི་མངོན་པར་ཤེས་པ་ཡོད་ཀྱང་མཐོང་བར་མི་ནུས་སོ། །དེ་མ་ཡིན་པ་གཞན་ཡང་སངས་
རྒྱས་ཀྱིས་འོད་ཟེར་ཆེན་པོ་བཀྱེ་ནས་སྲིད་པའི་རྩེ་མོ་མན་ཆད་མཚམས་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་སྣང་བར་མཛད་ཀྱང་གང་འདུལ་བའི་སྐལ་བ་དང་ལྡན་པས་ནི་མཐོང་བར་འགྱུར། གང་སྐལ་བ་དང་མི་ལྡན་པས་ནི་མིག་སྔར་བབ་ཀྱང་མི་མཐོང་ངོ་། དེ་བཞིན་
གཤེགས་པ་སྐབས་ཁ་ཅིག་ཏུ་ནི་ཆེད་དུ་སྐུལ་བ་མཛད། སྐབས་ཁ་ཅིག་ཏུ་ནི་ཅང་མི་གསུང་བས་ན། སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་སྟེ། ཤིན་ཏུ་དཔག་པར་དཀའ་བ། ཤིན་ཏུ་ཤེས་ཤིང་རྟོགས་པར་དཀའ་ན། ཇི་ལྟར་ཁྱོད་ཀྱིས་དེ་བཞིན་

གཤེགས་པ་ལ་སྤྱོད་དཀའ་བ་ཤིན་ཏུ་ཟབ་མོ་དྲི་བ་ལ་སྤོབས་པར་གྱུར། ཁྱོད་ཀྱིས་ཞུས་པ་འདི་ནི་ཡང་དག་པར་སེམས་ཅན་ཐམས་ཅད་ལ་བྱམས་ཤིང་སྙིང་བརྩེ་བ་ཡིན་ཏེ། ངན་འགྲོ་གསུམ་གྱི་ལམ་བཀག་ནས་ལྷ་དང་མིའི་ལམ་བཏོད་པ་ཡིན་ནོ། །ཀུན་དགའ་བོ་ངས་ད་ཁྱོད་
ལ་ཕ་མ་ལ་སྲི་ཞུ་བྱ་བའི་སྤྱད་དཀའ་བ་མདོ་ཙམ་ཞིག་བསྟན་པར་བྱས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
སྔོན་བྱུང་བ་བསྐལ་པ་ཚད་མེད་པ་མཐའ་ཡས་གྲངས་མེད་པ་འདས་པའི་ཕ་རོལ་ན་ཡུལ་བཱ་རཱ་ཎ་སཱིར་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་
མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ། འཇིག་རྟེན་གྱི་གཙོ་བོ། །ལྷ་དང་མིའི་སྟོན་པ་འཇིག་རྟེན་དུ་བྱུང་ངོ་། །སངས་རྒྱས་དེའི་སྐུ་ཚེའི་ཚད་ཀྱང་བསྐལ་པ་ཆུང་ངུ་ཉི་ཤུར་བཞུགས་སོ། །དམ་པའི་ཆོས་ཀྱང་བསྐལ་པ་ཆུང་ངུ་ཉི་ཤུར་གནས་
སོ། །གཟུགས་བརྙན་གྱི་ཆོས་ཀྱང་བསྐལ་པ་ཆུང་ངུ་ཉི་ཤུར་གནས་སོ། །གཟུགས་བརྙན་གྱི་ཆོས་ལ་སྤྱོད་པའི་ཚེ་མིའི་རྒྱལ་པོ་རཱ་ཛ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཡུལ་བཱ་རཱ་ཎ་སཱི་ལ་དབང་སྒྱུར་རོ། །རྒྱལ་པོ་དེ་ལ་བཙུན་མོ་ནི་ཉི་ཁྲི་ཡོད། བློན་པོ་ནི་བཞི་སྟོང་སྙེད་ཡོད།
བལ་གྱི་གླང་པོ་ཆེ་ཡང་ལྔ་བརྒྱ་ཡོད། རྒྱལ་ཕྲན་དྲུག་ཅུ་ལ་དབང་། གྲོང་ཁྱེར་བརྒྱད་བརྒྱ་ཞིག་ཡོད། རྒྱལ་པོ་དེ་ལ་རྒྱལ་བུ་གསུམ་ཡོད་དེ། གསུམ་ཆར་ཡང་རྒྱལ་ཕྲན་རེ་རེ་བྱེད་དོ། །དེའི་ཚེ་དེའི་དུས་ན་ཡུལ་བཱ་རཱ་ཎ་སཱིའི་རྒྱལ་པོ་དེ་མཁས་ཤིང་ཤེས་རབ་དང་ལྡན་ཏེ། རྟག་
ཏུ་ཡང་དྲང་བའི་ཆོས་ཀྱིས་ཡུལ་གྱི་སྲིད་འཛིན་པས་གང་ཡང་གཏམས་ལས་ཆད་ཅེས་བྱ་བ་མེད་དོ། །རྒྱལ་པོའི་བསོད་ནམས་དང་ཡོན་ཏན་གྱི་མཐུས་ཆར་ཆུ་དུས་ལས་མི་ཡོལ་ཏེ། ལོ་ཏོག་རྒྱུན་དུ་ལེགས་པས་དེ་ན་གནས་པའི་མི་རྣམས་ཀྱང་བདེ་སྐྱིད་དོ། །དེའི་ཚེ་ན་བཱ་རཱ་ཎ་སཱིའི་རྒྱལ་པོ་

དེ་ལ་བློན་པོ་ནག་པོ་སྒྲ་གཅན་ཞེས་བྱ་བ་ཞིག་ཡོད་དོ། །བློན་པོ་སྒྲ་གཅན་རྒྱལ་པོ་ལ་འཁུས་ནས་དམག་རྣམ་བཞི་བཤམས་པ་ལ་འདི་ལྟ་སྟེ། བལ་གླང་གི་ཚོགས་དང་། ཤིང་རྟའི་ཚོགས་དང་། རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་བཤམས་
ནས་བཱ་རཱ་ཎ་སཱིའི་རྒྱལ་པོ་ལ་བརྒལ་ནས་རྒྱལ་པོའི་སྲོག་བཅད་དོ། །དེ་ལྟར་རྒྱལ་པོ་བསད་ནས་ཀྱང་དམག་གི་ཚོགས་རྣམ་པ་བཞི་བཀྱེ་ནས་མཐའི་རྒྱལ་ཕྲན་རྒྱལ་བུ་རབ་ཀྱང་བསད་དོ། །དེ་ནས་རྒྱལ་བུ་འབྲིང་པོ་ཡང་ཕབ་ནས་མཐའི་རྒྱལ་ཕྲན་རྒྱལ་བུ་ཐ་ཆུངས་ཀྱི་ཐོག་ཏུ་དམག་དྲང་བར་
བཤམས་སོ། །རྒྱལ་བུ་ཐ་ཆུངས་དེ་ངོ་མཚར་དུ་གཟུགས་བྱད་བཟང་ལ། འཕགས་པར་མཛེས་ཤིང་རང་བཞིན་གྱིས་དགེ་བ། དུལ་བ། འཛུམ་ཞིང་སྨྲ་བ་སྨྲའོ་ཅོག་ཀྱང་ཕན་པའི་དོན་དུ་སྨྲ་ཞིང་འགྱུར་གྱི་གནོད་པ་མེད་པ། རྟག་ཏུ་དྲང་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་འཛིན་ཏེ།
ལོག་པས་མི་འཚོ་བས་ཡུལ་གྱི་མི་རྣམས་ཀྱང་བདེ་སྐྱིད་ལ་དར་བ། ལོངས་སྤྱོད་དང་ནོར་རིན་པོ་ཆེར་ལྡན་པ། བང་མཛོད་གང་བ། རྒྱལ་པོ་དེའི་ཡོན་ཏན་ལ་ཀུན་གྱིས་བསྔགས་ཤིང་བསྟོད་པ། བར་སྣང་གི་ལྷ་དང་། འཇིག་རྟེན་གྱི་ལྷ་ཐམས་ཅད་ཀྱིས་ཀྱང་དགའ་
ཞིང་བཀུར་བ། དེའི་ཚེ་ན་རྒྱལ་པོ་དེ་ལ་རྒྱལ་བུ་སུ་ཤ་དེ་བ་ཞེས་བྱ་བ་གཅིག་པུ་ཞིག་ཡོད་དེ། ཤིན་ཏུ་ཡིད་གཞུངས་ཤིང་གསལ་བ། བྱམས་པའི་སེམས་དང་ལྡན་པ། སྦྱིན་པ་ལ་དགའ་བ། ལུས་ཀྱི་མདོག་གསེར་དུ་འདུག་པ། གནས་བདུན་མཉམ་པར་
གང་བ། སྐྱེས་བུའི་མཚན་རྫོགས་པར་ལྡན་པ། ལོ་བདུན་ལོན་པ་ཞིག་ཡོད་པ་དེ་ལ། ཡབ་རྒྱལ་པོ་ཡང་ཤིན་ཏུ་བྱམས་ཤིང་སྡུག་པར་སེམས་སོ། །དེའི་ཚེ་ན་ཕོ་བྲང་སྲུང་བའི་ལྷ་ཞིག་རྒྱལ་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་མཁྱེན་ཏམ། བློན་པོ་
སྒྲ་གཅན་འཁུས་ནས་ཡུལ་སྲིད་ཕྲོགས་ཏེ་རྒྱལ་པོ་ཡབ་ཀྱང་བཀྲོངས། དམག་གི་ཚོགས་བཞི་ཡང་བཀྱེ་ནས། རྒྱལ་པོ་གཅེན་གཉིས་ཀྱང་སྲོག་གི་དབང་པོ་དང་ཕྲལ་ཏེ། དམག་གི་ཚོགས་རྣམས་རིང་པོ་མི་ཐོགས་པར་འདིར་ཕྱིན་ན་རྒྱལ་པོ་ཅིའི་ཕྱིར་སྲོག་བསྐྱབས་ཤིང་

གུད་དུ་མི་འགྲོ །དེའི་ཚེ་རྒྱལ་པོ་དེས་དེ་སྐད་སྨྲས་པ་ཐོས་ནས་ལུས་ཀྱི་བ་སྤུ་ཀུན་ཟིང་ཞེས་བྱེད་དེ། ལུས་ཀྱང་འདར་ནས་ཡི་མུག་ཅིང་མྱ་ངན་གྱིས་སེམས་གདུངས་ཏེ། ས་ལ་འགྲེ་ཞིང་བརྒྱལ་བར་གྱུར་ནས་རིང་ཞིག་ལོན་པ་དང་། ཅུང་ཟད་སངས་ཏེ་དལ་གྱིས་ནམ་
མཁའི་ལྷ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་སྨྲ་བའི་སྐད་ནི་ཡོད་ལ་གཟུགས་ནི་མི་སྣང་བ་ཁྱོད་ཅི་ཡིན། སྨྲས་པའི་ཚིག་འདི་ཡང་དག་པར་བདེན་ནམ། ལྷས་སྨྲས་པ་བདག་ནི་རྒྱལ་པོའི་ཕོ་བྲང་སྲུང་བའི་ལྷ་ཡིན་ཏེ། རྒྱལ་པོ་ཁྱོད་ཤེས་པ་དང་ལྡན་ཞིང་བསོད་
ནམས་དང་ཡོན་ཏན་དུ་བཅས་པས་དྲང་པོའི་ཆོས་ཀྱིས་ཡུལ་སྲིད་འཛིན་ཏེ། དེ་བས་ན་བདག་གིས་སྔར་སྨྲས་པ་ཡིན་ཏེ། སྡུག་བསྔལ་གྱིས་ཉོན་མོངས་པར་མ་གྱུར་པར་མྱུར་དུ་བྱོལ་ཞིང་འགྲོ་བའི་རིགས་སོ། །དེ་ནས་རྒྱལ་པོ་དེ་ཕོ་བྲང་དུ་ཞུགས་ནས་ད་ནི་བདག་ཡུལ་གཞན་
ཞིག་ཏུ་འགྲོ་དགོས་སོ་སྙམ་དུ་བསམས་སོ། །ཡང་འདི་སྙམ་དུ་བསམས་སོ། །ཡུལ་ཕ་རོལ་ཏུ་འགྲོ་བའི་ལམ་གཉིས་ཡོད་དོ། །ལམ་ཉེ་བར་ཞུགས་ན་ནི་ཞག་བདུན་གྱིས་ཡུལ་ཕ་རོལ་ཏུ་ཕྱིན་པར་འགྱུར། ལམ་རིང་པོར་ཞུགས་ན་ནི་ཞག་བཅུ་བཞིས་ཕྱིན་པར་འགྱུར་བས།
ཅི་ནས་ལམ་ཉེ་བར་འགྲོའོ་སྙམ་བསམས་ནས་ཞག་བདུན་གྱི་རྒྱགས་དང་ཆས་ཏེ། ཕོ་བྲང་གི་ཕྱི་རོལ་ཏུ་ཕྱིན་པ་དང་། ཕྱིར་ཕོ་བྲང་གི་ནང་དུ་ལོག་ནས་རྒྱལ་བུ་སུ་ཤ་དེ་བ་པང་དུ་བླངས་ཏེ་མིག་མི་འཛུམས་པར་ལྟ་ཞིང་དངངས་པ་ལྟར་ལངས་ནས་ཕྱིར་ཡང་འདུག་གོ། །དེའི་ཚེ་ན་བཙུན་མོས་
དེ་ལྟར་མི་བདེ་ཞིང་སྐྲག་པ་ལྟར་གྱུར་པ་མཐོང་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། ཅིའི་སླད་དུ་འཇིགས་ཤིང་སྐྲག་པ་ལྟ་བུའི་གཟུགས་སྟོན་ཅིང་སྐུ་ལ་ཡང་རྡུལ་གྱིས་གོས་པ་ལྟ་བུ། སྐྲ་ཡང་འཛིངས་ཏེ། དབུགས་ཀྱང་མི་བདེ་སྟེ། ཡུལ་སྟོར་ལ་
ཐུག་པའམ། མཛའ་སྡུག་པ་དང་བྱེ་བའམ། དགྲ་སྡང་བ་དང་ཕྲད་པ་ལྟ་བུ་དང་། བཀྲ་མི་ཤིས་པའི་མཚན་མ་དག་གདའ་བ་འདི་ཅི་ལགས་བསྟན་དུ་གསོལ། རྒྱལ་པོས་སྨྲས་པ། ཁོ་བོ་ཅི་ཉེས་པ་ཁྱོད་ཀྱིས་ཤེས་པ་མ་ཡིན་གྱིས་མ་སྨྲ་ཞིག་བཙུན་མོས་གསོལ་པ།

བདག་དང་རྒྱལ་པོར་ལུས་གཟུགས་གཉིས་ཀྱང་སེམས་གཅིག་སྟེ། དཔེར་ན་བྱའི་འདབ་མ་གཉིས་སམ། ལུས་ཀྱི་རྐང་པ་གཉིས་སམ། མགོའི་མིག་གཉིས་སམ། དེ་དང་འདྲ་ན་ཅིའི་སླད་དུ་བདག་ལ་གསང་སྟེ་མི་གསུང་། རྒྱལ་པོས་
བཙུན་མོ་ལ་སྨྲས་པ། ཁྱོད་མི་ཤེས་སམ། བློན་པོ་སྒྲ་གཅན་ངན་སེམས་སྐྱེས་ནས་རྒྱལ་པོ་ལ་འཁུས་ཏེ་ཡབ་རྒྱལ་པོ་ཡང་བཀྲོངས་ཏེ་གཅེན་རྒྱལ་བུ་གཉིས་ཀྱི་སྲོག་གི་བར་ཆད་བྱས་ནས་ད་ལྟར་དམག་དང་ཆས་ཏེ་ང་ལ་རྒོལ་དུ་འོང་བས། ཁོ་བོ་ཡུལ་གཞན་དུ་འབྱོལ་དུ་འགྲོ་ཞེས་
སྨྲས་ནས་རྒྱལ་བུ་དགེ་དོན་པང་དུ་བླངས་ཏེ་ལམ་དུ་ཞུགས་སོ། །དེ་ནས་བཙུན་མོ་ཡང་རྒྱལ་པོའི་ཕྱིར་འབྲངས་ཏེ་སོང་ངོ་། །དེའི་ཚེ་རྒྱལ་པོ་མྱ་ངན་གྱིས་ནོན་ཏེ། ཡིད་འཁྲུགས་ནས་ཞག་བཅུ་བཞིའི་ལམ་དུ་ཞུགས་པས་ལམ་ཡང་ནོར་ཏེ། ལམ་དེ་ཡང་བགྲོད་དཀའ་ཞིང་རྩྭ་
ཡང་རྩུབ། རྩྭ་ཆུ་ཙམ་ཡང་མེད་དེ། ཞག་དུ་མ་ཞིག་སོང་སོང་བ་ལས་རྒྱགས་ཀྱང་ཆད་དོ། །ཐོག་མ་གསང་སྟེ་རྒྱལ་པོ་གཅིག་པུ་འགྲོ་བར་བྱས་ནས་ཞག་བདུན་གྱི་རྒྱགས་ལས་ཀྱང་མ་བརྫངས་པ་ལས་ལམ་ཡང་ནོར། མི་གསུམ་གྱིས་ཀྱང་ཟོས་ཏེ། ཞག་བཅུ་བཞིའི་ལམ་དུ་
ཞུགས་པས་ད་དུང་ལམ་རིང་ཞིག་ཡོད་པ་ལས་རྒྱགས་ཀྱང་ཆད་ནས་དེའི་ཚེ་རྒྱལ་པོ་དང་བཙུན་མོས་སྐད་ཕྱུང་ནས་ངུས་སོ། །ཀྱི་ཧུད་ཀྱི་ཧུད་རེ་སྡུག་ཐོག་མ་བཙས་ནས་ད་ཙམ་གྱི་བར་དུ་འདི་འདྲ་བ་མ་མྱོང་བ་ད་འདིར་མྱོང་བར་གྱུར་ཏེ། ད་འདིར་སྡུག་ཅིང་ཕོངས་སོ་ཞེས་ཟེར་ཏེ་ལག་པས་མགོ་
ལ་བརྡབས་སོ། །ས་ལ་འགྲེ་ཞིང་ལུས་ལ་རྡུལ་གྱིས་གོས་ནས་ཚིག་འདི་སྐད་དུ་སྨྲེ་སྔགས་འདོན་ཏོ། །བདག་ཅག་གིས་ཚེ་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་ཅི་ཞིག་བྱས། འོན་ཏེ་ཕ་མ་དང་དགྲ་བཅོམ་པ་བསད་དམ། འོན་ཏེ་དམ་པའི་ཆོས་ལ་སྐུར་པ་བཏབ་བམ། འོན་
ཏེ་འཐུན་པའི་དགེ་འདུན་གྱི་དབྱེན་བགྱིས་སམ། འོན་ཏེ་རྔོན་པ་དང་། ཉ་པ་བྱས་སམ། འོན་ཏེ་སྲང་དང་བྲེ་བཅོས་ཏེ་ཕ་རོལ་ལ་ཕྲོག་རློམ་བྱས་སམ། འོན་ཏེ་དགེ་འདུན་གྱི་ནོར་ལ་སྤྱོད་སྤྱོད་དམ། ཅི་བྱས་ན་འདི་འདྲ་བའི་སྡུག་བསྔལ་མྱོང་བར་གྱུར་ཅེས་དེ་སྐད་སྨྲེ་ཞིང་ཅུང་

ཟད་བསྟིར་ནི་དགྲས་སླེབས་ན་སྲོག་གི་བར་ཆད་ངེས་པར་འབྱུང་། ལམ་དུ་ཞུགས་ནས་འགྲོར་ནི་བཀྲེས་པ་དང་སྐོམ་པས་ཉེན་ནས། སྲོག་ལ་བབ་ཏུ་ཆའོ། །རྒྱལ་པོ་དང་བཙུན་མོ་དེ་ལྟ་བུའི་སྡུག་བསྔལ་གྱིས་ཉེན་ཏེ་སྐད་ཕྱུང་སྟེ་ངུས་པ་དང་ས་ལ་འགྱེལ་ནས་བརྒྱལ་བར་གྱུར་ཏོ། །
དེ་ནས་རིང་ཞིག་ལོན་པ་དང་སངས་ནས་འདི་སྙམ་དུ་གསུམ་ཆར་ལྷན་ཅིག་ཏུ་འདི་ཁོ་ནར་འཆི་བར་འགྱུར་གྱིས། བཙུན་མོ་བསད་ལ་བདག་དང་བུའི་སྲོག་ཐར་བར་བྱའོ་སྙམ་བསམས་ནས་རལ་གྲི་ཕྱུང་སྟེ་བཙུན་མོ་བསད་པར་བཤམས་པ་དང་། རྒྱལ་བུ་དགེ་དོན་གྱིས་རྒྱལ་པོའི་
ལག་པ་ནས་བཟུང་སྟེ། ད་ལྟར་ཅི་ཞིག་མཛད་དགོངས་ཞེས་གསོལ་ཏོ། །ཡབ་རྒྱལ་པོས་མིག་ནས་མཆི་མས་གང་བཞིན་དུ་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་མ་བཙུན་མོ་དམ་པ་བསད་ལ་ཁྱོད་ཀྱི་སྲོག་གསོ་སྙམ་མོ། །གལ་ཏེ་མ་བསད་ཀྱང་། རང་འཆི་བར་འགྱུར་
ཏེ། ཁོ་བོ་ནི་འཆི་འམ་གསོན་ཡང་རུང་ན་བུ་ཁྱོད་ཀྱི་སྲོག་གསོ་བའི་ཕྱིར་ཁྱོད་ཀྱི་མ་བཙུན་མོ་བསད་སྙམ་མོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བཙུན་མོ་བསད་པར་གྱུར་ན་དེའི་ཤ་ལ་བདག་མི་འཚལ་ཏེ། གང་ན་ཡང་མའི་ཤ་
ལ་བུ་ཟ་བ་མི་སྲིད་པས་བདག་ཀྱང་འཆི་བར་འགྱུར་ན་ཡབ་རྒྱལ་པོ་ཅིའི་སླད་དུ་བདག་བཀུམ་སྟེ། ཕ་མའི་སྲོག་ཐར་བར་མི་མཛད། ཡབ་རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་མོད་ལ་འཁམས་ཏེ་འགྱེལ་ནས་ས་ལ་འགྲེ་ཞིང་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཁོ་བོའི་མིག་
དང་འདྲ་ན་སུ་ཞིག་རང་གི་མིག་ཕྱུང་སྟེ་ཟ་བར་བྱེད། ཁོ་བོ་ནི་ཤིའང་བླ་བས་བུ་མི་གསོད་དོ། །བུ་བསད་དེ་ཤ་ཟ་མི་ནུས་སོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་ཡང་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཡབ་ཡུམ་གྱིས་བདག་བཀུམ་ན་ཤ་ཁྲག་ཀྱང་རིང་པོ་མི་ཐོགས་
པར་རུལ་སུངས་ནས་དགོས་པ་མ་མཆིས་པར་འགྱུར་ཏེ། བདག་གིས་གསོལ་བ་གཅིག་ཅིག་མ་གནང་ན་བྱམས་པའི་ཡབ་ཡུམ་མ་ལགས་པས་བདག་གི་ཡིད་དང་མི་འགལ་བར་མཛད་དུ་གསོལ། དེ་ནས་ཡབ་རྒྱལ་པོས་སྲས་རྒྱལ་བུ་ལ་ཁྱོད་ཀྱི་ཡིད་དང་མི་འགལ་བར་བྱ་བས་ཅི་གསོལ་

བ་རྣམས་མྱུར་དུ་སྨྲོས་ཤིག་ཅེས་བསྒོ་བ་དང་། རྒྱལ་བུ་དགེ་དོན་གྱིས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཡབ་ཡུམ་གྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཉིན་རེ་རེ་ཞིང་བདག་གི་ལུས་ལས་ཤ་རྒྱ་མ་གསུམ་གསུམ་བཅད་དེ། ཆ་གཉིས་ནི་ཡབ་
ཡུམ་ལ་འབུལ། ཆ་གཅིག་ནི་བདག་རང་འཚལ་ན་ལུས་སྲོག་གི་ཟུངས་སུ་འགྱུར་རོ། །དེ་ནས་རྒྱལ་པོས་ཀྱང་རྒྱལ་བུས་གསོལ་པ་བཞིན་དུ་གནང་ནས་ཉིན་གཅིག་བཞིན་ཤ་རྒྱ་མ་གསུམ་གསུམ་བཅད་དེ། ཆ་གསུམ་དུ་བགོས་ནས། ཆ་གཉིས་ནི་རྒྱལ་པོ་དང་བཙུན་མོ་ཟ། །
ཆ་གཅིག་ནི་རྒྱལ་བུ་རང་ཟ་སྟེ། ལུས་དང་སྲོག་གི་ཟུངས་བྱས་ནས་ལམ་དུ་ཞུགས་ཏེ་སོང་སོང་བ་ལས་ཞག་གཉིས་ཀྱིས་ཡུལ་ཕ་རོལ་མ་སླེབས་པར་རྒྱལ་བུའི་ལུས་ཀྱི་ཤ་ཟད་དེ་རུས་པའི་ཚིགས་དང་ཆུ་བ་ཙམ་ཞིག་འབྲེལ་ཏེ་སྲོག་གི་ལྷག་མ་ཙམ་ཞིག་ལུས་ནས་ས་ལ་འགྱེལ་ཏོ། །དེ་
ནས་རྒྱལ་པོ་དང་བཙུན་མོས་རྒྱལ་བུ་པང་དུ་བླངས་ནས་སྐད་ཆེན་པོ་ཕྱུང་ནས་ཆོ་ངེས་ཆེན་པོ་བཏབ་སྟེ་འདི་སྐད་ཅེས་སྨྲས་སོ། །ངེད་གཉིས་ཀྱིས་མ་རིག་པས་ཁྱོད་ཀྱི་ཤ་ཟོས་ཏེ་ཁྱོད་འདི་ལྟ་བུའི་ན་ཚ་བའི་སྡུག་བསྔལ་མྱོང་བར་གྱུར་ལ། ལམ་ཡང་ད་དུང་རིང་བས། ཁྱོད་ཀྱི་ལུས་ཀྱི་
ཤ་ནི་ཟད་དེ། ད་ནི་ལྷན་ཅིག་ཏུ་གནས་འདིར་རོ་གཞག་གོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་སྐད་ཆུང་ངུས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ད་འདི་ནས་ཕ་རོལ་ཏུ་ཞག་གཅིག་ཙམ་གྱི་ལམ་ལས་མ་ལུས་ཏེ། བདག་ནི་གཡོ་ཞིང་བསྐྱོད་མི་ནུས་པས་སྲོག་འདིར་འདོར་རོ། །རྒྱལ་
པོ་དང་བཙུན་མོ་ནི་མི་མ་རབས་ངན་པ་ལྟར་ལྷན་ཅིག་ཏུ་གནས་འདིར་རོ་གཞག་གོ་མ་གསུང་ཤིག །བདག་ལ་བྱམས་ཤིང་ཐུགས་བརྩེ་བར་དགོངས་ན་བདག་གིས་བསམས་པ་དང་མི་འགལ་བར་མཛད་དུ་གསོལ། ད་དུང་ཡང་བདག་གི་རུས་པའི་གསེབ་ན་ཤ་ཅི་ཡོད་པ་མ་ལུས་པར་བཏོགས་
ལ་ཡུལ་ཕ་རོལ་ཏུ་གཤེགས་སུ་གསོལ། དེ་ནས་རྒྱལ་པོས་ཡང་རྒྱལ་བུས་གསོལ་པ་བཞིན་དུ་ཚིགས་དང་རུས་པའི་གསེབ་ན་ཤ་ཅི་ཡོད་པ་ཟད་པར་བཏོགས་ནས་ཆ་གསུམ་དུ་བགོས་ཏེ། ཆ་གཉིས་ནི་རྒྱལ་པོ་དང་བཙུན་མོས་ཟོས། ཆ་གཅིག་ནི་རྒྱལ་བུ་རང་གིས་ཟོས་ཏེ། རྒྱལ་པོ་

དང་བཙུན་མོ་ཡང་ལམ་དུ་ཞུགས་ནས་དོང་ངོ་། །རྒྱལ་བུ་དགེ་དོན་ལངས་ནས་འགྲེང་བཞིན་དུ་རྒྱལ་པོ་དང་བཙུན་མོ་སོང་བ་ལ་བལྟའོ། །རྒྱལ་པོ་དང་བཙུན་མོ་གཉིས་སྐད་ཕྱུང་ནས་ངུ་ཞིང་སོང་ནས་རྒྱལ་བུ་དགེ་དོན་གྱིས་མིག་གིས་མི་སོད་ཀྱི་བར་དུ་རྒྱལ་པོ་དང་བཙུན་མོ་ལ་ཆགས་པའི་སེམས་
ཀྱིས་མིག་མི་འཛུམས་པར་བལྟ་བལྟ་ནས་རིང་ཞིག་ལོན་པ་དང་ཕྱིར་ས་ལ་འགྱེལ་ཏོ། །ཤ་དང་ཁྲག་གི་དྲི་བྲོ་བས་ཕྱོགས་བཅུ་ནས་སྦྲང་མ་དང་ཤ་སྦྲང་མང་པོ་འདུས་ནས་རྒྱལ་བུ་ཡོག་པ་ཙམ་དུ་ལུས་ལ་ཟ་ཞིང་འཛུགས་ཏེ་སྡུག་བསྔལ་གྱིས་གདུངས་སོ། །དེའི་ཚེ་ན་རྒྱལ་བུ་དེ་སྲོག་
གི་ལྷག་མ་ཙམ་ཞིག་མ་ཆད་དེ་སྐད་ཕྱུང་ནས་འདི་སྐད་ཅེས་སྨོན་ལམ་དུ་བཏབ་བོ། །བདག་གི་སྔོན་གྱི་མི་དགེ་བའི་ལས་རྣམས་ནི་འདིས་བྱང་ཞིང་ཟད་པར་གྱུར་ཅིག །དེང་སླན་ཆད་མི་བགྱིད་དོ། །བདག་གི་ལུས་ཕ་མ་ལ་ཕུལ་ཏེ་སྦྱིན་པ་བྱས་པས་བདག་གི་ཕ་མ་སྔ་མ་བས་ལྷག་
པའི་བསོད་ནམས་བཅུ་གཅིག་དང་ལྡན་ཏེ་བདེ་བར་ཉལ་བ་དང་། བདེ་བར་སད་པ་དང་། རྨི་ལམ་ངན་པ་མི་རྨི་བ་དང་། ལྷས་སྲུང་བ་དང་། མིས་བཀུར་བ་དང་། ཞལ་མཆུ་དང་། རྐུན་པོ་དང་། དགྲ་དང་། རྐུ་ལྟོ་བྱེད་པ་མེད་ཅིང་དུས་ཐམས་ཅད་དུ་བཀྲ་ཤིས་པར་ཤོག་ཤིག །
བདག་གི་ལུས་ལྷག་མ་ཙམ་ཤ་ཁྲག་སྦྲང་མ་ལ་བྱིན་པས་ཐམས་ཅད་དུ་འགྲངས་ཤིང་ཚིམ་པར་གྱུར་ཏེ་བདག་མ་འོངས་པའི་དུས་ན་སངས་རྒྱས་སུ་གྲུབ་པར་ཤོག་ཤིག །སངས་རྒྱས་སུ་གྲུབ་ནས་ཆོས་ཀྱི་སྐུ་ཐོབ་ནས་ཀྱང་ཆོས་ཀྱི་སྐུས་ཐམས་ཅད་ཀྱི་བཀྲེས་སྐོམ་པའི་མུ་གེ་དང་སྐྱེ་ཤིར་འཁོར་
བའི་ནད་ལྕི་བ་སེལ་བར་ཤོག་ཤིག །རྒྱལ་བུས་དེ་སྐད་ཅེས་སྨོན་ལམ་བཏབ་པ་ན་གནམ་ས་ཡང་རྣམ་པ་དྲུག་ཏུ་གཡོས། ཉི་མ་ཡང་འོད་མི་གསལ་བར་གྱུར། གཅན་གཟན་དང་རི་དགས་རྣམས་ཀྱང་སྐྲག་ནས་ཀུན་ཏུ་རྒྱུག །རྒྱ་མཚོ་ཡང་རབ་ཏུ་འཁྲུགས། རི་རབ་ཀྱང་འགུལ་
ཞིང་ལྡེག །སུམ་ཅུ་རྩ་གསུམ་གནམ་གྱི་བར་དུ་ཡང་རབ་ཏུ་གཡོས་སོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་འདོད་པའི་ཁམས་ཀྱི་ལྷ་དག་དང་འཛམ་བུའི་གླིང་དག་ཏུ་བབས་ནས་རྒྱལ་བུ་དགེ་དོན་བསྡིགས་པའི་ཕྱིར་སེང་གེ་དང་། སྟག་དང་། འཕར་སྤྱང་ལ་སོགས་པའི་ལུས་

སུ་སྤྲུལ་ནས་མིག་བགྲད་ཁ་གདངས། སྤུ་བསྒྲེངས་ནས་སྐད་ཆེན་པོའི་ང་རོ་ཕྱུང་སྟེ། རྒྱལ་བུ་ལ་མཆོང་བ་བཞིན་བསྡིགས་སོ། །དེའི་ཚེ་རྒྱལ་བུ་དགེ་དོན་གྱིས་གཅན་གཟན་ཁྲོ་བོ་དེ་དག་མཐོང་ནས་ཀྱང་སྐད་མི་ཆེ་བས་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་
ཁོ་བོ་ཟ་འདོད་ན་ཅི་བདེར་ཟོ་ཞིག །འདི་འདྲ་བའི་མཐུ་རྩལ་གྱིས་བསྡིགས་ཅི་དགོས་ཞེས་བསྒོའོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་སྨྲས་པ། བདག་ཅག་ནི་སེང་གེའམ་གཅན་གཟན་མ་ཡིན་གྱི། བརྒྱ་བྱིན་ལྷའི་དབང་པོ་ཡིན་ཏེ་ཁྱོད་བགམ་ཞིང་སད་དུ་འོངས་སོ། །དེའི་ཚེ་རྒྱལ་
བུས་བརྒྱ་བྱིན་ལྷའི་དབང་པོ་མཐོང་ནས་ཤིན་ཏུ་དགའ་མགུ་རངས་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་གྱིས་རྒྱལ་བུ་ལ་སྨྲས་པ། ཁྱོད་ཀྱིས་ཤིན་ཏུ་གཏོང་དཀའ་བ་བཏང་སྟེ། ལུས་ཀྱི་ཤ་ཁྲག་གིས་ཕ་མ་ལ་བསྟབས་པ་འདིའི་བསོད་ནམས་ཀྱིས་ཁྱོད་བདུད་ཀྱི་རྒྱལ་པོ་འདོད་དམ། འོན་
ཏེ་ཚངས་པའི་རྒྱལ་པོ་འདོད་དམ། ལྷའི་དབང་པོའམ། མིའི་རྒྱལ་པོའམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འདོད། རྒྱལ་བུས་སྨྲས་པ། བདག་ནི་བདུད་ཀྱི་རྒྱལ་པོའམ། ཚངས་པའམ། ལྷའི་རྒྱལ་པོའམ། མིའི་རྒྱལ་པོའམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་
གང་ཡང་མི་འདོད་དེ། སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ནི་ཤིན་ཏུ་ཡང་གཏི་མུག་ཅན་ཞིག་ཡིན་པ་འདྲ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཡུན་
རིང་པོ་ནས་ཤིན་ཏུ་དཀའ་བ་བསྒྲུབས་པས་གདོད་འགྲུབ་ཅེའོ། །ཁྱོད་ཀྱིས་ཤིན་ཏུ་སྡུག་བསྔལ་བ་བཟོད་དམ། རྒྱལ་བུས་སྨྲས་པ། གལ་ཏེ་ལྕགས་ཀྱི་འཁོར་ལོ་འབར་བ་བདག་གི་སྤྱི་བོའི་སྟེང་ནས་རྒྱུན་དུ་འཁོར་ཡང་སྡུག་བསྔལ་དེ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ཀྱིས་སྨྲས་པ་སྟོང་པ་འདི་ལ་སུ་ཞིག་ཡིད་ཆེས་པར་འགྱུར། དེ་ནས་རྒྱལ་བུས་དམ་བཅས་ནས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །གལ་ཏེ་བདག་གིས་སྨྲས་པའི་ཚིག་བརྫུན་ཏེ། ལྷའི་དབང་པོ་

བསླུས་པར་གྱུར་ན་བདག་གི་ལུས་ཀྱི་རྨ་འདི་ནམ་དུ་ཡང་འཚོ་བར་མ་གྱུར་ཅིག །གལ་ཏེ་སྨྲས་པའི་ཚིག་བདེན་ན། བདག་གི་ལུས་ཀྱང་སོར་ཆུད་ཅིང་ཁྲག་ཀྱང་འོ་མར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ལུས་ཀྱི་རྨ་ཡང་སྔ་མཁོ་བཞིན་སོར་ཆུད་དེ། ཁྲག་ཀྱང་འོ་མར་གྱུར་ནས་རྒྱལ་བུའི་བྱད་
གཟུགས་ཀྱང་སྔ་མ་བས་ལྷག་པར་བཟང་ཞིང་སྡུག་པ་དང་མཛེས་པར་གྱུར་ཏེ་ལངས་ནས་ལྷའི་དབང་པོའི་རྐང་པ་ལ་མགོ་བོས་ཕྱག་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་བུ་ཁྱོད་ལེགས་སོ། །ཤིན་ཏུ་ལེགས་སོ། །ཤིན་ཏུ་དཔའ་བའི་བརྩོན་འགྲུས་ཀྱིས་གདོན་མི་ཟ་
བར་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན། ཐོག་མར་བདག་གི་དོན་མཛད་པར་གྱུར་ཅིག་ཅེས་སྨྲས་ནས་བརྒྱ་བྱིན་ལྷའི་དབང་པོ་ཡང་ནམ་མཁའི་ཕྱོགས་དེ་ཉིད་དུ་མི་སྣང་བར་གྱུར་
ཏོ། །དེའི་ཚེ་ཡང་རྒྱལ་པོ་དང་བཙུན་མོ་ཡང་རྒྱལ་པོ་ཕ་རོལ་པོ་དེའི་དྲུང་དུ་ཕྱིན་ནས་རྒྱལ་པོ་དེས་ཀྱང་རྒྱང་མ་ནས་བསུ་ནས་དགོས་པའི་ཡོ་བྱད་ཡིད་བཞིན་དུ་སྦྱར་རོ། །དེའི་ཚེ་རྒྱལ་པོ་དང་བཙུན་མོ་དེས་རྒྱལ་བུའི་ལུས་ཀྱི་ཤ་ཁྲག་གིས་ཕ་མ་ལ་ཇི་ལྟར་བསྟབས་པ་རྒྱལ་པོ་དེ་ལ་ཞིབ་ཏུ་
བརྗོད་པ་དང་། རྒྱལ་པོ་དེས་ཇི་ལྟར་གྱུར་པ་དེ་དག་ཐོས་ནས་རྒྱལ་བུ་དེས་ལུས་ཀྱི་ཤ་ཁྲག་གིས་ཕ་མ་ལ་བསྟབས་པས་སྲི་ཞུ་ཆེར་བྱས་པའི་དྲིན་ལན་བསབས་ནས། དམག་རྣམ་བཞི་བཤམས་ནས་རྒྱལ་པོ་དེ་དང་ཡུལ་བཱ་རཱ་ཎ་སཱིར་དམག་དྲངས་སོ། །དེའི་ཚེ་རྒྱལ་པོ་དེ་དམག་རྣམ་བཞི་
དང་ཆས་ནས་ལམ་དུ་ཞུགས་ཏེ། རྒྱལ་བུ་དང་བྲལ་བའི་གནས་སུ་ཕྱིན་པ་དང་། འདི་སྙམ་དུ་བདག་གི་བུ་ནི་གདོན་མི་ཟ་བར་འདི་ཉིད་དུ་ཤི་ན་བུའི་རུས་པ་ཙམ་བསྡུས་ཏེ་ཕྱིར་བདག་གི་ཡུལ་དུ་བཀུར་རོ་སྙམ་དུ་བསམས་ནས་སྐད་ཕྱུང་ནས་ངུ་ཞིང་བུའི་རུས་བུ་སྡུད་དུ་སོང་སོང་བ་ལས་རྒྱང་མ་ནས་
བདག་གི་བུ་ལུས་ཀྱི་རྨ་ཡང་སོས་ནས་སྔ་བས་ཀྱང་བཟང་ཞིང་མཛེས་ཏེ་དྲུང་དུ་འོངས་སོ། །དེ་ནས་རྒྱལ་པོས་པང་དུ་བླངས་ཏེ་ཁྱོད་ད་དུང་གསོན་ནམ་ཞེས་སྨྲས་པ་དང་། རྒྱལ་བུས་ཇི་ལྟར་གྱུར་པ། ཡབ་རྒྱལ་པོ་དང་བཙུན་མོ་ལ་སྨྲས་སོ། །རྒྱལ་པོ་དང་བཙུན་མོ་རབ་ཏུ་དགའ་སྟེ། ཐམས་

ཅད་བན་གླང་ལ་ཞོན་ནས་ཕྱིར་བདག་གི་ཡུལ་དུ་ཕྱིན་པ་དང་། རྒྱལ་བུ་དེའི་བསོད་ནམས་ཀྱི་མཐུས་བདག་གི་ཡུལ་ཡང་ཕྱིར་ཐོབ་ནས་རྒྱལ་བུ་དོན་གྲུབ་རྒྱལ་པོར་དབང་བསྐུར་ཏེ་རྒྱལ་པོར་བཅུག་གོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་
དུས་ན་ཡབ་རྒྱལ་པོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ཡབ་རྒྱལ་པོ་དེ་ནི་ད་ལྟར་ངའི་ཡབ་ཟས་གཙང་མ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཡུམ་དུ་གྱུར་པ་དེ་ནི་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་
ན་དེ་དེ་ལྟར་མི་བལྟ་སྟེ། དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་དོན་གྲུབ་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟའོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་དེ་ནི་ད་ལྟར་ཤཱཀྱ་ཐུབ་པ་ཞེས་བྱ་བ་ང་ཡིན་ནོ། །དེའི་ཚེ་དེའི་
དུས་ན་བརྒྱ་བྱིན་ལྷའི་དབང་པོར་གྱུར་པ་དེ་ནི་ད་ལྟར་ཀུན་ཤེས་ཀཽ་ཌི་ནྱ་ཞེས་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཕ་མ་ལ་སྲི་ཞུ་བྱེད་པའི་ལེའུ་འདི་བསྟན་པའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་ཉི་ཤུ་སྙེད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་ལ་
མཁས་པའི་ཚིག་གི་སྤོབས་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཅུ་གཉིས་ཀྱིས་མི་སྐྱེ་བའི་ཆོས་ལ་ཆོས་ཀྱི་བཟོད་པ་ཐོབ་བོ། །གཞན་ཡང་ཕྱོགས་བཅུ་ནས་འདུས་པའི་ཉན་ཐོས་དང་། རང་སངས་རྒྱས་རྡུལ་ཕྲ་རབ་སྙེད་ཀྱིས་ཐེག་པ་གཉིས་ཀྱི་སེམས་སྤངས་
ཏེ་ཐེག་པ་གཅིག་གིས་མཐར་ཕྱིན་པར་གྱུར་ཏོ། །དགེ་བསྙེན་དང་། དགེ་བསྙེན་མ་རྡུལ་ཕྲ་རབ་སྙེད་ཀྱིས་འབྲས་བུ་དང་པོ་ནས་ཐེག་པ་གཉིས་ཀྱི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །ལྷ་དང་མི་བརྒྱ་སྟོང་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །
དེ་མ་ཡིན་པ་ལྷ་དང་། ཀླུ་དང་། ཡི་དགས་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ལགས་པ་ལ་སོགས་པའི་ཚོགས་མང་པོ་རྣམས་ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཉན་

ཐོས་དང་རང་སངས་རྒྱས་ཀྱི་བར་དུ་སེམས་བསྐྱེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕ་མ་ལ་སྲི་ཞུ་བྱ་བའི་ཕྱིར་ལུས་ཀྱི་ཤ་དང་ཁྲག་གིས་ཀྱང་ཕ་མ་ལ་བསྟབས་ཤིང་ཤིན་
ཏུ་སྤྱད་དཀའ་བ་སྤྱོད་པ་ནི་འདི་ལྟ་བུ་ཡིན་ནོ། །འཁོར་མང་པོ་ཐམས་ཅད་ཀྱིས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་སོ་སོ་ནས་ཕན་པ་དང་བདེ་བའི་དོན་རྙེད་དེ། དགའ་མགུ་རངས་ནས་མགོ་བོས་ཕྱག་འཚལ་ཏེ་གཡས་ཕྱོགས་ནས་བསྐོར་བ་བྱས་ནས་ཕྱིར་དོང་ངོ་། །ཐབས་
མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་སྲི་ཞུའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ། བམ་པོ་གཉིས་པ། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་འཁོར་གྱི་དཀྱིལ་འཁོར་མང་པོའི་ནང་
ན་ཉི་མའི་དཀྱིལ་འཁོར་གྱིས་སྐར་མ་མང་པོ་ཟིལ་གྱིས་མནན་པ་ལྟ་བུའམ། ཀླུ་འཁྱིལ་པའི་འཇའ་ཚོན་ལྟར་འཚེར་ཞིང་གསལ་བ་ལ་ལྟ་ན་མིག་མི་ཆགས་པ་བཞིན་ནམ། བསམས་ན་ཡིད་འཁྲུལ་པ་ཙམ་དུ་འོད་ཟེར་ལྷམ་མེ། ལྷང་ངེར་བཞུགས་ཏེ། དཔེར་མི་བཟོད་པ་ནི་སྲིན་བུ་
མེ་ཁྱེར་གྱི་འོད་ཉི་མ་ཤར་མ་ཐག་ཏུ་མི་སྣང་བའམ། ཉི་ཟླ་ལ་འོད་ཟེར་བརྒྱ་སྟོང་སྙེད་ཡོད་ཀྱང་བརྒྱ་བྱིན་གྱི་དྲུང་ན་སོལ་ཕུང་ལྟ་བུའམ། བརྒྱ་བྱིན་ལ་འོད་གསལ་བ་ཡོད་ཀྱང་ཚངས་པ་ཆེན་པོའི་འོད་ཟེར་གྱི་དྲུང་ན་གྱོ་མོའམ། གསེག་མ་ལྟ་བུའམ། མཚན་མོ་དང་ནོར་བུ་རིན་པོ་ཆེའི་
འོད་དུ་བསྒྲུན་པ་ཙམ་མམ། ཚངས་པའི་རྒྱལ་པོ་ཆེན་པོ་ལ་འོད་ཟེར་དམ་པ་བརྒྱ་སྟོང་སྙེད་ཡོད་པའི་འོད་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་འོད་ཟེར་གྱི་དྲུང་ན་སོལ་བའི་ཕུང་པོ་ལྟར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་འོད་ཟེར་གྱི་མདོག་གང་གིས་ཕྱོགས་
བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་གྱུར་ཏོ། །དེ་དག་ན་གནས་པའི་སེམས་ཅན་དག་ལ་འོད་ཟེར་དེས་རེག་ན་དམུས་ལོང་ནི་མིག་གིས་གཟུགས་མཐོང་བར་འགྱུར། ལུས་སྒུར་པོ་ནི་ལུས་རངས་པར་འགྱུར། དབང་པོ་ཉམས་པ་རྣམས་ནི་དབང་པོ་ཚང་ཞིང་ཡན་ལག་

དང་ཉིང་ལག་དང་ལྡན་པར་འགྱུར། མྱོས་པ་རྣམས་ནི་དྲན་པ་ཕྱིར་རྙེད་པར་འགྱུར། མདོར་ན་ཇི་ཙམ་དུ་ཡིད་དུ་མི་འོང་བ་ཐམས་ཅད་དང་བྲལ་ཏེ་འདོད་པ་བཞིན་ཐོབ་པར་འགྱུར་རོ། །དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
བདུན་ཅུ་སྙེད་སྟན་ལས་ལངས་ནས་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཐམས་ཅད་ཀྱིས་སྐད་འཐུན་པར་ཚིགས་སུ་བཅད་པ་བརྒྱ་སྟོང་གིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་པ་བྱས་པ་ལ་འདི་ལྟ་སྟེ།
བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའ་རྟོག་མེད་དབྱངས་དང་། བྱང་ཆུབ་སེམས་དཔའ་བདེ་བ་འབའ་ཞིག་སེམས་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་དང་། བྱང་ཆུབ་སེམས་དཔའ་ཚད་མེད་དབྱངས་དང་། བྱང་ཆུབ་
སེམས་དཔའ་གྲགས་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་གཙུག་ཕུད་འོད་དང་། བྱང་ཆུབ་སེམས་དཔའ་བརྟན་པའི་སེང་གེ་དང་། བྱང་ཆུབ་སེམས་དཔའ་འབའ་ཞིག་རོལ་དང་། བྱང་ཆུབ་སེམས་དཔའ་རྟོག་པ་སྤོང་བ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་བརྩེགས་དང་།
བྱང་ཆུབ་སེམས་དཔའ་དགེ་གནས་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་མཚན་མེད་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་འོད་ཟེར་དང་། བྱང་ཆུབ་སེམས་དཔའ་ཁྲོ་ཞི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་བསྲུང་འགྱུར་དང་། བྱང་ཆུབ་སེམས་དཔའ་དད་
པ་བཙན་དང་། བྱང་ཆུབ་སེམས་དཔའ་མེ་ཏོག་འཕགས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བདེ་དང་། བྱང་ཆུབ་སེམས་དཔའ་འཕགས་པའི་ཤེས་རབ་ལས་དང་། བྱང་ཆུབ་སེམས་དཔའ་ངོ་འཕྲལ་འཆད་དང་། བྱང་ཆུབ་སེམས་དཔའ་བསམ་དུ་མེད་པ་དང་།
བྱང་ཆུབ་སེམས་དཔའ་ཚངས་པ་སྦྱིན་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་ལས་དང་། བྱང་ཆུབ་སེམས་དཔའ་ལྷའི་མེ་ཏོག་གནས་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་སེམས་དང་། བྱང་ཆུབ་སེམས་དཔའ་དཔག་མེད་ཆོས་དང་། བྱང་ཆུབ་སེམས་དཔའ་གྲགས་

པའི་ཡིད་དང་། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་དབང་ཕྱུག་སྒོ་དང་། བྱང་ཆུབ་སེམས་དཔའ་སྟོབས་བཅུ་དང་། བྱང་ཆུབ་སེམས་དཔའ་སྟོབས་བཅུ་འཆང་དང་། བྱང་ཆུབ་སེམས་དཔའ་འཕགས་པ་ཆེན་པོས་སྐྱོང་དང་།
བྱང་ཆུབ་སེམས་དཔའ་འདས་པ་མེད་པ་དང་། བྱང་ཆུབ་སེམས་དཔའ་ཞི་བ་རོལ་དང་། བྱང་ཆུབ་སེམས་དཔའ་དེ་ན་གནས་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་ལྷ་དང་། བྱང་ཆུབ་སེམས་དཔའ་རི་རབ་འོད་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་ལྕི་བའི་སྡོང་
པོ་དང་། བྱང་ཆུབ་སེམས་དཔའ་རྒྱུ་ལས་འཕགས་དང་། བྱང་ཆུབ་སེམས་དཔའ་གཅིག་པུ་འགྲོ་དང་། བྱང་ཆུབ་སེམས་དཔའ་གཟི་བརྗིད་འཕགས་དང་། བྱང་ཆུབ་སེམས་དཔའ་སྡེ་ཆེན་མཁས་དང་། བྱང་ཆུབ་སེམས་དཔའ་རིས་སྐྱོབ་དང་། བྱང་ཆུབ་སེམས་
དཔའ་འཇིག་རྟེན་གསུམ་འཛིན་དང་། བྱང་ཆུབ་སེམས་དཔའ་ངོ་འཕྲལ་ཡོད་དང་། བྱང་ཆུབ་སེམས་དཔའ་གྲགས་པ་བརྗོད་དང་། བྱང་ཆུབ་སེམས་དཔའ་ཉི་འོད་གསལ་དང་། བྱང་ཆུབ་སེམས་དཔའ་སེང་གེ་བཙན་དང་། བྱང་ཆུབ་སེམས་དཔའ་དུས་ཚོད་རྒྱལ་པོ་དང་།
བྱང་ཆུབ་སེམས་དཔའ་སེང་གེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སྲིད་མངོན་སྟོན་དང་། བྱང་ཆུབ་སེམས་དཔའ་འོད་རྒྱང་གསལ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་རི་དང་། བྱང་ཆུབ་སེམས་དཔའ་སྲིད་ལེན་སྦྱིན་དང་། བྱང་ཆུབ་སེམས་དཔའ་རྒྱལ་བ་སྦྱིན་
དང་། བྱང་ཆུབ་སེམས་དཔའ་རྒྱལ་མཚན་མཆོག་དང་། བྱང་ཆུབ་སེམས་དཔའ་དགའ་མགུ་རངས་དང་། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྟན་དང་། བྱང་ཆུབ་སེམས་དཔའ་འགྲིབས་མེད་དང་། བྱང་ཆུབ་སེམས་དཔའ་གྲགས་ལྡན་དང་། བྱང་ཆུབ་སེམས་
དཔའ་འཇིགས་མེད་དང་། བྱང་ཆུབ་སེམས་དཔའ་མ་ཆགས་ལྷ་དང་། བྱང་ཆུབ་སེམས་དཔའ་སྒྲོན་མ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་འོད་དང་། བྱང་ཆུབ་སེམས་དཔའ་དམ་པའི་དབྱངས་དང་། བྱང་ཆུབ་སེམས་དཔའ་ཐབས་ཆེན་སྟོབས་དང་།

བྱང་ཆུབ་སེམས་དཔའ་མུན་ནག་སེལ་དང་། བྱང་ཆུབ་སེམས་དཔའ་མཉམ་མེད་ཕྱོགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སྤྱན་སྔར་ཡི་དམ་འདི་སྐད་བཅས་སོ། །བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་མྱ་ངན་ལས་
འདས་པའི་འོག་ཏུ་སངས་རྒྱས་ཀྱི་ཆོས་བསྲུང་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་རྒྱས་པར་བགྱི་ཞིང་རྒྱུན་མི་འཆད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བདག་ཅག་གིས་དེ་བཞིན་གཤེགས་པའི་འོད་ཟེར་དམ་པ་བསམ་གྱིས་མི་ཁྱབ་པ་མཐོང་ནས་འོད་ཟེར་དེ་དག་ལས་
སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་ཡང་ཐོས་པར་འགྱུར། ཆོས་དེ་དག་ཐོས་ནས་སེམས་ཀྱི་སྒྲིབ་པ་དང་བྲལ་ཏེ་ཀུན་ནས་ཉོན་མོངས་པ་ཐམས་ཅད་བྱང་ནས། ལྷའི་རིན་པོ་ཆེ་གསེར་ལྟར་སེམས་རྣམ་པར་དག་པར་གྱུར་པས་ཐམས་ཅད་གསལ་བར་སྣང་བར་
གྱུར་པའི་ཕྱིར་རོ། །བདག་ཅག་གིས་ཕན་པ་དང་། བདེ་བའི་ཡོན་ཏན་འདི་ལྟ་བུ་དྲན་པས་དེ་བཞིན་གཤེགས་པ་ལ་སྟོན་པ་ཆེན་པོར་འདུ་ཤེས་སྐྱེས་སོ། །བྱམས་པའི་ཕ་མ་ལྟ་བུའི་འདུ་ཤེས་སྐྱེས་ནས་རྟག་ཏུ་སངས་རྒྱས་ཀྱི་བཀའ་དྲིན་དྲན་ཏེ་སངས་རྒྱས་ཀྱི་བཀའ་དྲིན་ཤེས་པར་
བགྱིད་དོ། །དེ་ཅིའི་ཕྱིར་ཞེ་ན། དམ་པའི་ཆོས་ཐོས་པས་རིང་པོ་མི་ཐོགས་པར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་ཐམས་ཅད་སྒྲོལ་བར་འགྱུར་རོ། །དེ་དག་ཀྱང་ཆོས་ཐོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པས་འཁོར་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུན་ཅུ་པོ་འདི་དག་ཡུན་རིང་པོ་ནས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་རྡུལ་ཕྲ་རབ་སྙེད་ཀྱི་
སྔོན་རོལ་ན། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་བརྒྱ་སྟོང་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་ལ་བསྙེན་བཀུར་བྱས་ཏེ། སངས་རྒྱས་དེ་དག་ལས་རྟག་ཏུ་ཚངས་པར་སྤྱོད་པ་སྤྱད་ཅིང་རྒྱལ་བ་དེ་དག་ལ་མི་སྐྱོ་བའི་སེམས་ཀྱིས་མཉེས་པར་བྱས་ནས།

བྱམས་པས་བདག་གི་ལུས་བསྲུངས་ཏེ་སངས་རྒྱས་ཀྱི་ཆོས་འཛིན་ཅིང་སྙིང་རྗེ་ཆེན་པོས་རྒྱུན་དུ་ཕྱོགས་བཅུར་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་བྱེད་དོ། །སེམས་ཅན་གང་ཞིག་ཐ་མ་ཤི་ཀར་བྱང་ཆུབ་སེམས་དཔའ་དེ་དག་ལ་གཅིག་གི་མིང་ངམ། གཉིས་སམ།
གསུམ་མམ། བཞི་ནས་བདུན་ཅུའི་བར་དུ་རྫོགས་པར་ཐོས་ཏེ། དེ་ལ་སྲོག་ཕྱོགས་སྐྱབས་སུ་སོང་ན་ཚེ་འཕོས་མ་ཐག་ཏུ་གང་ན་སངས་རྒྱས་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་པད་མོ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཞིང་འདོད་ཆགས་དང་ཡོངས་སུ་བྲལ་བ་དང་། མངལ་
གྱི་གནས་ནས་མི་སྐྱེ་བ་དང་། མནམ་ཞིང་བཙོག་པ་དང་བྲལ་བར་འགྱུར་ཏེ། ལུས་ཡོངས་སུ་དག་ཅིང་ལུས་དྲི་ཞིམ་པ་དང་། ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་བཀུར་སྟི་བྱེད་པར་འགྱུར་རོ། །ཀུན་གྱི་ཡིད་དུ་འོང་ཞིང་བཀུར་སྟི་བྱས་པས་སེམས་རབ་ཏུ་དགའ་བར་འགྱུར་རོ། །
སེམས་རབ་ཏུ་དགའ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་འགྱུར། དེ་ལྟར་
བྱམས་པ་དང་སྙིང་རྗེའི་སེམས་བསྐྱེད་པས་འགྲོ་བ་མ་ལུས་པ་ལ་བཏང་སྙོམས་སུ་མི་གཏོང་བའི་སེམས་སྐྱེ་བར་འགྱུར། གཞན་ཡང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བའི་སེམས་དང་། བདག་དང་གཞན་གྱི་དོན་བྱེད་པའི་སེམས་དང་། སྒྲིབ་པ་དང་།
བར་ཆད་དུ་འགྱུར་བ་བསལ་བའི་སེམས་དང་། ཉོན་མོངས་པ་ཞི་བར་བྱེད་པའི་སེམས་དང་། དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་རྟག་ཏུ་བཀུར་སྟི་བྱེད་པའི་སེམས་དང་། འདུན་པའི་ཡིད་ཀྱིས་ཆོས་ཉན་པའི་སེམས་དང་། མི་བརྗེད་པར་ཡིད་ལ་བྱེད་ཅིང་དོན་བཟང་པོ་
གཟུངས་སུ་འཛིན་པའི་སེམས་དང་། ཉུང་དུ་ཐོས་ལ་དོན་མང་དུ་ཤེས་པའི་སེམས་དང་། མང་དུ་ཐོས་ལ་དོན་མི་ཤེས་པ་མི་འདོད་པའི་སེམས་སྐྱེ་བར་འགྱུར་རོ། །དེ་ནས་ཡང་དག་པ་ཉིད་ལ་དང་བའི་སེམས་དང་། དེ་བཞིན་ཉིད་ཀྱི་དོན་བདེན་པ་ལ་དད་པའི་སེམས་སྐྱེ་བར་

འགྱུར། ཡང་དག་པའི་དོན་བདེན་པ་ལ་དད་པའི་སེམས་སྐྱེས་པས་ཇི་ལྟར་བསྟན་པ་བཞིན་དུ་རྣལ་འབྱོར་སྤྱོད་པའི་སེམས་སྐྱེ་བར་འགྱུར་རོ། །ཇི་ལྟར་བསྟན་པ་བཞིན་དུ་རྣལ་འབྱོར་སྤྱོད་པའི་སེམས་སྐྱེས་པས་ཕྱིར་མི་ལྡོག་པའི་སེམས་སྐྱེ་བར་འགྱུར། དེ་
ལྟར་ཕྱིར་མི་ལྡོག་པའི་སེམས་སྐྱེས་པས་སེམས་ཅན་དེ་དག་ཐམས་ཅད་ལ་མཉམ་སྙོམས་པའི་གཉེན་པོའི་སེམས་སྐྱེ་བར་འགྱུར་རོ། །ཇི་ལྟར་བདག་ཁམས་གསུམ་པའི་སྲིད་པ་ཉི་ཤུ་ལྔར་སྐྱེ་བར་མི་དགའ་བ་བཞིན་དུ་གཟུགས་ཡོད་པ་དང་། གཟུགས་མེད་པ་དང་། རྐང་བཞི་
དང་། རྐང་མངས་དང་། གྲོག་སྦུར་ནས་སྲོག་ཆགས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ལུས་དང་སྲོག་གི་བར་དུ་སྟོར་ཡང་ཕ་རོལ་པོའི་སྲོག་འཕྲོག་པའི་ལས་མི་བྱེད་དོ། །ཇི་ལྟར་བདག་ལ་ནོར་རྫས་དང་། འབྲུ་དང་། གོས་དང་། ཟས་
དང་། སྐོམ་དང་། བན་གླང་དང་། ཤིང་རྟ་དང་། ཐེག་པ་དང་། ཡུལ་དང་། གྲོང་ཁྱེར་དང་། ཆུང་མ་དང་། བུ་དང་། ལུས་ཀྱི་ཡན་ལག་གི་བར་དུ་ལོངས་སྤྱོད་རྣམས་ལ་སྲུང་ཞིང་རིམ་གྲོ་བྱེད་དོ། །གཞན་གྱིས་ཁྱེར་ཞིང་འཕྲོག་པ་ལ་མི་དགའ་བ་བཞིན་དུ་
སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་བདག་གི་ལུས་དང་སྲོག་སྟོར་ཀྱང་སེམས་ཅན་རྣམས་ཀྱི་ནོར་དང་། གོས་དང་། ཟས་དང་། སྐོམ་དང་། ལོངས་སྤྱོད་ལ་འཕྲོག་པའི་སེམས་མི་སྐྱེད་དོ། །ཇི་ལྟར་བདག་གི་
གཟུགས་དམ་པ་སྲིང་མོའམ། ཆུང་མའམ། སླས་ལ་གཞན་གྱི་མི་རིགས་པར་བྱེད་མི་འདོད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་བདག་གི་ལུས་དང་སྲོག་སྟོར་ཀྱང་ཕ་རོལ་པོའི་གཟུགས་དམ་པ་ལ་འདུ་ཤེས་
ངན་པ་ལོག་པའི་སེམས་མི་སྐྱེད་ན་མི་རིགས་པའི་ཆོས་ངན་པ་ལྟ་ཅི་སྨོས། ཇི་ལྟར་བདག་ཕྲ་མ་དང་ཚིག་རྩུབ་པོ་འཁྲུག་པར་འགྱུར་བ་ལ་མི་དགའ་བ་བཞིན་དུ་སེམས་ཅན་རྣམས་ཀྱང་དེ་དང་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་བདག་གི་ལུས་དང་

སྲོག་ཡལ་ཡང་བརྫུན་དུ་སྨྲ་བ་དང་། ཕན་ཚུན་འཁྲུག་པའི་ཚིག་མི་སྨྲའོ། །ཇི་ལྟར་བདག་རྡོ་དབྱུག་གིས་རྡེག་པ་དང་། ལྕག་གིས་གཞུ་བ་དང་། ནན་ལ་འབོར་བ་ལ་མི་དགའ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་
དཔའ་ནི་བདག་གི་ལུས་དང་སྲོག་ཡལ་ཡང་རྡོ་དབྱུག་དང་། ལྕག་དང་ཆད་པས་གཅད་པའི་ལས་ཀྱིས་སེམས་ཅན་རྣམས་ལ་མི་འཚེའོ། །ཇི་ལྟར་བདག་ལྕགས་སྒྲོག་དང་། ཁོང་སྒྲིལ་དང་། མཚོན་ཆ་དང་། བཟུང་བ་དང་། བཏགས་པ་དང་། བཅིང་བས་བཅིངས་
པའི་གནོད་པ་རྣམས་ལ་མི་དགའ་བ་བཞིན་དུ་སེམས་ཅན་ཀུན་ཀྱང་དེ་དང་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ལུས་དང་སྲོག་ཡལ་ཡང་ལྕགས་སྒྲོག་དང་། ཁོང་སྒྲིལ་དང་། བཟུང་བ་དང་། བཅིང་བ་ལ་སོགས་པ་གནོད་པས་འཚེ་བར་མི་བྱེད་དོ། །ཇི་ལྟར་
བདག་གཞན་གྱིས་བརྙས་པ་དང་། དབང་དང་། དྲག་ཤུལ་བྱེད་པ་དང་། དབང་རློམ་བཙན་བྱེད་བསྙེམས་ཤིང་ངན་དུ་བྱེད་པ་ལ་མི་དགའ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་བདག་གཅིག་པུའི་ལུས་དང་སྲོག་ཡལ་
ཡང་ཚུལ་བཞིན་མ་ཡིན་པའི་མི་རིགས་པས་སེམས་ཅན་ལ་གནོད་པ་མི་བྱེད་དོ། །ཇི་ལྟར་བདག་ལ་ཕ་རོལ་པོ་གཞན་གྱིས་བཀུར་སྟི་བྱེད་ཅིང་མཆོད་དམ་ཚིག་སྙན་པས་བསྟོད་ན། བདག་བདེ་བ་ལ་དགའ་བ་བཞིན་དུ་བདག་ཀྱང་སེམས་ཅན་རྣམས་ལ་གོས་དང་། ཟས་དང་།
སྐོམ་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སྦྱིན་པར་བྱེད་དོ། །གལ་ཏེ་བདག་གིས་ལས་ཆེན་པོ་ཞིག་སྒྲུབ་པའམ། སངས་རྒྱས་ཀྱི་ཕྱིར་རམ། ཆོས་ཀྱི་ཕྱིར་རམ། དགེ་འདུན་གྱི་ཕྱིར་རམ། དོན་སྒྲུབ་པ་ལས་བློས་མི་ལྕོགས་
ཏེ་དོན་གྲུབ་པར་མ་གྱུར་ནས། མི་དགའ་ཞིང་མྱ་ངན་གྱིས་གདུངས་པ་ལས་མཁས་པ་བློ་དང་ལྡན་པ་ཞིག་གིས་བདག་གིས་བསྒྲུབ་པའི་དོན་མ་གྲུབ་པས་མི་དགའ་ཞིང་མྱ་ངན་བྱེད་པར་མཐོང་ན་བདག་ལ་འདི་སྐད་ཟེར་རོ། །རིགས་ཀྱི་བུ་ཁྱོད་མི་དགའ་བ་མ་བྱེད་ཅིག །ཁྱོད་

ཀྱི་དོན་གྲུབ་པའི་གྲོགས་བྱ་སྟེ། དོན་ཡིད་བཞིན་དུ་བསྒྲུབ་པར་བྱའོ། །ཞེས་ཟེར་ན་དེ་ལ་རབ་ཏུ་དགའ་བའི་སེམས་སྐྱེ་བར་འགྱུར་ཏེ། དེ་བས་ན་བདག་གིས་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་དུ་བསྒྲུབ་པའི་ལས་ཀྱི་གྲོགས་བྱའོ། །
ཇི་ལྟར་བདག་ལ་རྒྱལ་པོ་དང་། རྐུན་པོ་དང་ཆུའམ། མེས་གནོད་པར་འགྱུར་རམ། བློན་པོ་ལ་སོགས་པས། བཟུང་ངམ། བཏགས་སམ། བཅིངས་ན་མི་དགའ་བའི་མྱ་ངན་གྱིས་གདུངས་པར་གྱུར་པ་ལས་མཁས་པ་བློ་དང་ལྡན་པ་ཞིག་གིས་བདག་དེ་ལྟར་མྱ་
ངན་གྱིས་གདུངས་པ་མཐོང་ན། སྙན་པ་སྒྲའི་ཚིག་གིས་བདག་ལ་ཁྱེད་མྱ་ངན་མ་བྱེད་ཅིག །ཁྱོད་ཀྱི་ཕྱིར་ཁོ་བོས་རྒྱལ་པོའམ། བློན་པོ་ཆེན་པོ་ལ་གསོལ་བ་བཏབ་སྟེ། གལ་ཏེ་ན་ནོར་གསུག་སྦྱིན་པའམ། ཐབས་རྣམ་པ་སྣ་ཚོགས་ཀྱིས་ཅི་ནས་ཀྱང་ཁྱོད་མི་
བདེ་བའི་སྡུག་བསྔལ་ལས་ཐར་བར་བྱའོ་ཞེས་ཟེར་ན། བདག་གིས་ཚིག་དེ་ཐོས་པ་ཙམ་གྱིས་སེམས་དགའ་བར་འགྱུར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཤེས་པར་བྱ་བའི་སྒྱུ་རྩལ་དང་བཟོའི་བར་དུ་ཡང་མཐར་ཕྱིན་པར་བརྩོན་འགྲུས་སུ་སློབ་བོ། །འདི་ལྟ་སྟེ།
ཤེས་པར་བྱ་བ་རིག་པའི་གནས་དང་། བཟོའི་གནས་དང་། རོལ་མོ་དང་། རྩེད་མོ་དང་། གྲངས་དང་། རྩིས་དང་། མིག་འཕྲུལ་གྱི་སྔགས་དང་། སྨན་དང་། བན་གླང་དང་། རྟ་དང་། བཞོན་པ་དང་། དགྲ་ཆོས་དང་། དམག་དྲང་བ་དང་། དཔྱད་ལ་སོགས་
པ་ལ་མཁས་པར་སློབ་སྟེ། དེ་ལྟར་སྒྱུ་རྩལ་ཅི་ལ་ཡང་མཁས་པར་བསླབས་ནས་འགྲོ་བ་མང་པོ་དང་། རྒྱལ་པོ་དང་། བློན་པོ་ཆེན་པོ་ལ་སོགས་པ་ཡང་བསམས་པའི་ཡིད་དང་འགལ་བར་མི་བྱེད། དེ་མ་ཡིན་པ་གཞན་ཡང་ལོངས་སྤྱོད་ཀྱི་རྐྱེན་གོས་སམ། ནོར་
རམ། ཟས་སམ། བཟའ་བའམ། བཏུང་བའམ། ནོར་བུའམ། གདུ་བུའམ། ལུས་ཀྱི་རྒྱན་ནམ། གསེར་རམ། དངུལ་ལམ། བཻ་དཱུརྱའམ། བྱི་རུའམ། མན་ཤེལ་ལམ། སྤུག་གམ། མུ་ཏིག་གམ། ཨ་མྲ་གར་བྷའམ། ནོར་བུ་

རིན་པོ་ཆེའམ། བན་གླང་ངམ། རྟའམ། ཐེག་པའམ། བྲན་པོའམ། ལས་བྱེད་པའི་མིའམ། ཆུང་མའམ། སླས་ཀྱང་ཡོད། ཆུ་མིག་གམ། ཁྲུས་ཀྱི་རྫིང་བུའམ། རིན་པོ་ཆེའི་ཡང་ཏོག་བཟང་པོའམ། ལོངས་སྤྱོད་ཀྱི་ཡོ་བྱད་རྣམ་པ་སྣ་ཚོགས་ཡོད་
ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་རློམ་པའམ་རྒྱགས་པའི་སེམས་མེད་དོ། །དེ་ལྟར་སྒྱུ་རྩལ་ཀུན་ལ་ཡང་མཁས། རིན་པོ་ཆེའི་བང་མཛོད་བརྒྱ་སྟོང་དང་ཡང་ལྡན། བན་གླང་དང་། རྟ་དང་། ཐེག་པ་ཡང་ཡོད། ན་ཆུང་བཟང་མོ་ཡང་གྲངས་མེད་པར་ཡོད། ཡང་ཏོག་
བཟང་པོ་ཡང་ཡོད། ཆུ་མིག་དང་ཁྲུས་ཀྱི་རྫིང་བུ་ལ་སོགས་པ་འདོད་པའི་ལོངས་སྤྱོད་གང་ཡང་ཡོད་མོད་ཀྱི། དེ་ལ་མ་ཆགས་ཏེ་རྟག་ཏུ་འདོད་པ་ཉུང་བ་དང་། ཆོག་ཤེས་པ་ལ་དགའ་ཞིང་། བས་མཐའ་དགོན་པ་དང་། རི་དང་། ཚལ་དང་། ཤིང་དྲུང་དུ་བསམ་གཏན་ལ་
ཞི་བར་གནས་པ་ལ་མོས་སོ། །སྐྱེ་བོ་མང་པོ་དང་། སྨྲ་ཞིང་གཏམ་ཟེར་ཡང་། སེམས་ནི་རྟག་ཏུ་གཉེན་པོའི་སྒོར་འཇུག་པར་བྱེད་དོ། །སོ་སོའི་སྐྱེ་བོ་དང་སྤྱོད་ཚུལ་འཐུན་པ་ལྟར་བྱེད་ཀྱང་སེམས་ཅན་ལ་ཕན་པའི་དོན་དུ་ནོར་བུ་རིན་པོ་ཆེ་གཏོང་བར་བྱེད་ཀྱིས་སེམས་ཅན་ལ་
གནོད་པ་མི་ཕན་པའི་དོན་མི་བྱེད་དོ། །གང་དབུལ་བ། ཕོངས་པ་ཉམ་ཐག་པར་གྱུར་པ་དག་བྱང་ཆུབ་སེམས་དཔའ་ལ་སློང་དུ་འོངས་ན་དེ་ལ་ཅི་འདོད་པ་བཞིན་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱེད་དོ། །སེམས་ཅན་གང་ཞིག་སངས་རྒྱས་ཀྱི་ཆོས་ལ་མོས་ཤིང་དད་དེ་བྱང་
ཆུབ་སེམས་དཔའ་ལ་བསྙེན་བཀུར་དང་། མཆོད་པ་བྱ་བའི་ཕྱིར་རིམ་གྲོ་དང་གཡོག་བྱེད་ཅིང་རྐང་པ་འཁྲུ་བའི་ལས་བྱེད་དམ། ལུས་བཀྲུ་བ་དང་མཉེ་བའི་ལས་བྱེད་དམ། ཆག་ཆག་དང་ཕྱག་དར་བྱེད་དམ། སོ་ཤིང་དང་ཁྲུས་ཆུར་སྦྱོར་རམ། མལ་སྟན་འདིངས་ཤིང་མལ་
གོས་སྤྲུག་པའི་ལས་བྱེད་དམ། སྲོད་དང་ཐོ་རངས་ལ་མར་མེ་འབུད་དམ། ཁྱེའུ་སུས་དང་། དྲོ་ལ་ཁ་ཟས་ཐ་ན་པ་ན་དང་། པུ་ཤེ་ན་དང་། ཁ་ད་ནེ་འབུལ་ལམ། འཐུང་བའི་སྐོམ་ཡུ་ལི་ཤི་དང་། བུ་ལ་ཤ་ཀའི་འབྲས་བུའི་སྐོམ་དང་། རྒུན་ཆུ་དང་། ཁ་ར་ནག་པོའི་ཆུ་ལ་སོགས་

པ་སྦྱར་སྦྱར་ནས་ཡོ་བྱད་དེ་ལྟ་བུས་ཞག་བདུན་ནས་ཞག་དགུ་བཅུའི་བར་དུ་བྱང་ཆུབ་སེམས་དཔའ་ལ་ཆོས་འདོད་པའི་ཕྱིར་འབུལ་བར་བྱེད་ན་བྱང་ཆུབ་སེམས་དཔའ་དེའི་ཚེ་མཆོད་པའི་ཡོ་བྱད་འབུལ་བ་དེ་ལ་དགའ་བའི་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་
ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་ཡུན་རིང་པོ་ནས་སངས་རྒྱས་ཀྱི་ཆོས་ཚོལ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་སྐྱེད་འབྲིའི་སེམས་མེད་པའི་ཕྱིར། བྱམས་པ་དང་སྙིང་རྗེའི་སེམས་དང་ལྡན་པའི་ཕྱིར། མཉམ་སྙོམས་པའི་སེམས་ལ་གནས་པའི་ཕྱིར་
རོ། །དེ་བས་ན་དུས་ཁ་ཅིག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་དེ། རྟག་ཏུ་དགེ་བ་བཅུའི་ཆོས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ། །སེམས་ཅན་དེ་དག་ཀྱང་རྒྱལ་པོའི་ཡིད་བཞིན་དུ་དགའ་ཞིང་སྤྱོད་པས་ཚེའི་དུས་བྱས་ན་ཡང་ལྷ་དང་མིའི་འཇིག་རྟེན་དུ་འདོད་པ་ལྔའི་ལོངས་སྤྱོད་
མཆོག་དམ་པ་དང་ལྡན་ཏེ། རིགས་ཆེ་ཞིང་མཐོ་བར་སྐྱེ་བར་འགྱུར། བསམས་པའི་ཡིད་བཞིན་དུ་ཉལ་བ་དང་། ལྡང་བ་དང་། འགྲོ་བ་ལ་གནོད་པ་མེད་པར་འགྱུར། གནས་གང་དུ་འགྲོ་ཡང་བཞོན་པའི་རྟ་དང་ཐེག་པར་ལྡན་ཏེ་སྐྱེད་མོས་ཚལ་དུ་རྩེད་མོ་དང་རོལ་མོ་ལ་རྩེ་ཞིང་
ལོངས་སྤྱོད་པར་འགྱུར། བཟའ་བ་དང་བཏུང་བ་དམ་པ་དང་དགའ་དགུར་སྤྱོད་པར་འགྱུར་ཡང་ཐ་མ་མི་རྟག་པ་བསྟེན་ཏེ། རྒ་བ་དང་ན་བས་གཟིར་ཏེ་ཤི་བར་གྱུར་ན་ཁྱིམ་གྱི་བུ་སྨད་མྱ་ངན་གྱིས་གདུངས་ཏེ་སྐད་ཕྱུང་ནས་ངུ་ཞིང་ལ་ལ་ནི་མགོ་ལ་ཐལ་མོ་རྡེབས། ལ་ལ་ནི་རང་རང་གི་སྐྲ་
འབལ་ཏེ་མཆི་མ་འཛག་ཅིང་ས་ལ་འགྲེའོ། །དེ་ནས་ཁྱོགས་སམ་ཤིང་རྟའི་སྟེང་དུ་བཞག་ནས་དུར་ཁྲོད་དུ་བསྐྱེལ་ཏེ། དེ་ལྟར་བསྐྱལ་ནས་ཀྱང་བུ་སྨད་དག་ཕྱིར་ཁྱིམ་དུ་འོངས་ནས་མྱ་ངན་གྱིས་གདུངས་ཏེ་ལ་ལ་ནི་བརྒྱལ་ནས་ས་ལ་འགྲེ །ལ་ལ་ནི་དེའི་རྐྱེན་གྱིས་ནད་དུ་འགྱུར། ལ་
ལ་ནི་མི་དྲན་ནས་མྱོས། ལ་ལ་ནི་ཚེའི་བར་ཆད་དུ་ཤི་བར་བྱས་ཏེ། དེ་ལྟར་བྱས་ཀྱང་གསོན་པ་རྣམས་ལ་ནི་ཕན་པ་མེད། ཤི་བ་ལ་ནི་རབ་ཏུ་གནོད་དོ། །དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་ཏེ་ཡུལ་རྒྱུ་ཞིང་སོང་བ་ལས་སེམས་ཅན་མྱ་ངན་གྱིས་

གཟིར་བ་མཐོང་ནས་སྙིང་བརྩེ་བའི་སེམས་སྐྱེས་ཏེ་འདི་སྐད་ཟེར་རོ། །རྒྱལ་པོ་ཞེས་བྱ་བ་ནི་ཡུལ་ས་དབང་གིས་འགྲོ་བ་མང་པོའི་དབང་སྒྱུར་ཏེ། དེ་ལྟར་དགེ་བ་བཅུའི་ལམ་གྱིས་འགྲོ་བ་རྣམས་བཏུལ་ཏེ། འབྲས་བུ་འདོད་པ་ལྔ་མཆོག་དམ་པ་ཐོབ་ཏུ་ཟིན་ཀྱང་སྐྱེ་བ་དང་། རྒ་བ་དང་།
ན་བ་དང་། འཆི་བ་དང་། མི་རྟག་པས་འཇིགས་པ་ལས་ཐར་བར་མ་གྱུར་ན། བདག་གིས་དྲང་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་བཙས་ཀྱང་ཕན་པའི་དོན་མེད་དོ། །དེ་ལྟར་འགྲོ་བ་རྣམས་ལ་ཕན་པའི་དོན་མེད་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་ཞེས་ཀྱང་ཇི་སྐད་བྱ། བྱམས་
པ་ཆེན་པོའི་ཕ་ཞེའམ། སྨན་པའི་རྒྱལ་པོ་ཆེན་པོ་ཞེའམ། འདྲེན་པའི་སྟོན་པ་ཆེན་པོ་ཞེས་ཇི་སྐད་དུ་གདགས། འདྲེན་པའི་སྟོན་པ་ཆེན་པོ་ཞེས་བྱ་བ་ནི་ཡང་དག་པའི་ལམ་དུ་འདྲེན་ཅིང་མྱ་ངན་ལས་འདས་པའི་ལམ་སྟོན་ཏེ། འདུས་མ་བྱས་པའི་རབ་ཏུ་བདེ་བ་ཐོབ་པར་བྱེད་དོ། །
བདག་ཅག་ནི་མིང་དང་སྤྱོད་པར་མི་འཐུན་ཏེ། དཔེར་ན་མི་ཞིག་སྐོམ་པས་གདུངས་ནས་སྲོག་ལ་བབ་པ་ལས་ཆུ་འདོད་པའི་ཕྱིར་ཕན་ཚུན་བརྒྱུགས་ཏེ། ཁྲོན་པ་སྐམ་པོ་ཞིག་དང་ཕྲད་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་འདི་སྙམ་དུ་སེམས་སོ། །ད་ནི་བདག་གི་ལུས་འདི་འཆི་བ་ལས་ཕྱིར་
སོས་སོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆུ་དང་མ་ཕྲད་ན་སྲོག་འདི་འཆི་བ་ལས་ཡུན་མི་རིང་བ་ལས་ད་ཁྲོན་པ་བཟང་པོ་དང་ཕྲད་ནས་གདོན་མི་ཟ་བར་ཆུ་དོང་གྲང་མོ་གཙང་མ་དང་ཕྲད་དེ་ངོམས་ཤིང་ཚིམ་པར་འགྱུར་བས་སྲོག་འཚོ་བར་འགྱུར་རོ་སྙམ་བསམས་ནས་མྱུར་བ་མྱུར་བར་ཁྲོན་པའི་
དྲུང་དུ་བསྙེན་ཏོ། །ཁྲོན་པའི་དྲུང་དུ་ཕྱིན་ནས་ལུས་ལ་གྱོན་པའི་གོས་ཕུད་དེ། ཕྱོགས་གཅིག་ཏུ་སྦས་ནས་ཆུ་འདོད་པའི་ཕྱིར་ཁྲོན་པའི་ནང་དུ་ཞུགས་སོ། །ཁྲོན་པའི་གཏིང་དུ་ཕྱིན་ནས་ཆུ་ནི་མེད་ཀྱི་སྦྲུལ་གདུག་པ་དང་། སྨིགས་པ་དང་། སྡིག་པ་དང་། རྩངས་པ་དང་། སྦལ་པ་
དང་། གྱོ་མོ་དང་། དེ་ལ་སོགས་པ་གསེག་མ་དང་། ཤིང་དང་། རྩྭ་ཉལ་ཉིལ་འབའ་ཞིག་མཐོང་བར་གྱུར་ཏོ། །དེའི་ཚེ་སྐོམ་པས་ཉམ་ཐག་པར་གྱུར་པ་དེ་ཐོག་མ་རེ་བ་བཞིན་དུ་ཆུ་ཡང་མ་རྙེད་ལ་གདུག་པ་མང་པོས་གཟས་ནས་ཁྲོན་པ་དེ་ལས་ཕྱིར་བྱུང་བར་གཟས་ཀྱང་ཁྲོན་པ་

རྙིངས་ཤིང་ཞིག་ལ་ཟབས་ཀྱང་མདའ་རྒྱང་གང་ཙམ་ཡོད་དེ། དེའི་ནང་ན་སྐས་སམ། ཐག་སྲད་དམ། འབྲུ་བའི་ཤིང་ཙམ་ཡང་མེད་དེ། མས་མཆོང་དུ་སྩལ་ཡང་ཉམ་ཐག་ལ་སྟོབས་ཞན་པས་འཕར་མི་ནུས་ཏེ། ཕྱིར་ཡང་ཞབས་སུ་ལྷུང་ནས་སྦྲུལ་གདུག་པ་ལ་སོགས་
པས་ཟ་ཞིང་འཇིབ་བོ། །དེ་ཅུང་ཟད་ཅིག་སྲོག་མ་ཆད་ཀྱི་བར་དུ་འདི་སྐད་ཅེས་ཟེར་རོ། །བདག་ཁྲོན་པ་འདིའི་ནང་ན་ཆུ་མེད་པར་སྔར་ཤེས་ན་ལྟ་ཁྲོན་པ་འདི་ལ་མིག་གིས་བལྟ་ཡང་མི་ཕོད་ན་འདིའི་ནང་དུ་ཞུགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ད་ནི་ཁྲོན་པ་འདིའི་རྐྱེན་གྱིས་སྡུག་
བསྔལ་བའི་སྡུག་བསྔལ་མྱོང་བར་གྱུར་ཏོ་ཞེས་སྨྲེ་སྔགས་འདོན་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་ལྟར་སོ་སོའི་སྐྱེ་བོ་དག་གཅིག་ཤི་བའི་འོག་ཏུ་ཁྱིམ་གང་གི་བུ་སྨད་དང་། གཉེན་རྣམས་ཀྱིས་སྡུག་པ་དང་བྱེ་བྲལ་བའི་སྡུག་བསྔལ་གྱིས་གདུངས་པ་མཐོང་ནས་འདི་སྐད་ཟེར་
རོ། །བདག་གི་ལུས་འདི་ནི་ཁྲོན་པ་སྐམ་པོ་དེ་དང་འདྲ་སྟེ། ཁྲོན་པ་མིང་ཙམ་ཡོད་ཀྱི་ཆུ་ནི་མེད་པས་ན་འཇུག་པ་ཡོད་ཀྱང་ཐོབ་པ་མེད་པས་དེ་ལྟ་བུའི་ལུས་དང་སྲོག་སྟོར་བའི་སྡུག་བསྔལ་མྱོང་བར་གྱུར་ཏོ། །ད་ལྟར་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་སྒྱུར་ཞིང་རིན་
པོ་ཆེ་སྣ་བདུན་དང་ལྡན་ཏེ། དགེ་བ་བཅུའི་ལས་ཀྱིས་འགྲོ་བ་འདུལ་ཞིང་དྲང་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་བཙས་ནས་སྐྱེ་བོ་མང་པོ་དག་ལྷ་དང་མིའི་མཐོ་རིས་ཀྱི་གནས་སུ་བཀོད་དེ་འདོད་པ་ལྔའི་ཡོན་ཏན་མཆོག་དམ་པ་ལ་ལོངས་སྤྱོད་དུ་བཅུག་ཀྱང་དེ་དག་སྐྱེ་བ་དང་། རྒ་བ་དང་། ན་བ་
དང་། འཆི་བ་དང་། སྡུག་པ་དང་། བྱེ་བྲལ་བ་དང་། དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ལས་ཐར་བར་མ་ནུས་ཏེ། གཅིག་ལ་གཅིག་ངུ་ཞིང་ཆོ་ངེ་བྱེད་པ་འདི་ནི་བདག་གིས་ཉེས་ཀྱི་སེམས་ཅན་རྣམས་ཀྱིས་མ་ཉེས་སོ། །དེ་ཇི་ལྟ་ཞེ་ན། བདག་ལ་འཇིག་རྟེན་ལས་འདས་པའི་
ཆོས་འགྲོ་བ་མང་པོ་ལ་ཕན་པའི་དོན་དུ་འགྱུར་བ་མེད་དེ། བདག་ལས་དགེ་བའི་ཆོས་འདོད་ཅིང་རབ་ཏུ་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་མཚོ་ལས་རྒལ་མི་ནུས་སོ། །དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་འདི་སྙམ་དུ་སེམས་སོ། །ད་ལྟར་བདག་གི་ལུས་འདི་ནི་དཔེར་ན་ཤེས་

པ་མེད་པ་གཏི་མུག་ཅན་གྱི་སྦྱིན་བདག་དང་འདྲའོ། །དེའི་ཚེ་དུས་གཞན་ཞིག་ན་ལོ་བདུན་གྱི་བར་དུ་ཆར་མ་བབ་པས་ཐན་པ་ཆེན་པོ་བྱུང་སྟེ། རྩི་ཤིང་ཡང་སྐམས། འབྲུ་ཡང་རབ་ཏུ་དཀོན་པར་གྱུར་ནས་མུ་གེ་ཆེན་པོ་བྱུང་སྟེ། གཅིག་ལ་གཅིག་འཆའ་ཞིང་ཟ་བར་གྱུར།
གཅིག་གི་ཤ་ཁྲག་ལ་གཅིག་ཟ་སྟེ། ལ་ལ་ནི་བུའི་ཤ་ཁྲག་ལ་ཕ་མ་ཟ། ལ་ལ་ནི་ཕ་མའི་ཤ་ལ་བུ་ཟ་ཞིང་། ཕ་མ་དང་། ཕུ་ནུ་དང་། ཁྱོ་ཤུག་དང་། བུ་ཕོ་དང་། བུ་མོ་ཡང་གཅིག་གི་ཤ་ལ་གཅིག་ཟ་བར་གྱུར་ཏོ། །དེའི་ཚེ་ན་སྦྱིན་བདག་ཆེན་པོ་དེ་འཆག་ཅིང་འཕྱན་དུ་སོང་
སོང་བ་ལས་སེམས་ཅན་མང་པོ་དག་ལྟོགས་ནས་ད་རོད་ཉམས་དེ་རིད་ཅིང་སྐམས་ལ་ཉམ་ཆུང་ལ་མདོག་ངན་པ་དང་། སྐྲ་ཡང་འཛིངས་ནས་ལུས་གནག་ལ་རྐེ་བ་དག་ཕྲག་པ་ལ་མི་རོ་ཁུར་དུ་ཁྱེར་ཏེ། ཁ་ཅིག་ནི་མིའི་མགོ་དང་། ལག་པ་དང་། རྐང་པ་དང་། ལྷུ་ཚིགས་དང་། ལག་
ངར་དང་། ཕྲག་པ་དང་། ཚིགས་པ་དང་། རྒལ་པ་དང་། བརླ་དང་། རྗེ་ངར་དང་། ཡན་ལག་དང་། ཉིང་ལག་གི་བར་དུ་ཁྱེར། ཁ་ཅིག་ནི་ནང་ཁྲོལ་མཆིན་པ་དང་། མཆེར་པ་དང་། གློ་བ་དང་། རྒྱུ་མ་དང་། གཞང་རྣམས་ཁྱེར་བ་མཐོང་ངོ་། །དེ་ལྟ་བུ་དག་མཐོང་ནས་སྦྱིན་
བདག་དེས་དེ་དག་མཐོང་ནས། ཁྱེད་ཁུར་དུ་ཁྱེར་བ་འདི་དག་ཅི་ཡིན་ཞེས་དྲིས་སོ། །དེ་དག་གིས་སྨྲས་པ། བདག་ཅག་གི་ཁུར་དུ་ཁྱེར་བ་འདི་དག་ནི་མི་རོ་སྟེ། མིའི་མགོ་དང་། རྐང་ལག་དང་། བརླ་དང་། རྗེ་ངར་དང་། ཡན་ལག་དང་། ཉིང་ལག་གི་བར་དུའོ། །ཁྱེད་མིའི་
མགོ་དང་། ཡན་ལག་དང་། ཉིང་ལག་གི་བར་དུ་ཁྱེར་བ་འདི་ཅི་དགོས་ཅི་ཞིག་བྱ་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། ཁྱོད་མི་ཤེས་སམ། མུ་གེ་ཆེན་པོ་བྱུང་ནས་འབྲུ་རབ་ཏུ་དཀོན་པར་གྱུར་ཏེ། མི་ཀུན་ལྟོགས་ནས་ད་ལྟར་གཅིག་ལ་གཅིག་ཟ་བས། བདག་ཅག་གི་
ཁུར་བུ་ཁྱེར་བ་འདི་ནི་བདག་ཅག་གི་ཟས་ཡིན་ནོ། །དེའི་ཚེ་སྦྱིན་བདག་ཆེན་པོ་དེས་དེ་སྐད་ཅེས་སྨྲས་པ་དེ་ཐོས་ནས་དངངས་ཏེ། སྤུ་ཟིང་ཞེས་བྱེད་ནས་འཁམས་ཏེ་ས་ལ་འགྱེལ་བ་ལས་ཆུ་གྲང་མོས་གདོང་དུ་གཏོར་ནས་རིང་ཞིག་ལོན་པ་དང་། སེམས་སོར་ཆུད་ནས་འོ་ན་ཁྱོད་ཀྱི་

ཟས་ཡིན་ན་འདི་དག་སུའི་ཤ་ཡིན་ཞེས་དྲིས་པ་དང་། དེ་དག་སྐད་ཆེན་པོ་ཕྱུང་ནས་ངུས་ཏེ། སྦྱིན་བདག་ལ་བརྗོད་དུ་མི་རུང་ངོ་ཞེས་སྨྲས་སོ། །ཀྱེ་མའོ་བདག་ཅག་ནི་སྡུག་གོ། །ཀྱེ་མའོ་བདག་ཅག་ནི་སྡུག་གོ། །ཀྱི་ཧུད་ཀྱི་ཧུད་ཁྱོད་ལ་དྲང་པོར་མི་སྨྲར་མི་རུང་
སྟེ། བདག་ཅག་ཁུར་དུ་ཁྱེར་བ་འདི་ལ་ལ་ནི་ཕའི་ཤ །ལ་ལ་ནི་མའི་ཤ །ལ་ལ་ནི་བུའི་ཤ །ལ་ལ་ནི་ཕུ་ནུའི་ཤ །ལ་ལ་ནི་གཉེན་བཤེས་ཀྱི་ཤ་ཡིན་ནོ་ཞེས་ལྟོགས་པ་དེ་དག་གིས་སོ་སོ་ནས་ཁྱིམ་བདག་ལ་དྲང་པོར་གཏམ་བྱས་ནས། བདག་ཅག་ནི་ཤིན་ཏུ་ལྟོགས་པས་གཅིག་ལ་
གཅིག་ཉིང་ཤ་ཟ་བར་གྱུར་ཏོ། །དེའི་ཚེ་སྦྱིན་བདག་དེས་དབུགས་ཀྱིས་བརྣངས་པ་ཙམ་དུ་མི་ལྟོགས་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་དེང་ཕྱིན་ཆད་གཅིག་ལ་གཅིག་ཉིང་ཤ་ཟ་བར་མ་བྱེད་ཅིག །ཁྱེད་རྣམས་ལ་དགོས་པའི་ཡོ་བྱད་གང་ཡང་རུང་། བགོ་བའི་
གོས་སམ། བཟའ་བའམ། བཏུང་བའམ། ནད་ཀྱི་རྐྱེན་རྩིའམ། ཡོ་བྱད་ཅི་དགོས་པ་ཐམས་ཅད་སྦྱིན་པར་བྱ་སྟེ། ཞག་བདུན་ན་ཁྱེད་རྣམས་ཁོ་བོའི་སྒོར་ཤོག་ཤིག་དང་། ཡིད་བཞིན་དུ་གོས་སམ། ཁ་ཟས་སམ། ནད་ཀྱི་རྐྱེན་རྩིའམ། ཇི་འདོད་པ་ཚིམ་པར་བྱའོ་ཞེས་བསྒོ་
བ་དང་། དེ་དག་རབ་ཏུ་དགའ་རངས་ནས་ཤིན་ཏུ་ལེགས་སོ་ལེགས་སོ། །ངོ་མཚར་ཆེའོ་ཞེས་བསྟོད་པ་བྱས་སོ། །དེ་ནས་སྦྱིན་བདག་དེ་ཕྱིར་ཁྱིམ་དུ་འོངས་ནས་ཆུང་མ་དང་། བུ་རྣམས་དང་། བྲན་ཁོལ་དང་། ལས་བྱེད་པའི་མི་རྣམས་ཀྱང་བསྡུས་ཏེ། དགའ་བའི་མདངས་
ཕྱུང་ནས། འཇམ་ཞིང་ཡིད་དུ་འོང་བའི་ཚིག་སྙན་པས་བུ་སྨད་དང་། བྲན་ཁོལ་དང་། ལས་བྱེད་པའི་མི་རྣམས་ལ་འདི་སྐད་ཅེས་བསྒོའོ། །ཁྱེད་རྣམས་ཤེས་པར་གྱིས་ཤིག །ཁོ་བོས་སྨྲས་པའི་ཚིག་ལེགས་པར་ཉོན་ཅིག །ཁྱེད་ཤེས་སམ་ཐན་པ་ཆེན་པོས་མུ་གེ་བྱུང་ནས།
མི་ཐམས་ཅད་ལྟོགས་ཏེ་གྲངས་མེད་པ་ཞིག་ཤི་བར་གྱུར་ཏོ། །བདག་གི་ཁྱིམ་ན་བང་མཛོད་ཀུན་གང་ཞིང་ལུད་དེ་འབྲུ་ཡང་གྲངས་མེད་པ་ཞིག་ཡོད་པས་དུས་ལས་མ་ཡོལ་བར་བདག་ཅག་བསོད་ནམས་བྱའོ་ཞེས་བུ་སྨད་ཀུན་གྱིས་དེ་སྐད་ཅེས་བསྒོ་བ་ཐོས་ནས་ལེགས་སོ་ལེགས་སོ། །

བདག་ཅག་གི་སྲོག་ལུས་སྦྱིན་པ་བྱས་ཀྱང་མི་ཕངས་ན་བང་མཛོད་དང་། ནོར་རྫས་དང་། ཁ་ཟས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་སྦྱིན་བདག་ཀྱང་རབ་ཏུ་དགའ་རངས་ནས་ཁྱེད་རྣམས་ནི་ཡང་དག་པར་ཁོ་བོའི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་གྲོགས་ཡིན་པ་ལྟ་དགེའོ་ལེགས་སོ། །
ཁྱེད་རྣམས་ཀྱང་སོ་སོ་ནས་ཅི་དང་ཅི་བྱ་བ་རྣམས་ཅི་དང་ཅི་བསྒྲུབ་པ་སྐོལ་བྱ་བའི་རིགས་པ་ཡང་མོད་ལ་བྱ། བསྒྲུབ་པའི་རིགས་པ་ཡང་མྱུར་དུ་བསྒྲུབ་སྟེ། ད་སྟེ་ཞག་བདུན་ན་ངེས་པར་འབྱོར་བར་བྱའོ། །དེའི་ཚེ་སྦྱིན་བདག་དེས་སོ་སོར་བསྒོ་ནས་ཁྱིམ་གྱི་ཕྱི་རོལ་དུ་བྱུང་སྟེ། གང་
ན་ས་མཉམ་ཞིང་ཡངས་ལ་བདེ་བའི་གནས་ཞིག་བལྟས་ནས་མོད་ལ་ས་གཞི་དག་པར་ཉལ་ཉིལ་དང་ས་རྡོ་མེད་པར་བྱས་ཕྱགས་ཏེ་ཁྲི་སྟན་བཤམས་སོ། །དེ་ལྟར་མང་པོ་འདུ་བའི་གནས་སྦྱིན་པ་སྦྱིན་པའི་ས་གཞི་བཤམས་ནས་བན་གླང་ལྔ་བརྒྱ་ལ་ཁ་ཟས་བཀལ་ཏེ་སྦྱིན་པའི་
སར་བསྐྱལ་ནས། ཁ་ཟས་ནི་རི་བཞིན་དུ་སྤུངས། ཞོ་ཆུ་ནི་མཚོ་བཞིན་བསྐྱིལ། མར་དང་། འབྲུ་མར་དང་། ཁུར་བ་ལ་སོགས་པ་ཁ་ཟས་རོ་བརྒྱ་དང་ལྡན་པ་ཆོ་མ་ཆོ་དགུ་སྦྱར་ཏེ། དེ་མ་ཡིན་པ་གཞན་ཡང་གོས་དང་། གདུ་བུ་དང་། ཕྲེང་བ་དང་། ལུས་ཀྱི་རྒྱན་སྣ་
ཚོགས་དང་། བན་གླང་དང་། རྟ་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་ཏེ། ཐམས་ཅད་ཕུན་སུམ་ཚོགས་པར་སྦྱར་ནས་ཞག་བདུན་ལོན་པའི་སྐྱ་རེངས་ཤར་ནས་ཞག་བདུན་གྱི་ཉི་མ་ལ་དྲིལ་རྔ་བརྡུངས། དུང་བུས་ཏེ། སྐད་ཆེན་པོས་ཐམས་ཅད་སྦྱིན་པའི་གནས་འདིར་འདུས་ཤིང་
ཤོག་ཤིག་ཅེས་བོས་སོ། །དེའི་ཚེ་ན་ཐམས་ཅད་ཀྱིས་བོས་པའི་སྐད་ཐོས་ནས་འཕགས་པས་བྱིན་གྱིས་བརླབས་པ་ཙམ་དུ་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ཐམས་ཅད་སྦྱིན་པ་གཏོང་བའི་གནས་སུ་ལྷགས་ཏེ། ཡིད་བཞིན་དུ་གོས་དང་། མལ་ཆ་དང་། ཟས་སྐོམ་དང་།
ལུས་ཀྱི་རྒྱན་སྣ་ཚོགས་པ་དང་། ནད་ཀྱི་རྩི་སྨན་མང་པོ་དང་། བན་གླང་དང་། རྟ་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་ཅི་དང་ཅི་འདོད་པ་ཡིད་བཞིན་དུ་དྲངས་ནས་སྦྱིན་པའི་རྫས་ཅི་ཡོད་པ་ཐམས་ཅད་ཀྱིས་མ་ལུས་པར་ཁྱེར་རོ། །དེ་ནས་སྦྱིན་བདག་དེ་དགའ་ནས་ཕྱིར་ཁྱིམ་དུ་

འོངས་ནས་ཆུང་མ་དང་བུ་རྣམས་དགའ་བ་བཞིན་དུ་འདོད་པ་ལྔ་ལ་ལོངས་སྤྱོད་དོ། །དེ་ནས་ཞག་བདུན་ཙམ་ལོན་པ་དང་མི་དག་ན་རེ་སྦྱིན་བདག་དེས་སྔར་གོས་དང་། ཟས་དང་། སྐོམ་ལ་སོགས་པ་སྦྱིན་པ་བྱས་ན་ཁ་ཟས་ཟོས་པ་རྣམས་དུག་ལངས་ནས་ཐམས་ཅད་ཤིའོ་
ཞེས་ཟེར་རོ། །དེ་ལྟར་ཤི་བར་གྱུར་པས་ཐམས་ཅད་ཚིག་ཏུ་བརྗོད་དེ་ངོ་མཚར་ཆེའོ་ངོ་མཚར་ཆེའོ། །དེ་ལྟར་སྦྱིན་བདག་ཆེན་པོ་དེས་ཀུན་ལ་སྙིང་བརྩེ་བའི་ཕྱིར་ཅི་འདོད་པ་བཞིན་དུ་ཁ་ཟས་ལ་སོགས་པས་ཚིམ་པར་བྱས་ཏེ་ལུས་དང་སྲོག་གསོན་པར་བྱས་པར་གྱུར་ན་ཕྱིས་ཞག་མང་པོ་
མ་ལོན་པར་དུག་ལངས་ནས་ཐམས་ཅད་ཤིའོ་བར་སྒྲ་སྒྲོགས་པར་གྱུར་ཏོ། །དེའི་ཚེ་སྦྱིན་བདག་ཆེན་པོ་དེས་དེ་ལྟར་གྱུར་པ་དེ་ཐོས་ནས་ཡི་མུག་ཅིང་མི་དགའ་བར་གྱུར་ཏེ། ཆུང་མ་དང་། བུ་ལ་སོགས་པ་ལ་ཁྱེད་ཀྱི་ཁ་ཟས་ཇི་ལྟར་སྦྱར་ན་ཁ་ཟས་ཀྱི་ནང་དུ་དུག་མ་རུངས་པ་ཇི་ལྟར་འོངས་
ཞེས་དྲིས་པ་དང་། ཆུང་མ་དང་། བུ་དང་། བྲན་ཁོལ་དང་། ལས་བྱེད་པའི་མི་རྣམས་ཀྱི་མཆིད་ནས་དུག་མི་སྲིད་དོ། །དུག་འདི་ག་ལས་འོངས་ཞིབ་ཏུ་རྟོགས་ཤིག་ཅེས་སྨྲས་སོ། །དེ་ནས་སྦྱིན་བདག་དེ་ཁྱིམ་གྱི་ཞལ་ཏ་བྱེད་ཅིང་མཐར་གྱིས་སོང་སོང་བ་ལས་ཁྲོན་པ་ཞིག་སྟེང་
བཀབ་ཅིང་གཡོགས་པ་མཐོང་ངོ་། །ཁྲོན་པ་འདི་ཅིའི་ཕྱིར་གཡོགས་ཞེས་དྲིས་པ་དང་། ཁྲོན་པ་འདི་ནི་ཁྱིམ་བདག་ཁྱོད་བུས་པ་ཆུང་ངུའི་ཚེ་ན་སྦྲུལ་གདུག་པ་གསུམ་ཞིག་གསོ་གསོ་བ་ལས་ཁྲོན་པ་འདི་བརྐོས་ནས་སྦྲུལ་གདུག་པ་གསུམ་བཅུག་གོ། །ཁྲོན་པ་འདི་ནི་སྦྲུལ་
གདུག་པ་འདུག་པའི་ཁྲོན་པ་ཡིན་ནོ། །ཆུ་ཡང་གདུག་པས་ཆུ་འདི་ཡང་འཐུངས་པས་ན་སྟེ་འཆི་བར་འགྱུར་རོ། །སྦྱིན་བདག་དེས་ཚིག་དེ་དག་ཐོས་ནས་ལས་བྱེད་པ་དག་ལ་ཁྱེད་དེ་བར་ཁ་ཟས་གཡོ་བའི་ཚེ་ཁྲོན་ཆུ་འདི་ལས་བཅུས་ཏེ་ཁ་ཟས་མ་གཡོས་སམ། ལས་བྱེད་པས་
སྨྲས་པ། ཁ་ཟས་མང་དུ་གཡོས་པས་རིངས་ནས་ཆུ་འདི་ཡང་བཅུས་ནས་ཁ་ཟས་ཀྱི་གཡོས་བྱས་སོ་ཞེས་བསྒོའོ། །ཁྱིམ་བདག་མི་དགའ་སྟེ། ངོ་མཚར་ཆེའོ། །བདག་ནི་གཏི་མུག་ཅན་ཤེས་པའི་བློ་མེད་པ་ཡིན་པ་འདྲ་སྟེ། ཅིའི་ཕྱིར་སྦྲུལ་གདུག་པ་གསོ་ཞིང་ཁྲོན་པ་

གདུག་པ་རྐོ་ཞེས་འགྱོད་ནས་ཆུང་མ་དང་། བུ་ལ་བསྒོ་བ། སྦྲུལ་གདུག་པ་གསུམ་གྱི་ཁྲོན་པ་མྱུར་དུ་ཚོངས་ཤིག །སྦྲུལ་གདུག་པ་གསུམ་ཡང་ཁོ་བོ་བདག་གིས་བསྲེག་གོ་ཞེས་བསྒོ་བ་དང་། ལས་བྱེད་པའི་མི་རྣམས་ཀྱིས་དེ་མ་ཐག་ཏུ་ཁྲོན་པ་དེ་ཡང་བསུབས་
ནས་མེད་པར་བྱས་སོ། །དེ་ནས་སྦྱིན་བདག་དེས་སྦྲུལ་གདུག་པའི་ཁྲོན་པ་དེ་མེད་པར་བྱས་ནས་ཕྱི་རོལ་དུ་འཆག་ཏུ་སོང་སོང་བ་ལས་སྦྱིན་བདག་གི་ཁ་ཟས་དུག་ཅན་གྱི་ཤི་བར་གྱུར་པ་ལས་ཐམས་ཅད་ཚིག་འཐུན་པར་སྦྱིན་བདག་འདིས་བདག་ཅག་ལ་ཁ་ཟས་དུག་ཅན་བྱིན་ནས་
བདག་ཅག་སྔར་ཤི་བར་གྱུར་པ་ཡིན་ནོ། །བདག་ཅག་གིས་དེ་ལྟར་ཤེས་ན་དེར་མ་སོང་ཡང་རུང་ཞེས་འགྱོད་པ་སྐྱེས་སོ། །དེ་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཡང་དགེ་བ་བཅུས་སེམས་ཅན་བཏུལ་ཏེ། སེམས་ཅན་དག་ལྷ་དང་མིའི་མཐོ་རིས་སུ་སྐྱེ་ཞིང་འདོད་པ་ལྔ་ལ་འདོད་
དགུར་ལོངས་སྤྱོད་མོད་ཀྱི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལས་མི་ཐར་བ་ཡང་དེ་དང་འདྲའོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དེའི་མོད་ལ་བདག་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་དང་། འཇིག་རྟེན་ལས་འདས་པའི་ཆོས་བསྒྲུབས་ཏེ། སེམས་ཅན་རྣམས་
ཀྱང་དེ་ལ་ཀློག་པ་དང་། འདོན་པ་དང་། འདྲི་བ་དང་། གོམས་པར་བྱ་སྟེ། སྐྱེ་ཤིའི་འཁོར་བ་ཡོངས་སུ་སྤང་ཞིང་མྱ་ངན་ལས་འདས་པ་འཐོབ་པར་བྱའོ་ཞེས་དམ་བཅས་སོ། །དེའི་ཚེ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སངས་རྒྱས་ཀྱི་ཆོས་ཚོལ་བའི་ཕྱིར། འཛམ་བུའི་གླིང་ན།
སངས་རྒྱས་ཀྱི་ཆོས་སུས་ཤེས་ཞེས་གནས་ཀུན་ཏུ་བཀར་བཏགས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་འདོད་པའི་ཕྱིར་གནས་ཀུན་ཏུ་བཀར་བཏགས་ཀྱང་ཤེས་པ་མ་བྱུང་ངོ་། །མཐའ་འཁོབ་ཀྱི་ཡུལ་ཆུང་ངུ་ཅིག་ཏུ་ཕྱིན་པ་དང་། དེ་ན་བྲམ་ཟེ་གཅིག་ཅིག་སངས་རྒྱས་ཀྱི་ཆོས་
ཤེས་སོ་ཞེས་ཟེར་རོ། །དེ་ནས་བྲམ་ཟེ་དེའི་སྟེང་དུ་ཕོ་ཉ་བཏང་ནས་ཕོ་ཉ་དེས་བྲམ་ཟེ་ག་ལ་བ་དེར་ཕྱིན་ནས་བཙུན་པ་སངས་རྒྱས་ཀྱི་ཆོས་ཤེས་སམ་ཞེས་དྲིས་ན་ཤེས་སོ་ཞེས་ཟེར་རོ། །དེ་ནས་ཕོ་ཉས་བྲམ་ཟེའི་རྐང་པ་ལ་མགོ་བོས་ཕྱག་བྱས་ནས་བཙུན་པ་འཁོར་ལོས་སྒྱུར་བའི་

རྒྱལ་པོས་སྤྱན་འདྲེན་དུ་བཏང་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ག་ལ་བ་དེར་གཤེགས་སུ་གསོལ། །དེ་ནས་བྲམ་ཟེ་ཡང་དེར་འོངས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྒྱང་མ་ནས་བསུ་སྟེ་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་བདེ་བར་བྱོན་ཏམ། ལམ་
དུ་ཉོན་མོངས་པར་མ་གྱུར་ཏམ། ངལ་བར་མ་གྱུར་ཏམ། ཞེས་གཏམ་དྲིས་ཏེ་ཕོ་བྲང་གི་ནང་དུ་ཁྲིད་ནས་ཕོ་བྲང་གི་དབུས་སུ་རྒྱལ་པོའི་གདན་ལ་བཞག་གོ། །བྲམ་ཟེས་ཀྱང་གདན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་དེའི་ཚེ་རྒྱལ་པོས་བྲམ་ཟེ་དེ་བདེ་བར་འདུག་ནས་དགོས་
པའི་ཡོ་བྱད་རྣམས་ཀུན་ཕུལ་ཏེ་སྦྱིན་པ་བྱས་ནས་ཐལ་མོ་སྦྱར་ཏེ་བྲམ་ཟེ་དེ་ལ་སྟོན་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་ཤེས་སམ་ཞེས་དྲིས་པ་དང་། བྲམ་ཟེ་ན་རེ་བདག་གིས་སངས་རྒྱས་ཀྱི་ཆོས་ཤེས་སོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་སྟོན་པ་ཆེན་པོ་བདག་ལ་བསྟན་ཅིང་
བཤད་དུ་གསོལ་ཞེས་བྱས་ནས། བྲམ་ཟེ་ན་རེ་རྒྱལ་པོ་ཁྱོད་ནི་ཤིན་ཏུ་གླེན་ནོ། །ཁོ་བོས་སངས་རྒྱས་ཀྱི་ཆོས་བསླབས་པ་ན། ཡུན་རིང་དུ་ན་དཀའ་བའི་སྡུག་བསྔལ་མྱོང་ནས་གདོད་ལོབས་པ་ཡིན་ན། ད་རྒྱལ་པོས་ཐལ་བྱུང་དུ་ཐོས་པར་འདོད་དམ། རྒྱལ་པོས་སྨྲས་པ།
སྟོན་པ་ཆེན་པོ་འོ་ན་ཅི་ཞིག་འདོད། བྲམ་ཟེས་སྨྲས་པ། བདག་ལ་མཆོད་པ་ཕུལ་ཅིག །རྒྱལ་པོས་སྨྲས་པ། སྟོན་པ་ཆེན་པོ་མཆོད་པ་ཅི་ཞིག་འདོད། གོས་སམ། མལ་ཆའམ། བཟའ་བའམ། བཏུང་བ་འདོད་དམ། འོན་ཏེ་གསེར་རམ། དངུལ་ལམ། རིན་
པོ་ཆེ་འདོད་དམ། བྲམ་ཟེས་སྨྲས་པ། བདག་དེ་འདྲ་བའི་མཆོད་པ་མི་འདོད་དོ། །རྒྱལ་པོས་སྨྲས་པ། མཆོད་པ་དེ་དག་མི་འདོད་ན་འོ་ན་བན་གླང་ངམ། རྟའམ། ཐེག་པ་འདོད་དམ། འོན་ཏེ་ཡུལ་ལམ། གྲོང་ཁྱེར་རམ། ཆུང་མའམ། བུ་འདོད་དམ། རོལ་མོའམ། གླུ་
འམ། གར་བྱེད་པ་འདོད་དམ། བྲམ་ཟེས་སྨྲས་པ། བདག་ནི་དེ་དག་གང་ཡང་མི་འདོད་དོ། །གལ་ཏེ་ལུས་ལ་རྨ་སྟོང་ཕྱུང་སྟེ་རྨའི་ནང་དུ་མར་བླུགས་ལ་མེ་མར་སྙིང་པོ་བཙུགས་ཏེ་མར་མེ་སྟོང་འབར་བས་མཆོད་ན་སངས་རྒྱས་ཀྱི་ཆོས་བསྟན་ཅིང་བཤད་པར་བྱའོ། །གལ་ཏེ་དེ་ལྟར་མི་ནུས་

ན་བདག་ལངས་ཏེ་འགྲོ་ཞེས་སྨྲས་ནས་རྒྱལ་པོས་སྐད་ཅིག་ཙམ་ལན་མ་སྨྲས་ཀྱི་བར་དུ་ཁྲི་ལས་བབས་སོ། །དེ་ནས་རྒྱལ་པོས་པང་དུ་བླངས་ནས་སྟོན་པ་ཆེན་པོ་ཅུང་ཟད་ཉག་བསྲིང་དུ་གསོལ། བདག་ཤེས་པ་ཞན་ཞིང་བསོད་ནམས་ཆུང་བས་ཅུང་ཟད་བསམས་ཏེ་མཆོད་པར་བགྱིད་དོ་
ཞེས་སྨྲས་སོ། །དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་གི་ལུས་འདི་ཐོག་མ་མེད་པའི་དུས་ནས་ཤི་བ་གྲངས་མེད་པར་མྱོང་ན་ཡང་ཆོས་ཀྱི་ཕྱིར་མ་ཤིའི། ད་ཡང་བདག་གི་ལུས་འདི་ཡང་མཐར་འཇིག་ཅིང་རུལ་བར་འགྱུར་བས་ཕན་པ་མེད་དེ། ད་ནི་
དུས་ལས་བབ་བོ་སྙམ་བསམས་ནས་སྟོན་པ་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །སྟོན་པ་ཆེན་པོ། བདག་མཆོད་པ་འདོད་པ་བཞིན་བགྱིད་དོ། །དེ་ནས་རྒྱལ་པོ་ཕོ་བྲང་དུ་སོང་ནས་བཙུན་མོ་རྣམས་ལ་ད་ནི་བདག་ཅག་བྱེ་འབྲལ་ལོ་ཞེས་སྨྲས་སོ། །བཙུན་མོ་རྣམས་དེ་སྐད་ཅེས་སྨྲས་པ་
ཐོས་ནས་དངངས་ཤིང་འཁམས་ཏེ་ཅི་ཉེས་གཏོལ་མེད་དེ་རྒྱལ་པོ་ད་ལྟར་ཅི་ཞིག་མཛད་སྙམ་དགོངས་ཞེས་གསོལ་ལོ། །རྒྱལ་པོས་སྨྲས་པ། བདག་གི་ལུས་འདི་ལ་མར་མེ་སྟོང་ཞིག་བཙུགས་ཏེ་སྟོན་པ་བྲམ་ཟེ་ལ་མཆོད་པ་བྱ་སྙམ་མོ། །བཙུན་མོ་རྣམས་ཀྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་
ས་ལ་འགྲེ་ཞིང་ཆོ་ངེས་བཏབ་སྟེ་བརྒྱལ་ལོ། །རིང་ཞིག་ལོན་པ་དང་། ཕྱིར་དྲན་པ་རྙེད་དོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་ན་བདག་གི་ལུས་ལས་ཕངས་པ་མེད་དེ། ཉེས་ཏེ་དོགས་ནས་གསོ་བའི་རིམ་གྲོ་ཆེར་བྱེད་ན་ཅིའི་ཕྱིར་བདག་གི་ལུས་ལ་ཐོ་འཚམ་ཞིང་གནོད་པ་བགྱིད། རྒྱལ་པོ་ནི་
མཁས་པའི་བློ་དང་ལྡན་པ་ལགས་ན་ད་ལྟར་མྱོས་སམ། འོན་ཏེ་ཡི་དགས་ཀྱིས་བརླམས་སམ། ཅི་ནོངས། རྒྱལ་པོས་སྨྲས་པ། དེ་ལྟ་བུ་གང་ཡང་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་དེ་ལྟ་བུའི་གནོད་པ་མཛད་ཅིང་བྲམ་ཟེ་ལ་མཆོད་པར་དགོངས། རྒྱལ་པོས་སྨྲས་པ། བདག་ནི་
སངས་རྒྱས་ཀྱི་ཆོས་འདོད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་སེམས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་དགོངས་ན་ད་ཅིའི་ཕྱིར་བདག་ཅག་རྣམས་བཀོལ་བར་གྱུར། རྒྱལ་པོས་སྨྲས་པ། འཇིག་རྟེན་ན་མཛའ་སྡུག་ཐམས་ཅད་མཐར་བྱེ་བྲལ་དུ་འགྱུར་ཏེ་དེ་བས་ན་བདག་

གིས་ལུས་ཀྱི་མཆོད་པ་བྱས་ཏེ། ཁྱེད་དང་སེམས་ཅན་ཐམས་ཅད་ཀྱི་མུན་གནག་གི་ཁང་པར་ཡེ་ཤེས་ཆེན་པོའི་སྒྲོན་མ་གཟུགས་ཤིང་སྐྱེ་ཤིར་འཁོར་བའི་མ་རིག་པའི་མུན་པ་སྣང་བར་བྱས་ལ། ཀུན་ནས་དཀྲིས་པའི་ཉོན་མོངས་པའི་མདུད་པ་བཅད་དེ། འཁོར་བའི་སྐྱོན་
ལས་བསྒྲལ་ནས་མྱ་ངན་ལས་འདས་པའི་གནས་སུ་དགོད་པའི་ཆེད་དུ་བསམས་ཀྱིས་ཁྱེད་རྣམས་བར་ཆད་དང་བགེགས་མ་བྱེད་ཅིག །དེའི་ཚེ་བཙུན་མོ་རྣམས་དེ་སྐད་ཅེས་བསྒོ་བ་ཐོས་ནས་བརྣངས་པ་ལྟར་ཅང་མི་སྨྲ་ཞིང་སྐད་ཆེན་པོ་ཕྱུང་སྟེ་ངུ་ཞིང་རང་རང་གི་སྐྲ་འབལ་ལོ། །བདག་ཅག་ལ་
བསོད་ནམས་མེད་དེ་བཀྲ་མི་ཤིས་པས་གསོན་པོར་བདག་ཅག་ལ་ལྷ་མེད་པར་གྱུར་ཅེས་སྨྲའོ། །རྒྱལ་པོ་དེ་ལ་རྒྱལ་བུ་ལྔ་བརྒྱ་ཡོད་དེ་ཐམས་ཅད་ཀྱང་མངའ་བྱད་བཟང་ཞིང་སྡུག་པ། ཡིད་གཞུངས་ཤིང་མཁས་པའི་བློ་དང་ལྡན་པ། མིའི་མཚན་དང་རྫོགས་པར་ལྡན་པ། རྒྱལ་པོ་ཡང་
མིག་བཞིན་དུ་ཕངས་ཤིང་བྱམས་སོ། །དེའི་ཚེ་རྒྱལ་པོས་རྒྱལ་བུ་རྣམས་ལ་སྨྲས་པ། ཁོ་བོ་ད་མཆོད་པའི་ལས་ཤིག་བྱེད་སྙམ་ན་ལུས་དང་སྲོག་ཉམ་ཆུང་ངུ་དོགས་ཏེ་ཁྱེད་དང་བྲལ་བ་སྙམ། ཡུལ་གྱི་སྲིད་དང་འབངས་རྣམས་ཀྱི་ཚིས་ནི་ཆེ་རིམས་ཀྱིས་བྱོས་ཤིག་ཅེས་བསྒོའོ། །རྒྱལ་བུ་
རྣམས་དེ་སྐད་བསྒོ་བ་དེ་ཐོས་ནས་ལུས་ཀྱི་ཡན་ལག་དང་རྩ་རྣམས་བཅད་པ་ཙམ་དུ་སྡུག་བསྔལ་གྱིས་གདུངས་ཏེ། དཔེར་ན་མི་བརྣངས་པ་ལ་སྐྱུག་ཏུ་ཡང་མེད། མིད་དུ་ཡང་མེད་པ་བཞིན་དུ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཅིའི་སླད་དུ་བདག་ཅག་རྣམས་སྤངས་ཏེ་སྐྱབས་སུ་མ་
མཆིས་པར་མཛད། ལ་ལ་ནི་རྒྱལ་པོའི་གཉའ་བ་ནས་འཁྱུད། ལ་ལ་ནི་ལག་པ་དང་། རྐང་པ་ལ་བཟུང་ནས་སྐད་ཕྱུང་ཞིང་ངུ་། ཀྱི་ཧུད་ཀྱི་ཧུད་ཅིའི་ཕྱིར་མགོན་དང་སྐྱབས་མེད་པར་འགྱུར་ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་རྒྱལ་བུ་རྣམས་ལ་སྤྲོ་བ་བསྐྱེད་པའི་ཕྱིར་འཇིག་རྟེན་ན་མཛའ་
ཞིང་སྡུག་པ་ཐམས་ཅད་མཐར་བྱེ་བྲལ་བར་འགྱུར་རོ་ཞེས་བསྒོའོ། །དེ་སྐད་ཅེས་བསྒོ་བ་ཐོས་ཀྱང་ཡིད་ལ་གཅགས་ཏེ་འབྲལ་མི་ཕོད་ན་བདག་གི་གསོལ་བ་གཅིག་གནང་བར་མཛད་དུ་གསོལ། །བདག་ཅག་གི་ལུས་དང་སྲོག་རྒྱལ་པོ་ལ་འབུལ་ན་སྟོན་པ་བྲམ་ཟེ་ལ་མཆོད་པ་མཛད་

དུ་གསོལ། རྒྱལ་པོས་སྨྲས་པ། བུ་ཁྱེད་རྣམས་ནི་ད་དུང་ཤེད་མ་བྱེ་ལ་ཆུང་བས་དེ་འདྲ་བའི་མཆོད་པ་བྱེད་མི་བཟོད་ཀྱིས། ཁོ་བོ་ནི་སྟོན་པ་ལམ་རིང་པོ་ནས་གཉེར་ཏེ་མཆོད་པ་བྱ་བར་ཁས་བླངས་པའི་ཡིད་དང་འགལ་བར་བྱར་མི་རུང་བས་བུ་སྲི་ཞུ་ཅན་ནི་ཕའི་ཡིད་དང་འགལ་བར་མི་བྱེད་ན་
ཁྱེད་རྣམས་ཁོ་བོའི་ཡིད་དང་འགལ་བར་བྱེད་དམ། རྒྱལ་བུ་རྣམས་དེ་སྐད་སྨྲ་བ་ཐོས་ནས་སྐད་ཕྱུང་སྟེ་ཆོ་ངེས་བཏབ་པས་ཡུལ་གྱི་ལྷ་རྣམས་ཀྱང་དངངས་ཏེ་རི་འགྱེལ་བ་བཞིན་དུ་ཐམས་ཅད་ལུས་ས་ལ་བརྡབས་སོ། །དེའི་ཚེ་རྒྱལ་པོ་ལ་ཡུལ་མཐའི་རྒྱལ་ཕྲན་ཐམས་ཅད་ཀྱིས་ཀྱང་མཆི་ཕྱག་
བྱས་ནས་ཕོ་བྲང་གི་ནང་སྟོན་པ་ཆེན་པོ་ག་ལ་བ་དེར་སོང་སྟེ། དེའི་དྲུང་དུ་ཕྱིན་ནས་ལུས་ཀྱི་རྒྱན་ཐམས་ཅད་ཀྱང་བཀྲོལ་ནས་གོས་ཀྱང་ཕུད་ནས་ཕྱོགས་གཅིག་ཏུ་བཞག་ནས་ལུས་དྲང་པོར་བསྲང་སྟེ་འདུག་གོ། །འདུག་མ་ཐག་ཏུ་རྒྱལ་ཕྲན་རྣམས་དང་། བློན་པོ་དང་། རྒྱལ་བུ་ལྔ་
བརྒྱ་དང་། བཙུན་མོ་ཉི་ཁྲི་ལ་བསྒོའོ། །ཁྱེད་རྣམས་ལས་གང་གིས་ཁོ་བོའི་ལུས་ལ་རྨ་སྟོང་ཞིག་གཅོད་སུས་ནུས་ཞེས་སྨྲས་ན། བཙུན་མོ་དང་། རྒྱལ་བུ་དང་། བློན་པོ་དང་། རྒྱལ་ཕྲན་གྱི་མི་རྣམས་ཚིག་འཐུན་པར་བདག་ཅག་གིས་རང་གི་ལུས་ལ་གྲི་ཐོགས་ཏེ་མིག་ཕྱུང་ཡང་བླའི་རྒྱལ་
པོའི་ལུས་ལ་རྨ་འབྱིན་མི་ཕོད་དོ། །དེ་ནས་རྒྱལ་པོ་མི་དགའ་བར་གྱུར་ནས་ད་ནི་བདག་ཡེ་འུར་གྱུར་པ་ལྟ་འཁོར་མང་པོ་འདི་སྙེད་ཀྱི་ནང་ན་མི་འགའ་ཡང་ཁོ་བོའི་གྲོགས་སུ་འགྱུར་བ་མེད་དམ་ཞེས་སྨྲ་བར་གྱུར་ཏོ། །དེའི་ཚེ་ན་རྒྱལ་པོ་དེ་ལ་རིགས་ངན་ཤེན་པ་རང་བཞིན་གྱིས་ཁྲོ་ལ་ཀུན་ཀྱང་
འཇིགས་སུ་རུང་བ་ཞིག་ཡོད་པ་ཞིག་བོས་སོ། །ཤེན་པ་དེ་དེར་འོངས་སོ། །ཤེན་པ་དེ་འོངས་ནས་རྒྱལ་བུ་རྣམས་ལ་ཁྱེད་མྱ་ངན་མ་བྱེད་ཅིག །རྒྱལ་པོ་ཆེན་པོ་དོན་མི་འགྲུབ་པའི་ཐབས་བདག་ལ་མཆིས་ཀྱིས། དོན་མ་གྲུབ་ན་སྔ་མཁོ་བཞིན་དུ་རྒྱལ་པོའི་སྲིད་གཟུང་དུ་ཟད་དོ་
ཞེས་སྨྲས་སོ། །རྒྱལ་བུ་རྣམས་ཀྱིས་ཚིག་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་པར་གྱུར་ཏོ། །དེ་ནས་ཤེན་པ་དེ་རྒྱལ་པོའི་དྲུང་དུ་འོངས་ནས་རྒྱལ་པོ་ཆེན་པོ་ད་ལྟར་ཅི་ཞིག་མཛད་པར་དགོངས་ཞེས་གསོལ་པ་དང་། རྒྱལ་པོས་ས