Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ

Văn bản gốc(Tây Tạng)

Trang 6 / 18 (50.000 ký tự/trang)
ིན་ནམ་འོན་ཏེ་མ་ཡིན། འདི་ལྟ་བུ་མ་ཡིན་ནམ་འོན་ཏེ་མ་ཡིན། དེ་འཇིག་རྟེན་ཕ་རོལ་མ་ཡིན་ནམ་འོན་ཏེ་མ་ཡིན། འདི་ལྟ་བུ་མ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་དྲི་བ་འདྲི་ན། བདག་གིས་

འཇིག་རྟེན་ཕ་རོལ་ཞེས་བྱ་བ་མ་ཡིན་ནམ་འོན་ཏེ་མ་ཡིན། འདི་ལྟ་བུ་མ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་ལུང་བསྟན་པར་བྱའོ། །དགེ་སྦྱོང་དང་བྲམ་ཟེ་དེ་གཏི་མུག་གི་འཇིགས་པ་དང་། གཏི་མུག་གིས་འཇིགས་སྐྲག་པ་དང་། དེས་གཏི་མུག་ཉིད་ཡོངས་སུ་སྨད་པས་གཞི་
དེ་དང་གླིང་དེ་དང་མགོན་དེ་དང་སྐྱབས་དེ་དང་གཞོལ་བ་དེ་ལ་གནས་སོ། །ལྷ་མི་སྤོང་བ་དྲི་བ་དྲིས་པ་དང་ཚིག་རླུང་བསྐུར་བ་འདི་ནི་གཞི་བཞི་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སྦྱོང་དང་བྲམ་ཟེ་སྔོན་གྱི་མཐའ་ལ་རྟོག་ཅིང་། ལྷ་མི་སྤོང་ལ་ལྷ་
མི་སྤོང་བ་དྲི་བ་དྲིས་པ་དང་ཚིག་རླུང་བསྐུར་བ་དེ་ཐམས་ཅད་ནི་གཞི་བཞི་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལྟར་ན་ལྟ་བར་
སོང་བ་འདི་དག་འདི་ལྟར་འཛིན་པ་དང་འདི་ལྟར་མཆོག་ཏུ་འཛིན་པ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་། སྔོན་གྱི་མཐའ་དང་ལྡན་པ་ལྟ་བར་སོང་བ་དག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དེ་ཐམས་ཅད་ནི་ལྟ་བར་སོང་བ་
བཅྭ་བརྒྱད་པོ་འདི་དག་སྟེ། དེ་ལས་མི་ལྷག་མི་མང་ཞེས་བྱ་བ་ནས་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དག་
གང་ཞེ་ན་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་དུ་སྨྲ་བ་དག་ཡོད་དེ། དེ་ཕན་ཆད་བདག་ནི་འདུ་ཤེས་ཅན་མ་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ་གཞི་བཅུ་དྲུག་པོ་ལའོ། །དགེ་
སྦྱོང་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་དུ་སྨྲ་བ་དག་དེ་ཕན་ཆད་བདག་ནི་འདུ་ཤེས་ཅན་མ་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི། འདི་ལྟ་སྟེ་གཞི་བཅུ་དྲུག་པོ་དག་ལའོ། །དགེ་སློང་

དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་ཡོད་དེ། དེ་ཕན་ཆད་བདག་གཟུགས་དང་ལྡན་པའི་འདུ་ཤེས་ཅན་དང་། དེ་ཕན་ཆད་བདག་གཟུགས་དང་མི་ལྡན་པ་ཡིན་པ་དང་། གཟུགས་དང་ལྡན་པ་ཡང་ཡིན་ལ་གཟུགས་དང་མི་ལྡན་པ་ཡང་ཡིན་པ་དང་། གཟུགས་
དང་ལྡན་པ་ཡང་མ་ཡིན་ལ་གཟུགས་དང་མི་ལྡན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། དེ་ཕན་ཆད་བདག་མཐའ་དང་ལྡན་པའི་འདུ་ཤེས་ཅན་དང་། མཐའ་དང་མི་ལྡན་པ་དང་དེ་ཕན་ཆད་བདག་མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་ལྡན་པ་ཡང་
མ་ཡིན་ལ་མཐའ་དང་མི་ལྡན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། དེ་ཕན་ཅད་བདག་གཅིག་པའི་འདུ་ཤེས་ཅན་དང་། ཐ་དད་པའི་འདུ་ཤེས་ཅན་དང་། ཆུང་ངུའི་འདུ་ཤེས་ཅན་དང་། ཚད་མེད་པའི་འདུ་ཤེས་ཅན་དང་། གཅིག་ཏུ་བདེ་བ་ཅན་དང་། གཅིག་ཏུ་སྡུག་བསྔལ་
བ་ཅན་དང་། བདེ་བ་དང་སྡུག་བསྔལ་བ་ཅན་དང་། བདེ་བ་དང་སྡུག་བསྔལ་བ་ཅན་མ་ཡིན་པའི་འདུ་ཤེས་ཅན་འདི་དག་ནི་དགེ་སློང་དག་གཞི་བཅུ་དྲུག་པོ་དག་ལ་སྟེ། ཅི་ལ་རྟེན་ཅིང་ཞེས་བྱ་བ་ནས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་
མའི་མཐའ་ལ་རྟོག་ཅིང་། འདུ་ཤེས་ཅན་དུ་སྨྲ་བ་དག་དེ་ཕན་ཅད་བདག་གི་འདུ་ཤེས་ཅན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དེ་ཐམས་ཅད་ནི་གཞི་བཅུ་དྲུག་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་། འདི་ལྟར་མཆོག་ཏུ་འཛིན་པ་དང་། འདི་ལྟར་ལེན་པ་དང་། འདི་ལྟར་སྤྱོད་པ་དང་། འགྲོ་བ་ནི་འདི་ལྟ་བུའོ། །སྐྱེ་བ་ནི་འདི་ལྟ་བུའོ། །ཚེ་
ཕྱི་མ་ནི་འདི་ལྟ་བུ་ཡིན་ནོ་ཞེས་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་

ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ནས་ཀྱང་མཆོག་ཏུ་མི་འཛིན་ཏོ། །མཆོག་ཏུ་མི་འཛིན་པས་བདག་ཉིད་མྱ་ངན་ལས་འདས་པར་རིག་ནས་ཚོར་བ་རྣམས་ཀུན་དུ་འབྱུང་བ་ནུབ་པར་ཐུགས་སུ་ཆུད་དེ་འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ངེས་པར་འབྱིན་པའོ་ཞེས་
བྱ་བར་མཁྱེན་ཏོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་
དུ་སྙན་པར་སྨྲ་ཞིང་རྗོད་པར་བྱེད་དོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་
པ་ཇི་ལྟ་བ་བཞིན་དུ་སྙན་པར་སྨྲ་ཞིང་རྗོད་པར་བྱེད་པ་གང་ཞེ་ན། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་དུ་སྨྲ་བ་དག །དེ་ཕན་ཅད་བདག་ནི་འདུ་ཤེས་ཅན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ཡོད་པ་ནི་འདི་ལྟ་སྟེ། གཞི་བརྒྱད་པོ་
འདི་དག་ལའོ། །དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་མེད་པ་ཅན་དུ་སྨྲ་བ་དག་དེ་ཕན་ཅད་བདག་ནི་འདུ་ཤེས་མེད་པ་ཅན་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ།
གཞི་བརྒྱད་པོ་དག་ལའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་ཡོད་དེ། དེ་ཕན་ཅད་བདག་ནི་གཟུགས་ཅན་ཡིན་ཞིང་འདུ་ཤེས་ཅན་ཡང་ཡིན་པ་དང་། དེ་ཕན་ཆད་བདག་ནི་གཟུགས་ཅན་མ་ཡིན་པ་དང་། གཟུགས་ཅན་
ཡིན་ལ་གཟུགས་ཅན་མ་ཡིན་པ་ཡང་ཡིན་པ་དང་། གཟུགས་ཅན་ཡང་མ་ཡིན་ལ། གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་ཞིང་འདུ་ཤེས་ཅན་ཡང་མ་ཡིན་པ་དང་། དེ་ཕན་ཅད་བདག་ནི་མཐའ་དང་ལྡན་ཞིང་འདུ་ཤེས་ཅན་ཡང་ཡིན་པ་དང་། དེ་ཕན་ཅད་བདག་ནི་མཐའ་དང་མི་

ལྡན་པ་དང་། མཐའ་དང་ལྡན་པའང་ཡིན་ལ་མཐའ་དང་མི་ལྡན་པའང་ཡིན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན་ལ་མཐའ་དང་མི་ལྡན་པའང་མ་ཡིན་ཞིང་འདུ་ཤེས་ཅན་ཡང་ཡིན་པ་འདི་ནི་གཞི་བརྒྱད་པའོ། །ཅི་ལ་རྟེན་ཅིང་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སྦྱོང་དང་
བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་མེད་པ་ཅན་དུ་སྨྲ་བ་དག །དེ་ཕན་ཅད་བདག་ནི་འདུ་ཤེས་མེད་པ་ཅན་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དེ་ཐམས་ཅད་ནི་གཞི་བརྒྱད་པོ་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ། དེ་དག་དེ་བཞིན་གཤེགས་པས་ཡང་
དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་
སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་གང་ཞེ་ན་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་ཡང་མ་ཡིན་ལ། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པར་སྨྲ་བ་དག་ཡོད་དེ། དེ་ཕན་ཅད་བདག་ནི་
འདུ་ཤེས་ཅན་ཡང་མ་ཡིན་ལ། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་བརྒྱད་པོ་དག་ལའོ། །དགེ་སྦྱོང་དང་བྲམ་ཟེ་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་
ཡང་མ་ཡིན་ལ། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་ཞེས་སྨྲ་བ་དག་དེ་ཕན་ཅད་བདག་ནི་འདུ་ཤེས་ཅན་ཡང་མ་ཡིན་ལ་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དག་ནི་གཞི་བརྒྱད་པོ་དག་ལའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་
ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་དེ་ཕན་ཆད་བདག་གི་གཟུགས་ཅན་ཡིན་ཞིང་། འདུ་ཤེས་ཅན་ཡང་མ་ཡིན་ལ་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང་། དེ་ཕན་ཆད་བདག་ནི་གཟུགས་ཅན་མ་ཡིན་པ་དང་། གཟུགས་ཅན་ཡང་ཡིན་ལ་གཟུགས་ཅན་མ་ཡིན་པ་

ཡང་ཡིན་པ་དང་། གཟུགས་ཅན་ཡང་མ་ཡིན་ལ་གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་ཞིང་། འདུ་ཤེས་ཅན་ཡང་མ་ཡིན་ལ་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང་། དེ་ཕན་ཆད་བདག་ནི་མཐའ་དང་ལྡན་པ་ཡིན་ཞིང་འདུ་ཤེས་ཅན་ཡང་མ་ཡིན་ལ་
འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང་། དེ་ཕན་ཆད་བདག་ནི་མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན་ལ་མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞིང་འདུ་ཤེས་ཅན་ཡང་མ་ཡིན་ལ་འདུ་ཤེས་
ཅན་མ་ཡིན་པ་ཡང་མ་ཡིན་པ་འདི་ནི་གཞི་བརྒྱད་ལའོ། །ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་ཡང་མ་ཡིན་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སྨྲ་བ་དག་དེ་ཕན་ཆད་བདག་ནི་འདུ་ཤེས་ཅན་ཡང་མ་ཡིན་འདུ་
ཤེས་ཅན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དེ་ཐམས་ཅད་གཞི་བརྒྱད་པོ་དག་ལ་སྟེ། དེ་ལས་མི་ལྷག་མི་མང་བ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
མཁྱེན་ཏོ། །དེ་ལྟར་ན་ལྟ་བར་སོང་བ་འདི་དག་ཅེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དག་གང་ཞེ་ན་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །
དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་ཆད་པར་སྨྲ་བ་དག་ཡོད་དེ། དེ་ཕན་ཆད་བདག་ནི་ཆད་པར་འགྱུར་ཏེ་མེད་དོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་བདུན་པོ་དག་ལའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཤེས་
ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་ཕྱི་མའི་མཐའ་ལ་རྟོག་ཅིང་ཆད་པར་སྨྲ་བ་དག་དེ་ཕན་ཅད་བདག་ནི་ཆད་པར་འགྱུར་ཏེ། མེད་དོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་བདུན་པོ་དག་ལའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་

ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་ཡོད་དེ། བདག་གཟུགས་ཅན་ནི་འབྱུང་བ་ཆེན་པོ་བཞི་པོ་རགས་པ་ཇི་སྲིད་དུ་འཚོ་ཞིང་གནས་ལ་བརྟན་ཅིང་འདུག་པ་དེ་སྲིད་དུ་ནད་དང་བཅས་སོ། །ཤུ་བ་དང་བཅས་སོ། །ཟུག་རྔུ་དང་བཅས་སོ། །རིམས་ནད་དང་བཅས་སོ། །ཡོངས་
སུ་གདུང་བ་དང་བཅས་སོ། །བདག་ནི་ནམ་ཞིག་ན་ཡོངས་སུ་ཆད་པར་འགྱུར་རོ། །འདོད་པ་ན་སྤྱོད་པའི་ལྷ་དང་། གཟུགས་ན་སྤྱོད་པའི་ལྷ་དང་། གཟུགས་ཅན་མ་ཡིན་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པ་དང་། གཟུགས་ཅན་མ་ཡིན་པ་རྣམ་ཤེས་མཐའ་ཡས་སྐྱེ་
མཆེད་ལ་གནས་པ་དང་། གཟུགས་ཅན་མ་ཡིན་པ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་གནས་པ་དང་། གཟུགས་ཅན་མ་ཡིན་པ་ཡོད་མིན་མེད་མིན་སྐྱེ་མཆེད་ལ་གནས་པ་དག་ཇི་སྲིད་དུ་འཚོ་ཞིང་གནས་པ་ཞེས་བྱ་བ་ནས། འདི་ནི་གཞི་བདུན་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཅི་ལ་
རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ལ་རྟོག་ཅིང་ཆད་པར་སྨྲ་བ་དག་དེ་ཕན་ཆད་བདག་ནི་ཆད་པར་འགྱུར་ཏེ་མེད་དོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་དོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་ཆད་པར་སྨྲ་བ་དག་དེ་ཕན་ཆད་
བདག་ནི་ཆད་པར་འགྱུར་ཏེ་མེད་དོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ཐམས་ཅད་ཀྱང་གཞི་བདུན་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་
གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་ཡོད་དེ། གང་གི་ཚེ་བདག་
འདོད་པའི་ཡོན་ཏན་ལྔ་འབྱོར་པར་གྱུར་ཅིང་། རྩེ་དགའ་ཡོངས་སུ་སྤྱོད་པ་དེ་ཙམ་གྱིས་ན་བདག་འདི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །གང་གི་ཚེ་བདག་འདོད་པ་དག་ལས་དབེན་ཞིང་བསམ་གཏན་བཞི་པའི་བར་དུ་རྫོགས་པར་བྱས་ཏེ། གནས་པ་དེ་ཙམ་གྱིས་ན་

བདག་འདི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གཞི་ལྔ་པའོ། །ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་ཕྱི་མའི་མཐའ་ལ་རྟོག་ཅིང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་བ་དག །མཐོང་
བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་ཞིང་མངོན་པར་རྗོད་དོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་ཞིང་མངོན་
པར་རྗོད་པ་ཐམས་ཅད་ཀྱང་གཞི་ལྔ་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་
འཛིན་པ་དང་ཞེས་བྱ་བ་ནས་ཐུགས་སུ་ཆུད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་། ཕྱི་མའི་མཐའ་ལ་གནས་པ་ལྟ་བར་སོང་བ་དག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ཐམས་ཅད་ཀྱང་ལྟ་བར་སོང་བ་བཞི་བཅུ་རྩ་
བཞི་པོ་འདི་དག་སྟེ། དེ་ལས་མི་ལྷག་མི་མང་ལ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་ཞེས་བྱ་བ་ནས་ཐུགས་
སུ་ཆུད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་། ཕྱི་མའི་མཐའ་ལ་གནས་པས་ལྟ་བར་སོང་བ་དག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ཐམས་ཅད་ཀྱང་ལྟ་བར་སོང་བ་བཞི་བཅུ་རྩ་བཞི་པོ་འདི་དག་སྟེ། དེ་ལས་མི་ལྷག་མི་མང་
ལ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་ཞེས་བྱ་བ་ནས་ཐུགས་སུ་ཆུད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །

དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་། སྔོན་གྱི་མཐའ་ལ་གནས་པ་ལྟ་བར་སོང་བ་དག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དག་ཕྱི་མའི་མཐའ་ལ་རྟོག་ཅིང་། ཕྱི་མའི་མཐའ་ལ་གནས་པ་ལྟ་བར་སོང་བ་དག་མངོན་པར་སྨྲ་ཞིང་མངོན་པར་
རྗོད་པ་ཐམས་ཅད་ཀྱང་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལྟར་ན་ལྟ་བར་སོང་བ་འདི་
དག་འདི་ལྟར་འཛིན་པ་དང་། འདི་ལྟར་ལེན་པ་དང་། འདི་ལྟར་སྤྱོད་པ་དང་། འགྲོ་བ་འདི་ནི་འདི་ལྟ་བུའོ། །སྐྱེ་བ་ནི་འདི་ལྟ་བུའོ། །ཚེ་ཕྱི་མ་ནི་འདི་ལྟ་བུའོ་ཞེས་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་
དུ་རབ་ཏུ་མཁྱེན་ནས་ཀྱང་མཆོག་ཏུ་མི་འཛིན་ཏོ། །མཆོག་ཏུ་མི་འཛིན་པས་བདག་ཉིད་མྱ་ངན་ལས་འདས་པར་རིག་ནས། ཚོར་བ་རྣམས་ཀུན་འབྱུང་བ་ནུབ་པར་ཐུགས་སུ་ཆུད་དེ་འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ངེས་པར་འབྱིན་པའོ་ཞེས་བྱ་བར་མཁྱེན་ཏོ། །དགེ་སློང་དག་
དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དེ་དག་སྔོན་གྱི་མཐའ་ལ་རྟོག་ཅིང་། སྔོན་གྱི་མཐའ་ལ་གནས་པ་ལྟ་བར་སོང་བ་རྣམས་དང་ཕྱི་མའི་མཐའ་ལ་རྟོག་ཅིང་། ཕྱི་མའི་མཐའ་ལ་གནས་པ་ལྟ་བར་སོང་བ་རྣམས་ཀྱིས་གྱེན་དུ་དམྱུགས་སུ་ཟིན་ཀྱང་དེ་ཐམས་ཅད་ལྟ་བའི་ཆུའི་ནང་ན་འདུག་པས་བདུད་སྡིག་
ཅན་གྱི་དབང་དུ་སོང་ཞིང་ལག་ཏུ་སོང་བ་སྟེ། བདུད་སྡིག་ཅན་གྱིས་ཅི་དགའ་མགུར་བྱ་བ་བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་གྲོལ་བ་མ་ཡིན་ནོ། །དགེ་སློང་དག་དཔེར་ན་ཉ་པའམ། ཉ་པའི་སློབ་མ་མཁས་པ་དག་གིས་རྒྱ་མིག་ཕྲ་མོ་ཐོགས་ཏེ་ལྟེང་ཀའི་ཆུ་ཆུང་ངུ་བཅུས་པ་ན། དེ་སྲོག་ཆགས་
གང་རགས་པ་ཆེ་ལོང་རྣམས་ཀྱིས་གྱེན་དུ་དམྱུགས་སུ་ཟིན་ཀྱང་དེ་ཐམས་ཅད་ཆུའི་ནང་ན་གནས་པས་ཉ་པའི་དབང་དུ་སོང་ཞིང་ལག་ཏུ་སོང་བ་སྟེ། ཉ་པས་ཅི་དགའ་མགུར་བྱ་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་། སྔོན་གྱི་མཐའ་

ལ་གནས་པ་ལྟ་བར་སོང་བ་རྣམས་དང་། ཕྱི་མའི་མཐའ་ལ་རྟོག་ཅིང་ཕྱི་མའི་མཐའ་ལ་གནས་པ་ལྟ་བར་སོང་བ་རྣམས་ཀྱིས་ཀྱང་གྱེན་དུ་དམྱུགས་སུ་ཟིན་ཀྱང་། དེ་ཐམས་ཅད་ལྟ་བའི་ཆུའི་ནང་ན་འདུག་པས་བདུད་སྡིག་ཅན་གྱི་དབང་དུ་སོང་ཞིང་ལག་ཏུ་སོང་སྟེ། བདུད་སྡིག་ཅན་གྱིས་ཅི་
དགའ་མགུར་བྱ་བ་དག་གོ། །དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དེ་དག་སྔོན་གྱི་མཐའ་ལ་རྟོག་ཅིང་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་རྟག་གོ། །ཞེས་མངོན་པར་རྗོད་པ་ནི། འདི་ལྟ་སྟེ། གཞི་བཞི་པོ་དག་ལ་སྟེ། དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་མཁས་པ་
མ་ཡིན་ཞིང་མ་རིག་པར་གྱུར་པ་བག་མེད་ཅིང་རྨོངས་པ་ལ་གནས་པ་དེ་དག་སྲིད་པར་རིག་པར་བྱ་སྟེ། དེ་ནི་སྲིད་པས་རྣམ་པར་བསྐྱོད་པའོ། །དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དེ་དག་ཕྱི་མའི་མཐའ་ལ་རྟོག་ཅིང་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་
བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་གཞི་བཞི་པོ་དག་ལ་སྟེ་ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་དང་བྲམ་ཟེ་མཁས་པ་མ་ཡིན་ཞིང་མ་རིག་པར་གྱུར་པ། བག་མེད་ཅིང་རྨོངས་པ་ལ་གནས་པ་དེ་དག་ལ་རིག་པར་བྱ་སྟེ། དེ་ནི་སྲིད་པས་རྣམ་པར་
བསྐྱོད་པའོ། །དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དེ་དག་སྔོན་གྱི་མཐའ་ལ་རྟོག་ཅིང་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལ་སྟེ། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་སྲིད་ཀྱི་རྟེན་ཅིང་
འབྲེལ་པར་འབྱུང་བ་མ་ཡིན་པར་འགྱུར་བ་དེ་ནི་གནས་མེད་དོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དག་གཞི་ལྔ་པོ་དག་ལ་སྟེ་ཞེས་བྱ་བའི་བར་དུའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་
པར་སྲིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དེ་དག་སྔོན་གྱི་མཐའ་ལ་རྟོག་ཅིང་། རྟག་པར་སྨྲ་བ་དག་མཐོང་བའི་ཆོས་ལ་བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་བྱ་བ་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་གཞི་

བཞི་པོ་དག་ལ་སྟེ། དེ་ཡང་རེག་པའི་རྐྱེན་ལས་བྱུང་བར་སྲིད་ཀྱི་རེག་པ་ལས་འབྱུང་བ་ལས་གཞན་པའི་ཚོར་བར་འགྱུར་བ་འདི་ནི་གནས་མེད་དོ། །ཕྱི་མའི་མཐའ་ལ་རྟོག་ཅིང་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་
པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་ལྔ་པོ་དག་ལའོ་ཞེས་བྱ་བའི་བར་དུའོ། །དེ་ཡང་རེག་པའི་རྐྱེན་ལས་བྱུང་བར་སྲིད་ཀྱི་རེག་པ་ལས་བྱུང་བ་ལས་གཞན་པའི་ཚོར་བར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་གིས་གང་ཚུན་ཆད་རིག་པའི་སྐྱེ་མཆེད་དྲུག་པོ་དག་ནི་ཀུན་
འབྱུང་བ་ནུབ་པ་དང་རོ་མྱང་བ་དང་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་འདི་ནི། འདི་ལྟར་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་ཡིན་ནོ། །དགེ་སློང་དག་དེ་ལ་གང་ཟག་ཀུན་ནས་ཉོན་མོངས་པ་ཅན། ཡང་སྲིད་པ་པ་རིམས་ནད་དང་བཅས་པ། སྡུག་བསྔལ་
རྣམ་པར་སྨིན་པ། ཚེ་ཕྱི་མ་ལ་རྒ་ཤིའི་རྗེས་སུ་འཐུན་པ་དེ་དག་དེ་བཞིན་གཤེགས་པས་སྤངས་ཤིང་ཡོངས་སུ་མཁྱེན་ལ། ཤིང་ཏ་ལའི་མགོ་བཞིན་རྩ་བ་ནས་བཅད་དེ། འགྲོ་བ་སྣང་བ་མེད་པ་སྐྱེ་སྟེ། ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན།
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་གསུམ་དུ་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏོ། །ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་
འདས་ཀྱི་སྣམ་ལོགས་ན་འདུག་ཅིང་བསིལ་ཡབ་ཐོགས་ནས། བཅོམ་ལྡན་འདས་ལ་གཡོབ་ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་རྒྱུའི་དྲ་བ་ཞེས་
བྱ་བར་ཡང་ཟུང་ཤིག །དོན་གྱི་དྲ་བ་དང་ཆོས་ཀྱི་དྲ་བ་དང་ཚངས་པའི་དྲ་བ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བས་ན་ཚངས་པའི་དྲ་བ་ཞེས་བྱ་བ་འདི་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་

ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།བར་གྱི་སྡོམ་ནི། རྟག་དང་གཅིག་པུ་རྒྱུ་མེད་དང་། །མཐའ་ལྡན་དེ་བཞིན་ལྷ་མི་སྤོང་། །འདུ་ཤེས་འདུ་ཤེས་མེད་ཅན་དང་། །ཆད་དང་མྱ་ངན་འདས་པ་དང་། །དམྱུགས་དང་ཀུན་ནས་
རྨོངས་པ་དང་། །བརྟེན་དང་རེག་པ་དགེ་སློང་དང་། །རྒྱུ་དང་དོན་ཆོས་འདྲ་བ་སྟེ། །ཐ་མ་ཚངས་པའི་དྲ་བའོ། །ཚངས་པའི་དྲ་བ་རྫོགས་སོ། ༄༅། །རྒྱའི་སྐད་དུ། དེའི་ཕཱང་བྱ་ན་ཕྷུར་པོའུ་ཨིན་ཀྱེང་སཱུ་ཕིམ་དེའི་ཨྱིར། བོད་སྐད་
དུ། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ། བམ་པོ་དང་པོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་ཉི་ཁྲི་བརྒྱད་སྟོང་ཐམས་ཅད་ཀྱང་བྱ་བ་བྱས་པ།
ཚངས་པར་སྤྱོད་པ་སྤྱད་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཀླུ་ཆེན་པོ་ལྟར་སེམས་ཀྱི་དབང་ཐོབ་པ་ཤ་སྟག་ལ་འདི་ལྟ་སྟེ། འོད་སྲུང་ཆེན་པོ་དང་། རབ་འབྱོར་དང་། ཀུན་ཤེས་ཀཽཎྜི་ནྱ་དང་། མཛེས་བཟང་དང་། བྱམས་མའི་བུ་གང་པོ་དང་། ལམ་ཆེན་བརྟན་
དང་། ཤཱ་རིའི་བུ་དང་། ཀཱ་ཏྱཱའི་བུ་ཆེན་པོ་དང་། ཀུན་དགའ་བོ་དང་། སྒྲ་གཅན་འཛིན་ལ་སོགས་པ་ཅང་ཤེས་པ་དག་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་བརྒྱད་སྟོང་དག་དང་ཐབས་ཅིག་སྟེ། བྱང་ཆུབ་སེམས་དཔའ་དེ་
དག་ཐམས་ཅད་ཀྱང་ཡུན་རིང་པོར་དགེ་བའི་རྩ་བ་བསྐྱེད་པས་སངས་རྒྱས་བྱེ་བ་བརྒྱ་སྟོང་ཚད་མེད་པ་རྣམས་ལ་རྟག་ཏུ་ཚངས་པར་སྤྱོད་པ་སྤྱད་པ། སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པ། ཏིང་ངེ་འཛིན་བརྒྱ་སྟོང་སྙེད་ཁོང་དུ་ཆུད་ཅིང་རྟོགས་པ། གཟུངས་ཡོངས་སུ་རྫོགས་པ། སྙིང་རྗེ་ཆེན་
པོ་མི་གཏོང་བ། སེམས་ཅན་ཆེན་པོ་ཇི་ལྟ་བ་བཞིན་དུ་ཐམས་ཅད་ལ་ཕན་པར་བརྩོན་པ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་འཚོབ་པ། ཆོས་ཀྱི་རྒྱལ་མཚན་རྣམ་པར་འཛུགས་པ། སོ་སོའི་སྐྱེ་བོའི་མ་བསྐུལ་བའི་དགེ་བའི་བཤེས་གཉེན་དུ་གྱུར་པ། ཡེ་ཤེས་ཆེན་

པོའི་འགྲམ་དུ་ཕྱིན་པས་ཀུན་དུ་གྲངས་མེད་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་རྟག་པར་བརྩོན་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་དམ་པ་དང་།
བྱང་ཆུབ་སེམས་དཔའ་ཡོན་ཏན་དབྱངས་དང་། བྱང་ཆུབ་སེམས་དཔའ་གློག་གི་འོད་དང་། བྱང་ཆུབ་སེམས་དཔའ་ཀུན་དུ་མཉམ་པ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་གཙོ་བོ་དང་། བྱང་ཆུབ་སེམས་དཔའ་རི་རབ་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་
གླང་པོ་དང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོབས་འཛིན་དང་། བྱང་ཆུབ་སེམས་དཔའ་ཁམས་གསུམ་འཕགས་དང་། བྱང་ཆུབ་སེམས་དཔའ་རྟག་པར་སྙིང་རྗེ་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་དང་། བྱང་
ཆུབ་སེམས་དཔའ་འོད་བཙན་དང་། བྱང་ཆུབ་སེམས་དཔའ་དམ་པའི་དཔལ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་ཟླ་བ་དང་། བྱང་ཆུབ་སེམས་དཔའ་སྟོབས་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་ཚད་མེད་དང་། བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། བྱང་ཆུབ་སེམས་
དཔའ་སེང་གེའི་སྒྲ་དང་། བྱང་ཆུབ་སེམས་དཔའ་སེང་གེ་བྱེད་དང་། བྱང་ཆུབ་སེམས་དཔའ་སེང་གེ་རྣམ་པར་བསྒྱིངས་པ་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་རྫོགས་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་བརྩེགས་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་
ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་འཁོར་མང་པོ་དང་ཡང་ཐབས་ཅིག་ཏུ་བཞུགས་སོ། །དེ་མ་ཡིན་པ་གཞན་ཡང་། འདོད་པའི་ཁམས་ཀྱི་ལྷའི་བུ་ཚད་མེད་པ་བརྒྱ་སྟོང་དག་ཀྱང་ལྷགས་ནས་ལྷ་རྫས་ཀྱི་མེ་ཏོག་དང་སྤོས་རྣམས་ཐོགས་ཤིང་། ལྷ་རྫས་
ཀྱི་རོལ་མོ་དཀྲོལ་ནས་སྟེང་གི་ནམ་མཁའ་ལ་འཁོད་དོ། །དེ་མ་ཡིན་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་། དེ་ལ་སོགས་པ་སོ་སོ་ནས་འཁོར་བརྒྱ་

སྟོང་སྙེད་ལྷགས་ནས་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ན་བཅོམ་ལྡན་འདས་ལ་འཁོར་མང་པོས་ཡོངས་སུ་བསྐོར་ཏེ། རིམ་གྲོ་དང་མཆོད་པ་བྱས། བཀུར་སྟི་དང་བཅས་པས་ཡོངས་སུ་བསྟོད་པ་བྱས་སོ། །
དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཀུན་དགའ་བོ་སྔ་དྲོའི་དུས་ཀྱི་ཚེ་རྒྱལ་པོའི་ཁབ་ཏུ་ཞུགས་ནས་མཐར་གྱིས་བསོད་སྙོམས་བླངས་སོ། །དེའི་དུས་ན་བྲམ་ཟེ་ཕ་མ་ལ་སྲི་ཞུ་ཆེར་བྱེད་པ། ཁྱིམ་སོ་ཞིག་ནས་ཅི་ཡང་མི་བདོག་པ་ཅིག་ཀྱང་མ་རྒན་ཁུར་དུ་ཁྱེར་ཏེ། མཐར་གྱིས་སློངས་མོ་
བྱེད་དེ། དེ་ཡང་ཁ་ཟས་ཞིམ་པོ་རོ་དང་ལྡན་པའམ། ཤིང་ཏོག་བཟང་པོ་དག་རྙེད་ན་ཕ་མ་ལ་སྟོབས་སོ། །ཁ་ཟས་ངན་པ་རོ་མེད་པའམ། ཤིང་ཏོག་སྐམ་པོ་དག་རྙེད་ན་བདག་རང་ཟའོ། །ཀུན་དགའ་བོས་དེ་ལྟ་བུ་དག་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། མི་དེ་ལ་ལེགས་
སོ། །ལེགས་སོ་ཞེས་སྙན་པར་བསྟོད་ནས། རིགས་ཀྱི་བུ་ཕ་མ་ལ་སྲི་ཞུ་བྱེད་ཅིང་མཆོད་པ་བྱེད་པ་ངོ་མཚར་ཆེ་སྟེ་ལེགས་སོ་ཞེས་སྨྲས་སོ། །དེ་ནས་ཀུན་དུ་རྒྱུ་སྟོན་པ་དྲུག་གི་བསྟན་པ་ལ་ཕྱོགས་ཤིང་གྲོགས་སུ་གྱུར་པ་ཅིག་དབང་པོ་རྣོ་ལ་གཙུག་ལག་དང་། རིག་བྱེད་རྣམ་པ་བཞི་ལ་མཁས་པར་
གྱུར་པ། སྐར་མ་དང་རྩིས་ལ་མཁས་པ། དགེ་སྡིག་གི་ལྟས་རྣོ་བ། མོ་དང་གཙུག་ལག་གི་རིག་པས་ཕ་རོལ་གྱི་སེམས་ཤེས་པ། ཕལ་མང་པོའི་སློབ་དཔོན་དུ་གྱུར་པ། ཀུན་གྱིས་བཀུར་བ་ཅིག་ལྟ་བ་ངན་པ་ལ་ཞེན་ནས་ཁེ་དང་གྲགས་པའི་ཕྱིར་དམ་པའི་ཆོས་འཇིག་པར་བྱེད།
སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཕྲག་དོག་བྱེད་དེ་སྨོད་པའི་ཕྱིར་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་སྟོན་པ་གཽ་ཏ་མ་ཤཱཀ་རིགས་ཀྱི་བུ་ང་ནི་དགེ་བ་ཡིན་ཏེ། ཡོན་ཏན་ཆེན་པོ་དང་ལྡན་ནོ་ཞེས་སྨྲ་བ་ཡང་མིང་ཙམ་དུ་ཟད་དེ་བདེན་པའི་དངོས་པོ་མེད་དོ། །ཁྱོད་ཀྱི་
སྟོན་པ་གཽ་ཏ་མ་ནི་ཡང་དག་པར་ན་སྡིག་པ་ཅན་ཡིན་ཏེ། བཙས་ནས་ཞག་བདུན་ལོན་པ་ན་མ་ཡང་ཤི་བས་སྡིག་པ་ཅན་ཡིན་པར་མངོན་ནོ། རྒྱལ་པོའི་ཕོ་བྲང་ན་འདུག་པ་ལས་ཕོ་བྲང་ནང་ནས་བྲོས་པས་ཡབ་རྒྱལ་པོ་ཡང་མྱ་ངན་གྱིས་ནོན་ཏེ། སེམས་འཁྲུགས་ནས་བརྒྱལ་བ་ལས་ཆུས་གཏོར་

ཏེ། ཞག་བདུན་ལོན་པ་དང་དྲན་པ་ཕྱིར་རྙེད་དེ་ཆོ་ངེས་བཏབ་ནས་ངའི་ལྷའི་བུ་གཅིག་དེང་དུ་སྟོར་རོ་ཞེས་སྙིང་རྗེ་རྗེ་སྐད་དུ་ངུས་ནས། ངའི་ཡུལ་དང་སྲིད་ཀྱང་ཁྱོད་འབའ་ཞིག་དབང་བར་ཟད་ལ་བུ་ཡང་ཁྱོད་གཅིག་པུར་ཟད་ན་ཅིའི་ཕྱིར་ངེད་སྤངས་ཏེ་རི་དགོན་པར་ཆས་ཞེས་སྨྲེ་སྔགས་འདོན་དུ་
བཅུག་པས་ཁྱོད་ཀྱི་སྟོན་པ་གཽ་ཏ་མ་དྲིན་མི་ཤེས་ཏེ་ཅི་ལའང་མ་བལྟས་པར་ལངས་ཏེ་སོང་བས་ན་སྲི་ཞུ་མེད་པར་ཡང་མངོན་ནོ། །ཡབ་རྒྱལ་པོས་ཕོ་བྲང་བརྩིགས་ནས་ཆུང་མ་བླངས་པ་ལས་ཀྱང་ཆུང་མའི་ལས་མ་བྱས་ཏེ་མྱ་ངན་གྱིས་གདུངས་པར་བྱས་པས་ན་ཁྲེལ་མེད་པ་ཡང་ཡིན་པར་
མངོན་ནོ། །ཀུན་དགའ་བོས་དེ་སྐད་ཅེས་སྨྲས་པའི་ཚིག་དེ་དག་ཐོས་ནས་ངོ་ཚ་ཞིང་སྐྱེངས་ཏེ། བསོད་སྙོམས་བླངས་ཏེ་ཕྱིར་སངས་རྒྱས་ག་ན་བར་འོངས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་སངས་རྒྱས་ཀྱིས་བསྟན་པའི་ཆོས་ལ་ཕ་མ་ལ་སྲི་ཞུ་བགྱི་བ་ལྟ་མ་མཆིས་སམ། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། འདི་སྐད་དུ་ཞུ་བ་འདི་ཁྱོད་ལ་སུ་ཞིག་གིས་བསྟན། ལྷའམ་མིའམ། མི་མ་ཡིན་པས་བསྟན་ཏམ། འོན་ཏེ་ཁྱོད་ཉིད་ཀྱི་ཤེས་པའི་བློས་དེ་
བཞིན་གཤེགས་པ་ལ་ཞུ་བར་གྱུར་ཅེས་བཀའ་སྩལ་པ་དང་། ཀུན་དགའ་བོས་གསོལ་པ། བདག་ལ་ལྷའམ། ཀླུའམ། ཡི་དགས་སམ། མིའམ། མི་མ་ལགས་པ་གང་གིས་ཀྱང་བསྟན་པ་མ་མཆིས་ཏེ། སྔ་དྲོ་བསོད་སྙོམས་སློང་དུ་མཆིས་པའི་ཤུལ་དུ་སྟོན་པ་དྲུག་གི་འཁོར་ཀུན་དུ་
རྒྱུ་གཅེར་བུ་པ་ཞིག་དང་མཇལ་བ་དང་། བདག་ལ་ཚིག་རྩུབ་མོ་དག་མཆིའོ་ཞེས་རྒྱས་པར་གསོལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་ནས་ཞལ་གྱི་སྒོ་ནས་ཁ་དོག་རྣམ་པ་དུ་མ་དང་ལྡན་པའི་འོད་བྱུང་བས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་བྱེ་བ་བརྒྱ་སྟོང་
འདས་པའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་བླ་མ་མཆོག་ཅེས་བྱ་བ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་དེ་ན་སངས་རྒྱས་དགའ་བའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།

འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས། སངས་རྒྱས་ཀྱི་ཞིང་རབ་ཏུ་བཀོད་པ་ཞེས་བྱ་བ་ན་བཞུགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ཡང་ཤིན་ཏུ་མཉམ་ཞིང་གཞི་བཻ་དཱུརྱ་ལས་བྱས་པ། གསེར་བཙོ་མས་ཐིག་རེའུ་བྲེས་པ། རིན་པོ་
ཆེ་སྣ་བདུན་གྱི་ཤིང་བསྐྱེད་པ། ཤིང་དེ་དག་ཀྱང་མདའ་རྒྱང་ཙམ་དུ་མཐོ་བ། མེ་ཏོག་དང་། འབྲས་བུ་དང་། ཡལ་ག་དང་འདབ་མས་ཤིན་ཏུ་བརྒྱན་པ། རླུང་མི་དྲག་པས་བསྐྱོད་ན་སྒྲ་སྙན་པ་འབྱུང་བ། སྒྲ་དེ་དག་སོ་སོའི་སྐྱེ་བོས་ཐོས་པས་མི་ངོམས་པ། སྐབས་སྐབས་ན་ཆུ་མིག་དང་། མཚེའུ་དང་། ཁྲུས་ཀྱི་རྫིང་བུ་
ཡོད་ལ་ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། རྫིང་གི་ཞབས་ཀྱང་གསེར་གྱི་བྱེ་མས་བདལ་བ། རྫིང་གི་ངོས་བཞི་ན་བསུང་དམ་པ་དང་ལྡན་པའི་མེ་ཏོག་པད་མ་དང་། པུཎྜ་རི་ཀ་དང་། པཱ་རུ་ཥ་ཀ་དང་། དེ་མ་ཡིན་པའི་མེ་ཏོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཤིང་རྟའི་ཕང་ལོ་
ཙམ་གྱིས་ཆུའི་སྟེང་ཡོངས་སུ་ཁེབས་ཏེ། ཆུ་དེའི་ནང་ན་བྱ་རྣམ་པ་སྣ་ཚོགས་ཀྱང་ཤིན་ཏུ་ཡིད་དུ་འོང་བའི་སྒྲ་སྙན་པ་འབྱིན་ཏོ། །རྫིང་དེའི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གྲུ་ཡོད་དེ། དེ་ན་སེམས་ཅན་མང་པོ་འདོད་དགུར་རྩེ་ཞིང་ལོངས་སྤྱོད་དོ། །རིན་པོ་ཆེའི་ཤིང་དེ་དག་གི་བར་བར་ན་སེང་གེའི་ཁྲི་མཐོ་
ཁྱད་ཀྱི་ཚད་དཔག་ཚད་གཅིག་པ་བཤམས་ནས་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཏེ། ལྷ་རྫས་ཀྱི་ན་བཟའ་ཁྲིའི་སྟེང་དུ་རིམ་པར་བཏིང་བ། ལྷ་རྫས་ཀྱི་སྤོས་ཀྱི་དྲི་འཐུལ་བ། ལྷ་རྫས་ཀྱི་མེ་ཏོག་གིས་ཆལ་པར་བཀྲམ་པའི་ཁྲི་དེ་ལ་དེ་བཞིན་གཤེགས་པ་དགའ་བའི་རྒྱལ་པོ་སྐྱིལ་མོ་ཀྲུང་དུ་བཅས་ཤིང་བཞུགས་
པ་ལ་བྱང་ཆུབ་སེམས་དཔའ་ཚད་མེད་པ་བྱེ་བ་བརྒྱ་སྟོང་སྙེད་མདུན་དུ་བདར་ཏེ་ཐལ་མོ་སྦྱར་བ་བཏུད་ནས་དེ་བཞིན་གཤེགས་པ་དེ་ལ་སོ་སོ་ནས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་བཟང་པོ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་
ལྡན་པ། རབ་ཏུ་གསལ་བ། དཔེར་མི་བཟོད་པ་འདི་ནུབ་ཕྱོགས་ལོགས་ནས་འཁོར་མང་པོ་འདི་དག་ལ་སྣང་བར་གྱུར་ཏེ། གང་ལ་འོད་ཀྱིས་རེག་པ་དེ་དག་ཐམས་ཅད་ལུས་དང་སེམས་བདེ་བར་འགྱུར་བ་དེ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ལ་བཅོམ་ལྡན་འདས་དེས་འདི་སྐད་ཅེས་

བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་དགྲོལ་ཞིང་བཤད་པར་བྱའོ། །འདི་ནས་ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཚད་མེད་པ་བྱེ་བ་བརྒྱ་སྟོང་འདས་པའི་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་འཁོར་མང་པོས་ཡོངས་སུ་བསྐོར་ནས། འཁོར་
མང་པོ་ཐམས་ཅད་ལ་ཐབས་མཁས་པ་ཆེན་པོ་དྲིན་ལན་བསབ་པའི་མདོ་སྡེ་སྟོན་ཅིང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ལོག་པར་ལྟ་བའི་ཟུག་རྔུ་རྩ་ནས་གདོན་པའི་ཕྱིར། སེམས་ཐོག་མ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་ཀྱི་ལམ་ལས་
ཕྱིར་མི་ལྡོག་ཅིང་བརྟན་པར་བྱ་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མཐར་ཕྱིན་པའི་ཐེག་པ་གཅིག་གི་ལམ་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་ཅིང་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་དྲིན་ལྕི་བ་དྲན་པར་
བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། སོ་སོའི་སྐྱེ་བོ་མཐའ་དག་ཕ་མ་དག་ལ་སྲི་ཞུ་བྱ་བར་འདོད་པའི་ཕྱིར་འོད་འདི་སྣང་བར་གྱུར་པ་ཡིན་ནོ། །དེའི་ཚེ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་འཁོར་མང་པོའི་གཙོ་བོ་དང་སྟོན་པར་གྱུར་པ་སྟོང་ཕྲག་བཅུ་
སྙེད་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་བདག་ཅག་རྣམས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་མཆི་ཞིང་། དེ་བཞིན་གཤེགས་པ་ཤཱཀྱ་
ཐུབ་པ་ལ་མཆོད་པ་དང་། བསྙེན་བཀུར་བགྱི་བ་དང་། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་དམ་པ་ཉན་ཅིང་མཆི་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་སངས་རྒྱས་དེས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་མི་མཇེད་

ཀྱི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས་སངས་རྒྱས་བཅོམ་ལྡན་འདས་དེ་ལ་མཆོད་ཅིང་བཀུར་སྟི་བྱ་བ་དང་། ཤིན་ཏུ་ཕྲད་པར་དཀའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ནི་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་གི་བར་དུ་ཤིན་ཏུ་སྤྱད་
དཀའ་བ་སྤྱད་དེ། སྙིང་རྗེ་ཆེན་པོས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། གལ་ཏེ་མངོན་པར་སངས་རྒྱས་པ་ན་འཇིག་རྟེན་གྱི་ཁམས་སྡིག་པ་ཅན་རི་དང་། ཤང་ཤོང་དང་། གྱོ་མོ་དང་། གསེག་མ་དང་། ཚེར་མ་ལ་སོགས་པ་ཡོད་པའི་གནས་སུ་སེམས་ཅན་དག་ཀྱང་ཉོན་མོངས་པ་དང་བཅས་པ།
མཚམས་མེད་པ་ལྔ་དང་། མི་དགེ་བ་བཅུ་རྫོགས་པར་སྤྱོད་པའི་གནས་དེར་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཕན་པ་དང་བདེ་བའི་དོན་དུ་སྡུག་བསྔལ་ཐམས་ཅད་ཡོངས་སུ་བཅད་དེ། བདེ་བ་ཐམས་ཅད་དང་ཡོངས་སུ་ལྡན་པར་བྱས་ནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱས་ཤིང་ལྷག་མ་མ་
ལུས་པའི་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་སྨོན་ལམ་དུ་བཏབ་བོ། སངས་རྒྱས་བཅོམ་ལྡན་འདས་དེས་ཐོག་མ་དེ་སྐད་ཅེས་སྨོན་ལམ་བཏབ་པས་ཁྱེད་རྣམས་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས་ཇི་ལྟར་སངས་རྒྱས་ཉིད་གཤེགས་པ་དང་། ཇི་ལྟར་སངས་རྒྱས་ཉིད་བཞུགས་པ་དང་འདྲ་བར་གནས་པར་
བྱའོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཚིག་འཐུན་པར་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བགྱིའོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ་མི་མཇེད་ཀྱི་འཇིག་རྟེན་
གྱི་ཁམས་གང་ན་བ་དེར་སོང་ངོ་། །དེ་དག་འཇིག་རྟེན་གྱི་ཁམས་གང་དང་གང་དུ་ཕྱིན་པར་འཇིག་རྟེན་གྱི་ཁམས་དེ་དག་རྣམ་པ་དྲུག་ཏུ་གཡོས་ཏེ། འོད་ཟེར་ཆེན་པོ་ཡང་ཀུན་དུ་སྣང་བར་གྱུར། སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་ཡང་ཆར་བཞིན་ཕབ་
བོ། །འོད་ཟེར་ཆེན་པོས་སྣང་བར་བྱས་ཤིང་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་གཡོས་སོ། །དེ་མ་ཡིན་པ་གཞན་ཡང་ལྷ་རྫས་ཀྱི་རོལ་མོ་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱང་སྟེང་གི་བར་སྣང་ལ་མ་དཀྲོལ་བར་རང་ཟེར་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་བྱ་རྒོད་

སྤུངས་པའི་རི་ག་ལ་བ་དེར་དེ་བཞིན་གཤེགས་པའི་སྤྱན་སྔར་ལྷགས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་
ཁྲག་ཁྲིག་བརྒྱད་ཅུ་འདས་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་འོད་ཅེས་བྱ་བ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་དེ་ན་སངས་རྒྱས་མཚན་མར་དགོངས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།
བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཤིན་ཏུ་དག་པ་ཞེས་བྱ་བ་ན་བཞུགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ཡང་ཤིན་ཏུ་མཉམ་ཞིང་གཞི་བཻ་དཱུརྱ་ལས་
བྱས་པ། གསེར་བཙོ་མས་ཐིག་རེའུར་བྲེས་པ། རིན་པོ་ཆེ་སྣ་བདུན་གྱི་ཤིང་བསྐྱེད་པ། ཤིང་དེ་དག་ཀྱང་མདའ་རྒྱང་གང་ཙམ་དུ་མཐོ་བ། མེ་ཏོག་དང་། འབྲས་བུ་དང་། ཡལ་ག་དང་། འདབ་མས་བརྒྱན་པ། རླུང་མི་དྲག་པས་བསྐྱོད་ན་སྒྲ་སྙན་པ་འབྱུང་བ། སྒྲ་དེ་དག་སོ་སོའི་
སྐྱེ་བོས་ཐོས་པས་མི་ངོམས་པ། སྐབས་སྐབས་ན་ཆུ་མིག་དང་། མཚེའུ་དང་། ཁྲུས་ཀྱི་རྫིང་བུ་ཡོད་ལ། ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ཞིང་། རྫིང་གི་ཞབས་ཀྱང་གསེར་གྱི་བྱེ་མས་བདལ་བ། རྫིང་གི་ངོས་བཞི་ན་བསུང་དམ་པ་དང་ལྡན་པའི་མེ་ཏོག་པད་མ་དང་། པུཎྜ་
རཱི་ཀ་དང་། པཱ་རུ་ཥ་ཀ་དང་། དེ་མ་ཡིན་པའི་མེ་ཏོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཤིང་རྟའི་ཕང་ལོ་ཙམ་ཆུའི་སྟེང་ཡོངས་སུ་ཁེབས་ཏེ། ཆུ་དེའི་ནང་ན་བྱ་རྣམ་པ་སྣ་ཚོགས་ཀྱང་ཤིན་ཏུ་ཡིད་དུ་འོང་བའི་སྒྲ་སྙན་པ་འབྱིན་ཏོ། །རྫིང་དེའི་ནང་ན་རིན་པོ་ཆེ་སྣ་བདུན་ལས་
བྱས་པའི་གྲུ་ཡོད་དེ། དེ་ན་སེམས་ཅན་མང་པོ་འདོད་དགུར་རྩེ་ཞིང་ལོངས་སྤྱོད་དོ། །རིན་པོ་ཆེའི་ཤིང་དེ་དག་གི་བར་བར་ན་སེང་གེའི་ཁྲི་མཐོ་ཁྱད་དཔག་ཚད་གཅིག་བཤམས་ནས། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཏེ། ལྷ་རྫས་ཀྱི་ན་བཟའ་ཁྲིའི་སྟེང་དུ་རིམ་པར་བཏིང་བ་ལྷ་རྫས་ཀྱི་སྤོས་ཀྱི་དྲི་འཐུལ་བ།

ལྷ་རྫས་ཀྱི་མེ་ཏོག་གི་ཆལ་པར་བཀྲམ་པའི་ཁྲི་དེ་ལ། དེ་བཞིན་གཤེགས་པ་མཚན་མ་དགོངས་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་པ་ལ། བྱང་ཆུབ་སེམས་དཔའ་ཚད་མེད་པ་བྱེ་བ་བརྒྱ་སྟོང་སྙེད་མདུན་དུ་བདར་ཏེ་ཐལ་མོ་སྦྱར་བ་བཏུད་ནས། དེ་བཞིན་གཤེགས་པ་དེ་ལ་སོ་
སོ་ནས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་ཟེར་ཁ་དོག་བཟང་པོ། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོར་ལྡན་པ་རབ་ཏུ་གསལ་བ་དཔེར་མི་བཟོད་པ་འདི། བྱང་ཕྱོགས་ལོགས་ནས་འཁོར་མང་པོ་འདི་དག་
ལ་སྣང་བར་གྱུར་ཏེ། གང་ལ་འོད་ཀྱིས་རེག་པ་དེ་དག་ཐམས་ཅད་ལུས་དང་སེམས་བདེ་བར་གྱུར་པར་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་
ཤིག་དང་ཁྱེད་ལ་དགྲོལ་ཞིང་བཤད་པར་བྱའོ། །འདི་ནས་བྱང་ཕྱོགས་ལོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་འདས་པའི་ཕ་རོལ་ན། སངས་རྒྱས་ཀྱི་ཞིང་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་འཁོར་མང་པོས་ཡོངས་སུ་བསྐོར་ནས། འཁོར་མང་པོ་ཐམས་ཅད་ཐབས་མཁས་པ་ཆེན་པོ་དྲིན་ལན་
བསབ་པའི་མདོ་སྡེ་སྟོན་ཅིང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ལོག་པར་ལྟ་བའི་ཟུག་རྔུ་རྩ་ནས་འདོན་པའི་ཕྱིར། སེམས་ཐོག་མ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་ཅིང་། བརྟན་པར་བྱ་བའི་ཕྱིར།
ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མཐར་ཕྱིན་པའི་ཐེག་པ་གཅིག་གི་ལམ་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་ཅིང་། སངས་རྒྱས་ཀྱི་དྲིན་ལན་བསབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱིས་དྲིན་ལྕི་བ་དྲན་པར་བྱ་བའི་ཕྱིར། སེམས་ཅན་

ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར། ས་སོའི་སྐྱེ་བོ་དག་ཕ་མ་ལ་སྲི་ཞུ་བྱ་བར་འདོད་པའི་ཕྱིར། འོད་འདི་སྣང་བར་གྱུར་པ་ཡིན་ནོ། །དེའི་ཚེ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་འཁོར་མང་པོའི་གཙོ་བོ་དང་སྟོན་པར་གྱུར་པ་སྟོང་ཕྲག་བཅུ་སྙེད་སྟན་ལས་ལངས་ཏེ།
བླ་གོས་ཕྱོགས་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས། བདག་ཅག་རྣམས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་མཆི་ཞིང་། དེ་བཞིན་གཤེགས་པ་ཤཱཀྱ་
ཐུབ་པ་ལ་མཆོད་པ་དང་། བསྙེན་བཀུར་བགྱི་བ་དང་། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་སྡེ་དམ་པ་ཉན་ཅིང་མཆི་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་སངས་རྒྱས་དེས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་
མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས་སངས་རྒྱས་བཅོམ་ལྡན་འདས་དེ་ལ་མཆོད་པ་དང་བཀུར་སྟི་བྱ་བ་དང་། ཤིན་ཏུ་ཕྲད་དཀའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ནི་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་གི་བར་དུ་ཤིན་ཏུ་སྤྱད་དཀའ་བ་སྤྱད་
དེ། སྙིང་རྗེ་ཆེན་པོས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །གལ་ཏེ་མངོན་པར་སངས་རྒྱས་པ་ན། འཇིག་རྟེན་གྱི་ཁམས་སྡིག་པ་ཅན། རི་དང་། ཤང་ཤོང་དང་། གྱོ་མོ་དང་། གསེག་མ་དང་། ཚེར་མ་ལ་སོགས་པ་ཡོད་པའི་གནས་སུ། སེམས་ཅན་དག་ཀྱང་ཉོན་མོངས་པ་
དང་བཅས་པ། མཚམས་མེད་ལྔ་དང་། མི་དགེ་བཅུ་རྫོགས་པར་སྤྱོད་པའི་གནས་དེར་མངོན་པར་སངས་རྒྱས་ཏེ། ཕན་པ་དང་བདེ་བའི་དོན་དུ་སྡུག་བསྔལ་ཐམས་ཅད་ཡོངས་སུ་བཅད་དེ། བདེ་བ་ཐམས་ཅད་དང་ལྡན་པར་བྱས་ནས། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་ཤིང་། ལྷག་མ་
མ་ལུས་པའི་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སངས་རྒྱས་བཅོམ་ལྡན་འདས་དེས་ཐོག་མ་དེ་སྐད་ཅེས་སྨོན་ལམ་བཏབ་པས། ཁྱེད་རྣམས་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས། ཅི་ལྟར་སངས་རྒྱས་ཉིད་གཤེགས་པ་དང་། ཅི་ལྟར་སངས་རྒྱས་ཉིད་བཞུགས་

པ་དང་འདྲ་བར་བྱའོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཚིག་འཐུན་པར་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བགྱིའོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་སོང་ངོ་། །དེ་དག་འཇིག་རྟེན་གྱི་ཁམས་གང་དང་གང་དུ་ཕྱིན་པར་འཇིག་རྟེན་གྱི་ཁམས་དེ་དག་རྣམ་པ་དྲུག་ཏུ་གཡོས་ཏེ། འོད་ཟེར་ཆེན་པོ་ཀུན་དུ་སྣང་བར་གྱུར། སྟེང་གི་བར་སྣང་
ལས་ལྷ་རྣམས་ཀྱིས་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་ཡང་ཆར་བཞིན་དུ་ཕབ་བོ། །འོད་ཟེར་ཆེན་པོས་སྣང་བར་བྱས་ཤིང་། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་གཡོས་སོ། །དེ་མ་ཡིན་པའི་གཞན་ཡང་ལྷ་རྫས་ཀྱི་རོལ་མོ་ཚད་
མེད་པ་བརྒྱ་སྟོང་སྙེད་ཀྱང་སྟེང་གི་བར་སྣང་ལ་མ་དཀྲོལ་བར་རང་ཟེར་བཞིན་དུ། བྱང་ཆུབ་སེམས་དཔའ་དེ་དག་བྱ་རྒོད་སྤུངས་པའི་རི་ག་ལ་བ་དེར་དེ་བཞིན་གཤེགས་པའི་སྤྱན་སྔར་ལྷགས་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་
ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད་ཟེར་གྱིས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་དག་པའི་གནས་ཞེས་བྱ་བ་སྣང་བར་བྱས་
སོ། །འཇིག་རྟེན་གྱི་ཁམས་དེ་ན་སངས་རྒྱས་ཀྱི་མཚན་ཉི་ཟླ་མར་མེའི་འོད་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་
མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ཞེས་བྱ་བ་ན་བཞུགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ཡང་ཤིན་ཏུ་མཉམ་ཞིང་གཞི་བཻ་དཱུརྱ་ལས་བྱས་པ། གསེར་བཙོ་མས་ཐིག་རེའུ་བྲེས་པ། རིན་པོ་ཆེ་སྣ་བདུན་གྱི་ཤིང་བསྐྱེད་པ། ཤིང་དེ་དག་ཀྱང་

མདའ་རྒྱང་གང་ཙམ་དུ་མཐོ་བ། མེ་ཏོག་དང་། འབྲས་བུ་དང་། ཡལ་ག་དང་། འདབ་མས་ཤིན་ཏུ་བརྒྱན་པ། རླུང་མི་དྲག་པས་བསྐྱོད་པས་སྒྲ་སྙན་པ་འབྱུང་བ། སྒྲ་དེ་དག་སོ་སོའི་སྐྱེ་བོས་ཐོས་པས་མི་ངོམས་པ། སྐབས་སྐབས་ན་ཆུ་མིག་དང་། མཚེའུ་དང་། ཁྲུས་
ཀྱི་རྫིང་བུ་ཡོད་ལ་ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ཞིང་། རྫིང་གི་ཞབས་ཀྱང་གསེར་གྱི་བྱེ་མས་བདལ་བ། རྫིང་གི་ངོས་བཞི་ན་བསུང་དམ་པ་དང་ལྡན་པའི་མེ་ཏོག་པད་མ་དང་། པུཎ་ཌ་རཱི་ཀ་དང་། པཱ་རུ་ཥ་ཀ་དང་། དེ་མ་ཡིན་པའི་མེ་ཏོག་སྔོན་པོ་དང་། སེར་པོ་
དང་། དམར་པོ་དང་། དཀར་པོ་ཤིང་རྟའི་ཕང་ལོ་ཙམ་ཆུའི་སྟེང་ཡོངས་སུ་ཁེབས་ཏེ། ཆུ་དེའི་ནང་ན་ཡང་བྱ་རྣམ་པ་སྣ་ཚོགས་ཀྱང་ཤིན་ཏུ་ཡིད་དུ་འོང་བའི་སྒྲ་སྙན་པ་འབྱིན་ཏོ། །རྫིང་དེའི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གྲུ་ཡོད་དེ། དེ་ན་སེམས་ཅན་མང་པོ་འདོད་
དགུར་རྩེ་ཞིང་ལོངས་སྤྱོད་དོ། །རིན་པོ་ཆེའི་ཤིང་དེ་དག་གི་བར་བར་ན་སེང་གེའི་ཁྲི་མཐོ་ཁྱད་ཀྱི་ཚད་དཔག་ཚད་གཅིག་པ་བཤམས་ནས་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། ལྷ་རྫས་ཀྱི་ན་བཟས་ཁྲིའི་སྟེང་དུ་རིམ་པར་བཏིང་བ། ལྷ་རྫས་ཀྱི་སྤོས་ཀྱི་དྲི་འཐུལ་བ། ལྷ་རྫས་ཀྱི་མེ་ཏོག་
གི་ཆལ་པར་བཀྲམ་པའི་ཁྲི་དེ་ལ་དེ་བཞིན་གཤེགས་པ་ཉི་ཟླ་མར་མེའི་འོད་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་པ་ལ་བྱང་ཆུབ་སེམས་དཔའ་ཚད་མེད་པ་བྱེ་བ་བརྒྱ་སྟོང་སྙེད་མདུན་དུ་བདར་ཏེ་ཐལ་མོ་སྦྱར་བ་བཏུད་ནས་དེ་བཞིན་གཤེགས་པ་དེ་ལ་སོ་སོ་ནས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་བཟང་པོ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོར་བཅས་པ་དང་ལྡན་པ། རབ་ཏུ་གསལ་བ། དཔེར་མི་བཟོད་པ་འདི་ཤར་ཕྱོགས་ལོགས་ནས་འཁོར་མང་པོ་འདི་དག་ལ་སྣང་བར་གྱུར་ཏེ། གང་ལ་འོད་ཀྱིས་རེག་པར་
གྱུར་པ་དེ་དག་ཐམས་ཅད་ལུས་དང་། སེམས་བདེ་བར་གྱུར་པ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ལ་བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ལེགས་པར་ཟུང་ཤིག་དང་། ཁྱེད་ལ་དགྲོལ་

བར་བཤད་པར་བྱའོ། །འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པའི་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་འཁོར་མང་པོས་ཡོངས་སུ་བསྐོར་
ནས། འཁོར་མང་པོ་ཐམས་ཅད་ལ་ཐབས་མཁས་པ་ཆེན་པོ་དྲིན་ལན་བསབ་པའི་མདོ་སྡེ་སྟོན་ཅིང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ལོག་པར་ལྟ་བའི་ཟུག་རྔུ་རྩ་ནས་འདོན་པའི་ཕྱིར། སེམས་ཐོག་མ་པའི་བྱང་ཆུབ་སེམས་
དཔའ་དག་བྱང་ཆུབ་ཀྱི་ལམ་ལས་མི་ལྡོག་ཅིང་བརྟན་པར་བྱ་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མཐར་ཕྱིན་པའི་ཐེག་པ་གཅིག་གི་ལམ་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་ཅིང་སངས་རྒྱས་ཀྱི་དྲིན་ལན་བསབ་
པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱིས་དྲིན་ལྕི་བ་དྲན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། སོ་སོའི་སྐྱེ་བོ་དག་ཕ་མ་ལ་སྲི་ཞུ་བྱ་བར་འདོད་པའི་ཕྱིར་འོད་འདི་སྣང་བར་གྱུར་པ་ཡིན་ནོ། །དེའི་ཚེ་འཁོར་དེའི་ནང་ན་བྱང་ཆུབ་སེམས་
དཔའ་འཁོར་མང་པོའི་གཙོ་བོ་དང་སྟོན་པར་གྱུར་པ་སྟོང་ཕྲག་བཅུ་སྙེད་སྟན་ལས་ལངས་ཏེ། བླ་གོས་ཕྱོགས་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་བདག་ཅག་
རྣམས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་མཆི་ཞིང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་མཆོད་པ་དང་། བསྙེན་བཀུར་བགྱི་བ་དང་། ཐབས་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་སྡེ་དམ་པ་ཉན་ཅིང་མཆི་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་སངས་རྒྱས་

དེས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས་སངས་རྒྱས་བཅོམ་ལྡན་འདས་དེ་ལ་མཆོད་ཅིང་བཀུར་སྟི་བྱ་བ་དང་། ཤིན་ཏུ་ཕྲད་དཀའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་
ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ནི་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་གི་བར་དུ་ཤིན་ཏུ་སྤྱད་དཀའ་བ་སྤྱད་དེ་སྙིང་རྗེ་ཆེན་པོས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །གལ་ཏེ་མངོན་པར་སངས་རྒྱས་པ་ན་འཇིག་རྟེན་གྱི་ཁམས་སྡིག་པ་ཅན། རི་དང་། ཤང་ཤོང་དང་། གྱོ་མོ་དང་།
གསེག་མ་དང་། ཚེར་མ་ལ་སོགས་པ་ཡོད་པའི་གནས་སུ་སེམས་ཅན་དག་ཀྱང་ཉོན་མོངས་པ་དང་བཅས་པ་མཚམས་མེད་པ་ལྔ་དང་། མི་དགེ་བ་བཅུ་རྫོགས་པར་སྤྱོད་པའི་གནས་དེར་མངོན་པར་སངས་རྒྱས་ཏེ། ཕན་པ་དང་བདེ་བའི་དོན་དུ་སྡུག་བསྔལ་ཐམས་ཅད་ཡོངས་སུ་
བཅད་དེ། བདེ་བ་ཐམས་ཅད་དང་ལྡན་པར་བྱས་ནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་ཤིང་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སངས་རྒྱས་བཅོམ་ལྡན་འདས་དེས་ཐོག་མ་དེ་སྐད་ཅེས་སྨོན་ལམ་བཏབ་པས་ཁྱེད་རྣམས་འཇིག་རྟེན་གྱི་ཁམས་
དེར་ཕྱིན་ནས། ཇི་ལྟར་སངས་རྒྱས་ཉིད་གཤེགས་པ་དང་། ཇི་ལྟར་སངས་རྒྱས་ཉིད་བཞུགས་པ་དང་འདྲ་བར་གནས་པར་བྱའོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཚིག་འཐུན་པར། བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བགྱིའོ་ཞེས་གསོལ་ནས།
བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་སོང་སྟེ། དེ་དག་འཇིག་རྟེན་གྱི་ཁམས་གང་དང་གང་དུ་ཕྱིན་པར་འཇིག་རྟེན་གྱི་ཁམས་དེ་དག་རྣམ་པ་དྲུག་ཏུ་
གཡོས་ཏེ། འོད་ཟེར་ཆེན་པོ་ཡང་ཀུན་དུ་སྣང་བར་གྱུར། སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས་མེ་ཏོག་མན་ད་ར་བ་དང་། མན་དཱ་ར་བ་ཆེན་པོ་ཡང་ཆར་བཞིན་ཕབ་བོ། །འོད་ཟེར་ཆེན་པོས་སྣང་བར་བྱས་ཤིང་། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་

མ་སྙེད་དག་ཀྱང་གཡོས་སོ། །དེ་མ་ཡིན་པ་གཞན་ཡང་ལྷ་རྫས་ཀྱི་རོལ་མོ་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱང་སྟེང་གི་བར་སྣང་ལ་མ་དཀྲོལ་བར་རང་ཟེར་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བྱ་རྒོད་སྤུངས་པའི་རི་ག་ལ་བ་དེར་དེ་བཞིན་གཤེགས་པའི་
སྤྱན་སྔར་ལྷགས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད་ཟེར་གྱིས་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་
ཁྲག་ཁྲིག་ལྔ་བརྒྱ་འདས་པའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་དབང་ཕྱུག་གྲགས་པའི་རྒྱལ་པོ་ཞེས་བྱ་བ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་དེ་ན་སངས་རྒྱས་པད་མོ་ལེ་བརྒན་གྱི་འོད་ཅེས་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་
པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དྲི་མ་དང་བྲལ་བ་ཞེས་བྱ་བ་ན་བཞུགས་ཏེ། སངས་རྒྱས་ཀྱི་ཞིང་
དེ་ཡང་ཤིན་ཏུ་མཉམ་ཞིང་གཞི་བཻ་དཱུརྱ་ལས་བྱས་པ། གསེར་བཙོ་མས་ཐིག་རེའུ་བྲེས་པ། རིན་པོ་ཆེ་སྣ་བདུན་གྱི་ཤིང་བསྐྱེད་པ། ཤིང་དེ་དག་ཀྱང་མདའ་རྒྱང་གང་ཙམ་དུ་མཐོ་བ། མེ་ཏོག་དང་། འབྲས་བུ་དང་། ཡལ་ག་དང་། འདབ་མས་ཤིན་ཏུ་བརྒྱན་པ། རླུང་
མི་དྲག་པས་བསྐྱོད་པས་སྒྲ་སྙན་པ་འབྱུང་བ། སྒྲ་དེ་ཡང་སོ་སོའི་སྐྱེ་བོས་ཐོས་ན་མི་ངོམས་པ། སྐབས་སྐབས་ན་ཆུ་མིག་དང་། མཚེའུ་དང་། ཁྲུས་ཀྱི་རྫིང་བུ་ཡོད་ལ། ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ཞིང་རྫིང་གི་ཞབས་ཀྱང་གསེར་གྱི་བྱེ་མས་བདལ་བ་
རྫིང་གི་ངོས་བཞི་ན་བསུང་དམ་པ་དང་ལྡན་པའི་མེ་ཏོག་པད་མ་དང་། པུཎྜ་རཱི་ཀ་དང་། པཱ་རུ་ཥ་ཀ་དང་། དེ་མ་ཡིན་པའི་མེ་ཏོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཤིང་རྟའི་ཕང་ལོ་ཙམ་དུ་ཆུའི་སྟེང་ཡོངས་སུ་ཁེབས་ཏེ། ཆུ་དེའི་ནང་ན་བྱ་རྣམ་པ་སྣ་

ཚོགས་ཀྱང་ཤིན་ཏུ་ཡིད་དུ་འོང་བའི་སྒྲ་སྙན་པ་འབྱིན་ཏོ། །རྫིང་དེའི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གྲུ་ཡོད་དེ། དེ་ན་སེམས་ཅན་མང་པོ་འདོད་དགུར་རྩེ་ཞིང་ལོངས་སྤྱོད་དོ། །རིན་པོ་ཆེའི་ཤིང་དེ་དག་གི་བར་བར་ན་སེང་གེའི་ཁྲི་མཐོ་ཁྱད་དཔག་ཚད་གཅིག་པ་
བཤམས་ནས་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཏེ། ལྷ་རྫས་ཀྱི་ན་བཟས་ཁྲིའི་སྟེང་དུ་རིམ་པར་བཏིང་བ། ལྷ་རྫས་ཀྱི་སྤོས་ཀྱི་དྲི་འཐུལ་བ། ལྷ་རྫས་ཀྱི་མེ་ཏོག་གི་ཆལ་པར་བཀྲམ་པའི་ཁྲིའི་ཐོག་ན། དེ་བཞིན་གཤེགས་པ་པད་མོའི་ལེ་བརྒན་གྱི་འོད་ཆགས་པ།
སྐྱིལ་མོ་ཀྲུང་དུ་བཅས་ཤིང་བཞུགས་པ་ལ་བྱང་ཆུབ་སེམས་དཔའ་ཚད་མེད་པ་བྱེ་བ་བརྒྱ་སྟོང་སྙེད་མདུན་དུ་བདར་ཏེ་ཐལ་མོ་སྦྱར་བ་བཏུད་ནས། དེ་བཞིན་གཤེགས་པ་དེ་ལ་སོ་སོ་ནས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་བཟང་
པོ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོར་བཅས་པ་དང་ལྡན་པ། རབ་ཏུ་གསལ་བ། དཔེར་མི་བཟོད་པ་འདི་ལྷོ་ཕྱོགས་ལོགས་ནས་འཁོར་མང་པོ་འདི་དག་ལ་སྣང་བར་གྱུར་ཏེ། གང་ལ་འོད་ཀྱིས་རེག་པ་དེ་དག་ཐམས་ཅད་ལུས་དང་སེམས་བདེ་བར་
འགྱུར་བ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། ཁྱེད་ལ་དགྲོལ་ཞིང་བཤད་པར་བྱའོ། །འདི་ནས་ལྷོ་
ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པའི་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་
ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། སྟོན་པ་རྒྱལ་བ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་འཁོར་མང་པོས་ཡོངས་སུ་བསྐོར་ནས། འཁོར་མང་པོ་ཐམས་ཅད་ལ་ཐབས་མཁས་པ་

ཆེན་པོ་དྲིན་ལན་བསབ་པའི་མདོ་སྡེ་སྟོན་ཅིང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཟུག་རྔུ་རྩ་ནས་གདོན་པའི་ཕྱིར། སེམས་ཐོག་མ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་ལས་ཕྱིར་མི་ལྡོག་
ཅིང་བརྟན་པར་བྱ་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མཐར་ཕྱིན་པའི་ཐེག་པ་གཅིག་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་ཅིང་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱིས་དྲིན་ལྕི་
བ་དྲན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། སོ་སོའི་སྐྱེ་བོ་དག་ཕ་མ་ལ་སྲི་ཞུ་བྱ་བར་འདོད་པའི་ཕྱིར་འོད་འདི་སྣང་བར་གྱུར་པ་ཡིན་ནོ། །དེའི་ཚེ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་འཁོར་མང་པོའི་ནང་ན། གཙོ་བོ་དང་
སྟོན་པར་གྱུར་པ། སྟོང་ཕྲག་བཅུ་སྙེད་སྟན་ལས་ལངས་པར་གྱུར་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་བདག་ཅག་རྣམས་མི་
མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་མཆི་ཞིང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་མཆོད་པ་དང་། བསྙེན་བཀུར་བགྱི་བ་དང་། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་སྡེ་དམ་པ་ཉན་ཅིང་མཆི་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་སངས་རྒྱས་དེས་བྱང་ཆུབ་
སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས་སངས་རྒྱས་བཅོམ་ལྡན་འདས་དེ་ལ་མཆོད་ཅིང་བཀུར་སྟི་བྱ་བ་དང་། ཤིན་ཏུ་ཕྲད་དཀའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་
ཤཱཀྱ་ཐུབ་པ་ནི་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་གི་བར་དུ་ཤིན་ཏུ་སྤྱད་དཀའ་བ་སྤྱད་པས། སྙིང་རྗེ་ཆེན་པོས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །གལ་ཏེ་མངོན་པར་སངས་རྒྱས་པ་ན། འཇིག་རྟེན་གྱི་ཁམས་སྡིག་པ་ཅན། རི་དང་། ཤང་ཤོང་དང་། གྱོ་མོ་དང་། གསེག་མ་དང་། ཚེར་

མ་ལ་སོགས་པ་ཡོད་པའི་གནས་སུ་སེམས་ཅན་དག་ཀྱང་ཉོན་མོངས་པ་དང་བཅས་པ། མཚམས་མེད་པ་ལྔ་དང་། མི་དགེ་བ་བཅུ་རྫོགས་པར་སྤྱོད་པའི་གནས་དེར་མངོན་པར་སངས་རྒྱས་ཏེ། ཕན་པ་དང་བདེ་བའི་དོན་དུ་སྡུག་བསྔལ་ཐམས་ཅད་ཡོངས་སུ་བཅད་དེ། བདེ་བ་
ཐམས་ཅད་དང་ལྡན་པར་བྱས་ནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་ཤིང་། ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སངས་རྒྱས་བཅོམ་ལྡན་འདས་དེས་ཐོག་མ་དེ་སྐད་ཅེས་སྨོན་ལམ་བཏབ་པས། ཁྱེད་རྣམས་འཇིག་རྟེན་གྱི་ཁམས་དེར་
ཕྱིན་ནས། ཇི་ལྟར་སངས་རྒྱས་ཉིད་གཤེགས་པ་དང་། ཇི་ལྟར་སངས་རྒྱས་ཉིད་བཞུགས་པ་དང་འདྲ་བར་སེམས་པར་བྱའོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཚིག་འཐུན་པར་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བགྱིའོ་ཞེས་གསོལ་ནས། བྱང་
ཆུབ་སེམས་དཔའ་དེ་དག་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་དོང་སྟེ། དེ་དག་འཇིག་རྟེན་གྱི་ཁམས་གང་དང་གང་དུ་ཕྱིན་པར་འཇིག་རྟེན་གྱི་ཁམས་དེ་དག་རྣམ་པ་དྲུག་ཏུ་གཡོས་
ཏེ། འོད་ཟེར་ཆེན་པོ་ཡང་ཀུན་དུ་སྣང་བར་གྱུར། སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་ཡང་ཆར་བཞིན་ཕབ་བོ། །འོད་ཟེར་ཆེན་པོས་སྣང་བར་བྱས་ཤིང་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་གཡོས་
སོ། །དེ་མ་ཡིན་པ་གཞན་ཡང་ལྷ་རྫས་ཀྱི་རོལ་མོ་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱང་སྟེང་གི་བར་སྣང་ལ་མ་དཀྲོལ་བར་རང་ཟེར་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་བྱ་རྒོད་སྤུངས་པའི་རི་ག་ལ་བ་དེར་དེ་བཞིན་གཤེགས་པའི་སྤྱན་སྔར་ལྷགས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སངས་
རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་བཞིན་དུ་ཕྱོགས་མཚམས་བཞི་དང་། སྟེང་དང་། འོག་གི་ཕྱོགས་དང་། ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས་སོ་སོ་ནས་འཁོར་བརྒྱ་སྟོང་གྲངས་མེད་པ་དང་བཅས་ཏེ། བཅོམ་ལྡན་

འདས་གང་ན་བ་དེར་ལྷགས་ནས། མཆོད་པ་དང་བཀུར་སྟི་བྱས། བསྟོད་པ་བྱས་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་བརྒྱ་སྟོང་སྙེད་ཀྱིས་བཅོམ་ལྡན་འདས་ལ་ཡོངས་སུ་བསྟོད་དོ། །དེ་ལྟར་སངས་རྒྱས་ལ་བསྟོད་ནས་ཀྱང་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་མི་
མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱང་ཡོངས་སུ་དག་པར་གྱུར་ཏེ། རི་ཁྲད་ཁྲོད་དང་། རི་ཆེན་པོ་དང་། ཆུང་ངུ་དང་། གཙང་པོ་དང་། ཆུ་ཀླུང་དང་། མཚེའུ་དང་། རྫིང་དང་། ལྟེང་ཀ་དང་། ཤང་ཤོང་དང་། ངམ་གྲོག་དག་མེད་ཅིང་། དེ་ན་གནས་པའི་སེམས་ཅན་རྣམས་ཀྱང་འོད་ཀྱིས་སྣང་བར་
བྱས་པས་སངས་རྒྱས་གང་ན་བ་དེར་ལྷགས་ཏེ། དགའ་ཞིང་མགུ་བའི་སེམས་ཀྱིས་ཐལ་མོ་སྦྱར་བ་བཏུད་ནས་མགོ་བོས་ཕྱག་འཚལ་ཏེ་མིག་མི་འཛུམས་པར་ཆགས་པའི་ཡིད་ཀྱིས་ལྟ་ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་ཕྱིར་འདུས་པར་མཛད་དེ། འོད་ཟེར་དེ་དག་གིས་
སྐུ་ལ་ལན་བདུན་བསྐོར་ནས་དབུའི་སྤྱི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ལྟར་གྱུར་པ་ཀུན་དགའ་བོས་མཐོང་ནས་འཁོར་མང་པོ་ཐམས་ཅད་ཀྱང་ཐེ་ཙོམ་སྐྱེས་པར་སེམས་ཀྱིས་རབ་ཏུ་ཤེས་པས། དེ་བཞིན་གཤེགས་པའི་མཛད་པ་ཐབས་མཁས་པ་མངོན་པར་བསྟན་པ་དང་། ཕྱིས་མ་འོངས་པའི་
སྐྱེ་བོ་དག་གི་ཤེས་རབ་ཀྱི་མིག་སྐྱེ་བ་དང་། སོ་སོའི་སྐྱེ་བོ་ཐམས་ཅད་སྲེད་པའི་ཆུ་ཀླུང་ལས་རྒལ་ཞིང་ཕ་རོལ་ཏུ་ཕྱིན་པས་བདེ་བ་ལ་དགོད་པ་དང་། སོ་སོའི་སྐྱེ་བོ་དག་ལ་ཕ་མ་དང་། སློབ་དཔོན་དང་། བླ་མའི་དྲིན་ལྕི་བ་དྲན་ཞིང་ཤེས་པར་བྱ་བའི་ཕྱིར་སྟན་ལས་ལངས་ནས། གོས་ཚགས་སུ་བཅོས་ནས་
བླ་གོས་ཕྱོགས་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཀུན་དགའ་བོས་སངས་རྒྱས་ཀྱི་ཞབས་འབྲིང་ན་མཆིས་ནས་འཛུམ་པ་མཛད་པ་མཐོང་སྟེ་འདི་ལ་ངེས་པར་
དགོངས་པ་ནི་མངའ་ན་འཁོར་མང་པོའི་ཐེ་ཙོམ་གྱི་དྲ་བ་བཅད་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། སངས་རྒྱས་ཀྱིས་བཤད་དུ་གསོལ། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་གླེང་གཞིའི་ལེའུ་ཞེས་བྱ་སྟེ་དང་པོའོ།། །།དེའི་ཚེ་དེའི་དུས་ན་འཁོར་མང་པོ་

འདུས་པ་དེར་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་པད་མའི་སྡོང་པོ་དངུལ་ལས་བྱས། འདབ་མ་ནི་གསེར་ལས་བྱས། གཞི་ནི་རིན་པོ་ཆེ་ཤེལ་ལས་བྱས། མུ་ཏིག་གི་དྲ་བས་ཀུན་དུ་བརྒྱན་པ་གཅིག་ས་དེ་ཉིད་ནས་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་ལས་བཞེངས་ནས་
པད་མོ་དེ་ལ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། །དེ་ལ་བཞུགས་མ་ཐག་ཏུ་ཡོངས་སུ་དག་པའི་སྐུ་མངོན་པར་བསྟན་ཏོ། །སྐུ་དེ་ལས་ལམ་རྒྱུད་ལྔའི་ལུས་ཀྱི་ཚོགས་བསྟན། ལུས་ཀྱི་ཚོགས་རེ་རེ་ལ་ཡང་གཟུགས་ཐ་དད་པ་རྣམ་པ་ཁྲི་བརྒྱ་སྟོང་སྙེད་བསྟན་ཏོ། །གཟུགས་རྣམ་པ་དེ་རེ་རེ་ལ་ཡང་སྐུའི་
ཚོགས་བརྒྱ་སྟོང་སྙེད་བསྟན། སྐུའི་ཚོགས་དེ་དག་རེ་རེ་ལ་ཡང་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་སྐུའི་ཚོགས་སྙེད་བསྟན་ཏོ། །གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་སྐུའི་ཚོགས་དེ་དག་རེ་རེ་ལ་ཡང་གླིང་བཞིའི་རྡུལ་ཕྲ་རབ་སྙེད་ཀྱི་སྐུའི་ཚོགས་བསྟན་ཏོ། །རྡུལ་ཕྲ་རབ་སྙེད་ཀྱི་སྐུའི་ཚོགས་དེ་དག་རེ་རེ་ལ་
ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་སྐུའི་ཚོགས་བསྟན་ཏོ། །རྡུལ་ཕྲ་རབ་སྙེད་ཀྱི་སྐུའི་ཚོགས་དེ་དག་རེ་རེ་ལ་ཡང་ཕྱོགས་བཅུར་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་རྡུལ་ཕྲ་རབ་སྙེད་ཀྱི་སྐུའི་ཚོགས་བསྟན་ནས། ནམ་མཁའི་
དབྱིངས་ཀྱིས་ཀླས་པ། ཆོས་ཀྱི་དབྱིངས་དང་མཉམ་པ་བསམ་གྱིས་མི་ཁྱབ་པ་སྙེད་ཀྱི་སེམས་ཅན་གྱི་ལུས་ཀྱི་ཚོགས་མངོན་པར་བསྟན་ཏོ། །དེའི་ཚེ་དེ་བཞིན་གཤེགས་པས་དེ་སྙེད་ཀྱི་ལུས་ཀྱི་ཚོགས་མངོན་པར་བསྟན་ནས་ཀུན་དགའ་བོ་དང་ཕྱོགས་བཅུ་ནས་འདུས་ཤིང་ཚོགས་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེང་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡང་དག་པའི་ཚིག་གང་ཡིན་པ་དེ་བཀའ་སྩལ་བར་བྱའོ། །ཆོས་ལ་ཚིག་ཏུ་བརྗོད་པ་མེད་མོད་ཀྱི་
དེ་བཞིན་གཤེགས་པས་ཐབས་མཁས་པའི་དབང་གིས་མཚན་མ་དང་། མིང་མེད་པའི་ཆོས་ལ་མིང་དང་མཚན་མར་བསྟན་པར་བྱའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་ཐོག་མར་སྐྱེས་ཤིང་འཁོར་བར་འཁོར་བའི་ཚེ་བསམ་གྱིས་མི་ཁྱབ་པའི་རྡུལ་ཕྲ་རབ་སྙེད་ཀྱི་ལུས་ཀྱི་ཚོགས་རྣམ་པ་ཐ་དད་པ་དེ་དག་

ཐམས་ཅད་རྫོགས་པར་མྱོང་སྟེ། དེ་ལྟར་ལུས་ཀྱི་ཚོགས་དེ་དག་ཀུན་མྱོང་བས་ན། སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཕ་མར་མ་གྱུར་པ་མེད། དེ་བཞིན་གཤེགས་པས་ཀྱང་སེམས་ཅན་གྱི་ཕ་མར་མ་གྱུར་པ་མེད་དེ། ཕ་མར་གྱུར་
པ་ཐམས་ཅད་ཀྱི་ཕྱིར་རྒྱུན་དུ་ཤིན་ཏུ་སྤྱད་དཀའ་བ་ཡང་སྤྱད། ཤིན་ཏུ་གཏང་དཀའ་བ་ཡན་ལག་གི་དམ་པ་མགོ་དང་། མིག་དང་། ཀླད་རྒྱས་དང་། ཡུལ་དང་། གྲོང་ཁྱེར་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བན་གླང་དང་། རྟ་དང་། རིན་པོ་ཆེ་སྣ་བདུན་གྱི་
ཤིང་རྟ་དང་། ཐེག་པ་དང་། གོས་དང་། ཟས་དང་། སྐོམ་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། དགོས་པའི་ཡོ་བྱད་ཐམས་ཅད་གང་ཡང་མ་བཏང་བ་མེད་དོ། །ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་ཚུལ་ཁྲིམས་བསྲུངས་པ་དང་། སྦྱིན་པ་བྱས་པ་དང་། མང་
དུ་ཐས་པ་དང་། བསམ་གཏན་བསྒོམས་པ་དང་། ཤེས་རབ་སྤྱད་པ་ནས་སྤྱོད་དཀའ་བ་ཐམས་ཅད་སྤྱད་དེ། སྐྱོ་བ་དང་། ངལ་བ་མེད་ཅིང་རྒྱུན་མི་འཆད་པར་བརྩོན་འགྲུས་སུ་འབད་པ་ཡང་ཕ་མ་ལ་སྲི་ཞུ་བྱ་བ་དང་། དྲིན་ཤེས་པ་དང་། དྲིན་ལན་བསབ་པ་དང་། སེམས་
ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་། དེ་ལྟར་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བཀའ་དྲིན་ཆེན་པོ་ཡོད་པར་ཤེས་པར་བྱ་བ་དང་། དེ་
བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མི་གཏོང་བ་དང་། རྟག་པར་ཤིན་ཏུ་ཐབས་མཁས་པས་ཁམས་གསུམ་པའི་སྲིད་པ་ཉི་ཤུ་རྩ་ལྔར་གནས་པའི་སེམས་ཅན་ཐམས་ཅད་ལ་བསྐལ་པ་བསམ་གྱིས་མི་ཁྱབ་པའི་བར་དུ་མཉམ་སྙོམས་པའི་བྱམས་
པ་བསྒོམས་ཤིང་། བཏང་སྙོམས་དང་ལྡན་པའི་ཐབས་མཁས་པས་སྤྱོད་དེ། སེམས་ཅན་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་དང་། ཆོས་སྟོང་པ་ཉིད་དང་། ཕུང་པོ་ལྔ་སྟོང་པ་ཉིད་དུ་རྟོགས་ཤིང་ཕྱིར་མི་ནུར་བ་དང་། མི་འབྱིང་བ་དང་། མི་རྒོད་པ་སྟོང་པ་ཉིད་དུ་

ཡང་དག་པའི་མཚན་ཉིད་ལ་ཐབས་མཁས་པས་བསྒོམ་པར་བྱ་བ་དང་། ཐེག་པ་གསུམ་མི་སྤོང་ཞིང་ཆུབ་པར་སློབ་པའི་ཐབས་ལ་མཁས་པས་ཤིན་ཏུ་ཟབ་མོའི་སྤྱོད་ཡུལ་དམ་པ་སྤྱད་པ་ལ་ཐབས་མཁས་པར་བྱ་བའི་ཕྱིར། ཆོས་ཀྱི་མཚན་ཉིད་ལ་ཤིན་ཏུ་གསལ་བར་རྟོགས་ཏེ།
སངས་རྒྱས་ཀྱི་ཆོས་རྣམས་ཐོག་མ་དང་ཐ་མའི་བར་དུ་གཅིག་མ་ཡིན་པར་རྟོགས་ཤིང་ཆུད་ཀྱང་སོ་སོའི་སྐྱེ་བོ་དག་ནི་མྱོས་ཤིང་བསླད་པས་གདུང་བ་གསུམ་གྱིས་ཡོངས་སུ་གདུངས་ཏེ། སྡུག་བསྔལ་གྱི་མཚོར་ནུབ་པར་གྱུར་ཏོ། །ཕྱིན་ཅི་ལོག་བཞིས་བསྒྲིབས་པས་ཟག་པ་དང་བཅས་
པའི་ཆོས་ལ་ཕྱིན་ཅི་ལོག་ཏུ་གྱུར་ཏོ། །མི་བདེན་པ་ཀུན་ཏུ་རྟོགས་པས་བདག་མེད་པ་ལ་བདག་ཏུ་ལྟ། མི་རྟག་པ་ལ་རྟག་པར་ལྟ། མི་བདེ་བ་ལ་བདེ་བར་ལྟ། མི་གཙང་བ་ལ་གཙང་བར་ལྟ་ཞིང་སྐྱེ་བ་ད