Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ

Văn bản gốc(Tây Tạng)

Trang 4 / 18 (50.000 ký tự/trang)
།ཁྱེད་ཀྱིས་ཡང་ནི་སློང་
བ་ལ། །ནམ་དུ་ཡང་ནི་མ་སྩལ་ཅིག །དེ་ནས་བྱང་ཆུབ་སེམས་དཔས་དྲང་སྲོང་དེ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་སྙིང་རྗེས་ཅི་ཡང་མི་སྨྲ་བར་ཁས་བླངས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ལས་སྣ་ཚོགས་པ་ལ་སྨྲས་པ། ལས་སྣ་
ཚོགས་པ་ལྷའི་སེང་གེའི་ཁྲི་མྱུར་དུ་ཤོམས་ཤིག །ང་ཉིད་ཀྱིས་རྒྱལ་པོ་དཔལ་གྱི་སྡེ་དབང་བསྐུར་བར་བྱའོ། །ཀཽ་ཤི་ཀ་ལེགས་ཀྱིས་དེ་ལྟར་བགྱིའོ། །ལྷའི་བུ་ལས་སྣ་ཚོགས་པས་ལྷའི་དབང་པོ་བརྒྱ་བྱིན་ལས་མཉན་ནས་སྐད་ཅིག་མ་དེ་ཉིད་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཉེ་བར་
མཛེས་པ། ཀུན་ནས་མུ་ཏིག་དང་། མུ་ཏིག་གི་ཚོགས་ཀྱི་དོ་ཤལ་འཕྱང་བའི་ལྷའི་སེང་གེའི་ཁྲི་མངོན་པར་སྤྲུལ་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་ཉིད་ཀྱི་ལག་པ་གཉིས་ཀྱིས་བཟུང་ནས་ལྷའི་སེང་གེའི་ཁྲི་ལ་བཞག་སྟེ། ལྷ་བརྒྱ་སྟོང་དུ་མ་རྣམས་དང་ལྷན་ཅིག་ཏུ་ལྷའི་རོལ་མོ་
རྣམས་ཀུན་དུ་རྡུང་བཞིན་དུ་བསྙེན་བཀུར་ཆེན་པོ་བྱས་ནས་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་ཏོ། །བར་སྐབས་དེར་བྱང་ཆུབ་སེམས་དཔའི་མཐུས་ས་རྣམ་པ་དྲུག་ཏུ་གཡོས་པ་དང་ལྷ་རྣམས་དགའ་བ་དང་། མགུ་བས་ཡང་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཆར་དང་། རིན་པོ་
ཆེའི་ཆར་ཡང་ཕབ་སྟེ། འཛམ་བུའི་གླིང་ཐམས་ཅད་དུ་མེ་ཏོག་དང་རིན་པོ་ཆེའི་ཆར་པུས་མོ་ནུབ་ཙམ་གྱིས་གཡོགས་པར་གྱུར་ཏོ། །ལྷ་དང་མི་རྣམས་ཀྱིས་འབྱོར་པ་བསམ་གྱིས་མི་ཁྱབ་པར་གྱུར་པ་དེ་རྣམས་མཐོང་བ་དང་། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བ་སྐྱེས་ཏེ་ཆེད་དུ་རྗོད་

པ་ཆེད་དུ་བརྗོད་དེ། ཨེ་མའོ་རྒྱལ་པོ་དཔལ་གྱི་སྡེའི་བསོད་ནམས་ཀྱི་སྟོབས། ཨེ་མའོ་ངོ་མཚར་ཆེའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་བརྒྱ་སྟོང་དུ་མ་དང་ཐབས་ཅིག་ཏུ་བྱང་ཆུབ་སེམས་དཔའ་ཡང་དག་པར་དགའ་བར་བྱས་ནས་རང་གི་གནས་སུ་སོང་ངོ་། །རི་ལ་གནས་
པའི་དྲང་སྲོང་དེ་ཡང་འཁོར་ལྔ་བརྒྱ་དང་བྱང་ཆུབ་སེམས་དཔའ་ལ་མངོན་པར་བསྟོད་དེ་བསྟི་གནས་ཉིད་དུ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔས་སྐྱེ་བོའི་ཚོགས་ཆེན་པོས་མངོན་པར་བཏུད་ཅིང་ཡུན་རིང་དུ་ཆོས་ཀྱི་རྒྱལ་པོ་བྱེད་པར་གྱུར་ཏོ། །འཛམ་བུའི་གླིང་གི་དམན་པ་དང་།
ལོང་བ་དང་བཀྲེན་པ་དང་སྡུག་ཕོངས་པ་ཐམས་ཅད་ནོར་གྱིས་ཚིམ་པར་བྱས་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཞག་སྟེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ཀུན་དགའ་བར་བྱས་ནས་དུས་གཞན་ཞིག་གི་ཚེ་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་དང་དེ་ལྷན་ཅིག་ཏུ་དུས་བྱས་ཏེ་དགའ་ལྡན་
གྱི་ལྷའི་རིས་སུ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཐ་ཚོམ་མམ་ཡིད་གཉིས་སུ་གྱུར་ན་ཁྱེད་རྣམས་ཀྱིས་དེ་ལྟར་མི་བལྟའོ། །གཞན་དུ་ན་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་
གྱི་སྡེ་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་རང་གི་ལུས་ཡོངས་སུ་བཏང་ངོ་། །དགེ་སློང་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྡེའི་བཙུན་མོ་རྒྱལ་བའི་འོད་དུ་གྱུར་པ་གང་ཡིན་པ་དེ་ནི་གྲགས་འཛིན་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་བཙུན་མོ་རྒྱལ་བའི་འོད་ཅེས་བྱ་བར་གྱུར་ཏོ། །དགེ་སློང་
དག་བློན་པོའི་མཆོག་བློ་གྲོས་ཆེན་པོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་བློན་པོ་བློ་གྲོས་ཆེན་པོར་གྱུར་ཏོ། །དགེ་སློང་དག་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པ་གང་ཡིན་པ་དེ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་
དུས་ན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཏོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་གྱི་ལྷ་གང་ཡིན་པ་དེ་རྣམས་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷན་ཅིག་ཏུ་བདེན་པ་མཐོང་བ་ལྷ་བརྒྱད་ཁྲི་པོ་འདི་ཉིད་ཡིན་ནོ། །དགེ་སློང་དག་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་གང་ཡིན་པ་དེ་ནི་རྒྱལ་པོ་གཟུགས་

ཅན་སྙིང་པོ་གང་དག་དང་ཐབས་ཅིག་ཏུ་ངའི་ཐད་དུ་འོངས་པའི་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་འདི་དག་ཉིད་ཡིན་ནོ། །དགེ་སློང་དག་རི་ལ་གནས་པའི་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མཽད་གལ་གྱི་བུ་ཆེན་པོ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་
གྱུར་ཏོ། །གང་གིས་ངའི་དྲུང་དུ་བཙུན་མོ་རྒྱལ་བའི་འོད་སློང་བའི་དྲང་སྲོང་བྲམ་ཟེའི་ཁྱེའུ་གང་ཡིན་པ་དེ་ནི་ཤཱཀྱའི་བུ་མོས་འཚོ་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུར་གྱུར་ཏོ། །དགེ་སློང་དག་ཤིང་མཁན་གཉིས་པོར་གྱུར་པ་གང་ཡིན་པ་དེ་ནི་ལྷས་བྱིན་དང་། ཀོ་ཀ་ལི་ཀ་
འདི་དག་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཤིང་མཁན་གཉིས་སུ་གྱུར་ཏོ། །སྨོན་ལམ་དེའི་དབང་གིས་འདིར་དེ་བཞིན་གཤེགས་པའི་ཆོ་འཕྲུལ་རྣམ་པ་འདི་ལྟ་བུ་བྱུང་བར་གྱུར་ཏོ། །དགེ་སློང་དག་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། གང་སྦྱིན་པ་རྣམས་བཏང་བ་དང་བསོད་ནམས་དག་བྱའོ་ཞེས་དེ་
ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྒྱལ་པོ་དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་
དྷརྨཱ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་ཤེས་རབ་ལེགས་པས་བསྒྱུར། སྒྲ་བསྒྱུར་གྱི་ལོཙྪ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཀ་ན་ཀ་བརྞ་པཱུརྦ་ཡོ་ག་ནཱ་
མ། བོད་སྐད་དུ། གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་
སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །བཅོམ་ལྡན་འདས་ལ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། མུ་སྟེགས་ཅན་སྣ་ཚོགས་དང་། དགེ་སྦྱོང་དང་། བྲམ་

ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས་ཤིང་མཆོད་དོ། །བཅོམ་ལྡན་འདས་
ཀྱིས་ཆོས་གོས་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ལྷ་དང་མི་རྣམས་ཀྱི་ཡོ་བྱད་དམ་པ་རབ་ཏུ་མང་པོ་ཡང་བརྙེས་ཏེ། དེ་དག་ལ་བཅོམ་ལྡན་འདས་རྗེས་སུ་ཆགས་པ་ཡང་མི་མངའ་སྟེ། པད་མ་ལ་ཆུ་མི་ཆགས་པ་དེ་བཞིན་ནོ། །བཅོམ་ལྡན་
འདས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། རྒྱ་ཆེ་ཞིང་དགེ་ལ་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པས་མངོན་པར་འཕགས་པ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་
གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ། ལྷ་དང་བཅས་པའི་འཇིག་རྟེན་དང་བདུད་དང་བཅས་པ་དང་ཚངས་པ་དང་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་ལྷ་དང་
མིར་བཅས་པ་འདི་རྣམས་རང་གི་མངོན་པར་མཁྱེན་པས་མངོན་སུམ་དུ་མཁྱེན་པར་མཛད་ནས་དམ་པའི་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དགེ་བ། རྣམ་
པར་བྱང་བ། ཚངས་པར་སྤྱོད་པ། ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་དང་སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར། སེམས་ཅན་རྣམས་ཀྱིས་ཀྱང་
སྦྱིན་པའི་འབྲས་བུ་དང་སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ་ཤེས་པར་གྱིས་ཤིག །གང་འདི་ཁམ་ཕྱི་མའི་ཁམ་ཕྱི་མ་གཅིག་པོ་དེ་ཡང་། གཞན་དག་ལ་མ་བྱིན་མ་བགོས་པར་བདག་གིས་མི་བཟའ་བར་གྱིས་ཤིག །སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་

ཏེ་མ་འདུག་ཅིག །དགེ་སློང་དག་གང་གི་ཕྱིར་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་དང་། སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར། སེམས་ཅན་རྣམས་ནི་སྦྱིན་པའི་འབྲས་བུ་དང་སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ་མི་ཤེས་ཏེ། དེ་ལྟ་བས་ན་སེམས་
ཅན་རྣམས་གང་འདི་ཁམ་ཕྱི་མའི་ཁམ་ཕྱི་མ་གཅིག་པོ་དེ་ཡང་། གཞན་དག་ལ་མ་བྱིན་མ་བགོས་པར་བདག་ཉིད་ཟ་བར་བྱེད། སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་ཏེ་འདུག་གོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་གསེར་
མདོག་ཅེས་བྱ་བ། གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ་། །རྒྱལ་པོ་གསེར་མདོག་དེ་ཕྱུག་སྟེ་ནོར་མང་ལ་ལོངས་སྤྱོད་ཆེ་ཞིང་བདག་དབང་བ་མང་བ་དང་། དབྱིག་དང་ཡོ་བྱད་མང་བ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་
ཏིག་དང་། མན་ཤེལ་དང་། བྱི་རུ་མང་བ་དང་། གསེར་དང་། དངུལ་མང་བ་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། རྟ་རྒོད་མ་མང་བ་དང་། མཛོད་དང་། བང་བ་ཡོངས་སུ་གང་བ་ཞིག་བྱུང་ངོ་། །རྒྱལ་པོ་གསེར་མདོག་གི་ཕོ་བྲང་གྲོང་ཁྱེར་གསེར་ཅན་ཞེས་བྱ་བར་བཏགས་
ཏེ། ཆུར་ནི་ཤར་ནས་ནུབ་ཏུ་དཔག་ཚད་བཅུ་གཉིས་ཡོད་དོ། །ཞེང་ནི་ལྷོ་ནས་བྱང་དུ་དཔག་ཚད་བདུན་ཡོད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་ཞིང་སྐྱེ་བོ་དང་མི་མང་པོ་རྣམས་ཀྱིས་གང་ངོ་། །རྒྱལ་པོ་གསེར་མདོག་ལ་གྲོང་
ཁྱེར་བརྒྱད་ཁྲི་ཡོད་དེ། །འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་ཞིང་སྐྱེ་བོ་མང་པོ་དང་མི་མང་པོ་རྣམས་ཀྱིས་གང་ངོ་། །གྲོང་ས་ཡ་ཕྲག་ལྔ་བདུན་འབུམ་ཡོད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་
དགའ་ཞིང་སྐྱེ་བོ་དང་མི་མང་པོ་རྣམས་ཀྱིས་གང་ངོ་། །རི་འོར་བ་དྲུག་ཁྲི་ཡོད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་ཞིང་སྐྱེ་བོ་དང་མི་མང་པོ་རྣམས་ཀྱིས་གང་ངོ་། །རྒྱལ་པོ་གསེར་མདོག་གི་བློན་པོ་ཁྲི་བརྒྱད་སྟོང་ཡོད་དོ། །བུད་

མེད་སླས་ཉི་ཁྲི་ཡོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གསེར་མདོག་ཆོས་དང་ལྡན་པའི་ཆོས་ཀྱི་རྒྱལ་པོའི་ཆོས་ཀྱིས་རྒྱལ་སྲིད་བྱེད་པར་གྱུར་ཏོ། །རྒྱལ་པོ་གསེར་མདོག་ཐམས་ཅད་སྦྱིན་པར་བྱེད་དེ། དེས་ཐ་ན་རང་གི་ལུས་ཀྱི་ཤ་མན་ཆད་ཡོངས་སུ་མི་གཏོང་བ་ཅི་ཡང་མེད་དོ། །
དེའི་དུས་ན་མི་རྣམས་ཀྱི་ཚེའི་ཚད་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་གྱུར་ཏོ། །དེའི་ཚེ་དུས་གཞན་ཞིག་ན། རྒྱལ་པོ་གསེར་མདོག་གཅིག་པུ་དབེན་པར་ནང་དུ་ཡང་དག་འཇོག་ལ་ཞུགས་ནས། སེམས་ཀྱིས་སེམས་ཀྱི་ཡོངས་སུ་རྟོག་པ་འདི་སྙམ་དུ་སྐྱེས་ཏེ། གང་བདག་གིས་
ངེས་པར་ཚོང་པ་ཐམས་ཅད་ལ་ནི། ལ་གཅན་དང་ཤོ་གམ་རྣམས་མི་དབབ་པར་བྱའོ། །འཛམ་བུའི་གླིང་གི་མི་ཐམས་ཅད་ལ་ནི་དཔྱ་དང་སྒྱུ་རྣམས་མི་དབབ་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་གསེར་མདོག་གིས། རྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་།
སྒོ་བ་དང་། འཁོར་རྣམས་བོས་ཏེ། འདི་སྐད་ཅེས་སྨྲས་སོ། །དེང་ཕྱིན་ཅད་གྲོང་མི་དང་ཚོང་པ་ཐམས་ཅད་ལ་ལ་གཅན་དང་ཤོ་གམ་རྣམས་མི་དབབ་པར་བྱའོ། །འཛམ་བུའི་གླིང་གི་མི་ཐམས་ཅད་ལ་དཔྱ་དང་སྒྱུ་རྣམས་མི་དབབ་པར་བྱའོ་ཞེས་བསྒོའོ། །དེའི་ཐབས་འདིས་
ལོ་མང་པོ་ཞིག་ཏུ་རྒྱལ་སྲིད་བྱེད་པ་ན། དུས་གཞན་ཞིག་གི་ཚེ་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པའི་རྒྱུ་སྐར་ངན་པ་ཞིག་བྱུང་བར་གྱུར་ཏོ། །དེའི་ཚེ་བྲམ་ཟེ་མཚན་ཉིད་འདོན་པ་དང་། ལྟས་པ་དང་། མོ་བ་རྣམས་ས་དང་། བར་སྣང་གི་རྒྱུ་སྐར་དང་། གཟའ་དང་། པ་བ་སངས་
རྒྱུ་བ་དག་དེ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པར་བྱས་ནས། རྒྱལ་པོ་གསེར་མདོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་གསེར་མདོག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛོད་ཅིག །དགུང་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པའི་རྒྱུ་སྐར་ངན་པ་དེ་བྱུང་བར་གྱུར་
ཏོ། །དེ་ནས་རྒྱལ་པོ་གསེར་མདོག་དངོས་པོ་བསྒྲགས་པ་དེ་ཐོས་ནས། རབ་ཏུ་ངུས་ཏེ་མཆི་མ་ཕྱུང་ནས་ཨེ་མའོ་ངའི་འཛམ་བུའི་གླིང་གི་མི་རྣམས། ཨེ་མའོ་ཨེ་མའོ། །ངའི་འཛམ་བུའི་གླིང་གི་མི་རྣམས་ཨེ་མའོ་ཨེ་མའོ། །ངའི་འཛམ་བུའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་

བ་དང་། ལོ་ལེགས་པ་དང་། ཉམས་དགའ་ཞིང་སྐྱེ་བོ་དང་མི་མང་པོས་གང་བ་རྣམས་རིང་པོར་མི་ཐོགས་པ་ཉིད་དུ་སྟོང་ཞིང་མི་དང་འབྲལ་བར་འགྱུར་རོ། །དེ་ནས་རྒྱལ་པོ་གསེར་མདོག་ཡུད་ཙམ་ཞིག་མྱ་ངན་དང་སྨྲེ་སྔགས་འདོན་པ་སངས་ནས། འདི་
སྙམ་དུ་གྱུར་ཏེ། གང་འདི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དེ་དག་ནི་འཚོ་བར་ནུས་ཀྱི། གང་འདི་དབུལ་ཞིང་ནོར་ཉུང་ལ་བཟའ་བཏུང་དང་། ལོངས་སྤྱོད་ཆུང་བ་དེ་དག་ནི། ཅི་ལྟར་བྱེད་ཅིག་གུ །དེ་འདི་སྙམ་དུ་གྱུར་ཏེ། བདག་གིས་ངེས་པར་འཛམ་བུའི་གླིང་གི་ཟས་
ལ་སོགས་པ་ཐམས་ཅད་བསྡུ་བར་བྱའོ། །ཟས་ལ་སོགས་པ་བསྡུས་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་བང་བ་གཅིག་བརྩིག་པར་བྱའོ། །བང་བ་གཅིག་བརྩིགས་ཏེ། འཛམ་བུའི་གླིང་གི་མི་ཐམས་ཅད་བཟའ་བ་མཉམ་པར་བགོ་
བར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་གསེར་མདོག་གིས། རྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་། སྒོ་བ་དང་། འཁོར་རྣམས་བོས་ཏེ། འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ་དག་ཁྱེད་རྣམས་དེང་ལ་འཛམ་བུའི་གླིང་གི་ཟས་ལ་སོགས་པ་ཐམས་ཅད་སྡུས་
ཤིག །ཟས་ལ་སོགས་པ་བསྡུས་ཏེ། གཅོལ་ལ་གྲོངས་ཤིག །གཅལ་ཏེ་བགྲངས་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་བང་བ་བཟང་པོ་གཅིག་རྩིགས་ཤིག་ཅེས་བསྒོའོ། །དེ་ནས་རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་
དང་། བློན་པོ་དང་། སྒོ་བ་དང་། འཁོར་རྣམས་ཀྱིས་རྒྱལ་པོ་གསེར་མདོག་གི་ལྟར་མཉན་ནས། འཛམ་བུའི་གླིང་གི་ཟས་ལ་སོགས་པ་ཐམས་ཅད་བསྡུས་སོ། །ཟས་ལ་སོགས་པ་བསྡུས་ནས། གཅལ་བགྲངས་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་
པོའི་ཕོ་བྲང་འཁོར་རྣམས་སུ་བང་བ་གཅིག་བྱས་ནས་བླུགས་སོ། །བང་བ་གཅིག་བྱས་ནས་བླུགས་ཏེ། རྒྱལ་པོ་གསེར་མདོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་གསེར་མདོག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛོད་ཅིག །གྲོང་དང་། གྲོང་ཁྱེར་དང་། གྲོང་

རྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱི་ཟས་ལ་སོགས་པ་བསྡུས་སོ། །བསྡུས་ནས་ཀྱང་གཅལ་ཞིང་བགྲངས་ལགས་སོ། །གཅལ་ཞིང་བགྲངས་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་བང་བ་བགྱིས་ནས་སྩལ་
ལགས་ཀྱིས། ཁྱོད་གང་གི་དུས་ཉིད་དགོངས་སམ། དེ་ནས་རྒྱལ་པོ་གསེར་མདོག་གིས་གྲངས་པ་དང་། རྩིས་པ་དང་ཡི་གེ་པའི་མི་རྣམས་བོས་ནས་འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ་དག་ཁྱེད་རྣམས་དེང་ལ། འཛམ་བུའི་གླིང་གི་མི་ཐམས་ཅད་གྲོངས་ཤིག །ང་
མན་ཆད་ལེགས་པར་གྲོངས་ལ། འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་བཟའ་བ་ལེགས་པར་མཉམ་པར་བགོ་བར་གྱིས་ཤིག །གྲངས་པ་དང་རྩིས་པ་དང་ཡི་གེ་པའི་མི་རྣམས་ཀྱིས་རྒྱལ་པོ་གསེར་མདོག་གི་ལྟར་མཉན་ནས། འཛམ་བུའི་གླིང་གི་མི་ཐམས་ཅད་ལེགས་པར་
བགྲངས་སོ། །རྒྱལ་པོ་གསེར་མདོག་མན་ཆད་ལེགས་པར་བགྲངས་ནས། འཛམ་བུའི་གླིང་གི་མི་ཐམས་ཅད་ལ་བཟའ་བ་མཉམ་པར་འགེད་དོ། །ལོ་བཅུ་གཅིག་གི་བར་དུ་ནི་ཤི་བ་མེད་དོ། །ལོ་བཅུ་གཉིས་པ་བྱུང་བའི་ཚེ་ཟླ་བ་གཅིག་ལ་དེར་མང་དུ་སྐྱེས་པ་དང་བུད་མེད་དང་
ཁྱེའུ་དང་བུ་མོ་རྣམས་བཀྲེས་པ་དང་སྐོམ་པས་ཤིའོ། །ལོ་བཅུ་གཉིས་པ་བྱུང་བའི་ཚེ། ཟླ་བ་ལྷག་མ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་གཅིག་གི་བར་དུ་དེར་མང་དུ་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་རྣམས་ཤི་བར་གྱུར་ཏོ། །དེའི་ཚེ་ན་འཛམ་
བུའི་གླིང་གི་ཟས་ལ་སོགས་པ་ཐམས་ཅད་ཡོངས་སུ་ཟད་དེ། །གཞན་དུ་ན་རྒྱལ་པོ་གསེར་མདོག་ལ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་ཡོད་དོ། །དེའི་ཚེ་དུས་གཞན་ཞིག་ན། བསྐལ་པ་བཞི་བཅུར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞིག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་
འདིར་ཕྱིན་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེས་གཞན་ཞིག་ཏུ། ནགས་ཁྲོད་ཞིག་ན། བུ་དང་མ་གཉིས་ཉལ་པོ་བྱེད་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་གྱུར་ཏེ། ཨེ་མའོ་ཉོན་མོངས་སོ། །སེམས་ཅན་འདི་དག་ནི་ཉོན་མོངས་སོ། །གང་གི་ཚེ་

ཟླ་བ་དགུ་རུམ་དེ་ཉིད་དུ་གནས་ལ། དེ་ཉིད་ཀྱི་ནུ་མ་ལ་འཐུངས་ནས། དེ་ཉིད་དུ་དེ་ལྟར་བྱེད། འདི་འདྲ་བའི་སེམས་ཅན་ཆོས་མ་ཡིན་པའི་འདོད་ཆགས་ཀྱིས་ཞེན་པ། ལོག་པར་ལྟ་བ་འདོད་པ་མི་བཟད་པས་ཟིལ་གྱིས་ནོན་པ། ཕར་མི་འཛིན་པ།
མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་རྒན་རབས་ལ་བཀུར་སྟི་མི་བྱེད་པ་རྣམས་ཀྱིས་བདག་ཆོག་སྟེ། འདི་འདྲ་བའི་སེམས་ཅན་རྣམས་ཀྱི་དོན་དུ། བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་སུ་ཞིག་སྤྲོ། བདག་ནི་ངེས་པར་བདག་གཅིག་
པུའི་དོན་བསྒྲུབ་པོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་གཞན་དུ་ཤིང་ལྗོན་པའི་དྲུང་ག་ན་བ་དེར་སོང་སྟེ་ཕྱིན་ནས། ཤིང་ལྗོན་པའི་དྲུང་དེར་སྐྱིལ་མོ་ཀྲུང་བཅས་ནས་ལུས་བསྲང་སྟེ། དགའ་བ་དང་བདེ་བ་དང་དྲན་པ་མངོན་དུ་བཞག་ནས་འདུག་གོ། །དེ་ནས་བྱང་ཆུབ་
སེམས་དཔའ་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ། སྐྱེ་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་གནས་ཏེ། འདི་ནི་གཟུགས་ཏེ། གཟུགས་འདི་ནི་སྐྱེ་བའོ། །གཟུགས་འདི་ནི་འཇིག་པའོ། །འདི་ནི་ཚོར་བ། འདི་ནི་འདུ་ཤེས། འདི་ནི་འདུ་བྱེད། འདི་ནི་རྣམ་པར་ཤེས་པ་སྟེ།
རྣམ་པར་ཤེས་པ་འདི་ནི་སྐྱེ་བའོ། །རྣམ་པར་ཤེས་པ་འདི་ནི་འཇིག་པའོ་ཞེས་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་སྐྱེ་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་གནས་སོ། །གང་ཅུང་ཟད་སྐྱེ་བའི་ཆོས་དེ་ཐམས་ཅད་ནི། ཡུན་མི་རིང་བ་ཉིད་དུ་འགག་པའི་ཆོས་ཡིན་ནོ་ཞེས་བྱ་བར་
རིག་ནས། དེ་ཉིད་དུ་རང་བྱང་ཆུབ་རྗེས་སུ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེའི་རྐྱེན་ཇི་ལྟ་བ་བཞིན་གྱིས། ཆོས་ཐོབ་པ་མཐོང་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་པ། ཡང་དག་བསྙེན་ནས་ཆགས་གྱུར་ལ། །ཆགས་ལས་སྡུག་བསྔལ་
འདི་བྱུང་སྟེ། །ཆགས་ལ་སྡུག་བསྔལ་འདི་འཇུག་པས། །དེ་ཕྱིར་མཁས་པས་ཆགས་སུན་ཕྱུང་། །བསེ་རུ་ལྟ་བུར་གཅིག་པུ་སྤྱད། །དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་འདི་སྙམ་དུ་གྱུར་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་ཕྱིར་དཀའ་བ་མང་ཞིག་སྤྱད་པས་ན་སུལ་

ཡང་ཕན་པ་བྱས་པ་མ་ཡིན་ཏེ། བདག་གིས་དེང་སུ་ཞིག་ལ་སྙིང་བརྩེ་བར་བྱ་ཞིང་། བདག་གིས་དེང་སུ་ཞིག་ལ་བསོད་སྙོམས་བླངས་ཏེ། ཡོངས་སུ་བཟའ་བར་བྱ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་མི་ལས་ཤིན་ཏུ་འདས་པའི་ལྷའི་སྤྱན་གྱིས་འཛམ་བུའི་གླིང་
འདི་ཀུན་དུ་བལྟས་པ་དང་། བཅོམ་ལྡན་འདས་རང་སངས་རྒྱས་དེས་འཛམ་བུའི་གླིང་གི་ཟས་ལ་སོགས་པ་ཡོངས་སུ་ཟད་པར་མཐོང་སྟེ། གཞན་དུ་ན་རྒྱལ་པོ་གསེར་མདོག་ལ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་ཡོད་དོ། །དེ་འདི་སྙམ་དུ་གྱུར་ཏེ། བདག་གིས་ངེས་པར་རྒྱལ་པོ་གསེར་མདོག་
ལ་སྙིང་བརྩེ་བར་བྱ་ཞིང་། བདག་གིས་ངེས་པར་རྒྱལ་པོ་གསེར་མདོག་ལ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་ཡོད་པ་ལས་བླངས་ཏེ་ཡོངས་སུ་བཟའ་བར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ། དེའི་རྫུ་འཕྲུལ་འདི་ལྟ་བུས་ནམ་མཁའ་ལ་མངོན་སུམ་དུ་སོང་སྟེ།
ལུས་སྣང་བར་བྱ་བཞིན་དུ་རྫུ་འཕྲུལ་གྱིས་རྒྱལ་པོའི་ཕོ་བྲང་གསེར་ཅན་གང་ན་བ་དེར་སོང་ངོ་། །དེའི་ཚེ་རྒྱལ་པོ་གསེར་མདོག་བློན་པོ་ལྔ་སྟོང་ཙམ་དང་། ཁང་བཟངས་ཀྱི་སྟེང་ན་འཁོད་པར་གྱུར་ཏོ། །བཅོམ་ལྡན་འདས་རང་སངས་རྒྱས་དེ། རྒྱང་རིང་པོ་ནས་འདི་ལྟར་འོང་བ་ན།
སྣ་ཆེན་པོ་ལ་གཏོགས་པ་གཅིག་གིས་མཐོང་ངོ་། །མཐོང་ནས་སྣ་ཆེན་པོ་ལ་གཏོགས་པ་དག་བོས་ནས། གྲོང་གི་གཙོ་བོ་དག་ལྟོས་ཤིག །འདི་ལྟར་རྒྱང་རིང་པོ་ནས་བྱ་དམར་པོ་འཕུར་བ་ཞིག་འོང་ངོ་། །སྣ་ཆེན་པོ་ལ་གཏོགས་པ་གཉིས་པས་སྨྲས་པ། གྲོང་གི་གཙོ་བོ་དག་འདི་
ནི་བྱ་དམར་པོ་འཕུར་བ་མ་ཡིན་གྱི། འདི་ནི་སྲིན་པོ་མདངས་འཕྲོག་པ་ཞིག་འོང་སྟེ། འདིས་ནི་དེང་བདག་ཅག་ཟོས་པར་འགྱུར་རོ། །དེ་ནས་རྒྱལ་པོ་གསེར་མདོག་ལག་པ་གཉིས་ཀས་བཞིན་ལེགས་པར་ཕྱིས་ཏེ། སྣ་ཆེན་པོ་རྣམས་ལ་སྨྲས་པ། གྲོང་གི་གཙོ་བོ་དག་འདི་ནི་བྱ་དམར་
པོ་འཕུར་བ་མ་ཡིན་ལ། སྲིན་པོ་མདངས་འཕྲོག་པ་ཡང་མ་ཡིན་ནོ། །འདི་ནི་དྲང་སྲོང་སྟེ། བདག་ཅག་ལ་སྙིང་བརྩེ་བའི་ཕྱིར་འོང་ངོ་། །དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ། རྒྱལ་པོ་གསེར་མདོག་གི་ཁང་བཟངས་ཀྱི་སྟེང་དུ་བབས་སོ། །དེ་ནས་རྒྱལ་པོ་གསེར་མདོག་

ལངས་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་བསུས་ནས། བཅོམ་ལྡན་འདས་རང་སངས་རྒྱས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྟན་བཤམས་པ་ལ་བཞུགས་པར་གསོལ་ཏོ། །དེ་ནས་རྒྱལ་པོ་གསེར་མདོག་གིས། བཅོམ་ལྡན་འདས་རང་
སངས་རྒྱས་དེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཅིའི་ཕྱིར་འདིར་བྱོན། དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་ཟས་ཀྱི་ཕྱིར་རོ། །དེ་ནས་རྒྱལ་པོ་གསེར་མདོག་རབ་ཏུ་ངུས་ཏེ་མཆི་མ་ཕྱུང་ནས། ཨེ་མའོ་བདག་དབུལ་ཏེ་འདི་ལྟར་འཛམ་བུའི་གླིང་གི་དབང་ཕྱུག་དམ་
པ་བྱས་ཀྱིས་ཀྱང་དྲང་སྲོང་གཅིག་ལ་བསོད་སྙོམས་དབུལ་བར་མ་ནུས་སོ། །དེ་ནས་རྒྱལ་པོའི་ཕོ་བྲང་གསེར་ཅན་ན་གནས་པའི་ལྷ་དེས། རྒྱལ་པོ་གསེར་མདོག་ལ་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་སྡུག་བསྔལ་ཡིན་ཞེ་ན་ནི་དབུལ་བའོ། །ཤིན་ཏུ་སྡུག་བསྔལ་གང་
ཡིན་དབུལ་བ་དེ་ཉིད་དེ། །དབུལ་བ་དག་ནི་ནང་ན་ཤི་དང་མཚུངས་པར་གྱུར་པ་སྟེ། །བདག་ནི་ཤི་ཡང་བླ་ཡི་དབུལ་བ་མི་འདོད་དོ། །དེ་ནས་རྒྱལ་པོ་གསེར་མདོག་གིས་མཛོད་པ་བོས་ནས། འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ་ཁྱིམ་ན་བཟའ་བ་ཅུང་
ཟད་ཡོད་ན་དྲང་སྲོང་འདི་ལ་དབུལ་བར་བྱའོ། །དེས་སྨྲས་པ། གང་ལྷ་ཉིད་མཁྱེན་པ་ལགས་ཏེ། འཛམ་བུའི་གླིང་གི་ཟས་ལ་སོགས་པ་ཐམས་ཅད་ཡོངས་སུ་བས་སོ། །གཞན་དུ་ན་ལྷ་ཉག་གཅིག་བཤོས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་མཆིས་སོ། །དེ་ནས་རྒྱལ་པོ་གསེར་མདོག་འདི་
སྙམ་དུ་གྱུར་ཏེ། གལ་ཏེ་ཟོས་ན་ནི་འཚོ་ཅི་སྟེ་མ་ཟོས་ན་ནི་འཆིའོ་སྙམ་མོ། །དེ་ཡང་འདི་སྙམ་དུ་གྱུར་ཏེ། གལ་ཏེ་ཟོས་ཀྱང་ངེས་པར་བདག་འཆི་བར་འགྱུར་ཏེ། འཚོ་བས་ཆོག་གིས་ཇི་ལྟར་ན་འདི་འདྲ་བའི་དྲང་སྲོང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་དེ། དེ་ནས་རྒྱལ་པོ་
གསེར་མདོག་གིས་རྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། སྒོ་བ་དང་། འཁོར་རྣམས་བསྡུས་ནས་འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ་དག་ཀྱི་ཧུད། འདི་ནི་གསེར་མདོག་གི་སྦྱིན་པ་གཏོང་བ་ཐ་མ་ཡིན་ཏེ། རྗེས་སུ་ཡི་རང་བར་གྱིས་ཤིག །དགེ་བའི་རྩ་བ་འདིས་

འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་དབུལ་བ་ཡང་དག་པར་གཅོད་པར་གྱུར་ཅིག །དེ་ནས་རྒྱལ་པོ་གསེར་མདོག་གིས་ཟས་བྲེའུ་ཆུང་གང་ཡོད་པ་དེ། བཅོམ་ལྡན་འདས་རང་སངས་རྒྱས་དེའི་ལྷུང་བཟེད་དུ་བླུགས་ནས། བཅོམ་ལྡན་འདས་རང་སངས་རྒྱས་དེའི་ལག་པ་གཡས་པར་ལྷུང་
བཟེད་བྱིན་ནོ། །གང་རང་སངས་རྒྱས་ཀྱི་ལུས་ཀྱིས་ཆོས་སྟོན་པ་ནི་ཆོས་ཉིད་དེ་ཚིག་གིས་ནི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་རྒྱལ་པོ་གསེར་མདོག་གི་བསོད་སྙོམས་བླངས་ནས། འདི་ལྟར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་སོང་ངོ་། །དེ་ནས་རྒྱལ་པོ་གསེར་མདོག་ཐལ་
མོ་སྦྱར་ནས། མིག་རྒྱང་གིས་སོད་དག་གི་བར་དུ་མིག་མི་འཛུམས་པར་བལྟས་སོ། །དེ་ནས་རྒྱལ་པོ་གསེར་མདོག་གིས། རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་། སྒོ་བ་དང་། འཁོར་རྣམས་བོས་ནས་འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ་དག་རང་རང་གི་
གནས་ཇི་ལྟ་བ་བཞིན་དེངས་ཤིག །ཁང་བཟངས་འདིར་བཀྲེས་པ་དང་སྐོམ་པས་འཆི་བའི་དུས་མ་བྱེད་ཅིག །དེ་དག་གིས་སྨྲས་པ། གང་གི་ཚེ་ལྷའི་དཔལ་དང་སྐུ་སྐལ་དང་ལྡན་པར་གྱུར་པ་དེའི་ཚེ། བདག་ཅག་ལྷའི་ཞབས་འབྲིང་ན་རྩེ་ཞིང་དགའ་ལ་ལོངས་སྤྱོད་པ་ལགས་ན། འདི་ལྟ་
སྟེ་བདག་ཅག་ལྷའི་དུས་ཕྱི་མ་དང་དུས་ཚོད་ཕྱི་མ་ཡོངས་སུ་གཏང་བ་ག་ལ་ཞིག་བཟོད། དེ་ནས་རྒྱལ་པོ་གསེར་མདོག་རབ་ཏུ་ངུས་ཏེ་མཆི་མ་ཕྱུང་ངོ་། །མཆི་མ་དེ་ལེགས་པར་ཕྱིས་ནས་རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་བློན་པོ་དང་སྒོ་བ་དང་འཁོར་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །
གྲོང་གི་གཙོ་བོ་དག་རང་རང་གི་གནས་ཇི་ལྟ་བ་བཞིན་དེངས་ཤིག །ཐམས་ཅད་ཀྱིས་ཁང་བཟངས་འདིར་བཀྲེས་པ་དང་སྐོམ་པ་དག་གིས་འཆི་བའི་དུས་མ་བྱེད་ཅིག །དེ་ནས་རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་བློན་པོ་དང་། སྒོ་བ་དང་འཁོར་རྣམས་རབ་ཏུ་ངུས་ཏེ་མཆི་མ་ཕྱུང་ངོ་། །
མཆི་མ་ལེགས་པར་ཕྱིས་ནས། རྒྱལ་པོ་གསེར་མདོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་གསེར་མདོག་གི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས། རྒྱལ་པོ་གསེར་མདོག་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་ལྷའི་ཞལ་ལྟ་བའི་ཕྱི་མ་དེང་ལགས་ཏེ།

བདག་ཅག་གིས་གང་ཅུང་ཟད་ལྷའི་བཀའ་ལ་འགལ་བ་ཅི་བགྱིས་པ་བཟོད་པར་གསོལ་ལོ། །འདི་ལྟ་སྟེ་བཅོམ་ལྡན་འདས་རང་སངས་རྒྱས་དེས་བསོད་སྙོམས་དེ་ཡོངས་སུ་ཟོས་སོ། །དེ་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཞི་ཀུན་ནས་སྤྲིན་སྟུག་པོ་བཞི་
ལངས་སོ། །རླུང་གྲང་བ་ཡང་ལངས་ཏེ། དེའི་ཚེ་འཛམ་བུའི་གླིང་ཕྱགས་སོ། །དེ་ནས་དེའི་དུས་ཀྱི་བྱེ་བྲག་ལ་བཅའ་བར་བྱ་བ་དང་། བཟའ་བར་བྱ་བ་རྣམ་པ་སྣ་ཚོགས་ཀྱི་ཆར་བབ་སྟེ། བཟའ་བར་བྱ་བའི་དངོས་པོ་འདི་ལྟ་བུ་འབྲས་ཆན་དང་། ཕྱེ་དང་། ཟན་དྲོན་དང་། ཤ་
དང་། ཉ་ཤ་དང་། བཟའ་བར་བྱ་བའི་དངོས་པོ་འདི་ལྟ་བུ། བཅའ་བར་བྱ་བ་ལ་ཕུག་དང་། བཟའ་བར་བྱ་བ་ལོ་མ་དང་། བཟའ་བར་བྱ་བ་མེ་ཏོག་དང་། བཟའ་བར་བྱ་བ་འབྲས་བུ་དང་། བཟའ་བར་བྱ་བ་ཏིལ་དང་། བཟའ་བར་བྱ་བ་ཏིལ་མར་དང་། བཟའ་བར་བྱ་བ་
བུར་མར་དང་། བཟའ་བར་བྱ་བ་ཁ་ར་དང་། གཞན་ཡང་བཟའ་བར་བྱ་བ་དང་། བཅའ་བར་བྱ་བ་དང་། མྱང་བར་བྱ་བ་རྣམ་པ་མང་པོའི་བཟའ་བ་དག་གི་ཆར་བབ་བོ། །དེ་ནས་རྒྱལ་པོ་གསེར་མདོག་མགུ་ལ་དགའ་ཞིང་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་
བདེ་བ་སྐྱེས་ཏེ། རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་དང་བློན་པོ་དང་སྒོ་བ་དང་འཁོར་རྣམས་བོས་ནས་འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ་དག་ལྟོས་ཤིག །ཀྱེ་མ་དེང་བསོད་སྙོམས་གཅིག་ཕུལ་བའི་མྱུ་གུ་བྱུང་བར་གྱུར་ཏེ། འབྲས་བུ་དང་ལོ་མ་དང་མེ་ཏོག་ནི་ཕྱིས་འབྱུང་བར་འགྱུར་
རོ། །དེ་ནས་ཉི་མ་གཉིས་པ་ལ་ཉིན་བདུན་དུ་ནོར་དང་འབྲུའི་ཆར་རབ་ཏུ་བབ་བོ། །འདི་ལྟ་སྟེ་ཏིལ་དང་། འབྲས་ཐུག་པོ་ཆེ་དང་། མོན་སྲན་གྲེའུ་དང་། མོན་སྲན་དཀར་རུ་དང་། ནས་དང་། གྲོ་དང་། སྲན་ཆུང་དང་། འབྲས་སཱ་ལུ་དང་། འབྲུའི་རིགས་ཐམས་ཅད་དང་ཞག་བདུན་དུ་
མར་སར་གྱི་ཆར་བབ་བོ། །ཞག་བདུན་དུ་ཏིལ་མར་གྱི་ཆར་བབ་བོ། །ཞག་བདུན་དུ་བེའུ་རས་ཀྱི་ཆར་བབ་བོ། །ཞག་བདུན་དུ་ཟས་རྣམ་པ་སྣ་ཚོགས་ཀྱི་ཆར་བབ་བོ། །ཞག་བདུན་དུ་རིན་པོ་ཆེ་སྣ་བདུན་ལ། གསེར་དང་། དངུལ་དང་། ཤེལ་དང་། བཻ་དཱུརྱ་དང་། མུ་ཏིག་དམར་པོ་དང་།

རྡོའི་སྙིང་པོ་དང་། སྤུག་རྣམས་ཏེ། རིན་པོ་ཆེ་སྣ་བདུན་པོ་འདི་དག་གི་ཆར་བབ་བོ། །རྒྱལ་པོ་གསེར་མདོག་གི་མཐུས། འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་དབུལ་བ་ཡང་དག་པར་བཅད་པར་གྱུར་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན། རྒྱལ་པོར་གྱུར་པ་དེ་གཞན་ཞིག་
ཡིན་སྙམ་དུ་ཁྱེད་ཀྱིས་སོམ་ཉི་དང་ཡིད་གཉིས་སུ་མི་བྱའོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན། རྒྱལ་པོ་གསེར་མདོག་ཅེས་བྱ་བ་བྱུང་བ་དེ་ནི། ང་ཉིད་ཡིན་པར་བལྟ་བར་བྱའོ། །དགེ་སློང་དག་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟར་ངས་སྦྱིན་པའི་འབྲས་བུ་དང་སྦྱིན་པ་ལ་
འགེད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར། སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་དང་སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ་ཤེས་པར་གྱིས་ཤིག །གང་ཁམ་ཕྱི་མའི་ཁམ་ཕྱི་མ་གཅིག་པོ་དེ་ཡང་གཞན་དག་ལ་མ་བྱིན་མ་བགོས་པར་བདག་གི་བར་མི་བྱའོ། །སེར་སྣའི་
སེམས་ཀྱི་དྲི་མ་སྐྱེས་པ་ཀུན་ནས་དཀྲིས་ཏེ་འདུག་པར་མི་བྱའོ། །ཇི་ལྟར་ངས་ཤེས་པ་དེ་བཞིན་དུ། འདི་ལྟར་སེམས་ཅན་དག་གི་སྦྱིན་པ་དང་སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ་མི་ཤེས་ཏེ། དེ་ལྟ་བས་ན་སེམས་ཅན་དག་གང་ཁམ་ཕྱི་མ་ཕྱི་མའི་ཁམ་གཅིག་པོ་དེ་ཡང་གཞན་དག་ལ་མ་བྱིན་
མ་བགོས་པར་བདག་ཉིད་ཀྱིས་བཟའ་བར་མི་བྱའོ། །སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་ཏེ་འདུག་པར་མི་བྱའོ། །སྔོན་གྱི་དགེ་དང་མི་དགེ་བྱས་པ་ཆུད་མི་ཟ། །མཁས་པ་དག་ལ་བརྟེན་པ་ཆུད་ནི་མི་ཟ་སྟེ། །འཕགས་པའི་སྐྱེ་བོས་ལེགས་པར་བཤད་པ་ཆུད་
མི་ཟ། །བྱས་པ་གཟོ་ལ་བྱས་པ་རྣམས་ཀྱང་ཆུད་མི་ཟ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་དགེ་སློང་དེ་དག་དང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་
པ་ལ་མངོན་པར་བསྟོད་དོ། །གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ་རྫོགས་སོ།། ༄༅༅། །བོད་སྐད་དུ། འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ། བམ་པོ་དང་པོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།

བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་ཕ་དང་དགེ་བསྙེན་མ་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་ནས། ཞལ་གྱི་སྒོ་ནས་
འོད་ཟེར་ཁ་དོག་སྣ་ལྔ་དང་ལྡན་པ་བཀྱེ་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་གོས་ཚགས་བཅོས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་སངས་རྒྱས་ཀྱི་ཞབས་འབྲིང་ལོ་ཉི་ཤུ་བགྱིས་ཀྱི་བར་དུ་དེ་འདྲ་བར་བཞད་པ་མ་མཐོང་ན།
བཅོམ་ལྡན་འདས་ཀྱིས་སངས་རྒྱས་སྔོན་འདས་པའམ་མ་བྱོན་པའམ་ད་ལྟར་བཞུགས་པའི་སངས་རྒྱས་ལ་དགོངས་སམ། དེ་མ་ལགས་པ་ཅི་ལ་དགོངས་པ་དོན་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་འདས་པའམ་མ་འོངས་པའམ་ད་
ལྟར་བཞུགས་པ་ལ་དགོངས་པ་མ་ཡིན་གྱི། མངོན་པར་དྲན་པ་ང་སྔོན་བསྐལ་པ་གྲངས་མེད་པར་འདས་པའི་ཕ་རོལ་ན་སྦྱིན་པ་སྦྱིན་པའི་དངོས་པོ་ལ་དགོངས་ཏེ། དེའི་ཚེ་དེའི་དུས་ན་ཡུལ་ཡ་བ་ཞེས་བྱ་བར་རྒྱལ་པོ་དགེ་བ་ཞེས་བྱ་བ་དྲང་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་འཛིན་ཏེ། འགྲོ་བ་མང་པོ་ལ་
སྐྱོང་བ་ཞིག་བྱུང་ངོ་། །རྒྱལ་པོ་དེ་ལ་བློན་པོ་ནི་བཞི་སྟོང་ཞིག་ཡོད་དེ། རྒྱལ་ཕྲན་དྲུག་ཅུ་ལ་དབང་བསྐུར་རོ། །གྲོང་ཁྱེར་ཆེན་པོ་བརྒྱད་བརྒྱ་དང་བལ་གྱི་གླང་པོ་ཆེ་ལྔ་བརྒྱ་ཡོད་དེ། རྒྱལ་པོ་ལ་བཙུན་མོ་ཉི་ཁྲི་ཡོད་ཀྱང་སྲས་མི་མངའ་བས་རི་དང་ཀླུང་གི་ལྷ་གཉན་པོ་ལ་མཆོད་
འབྲང་བྱས་ནས་བཙུན་མོ་དམ་པ་ལ་སྲས་མངའ་བར་གྱུར་ཏེ། བཙུན་མོའི་མལ་ཅ་དང་ཟས་དང་སྐོམ་ལ་སོགས་པ་ཡོ་བྱད་བདམ་ཞིང་བཟང་པོར་སྦྱར་ནས་རྒྱལ་པོ་ཉིད་ཀྱིས་རིམ་གྲོ་བྱས་ཏེ། ཟླ་བ་བཅུར་ཚང་ནས་རྒྱལ་བུ་གཅིག་བཙས་སོ། །ཕོ་བྲང་གི་བཙུན་མོ་ཉི་ཁྲི་སྙེད་
ཀྱང་རྒྱལ་བུ་ཞིག་བཙས་ཞེས་ཐོས་ནས་ཐམས་ཅད་དགའ་མགུ་རངས་ཏེ། ནུ་ཞོ་ཡང་རང་བྱུང་བས་རྒྱལ་བུའི་མཚན་ཡང་དོན་གྲུབ་ཅེས་བཏགས་སོ། །རྒྱལ་བུ་ལ་ནུ་ཞོ་སྣུན་ཅིང་རིམ་གྲོ་བྱེད་པ་བཞི་ཞིག་བསྐོས་ཏེ། གཅིག་ནི་ནུ་ཞོ་སྣུན་པའི་ལས་བྱེད། གཅིག་ནི་རྒྱལ་བུ་པང་དུ་ཁྱེར་བར་

བསྐོས། གཅིག་ནི་རྒྱལ་བུ་བཀྲུ་བའི་ལས་བྱེད་པར་བསྐོས། གཅིག་ནི་རྒྱལ་བུ་རྩེར་འགྲོ་བའི་ལས་སུ་བསྐོས་སོ། །དེ་ལྟར་བསྐོས་ནས་རྒྱལ་བུ་ལོ་བཅུ་དྲུག་ལོན་པ་དང་། ཡིག་རྩིས་དང་། འཕོང་རྩལ་དང་། བཟོ་དཔྱད་དང་། རོལ་མོ་ལ་སོགས་པ་གང་ཡང་མི་ཤེས་པ་
མེད་དེ་ཐམས་ཅད་ཀྱང་ལོབས། རྒྱལ་པོ་ཡབ་དང་ཡུམ་ལ་ཡང་ལྷ་བཙུན་འདྲ་བར་རིམ་གྲོ་བྱེད་དོ། །རྒྱལ་པོས་ཀྱང་རྒྱལ་བུའི་ཕོ་བྲང་ལོགས་ཤིག་ཏུ་བརྩིགས་སོ། །རྒྱལ་བུ་དེ་ཆུང་ནས་སྦྱིན་པ་ལ་དགའ་ནས་མི་ལ་སོགས་ཏེ། རི་དགས་དང་འདབ་ཆགས་བྱའི་བར་དུ་སེམས་
ཅན་ཐམས་ཅད་བདེ་སྐྱིད་པར་དགའ་སྟེ། ཚིག་ཏུ་ཡང་གང་མི་ཤེས་པ་གཏི་མུག་ཅན་ནི་སྦྱིན་པ་ལ་མི་དགའ་བས་བདག་གིས་བདག་བསླུས་ཏེ་ཕན་པའི་དོན་མེད་ཀྱི། མཁས་པ་ཤེས་རབ་ཅན་ནི་འཇིག་རྟེན་ན་གནས་ཀྱང་སྦྱིན་པ་ལ་ཡོན་ཏན་ཆེར་མཐོང་སྟེ། སྦྱིན་པ་བྱིན་པས་སྔ་མ་འདས་
པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་དང་། རང་སངས་རྒྱས་དང་། འཕགས་པ་དགྲ་བཅོམ་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པར་འགྱུར་རོ་ཞེས་སྨྲས་སོ། །རྒྱལ་བུ་བགས་ཀྱིས་ཆེར་སྐྱེས་ནས། །རྒྱལ་པོ་ཞིག་གི་བུ་མོ་མན་ཏེ་ཞེས་བྱ་བ་མངའ་བྱད་
བཟང་ལ་སྡུག་པ། དཔེ་ཟླ་མེད་པ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ་གཅིག་བཙུན་མོར་བླངས་ནས་བུ་མིང་སྲིང་གཉིས་ཤིག་ཡོད་པར་གྱུར་ཏོ། །དེ་ནས་རྒྱལ་བུ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་སེམས་པ་ལ་ཞུགས་
ནས། ཡབ་རྒྱལ་པོ་ལ་བདག་ནི་རྩེ་ཞིང་ལྟད་མོ་ལྟར་མཆིའོ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་། །དེ་ནས་རྒྱལ་བུ་ཕོ་བྲང་ནས་བྱུང་བ་དང་། བརྒྱ་བྱིན་ལྷའི་དབང་པོས་གྲོང་ཁྱེར་གྱི་སྒོ་ལམ་སྲང་དག་ན་དབུལ་ཕོངས་པ། ལོང་བ་འོན་པ། ལྐུགས་
པའི་སློངས་མོ་པ་དག་ཅིག་སྤྲུལ་ནས་སྡོད་དུ་བཅུག་གོ། །རྒྱལ་བུས་དེ་དག་མཐོང་བ་དང་། དེ་མ་ཐག་ཏུ་ཕྱིར་ལོག་ནས་ཕོ་བྲང་དུ་ཞུགས་ཏེ། མྱ་ངན་ཆེན་པོས་ནོན་ནས་མི་དགའ་ཞིང་འདུག་པ་ལ། ཡབ་རྒྱལ་པོས་སྲས་རྒྱལ་བུ་ལ་འདི་སྐད་ཅེས་བསྒོའོ། །རྩེ་ཞིང་ལྟད་མོ་ལྟར་

བཏང་ན་ཅིའི་ཕྱིར་མི་དགའ་ཞིང་མྱ་ངན་བྱེད་པར་གྱུར་ཅེས་དྲིས་པ་དང་། རྒྱལ་བུས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་རྩེ་ཞིང་ལྟད་མོ་ལྟར་མཆིས་པ་ལས། སློངས་མོ་པ་ལོང་བ་འོན་པ་ལྐུགས་པ་མང་པོ་དང་མཇལ་བས་མྱ་ངན་གྱིས་
ནོན་པར་གྱུར་ཏེ། ང་ཡབ་རྒྱལ་པོ་ལ་གསོལ་བ་རྣམ་པ་གཅིག་གསོལ་ན་རྒྱལ་པོས་གནང་ངམ། ཡབ་རྒྱལ་པོས་ཀྱང་རྒྱལ་བུ་ཁྱོད་ཅི་དང་ཅི་འདོད་པ་སྨྲོས་ཤིག་དང་གནང་བར་བྱའོ་ཞེས་བསྒོ་བ་དང་། རྒྱལ་བུས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་ཡབ་
རྒྱལ་པོ་ལ་མངའ་བའི་བང་མཛོད་ན་རིན་པོ་ཆེ་མཆིས་པ་རྣམས་གྲོང་ཁྱེར་གྱི་སྒོ་བཞི་དང་ཚོང་འདུས་སུ་སྤུངས་ཏེ་སློངས་མོ་པ་ཐམས་ཅད་ལ་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད་པར་འཚལ་ལོ་ཞེས་གསོལ་པ་དང་། རྒྱལ་པོས་སྲས་རྒྱལ་བུ་ལ་ཁྱོད་ཅི་དང་ཅི་དགའ་བ་ཡིད་དང་མི་འགལ་བར་
གནང་ངོ་ཞེས་བསྒོའོ། །དེ་ནས་རྒྱལ་བུས་བློན་པོ་རྣམས་ལ་བསྒོ་ནས། ནོར་དབྱིག་རིན་པོ་ཆེ་རྣམས་ཤིང་རྟས་བསྐྱས་ཏེ། གྲོང་ཁྱེར་གྱི་སྒོ་བཞི་དང་། ཚོང་འདུས་སུ་སྤུངས་ནས་ཕ་རོལ་པོ་འདོད་པ་བཞིན་སྦྱིན་པ་བྱིན་པ་དང་། ཡུལ་ཁམས་ཕྱོགས་བརྒྱད་ཀུན་ཏུ་རྒྱལ་བུའི་ཡོན་
ཏན་གྲགས་པར་གྱུར་པས། ཁ་ཅིག་ནི་དཔག་ཚད་བརྒྱ། ཁ་ཅིག་ནི་དཔག་ཚད་སྟོང་། ཁ་ཅིག་ནི་དཔག་ཚད་ཁྲིའི་ཕ་རོལ་ནས་ལྷགས་ཏེ། ཁ་ཟས་དང་སྐོམ་འདོད་པ་ལ་ནི་ཟས་དང་སྐོམ་བྱིན། གང་གོས་དང་བགོ་བ་འདོད་པ་ལ་ནི་གོས་དང་བགོ་བ་བྱིན། གང་གསེར་དང་དངུལ་དང་རིན་
པོ་ཆེ་འདོད་པ་ལ་ཡང་ཅི་འདོད་པ་བཞིན་ཡིད་དང་མི་འགལ་བར་གང་ཡང་མི་གཏང་བ་མེད་དོ། །དེའི་ཚེ་དེའི་དུས་ན། དགྲ་ཟླར་གྱུར་པའི་རྒྱལ་ཁམས་གཅིག་ཅིག་ཡོད་པ་དེས། རྒྱལ་བུ་སྦྱིན་པ་སྦྱིན་པ་ལ་དགའ་བས་ཕ་རོལ་པོ་ཅི་འདོད་པ་བཞིན་ཡིད་དང་མི་འགལ་བར་ཡོངས་སུ་གཏོང་ངོ་
ཞེས་ཐོས་ནས་བློན་པོ་རྣམས་དང་མཁས་པ་བློ་དང་ལྡན་པ་ཀུན་ལ་སོགས་པ་བསྡུས་ཏེ་འདི་སྐད་ཅེས་བགྲོས་སོ། །ཡུལ་ཡ་བའི་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་པད་མོའི་སྟེང་ནས་འགྲོ་བ་སུ་ད་ཡ་ཞེས་བྱ་བ་སྟོབས་དང་ལྡན་པ་ཞིག་ཡོད་དེ་དེ་དག་ནམ་དགྲ་ཟླའི་རྒྱལ་ཁམས་གཞན་དང་འཐབ་པའི་ཚེ།

བལ་གྱི་གླང་པོ་ཆེ་དེས་རྟག་ཏུ་རྒྱལ་བར་གྱུར་པས་ན། ཁྱེད་ལས་སུ་ཞིག་དེར་སོང་སྟ་སློང་བར་ནུས་ཞེས་བགྲོས་ན། །བློན་པོ་ལས་གང་ཡང་འགྲོ་ནུས་པ་མ་བྱུང་ངོ་། །དེའི་ནང་ན་བྲམ་ཟེ་མི་བརྒྱད་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་སློང་ཞིང་མཆི་བར་འཚལ་ན་
བདག་ཅག་གི་ཚོགས་དང་རྒྱགས་སྦྱོར་ཅིག་ཅེས་གསོལ་པ་དང་། རྒྱལ་པོས་དེའི་ཚོགས་དང་རྒྱགས་སྦྱར་ནས་བྲམ་ཟེ་དེ་དག་ལ་འདི་སྐད་ཅེས་བསྒོའོ། །གལ་ཏེ་ཁྱོད་ཀྱིས་བལ་གླང་དེ་ཁུགས་ཏེ་འོངས་ན་བྱ་དགའ་ཆེར་སྦྱིན་ནོ་ཞེས་གཙིགས་བྱས་སོ། །དེ་ནས་བྲམ་ཟེ་བརྒྱད་པོ་འཁར་བ་ཐོགས་ཏེ་
ལ་ལུང་བགྲོད་ནས་ཡུལ་ཡ་བ་གང་ན་བ་དེར་སོང་ངོ་། །ཡུལ་དེར་ཕྱིན་ནས། རྒྱལ་པོའི་སྒོར་འཁར་བ་ལ་རྐོམ་ཚུགས་བཅས་ཏེ་རྐང་པ་ཡ་གཅིག་གིས་འགྲེང་ཞིང་སྡོད་དོ། །དེ་ནས་རྒྱལ་བུའི་སྒོ་སྲུངས་ཕོ་བྲང་ནང་དུ་སོང་ནས་ཕྱི་རོལ་ན་བྲམ་ཟེ་དག་ཅིག་ལྷགས་ཏེ། འཁར་བ་ལ་རྐོམ་ཚུགས་བཅས་
ནས་རྐང་པ་ཡ་གཅིག་གིས་འགྲེང་ཞིང་སྡོད་དེ། བདག་ཅག་ནི་ལམ་རིང་པོ་ནས་ཆེད་དུ་འདིར་སློང་དུ་འོངས་སོ་ཞེས་མཆིའོ། །རྒྱལ་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་སྟེ། མོད་ལ་ཕྱི་རོལ་དུ་བྱུང་ནས་བསུས་ཏེ་ཕྱག་བྱས་སོ། །དཔེར་ན་ཕ་དང་བུ་ཕྲད་པ་ཙམ་དུ་གཅིག་ལ་གཅིག་
གིས་སྤྲོ་བའི་ཚིག་གིས་ཁྱེད་གང་ཕྱོགས་ནས་འོངས། ལམ་དུ་ཉོན་མ་མོངས་སམ། ཅི་འདོད་ཅི་སློང་ན་རྐང་པ་ཡ་གཅིག་འགྲེང་ཞེས་དྲིས་སོ། །བྲམ་ཟེ་བརྒྱད་པོས་སྨྲས་པ། བདག་ཅག་ནི་རྒྱལ་བུ་ཁྱོད་སྦྱིན་པ་སྦྱིན་པ་ལ་རབ་ཏུ་དགའ་བས་ཕ་རོལ་པོ་ཅི་སློང་ཡང་ཡིད་དང་འགལ་བར་མི་མཛད་དོ་
ཞེས་རྒྱལ་བུའི་ཡོན་ཏན་ཕྱོགས་མཚམས་བརྒྱད་དང་། ཡར་ནི་སྟེང་གི་གནམ་ལ་ཐུག་མར་ནི་སའི་མཐིལ་ལ་ཐུག་པ་མན་ཅད་དུ་གྲགས་པས་ན། ཁྱོད་ཀྱི་སྦྱིན་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། ཉེ་རིང་ཐམས་ཅད་ཀྱིས་བསྟོད་ཅིང་བསྒྲགས་པས་གང་ཡང་མ་ཐོས་པའམ་མི་ཤེས་པ་མེད་
དེ་ཀུན་གྱིས་བརྗོད་པ་ཡང་བརྫུན་པ་མ་ཡིན་ལ། ད་ལྷའི་སྲས་སུ་གྱུར་པས་ན་ལྷ་ནི་ཅི་སྨྲ་ཡང་བརྫུན་པ་མ་ཡིན་ཏེ། ད་རྒྱལ་བུས་སྦྱིན་པ་མི་མཛད་ན་བདག་ཅག་གི་ཡིད་དང་འགལ་བར་མཛད་དམ། བདག་ཅག་ནི་རྒྱལ་བུ་ལས་མེ་ཏོག་པད་མོའི་སྟེང་ནས་འགྲོ་བ་བལ་གྱི་གླང་པོ་ཆེ་སློང་དུ་འོངས་སོ་

ཞེས་སྨྲས་པ་དང་། རྒྱལ་བུས་དེ་དག་བལ་གླང་གི་ལྷས་སུ་ཁྲིད་དེ་བལ་གླང་གཞན་ཞིག་བྱིན་ནོ། །བྲམ་ཟེ་བརྒྱད་པོས་སྨྲས་པ། བདག་ཅག་ནི་པད་མོའི་སྟེང་ནས་འགྲོ་བའི་བལ་གྱི་གླང་པོ་ཆེ་སུ་ད་ཡན་འདོད་དོ། །རྒྱལ་བུས་སྨྲས་པ། བལ་གྱི་གླང་པོ་ཆེ་འདི་ནི་
བདག་གི་ཡབ་རྒྱལ་པོ་ལ་གཅེས་ཤིང་གནང་བ་ཡིན་ཏེ། བལ་གླང་འདི་དང་བདག་ཏུ་ཐ་མི་དད་པར་དགོངས་པས་ཁྱེད་ལ་སྦྱིན་དུ་མི་རུང་ངོ་། །གལ་ཏེ་བདག་གིས་ཁྱེད་ལ་བྱིན་ན། རྒྱལ་པོའི་དགོངས་པ་དང་འགལ་བས་གལ་ཏེ་བལ་གླང་འདིའི་རྐྱེན་གྱིས་བདག་ཡུལ་འདི་ནས་སྐྲོད་པར་
འགྱུར་རོ་ཞེས་སྨྲས་ནས་རྒྱལ་བུ་ཡང་འདི་སྙམ་དུ་བསམས་སོ། །བདག་སྔོན་ཡི་དམ་བཅས་པ་ན། ཕ་རོལ་པོ་ཅི་སློང་ཡང་ཡིད་དང་མི་འགལ་བར་བྱའོ་ཞེས་དམ་བཅས་ན། ད་བདག་གིས་སྔར་བསམས་པ་ལས་བཟློག་སྟེ། སྦྱིན་པ་འདི་མ་བྱིན་ན། ཇི་ལྟར་ཡང་བླ་ན་མེད་པ་
མཉམ་སྙོམས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་མི་འགྱུར་རོ། །གལ་ཏེ་སྦྱིན་པ་འདི་བྱིན་ན་བླ་ན་མེད་པ་མཉམ་སྙོམས་པའི་སྦྱིན་སེམས་སུ་འགྱུར་རོ་སྙམ་བསམས་ནས། རྒྱལ་བུས་འདི་སྐད་ཅེས་སྨྲས་སོ། །ཤིན་ཏུ་དཀའ་སྟེ་དེ་བཞིན་དུ་སྦྱིན་པར་བྱའོ་ཞེས་སྨྲས་ནས། དྲུང་
ན་འདུག་པའི་གཡོག་ལ་བལ་གྱི་གླང་པོ་ཆེ་ལ་གསེར་དངུལ་གྱི་སྒ་བསྟད་དེ་མྱུར་དུ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་བ་དང་། བལ་གླང་ཁྲིད་དེ་འོངས་ནས་རྒྱལ་བུས་ལག་པ་གཡོན་པས་ནི་ཆུ་སྣོད་ཐོགས་ཏེ། བྲམ་ཟེའི་ལག་པ་བཀྲུས། ལག་པ་གཡས་པས་ནི་བལ་གླང་གི་སྣ་ཐག་ནས་བཟུང་སྟེ་བྲམ་ཟེ་
བརྒྱད་པོ་ལ་བྱིན་པ་དང་། བྲམ་ཟེ་བརྒྱད་པོས་རྒྱལ་བུ་ལ་སྨོན་ལམ་བཏབ་བོ། །སྨོན་ལམ་བཏབ་མ་ཐག་ཏུ་བལ་གྱི་གླང་པོ་ཆེ་ལ་སྤྲུགས་ཏེ་དགའ་བཞིན་དོང་ངོ་། །དེ་ནས་རྒྱལ་བུས་བྲམ་ཟེ་དེ་དག་ལ་ཡང་འདི་སྐད་ཅེས་བསྒོའོ། །ཁྱེད་མྱུར་དུ་མགྱོགས་པར་སོང་ཤིག །གལ་ཏེ་ཡབ་
རྒྱལ་པོས་གསན་ན་སྙགས་མ་གཏོང་སྟེ་འཕྲོག་ཏུ་འོང་ངོ་ཞེས་བསྒོ་བ་དང་། དེའི་ཚེ་བྲམ་ཟེ་དེ་དག་གིས་དེ་མ་ཐག་ཏུ་མགྱོགས་སུ་དོང་ངོ་། །བློན་པོ་རྣམས་ཀྱིས་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་ནོ་ཞེས་ཐོས་ནས། ཐམས་ཅད་སྐྲག་སྟེ་ཁྲི་ལས་རྦབ་ཏུ་ལྷུང་ནས་མྱ་ངན་གྱིས་ནོན་ཏེ།

འདི་སྙམ་དུ་ཡུལ་འདི་ན་བལ་གླང་འདི་ལ་ལྟོས་ན། ད་དགྲ་ཟླ་གཞན་ལ་བྱིན་པར་གྱུར་ཏོ་སྙམ་དུ་བསམས་ནས་རྒྱལ་པོ་ག་ལ་བ་དེར་སོང་སྟེ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བུས་ནི་ཕྱིའི་དགྲ་ཐུབ་པའི་བལ་གླང་རིན་པོ་ཆེ་ཕ་རོལ་གྱི་དགྲ་ཟླ་ལ་བྱིན་ནོ་ཞེས་གསོལ་པ་དང་། རྒྱལ་པོ་ཡབ་ཡེད་ཡེད་པོར་གྱུར་པ་
ལས། བློན་པོས་ཡང་འདི་སྐད་ཅེས་གསོལ་ཏོ། །ད་ལྟར་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་འདི་མངའ་བས་ཆབ་སྲིད་ཆེ་བ་ལགས་ཏེ། བལ་གྱི་གླང་པོ་ཆེ་དེ་ནི་བལ་གླང་དྲུག་ཅུ་སྙེད་ཀྱི་མཐུ་སྟོབས་དང་ལྡན་པ་ལགས་ན་རྒྱལ་བུས་དགྲ་ཟླ་ལ་སྩལ་ཏེ། དགྲ་ཟླས་འཚལ་བས་ཆབ་སྲིད་ཀྱང་སྟོར་དུ་
མཆི་ན་ཇི་ལྟར་མཛད་པའི་རིགས། འདི་ལྟ་བུ་རང་ཉམས་སུ་སྦྱིན་པ་བྱིན་པས་བང་མཛོད་ཀྱང་སྟོངས་ཤིང་ཡུལ་གྱི་སྲིད་དང་བཙུན་མོ་དང་སྲས་ཀྱི་བར་དུ་སྦྱིན་པ་བགྱིད་པར་དོགས་སོ་ཞེས་གསོལ་པ་དང་། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ལྷག་པར་མི་དགའ་བར་གྱུར་ཏེ། བློན་
པོ་གཞན་ཞིག་བོས་ནས། བློན་པོ་དེ་ལ་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ་ཞེས་དྲིས་པ་དང་། བློན་པོ་དེས་ཀྱང་བྱིན་པ་བདེན་ནོ་ཞེས་གསོལ་ཏོ། །རྒྱལ་པོས་དེ་སྐད་སྨྲས་པ་ཐོས་མ་ཐག་ཏུ་ཆེར་དངངས་ནས་གདན་ཁྲི་ལས་ལྷུང་སྟེ། མི་དྲན་པར་བརྒྱལ་བར་གྱུར་
པ་ལས་ཆུས་གཏོར་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་པར་གྱུར། བཙུན་མོ་ཉི་ཁྲི་སྙེད་ཀྱང་ཐམས་ཅད་མྱ་ངན་གྱིས་ནོན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དང་བློན་པོ་རྣམས་འདུས་ནས། ད་རྒྱལ་བུ་འདི་ལ་ཇི་ལྟར་བྱ་ཞེས་བགྲོས་པ་དང་། དེའི་ནང་ན་བློན་པོ་གཅིག་གིས་ནི་བལ་
གླང་གི་ལྷས་སུ་སོང་བ་ནི་རྐང་པ་གཅག་པར་རིགས། བལ་གླང་བཟུང་བ་ནི་ལག་པ་གཅག་པར་རིགས། །མིག་གིས་བལ་གླང་ལ་བལྟས་ན་ཡང་མིག་དབྱུང་བར་རིགས་ཞེས་གསོལ། ཁ་ཅིག་གིས་ནི་མགོ་བཅད་པར་རིགས་སོ་ཞེས་བློན་པོ་རྣམས་སོ་སོ་ནས་བགྲོས་ཏེ་གསོལ་བའི་ཚིག་རྒྱལ་
པོས་ཐོས་ནས་རབ་ཏུ་མི་དགའ་ཞིང་མྱ་ངན་གྱིས་ནོན་ཏེ། བློན་པོ་རྣམས་ལ་འདི་སྐད་ཅེས་བསྒོའོ། །ངའི་བུ་འདི་ལེགས་པའི་དོན་ལ་མོས་ཏེ། སྦྱིན་པ་ལ་དགའ་བ་ཡིན་ན། ཇི་ལྟར་མཐོ་འཚམ་ཞིང་གཟུང་བར་བྱ། དེའི་ནང་ན་བློན་པོ་གཅིག་གིས་བློན་པོ་སྔ་མ་རྣམས་ཀྱིས་བགྲོས་

པ་མི་རུང་ངོ་ཞེས་དཔྱས་ནས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ལ་སྲས་གཅིག་པུ་ཞིག་མངའ་བ་ལ་རབ་ཏུ་སྡུག་ཅིང་གཅེས་པས་རྒྱལ་བུ་རྒྱལ་ཚབ་ལགས་ན། དེ་ལ་མཐོ་འཚམ་ཞིང་བཟུང་གདགས་བྱ་བའི་སེམས་བསྐྱེད་པར་མི་རིགས་ཏེ། བདག་ནི་རྒྱལ་པོ་ཆེན་པོའི་
སྲས་ལ་བཟུང་གདགས་བྱ་བར་མི་གསོལ་གྱི། རྒྱལ་བུ་འདི་ཡུལ་འདི་ནས་སྤྱུགས་ཏེ། ལོ་བཅུ་གཉིས་ཀྱི་བར་དུ་དགོན་པར་སྤངས་ན་སྨ་བབ་ཅིང་ངོ་ཚ་བར་འགྱུར་རོ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བློན་པོ་ཆེན་པོ་དེའི་ཚིག་མཉན་ཏོ། །དེ་ནས་རྒྱལ་པོས་རྒྱལ་བུ་རྒྱལ་ཚབ་བཀུག་སྟེ་
འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ་ཞེས་དྲིས་པ་དང་། རྒྱལ་བུས་གསོལ་པ། བདག་གིས་སྩལ་བ་མད་དོ་ཞེས་གསོལ་ཏོ། །རྒྱལ་པོས་སྨྲས་པ། རྒྱལ་བུ་ཁྱོད་ཅིའི་ཕྱིར་ང་ལ་མ་ཞུས་པར་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་ཞེས་དྲིས་པ་
དང་། རྒྱལ་བུས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སྔར་ཡབ་རྒྱལ་པོ་དང་དམ་བཅས་པ་ན་སྦྱིན་པ་ཅི་བྱིན་ན་ཡང་མི་འགལ་བར་མཛད་དོ་ཞེས་གསུངས་པས་ད་རྒྱལ་པོ་ལ་མ་ཞུས་པ་ལགས་སོ། །རྒྱལ་པོས་སྨྲས་པ། སྔར་དམ་བཅས་པ་ནི་ནོར་དབྱིག་དང་རིན་པོ་ཆེ་ལ་དབང་བར་
བྱས་ན། བལ་གྱི་གླང་པོ་ཆེ་ཅི་གཏོགས། རྒྱལ་བུས་གསོལ་པ། དེ་དག་ཐམས་ཅད་རྒྱལ་པོ་ལ་མངའ་བའི་དཀོར་ལགས་ན། ཅིའི་སླད་དུ་འདི་བཀོལ་ཏེ་མ་གཏོགས་ཞེས་གསུངས། རྒྱལ་པོས་རྒྱལ་བུ་རྒྱལ་ཚབ་ལ་སྨྲས་པ། ཁྱོད་ནི་རི་དན་ཏིག་ཏུ་ལོ་བཅུ་གཉིས་སྤངས་ཀྱིས་ཡུལ་
འདི་ནས་མྱུར་དུ་བྱུང་སྟེ་སོང་ཤིག །རྒྱལ་བུས་རྒྱལ་པོ་ལ་གསོལ་པ། བདག་རྒྱལ་པོ་ཆེན་པོས་བཀའ་སྩལ་པའི་བཀའ་ནི་མི་གཅོག་ན། ད་དུང་ཡང་ཞག་བདུན་ཞིག་སྦྱིན་པ་བགྱིས་ཏེ། བདག་གི་བསམ་པ་རྫོགས་ནས་ཡུལ་འདི་ནས་བྱུང་སྟེ་མཆི་བར་འཚལ་ལོ་ཞེས་གསོལ་ལོ། །
རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་སྦྱིན་པ་མ་འོས་པར་བྱས་པས་ཡུལ་གྱི་བང་མཛོད་ཀུན་སྟོངས་ཏེ། ངའི་བལ་གླང་རིན་པོ་ཆེ་ཡང་མེད་པར་བྱས་པས་ཁྱོད་སྤངས་པ་ཡིན་ཏེ། ད་ཕྱིར་འདུག་ཅིང་ཞག་བདུན་སྦྱིན་པ་བྱར་མི་གནང་གིས་མྱུར་དུ་སོང་ཤིག་ཅེས་བསྒོའོ། །རྒྱལ་བུས་གསོལ་

པ། རྒྱལ་པོ་ཆེན་པོའི་བཀའ་བདག་མི་གཅོག་སྟེ། རྒྱལ་པོའི་བཙུན་མོ་ཉི་ཁྲི་སྙེད་ཀྱང་རྒྱལ་པོ་གང་ན་བ་དེར་ལྷགས་ནས། རྒྱལ་བུ་རྒྱལ་ཚབ་ཞག་བདུན་ཞིག་སྦྱིན་པ་བྱིན་ཏེ་ཡུལ་ནས་མཆི་བར་གསོལ་པས་རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་། །དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱིས་སོ་སོར་བྲན་
གཡོག་མངགས་ཏེ། ཕྱོགས་བཞི་ནས་ནོར་རྫས་འདོད་པ་རྣམས་ཕོ་བྲང་སྒོར་འདུས་ཤིག །ནོར་ཟས་ཐམས་ཅད་ནི་རྟག་པ་དང་བརྟན་དུ་རུང་བ་མ་ཡིན་ཏེ། མཐར་འཇིག་ཅིང་མེད་པའི་ཆོས་ཅན་ནོ་ཞེས་བསྒོ་ནས། ཕྱོགས་བཞི་ནས་སློང་བ་མང་པོ་ལྷགས་པ་ལ་རྒྱལ་བུ་རྒྱལ་ཚབ་ཀྱིས།
ཟས་དང་སྐོམ་དང་ནོར་དང་རིན་པོ་ཆེ་རྣམས་ཞག་བདུན་གྱི་བར་དུ་ཡིད་བཞིན་དུ་བྱིན་ནས། དབུལ་ཕོངས་པ་རྣམས་ལོངས་སྤྱོད་དང་ལྡན་ཞིང་ཐམས་ཅད་བདེ་སྐྱིད་པར་བྱས་སོ། །དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱིས་ཆུང་མ་ལ་སྨྲས་པ། བཞིན་བཟངས་ལོངས་ལ་བདག་ཅི་ཟེར་བ་ཉོན་
ཅིག །རྒྱལ་པོ་ཆེན་པོས་ནི་བདག་ལོ་བཅུ་གཉིས་ཀྱི་བར་དུ་རི་དན་ཏིག་ཅེས་བྱ་བར་སྤངས་སོ། །ཆུང་མས་རྒྱལ་བུས་སྨྲས་པའི་ཚིག་ཐོས་ནས། ཡེད་ཅེས་དངངས་ཏེ་ལངས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་བུ་ལ་ཉེས་པ་ཅི་ཞིག་མཆིས་ན། རྒྱལ་པོས་དེ་ལྟ་དེ་ལྟར་མཛད་
པར་གྱུར། རྒྱལ་བུས་སྨྲས་པ། བདག་གིས་སྦྱིན་པ་མ་འོས་པ་ཞིག་བྱས་ཏེ། རྒྱལ་པོའི་བང་མཛོད་ཀྱང་སྟོངས། བལ་གླང་རིན་པོ་ཆེ་ཡང་དགྲ་ཟླ་ལ་བྱིན་ཞེས་རྒྱལ་པོ་དང་བློན་པོ་རྣམས་ཁྲོས་ནས་བདག་སྤངས་པ་ཡིན་ནོ། །བཙུན་མོ་མན་ཏེས་སྨྲས་པ། རྒྱལ་པོའི་ཡུལ་དུ་
ལོ་ལེགས་པ་དང་། རྒྱལ་པོ་ཆེན་པོ་དང་། བློན་པོ་དང་འབངས་ཀྱི་བར་དུ་བདེ་སྐྱིད་པ་དང་། ལོངས་སྤྱོད་ཆེ་བར་སྨོན་ལམ་ལེགས་པར་བཏབ་ལ་བདག་ཅག་རི་ལ་སྒོམ་དུ་འདོང་ངོ་། །རྒྱལ་བུས་སྨྲས་པ། བཞིན་བཟངས་རི་ནི་འཇིགས་པའི་གནས་ཡིན་ཏེ། ཤིན་ཏུ་བྱ་དཀའ་བ་
བསམ་དགོས་ལ་སེང་གེ་དང་སྟག་ལ་སོགས་པ་གཅན་གཟན་མ་རུངས་པ་ཡོད་པས་རབ་ཏུ་འཇིགས་ན་ཁྱོད་ནི་ལོངས་སྤྱོད་མྱོང་བ་ཡིན་པས་ཁྱོད་དེ་ལྟ་བུ་དག་བཟོད་དམ། ཁྱོད་ཕོ་བྲང་གི་ནང་ན་གོས་སུ་ནི་ཕྲ་བ་དང་འཇམ་པ་གྱོན། གནས་སུ་ནི་གུར་དང་ཡོལ་བས་བསྐོར་བ་ན་འདུག །ཟས་སུ་

ནི་ཅི་ལ་དགའ་བ་བཞིན་ཞིམ་པ་དང་མངར་བ་ལ་ཟ་ན། རི་ལ་ནི་སྟན་དུ་ནི་རྩྭ་འདིངས། ཟས་སུ་ནི་འབྲས་བུ་ཟ་ན། ཁྱོད་དེ་ལ་མོས་ཤིང་དགའ་བ་ཅི་ཞིག་ཡོད། དེ་མ་ཡིན་པ་གཞན་ཡང་རླུང་དང་ཆར་པ་དང་འབྲུག་དང་སེར་བ་ཆེ་ཞིང་བ་མོ་དང་ཟིལ་པས་མིའི་སྤུ་ཡང་ལངས་པ་
ཙམ་དུ་གྲང་བའི་ཚེ་ན་ནི་གྲང་རབ་ལ་ཚ་བའི་ཚེ་ན་ནི་ཚ་རབ་སྟེ། ཤིང་གི་གསེབ་ན་འདུག་པའི་གནས་སུ་ཡང་མི་རུང་ན། ས་ལ་གཟེ་མ་དང་གསེག་མ་དང་རྡོ་བ་ཡང་མང་ཞིང་སྦྲུལ་གདུག་པ་ཡང་ཡོད་ན། ཁྱོད་དེ་ལྟ་བུ་དག་བཟོད་དམ། མན་ཏེས་སྨྲས་པ། བདག་ལ་མཉེན་ཞིང་འཇམ་པ་དང་གུར་དང་
ཡོལ་བ་དང་མངར་བ་དང་ཞིམ་པས་ཅི་ཞིག་བགྱི། རྒྱལ་བུ་དང་བྲལ་ཞིང་སོ་སོར་མཆི་བ་བདག་མི་བཟོད་དེ། ནམ་དུ་ཡང་རྒྱལ་བུ་དང་མི་འབྲལ་ཞིང་ལྷན་ཅིག་འགྲོགས་པར་དགའོ། །རྒྱལ་པོའི་ཐོག་མར་འགྲོ་བ་ནི་རྒྱལ་མཚན། མེའི་ཐོག་མར་འགྲོ་བ་ནི་དུད་པ། ཆུང་མའི་ཐོག་མར་
འགྲོ་བ་ནི་ཁྱིམ་ཐབ་ཡིན་པས་བདག་ནི་རྒྱལ་བུ་ལ་ཡིད་བརྟན་ཏེ་སྐྱབས་སུ་མཆིའོ། །རྒྱལ་བུ་ནི་བདག་གི་ལྷ་ལགས་ཏེ། རྒྱལ་བུས་ཕྱོགས་བཞི་ནས་འདུས་པ་ལ་སྦྱིན་པ་བྱིན་པའི་ཚེ། བདག་གིས་ཀྱང་རྒྱལ་བུའི་གྲོགས་བགྱིས་པས། ད་རྒྱལ་བུ་ལམ་རིང་དུ་འགྲོ་བ་ལས། གལ་ཏེ་ཕ་
རོལ་པོ་སློང་བ་འོངས་ན་བདག་གིས་དེ་བཞིན་དུ་གྲོགས་བགྱི། རྒྱལ་བུས་སྦྱིན་པ་མཛད་ན་བདག་གི་སྲོག་ལ་བབ་ཀྱང་ཕྱིར་མི་ནུར་བས་ཐེ་ཙོམ་མི་མཛད་དུ་གསོལ། རྒྱལ་བུས་སྨྲས་པ། བདག་ནི་སྦྱིན་པ་ལ་དགའ་བས་ཕ་རོལ་གྱི་སེམས་མི་ཟློགས་ཏེ། ཕ་རོལ་པོས་བདག་ལ་གལ་ཏེ་བུའམ་ཁྱོད་
ཉིད་སློང་བ་འོངས་ན་ཡང་བདག་གིས་མི་གཏོང་མི་ནུས་སོ། །ཅི་སྟེ་བདག་གིས་བསམས་པ་ཁྱོད་ཀྱིས་དེ་བཞིན་མ་བྱས་ན་ནི་བདག་གི་དགེ་བའི་སེམས་འཁྲུགས་པར་གྱུར་པས་འགྲོ་བར་མི་རིགས་སོ། །མན་ཏེས་སྨྲས་པ། རྒྱལ་བུས་སྦྱིན་པ་མཛད་པ་ནི་འཇིག་རྟེན་ན་གང་ཡང་འདི་འདྲ་བ་མེད་པས་ཡིད་
བཞིན་དུ་སྦྱིན་པ་མཛད་དུ་གསོལ། རྒྱལ་བུས་སྨྲས་པ། ཁྱོད་དེ་ལྟར་ནུས་ན་ཤིན་ཏུ་ལེགས་སོ་ཞེས་རྒྱལ་བུ་དང་བཙུན་མོ་དང་སྲས་གཉིས་དང་བཅས་པ་འགྲོགས་ཏེ། ཡུམ་གང་ན་བ་དེར་སོང་ནས་ད་བདག་ཅག་མཆིའོ་ཞེས་མཆི་ཕྱག་བྱས་ནས་ཡུམ་ལ་འདི་སྐད་ཅེས་གསོལ་ཏོ། །ཡུམ་གྱིས་

སྐབས་སྐབས་སུ་རྒྱལ་པོ་ཆེན་པོ་ལ། ཅི་ནས་དཀར་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་བདེ་ཞིང་འབངས་མང་པོ་གཏམས་ལས་མི་གཅད་པར་གྲོས་གདབ་པར་གསོལ་ལོ། །ཡུམ་གྱིས་རྒྱལ་བུ་འགྲོའོ་ཞེས་མཆི་ཕྱག་བྱས་པ་མཐོང་ནས་ལྷག་པར་མྱ་ངན་གྱིས་གདུངས་ཏེ་དྲུང་ན་འདུག་པ་ལ་འདི་
སྐད་ཅེས་སྨྲས་སོ། །ཁོ་མོའི་ལུས་འདི་ནི་རྡོ་བ་ཡིན་པ་ལྟ། སྙིང་ནི་རྡོ་རྗེ་ཡིན་པ་ལྟ་སྟེ། བདག་གིས་རྒྱལ་པོ་ཆེན་པོའི་རིམ་གྲོ་བྱ་བ་ལ་སྐྱོན་མ་བྱུང་ན། ད་ཁོ་མོའི་བུ་གཅིག་པུ་འདི་དང་བྱེ་བྲལ་ཏེ། འགྲོ་ན་ཅིའི་ཕྱིར་ཁོ་མོའི་སྙིང་འདི་གས་ཏེ་ཤི་བར་མ་གྱུར། བུ་འདི་ཁོ་མོའི་ཁོང་པ་ན་འདུག་པ་
ན་སྐྱེད་ཤིང་གི་འདབ་མ་ལྟར་ཉིན་མཚན་ཆེར་སྐྱེས་ཏེ། ད་སྐྱེད་རྫོགས་ནས་ཁོ་མོ་བོར་ཏེ་སོང་བས་ན། བཙུན་མོ་ཐམས་ཅད་ཀྱང་བདག་ལ་སྙིང་ཚིམ་མོ་ཞེས་བརྗོད་ལ་རྒྱལ་པོས་ཀྱང་བཀུར་བར་མི་འགྱུར་ན། གལ་ཏེ་ལྷ་རྣམས་ཀྱིས་བདག་གི་སྨོན་ལམ་བཞིན་མི་འགལ་བར་མཛད་ན་བདག་གི་བུ་ཕྱིར་
ཡུལ་དུ་འཁོར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་རྒྱལ་བུ་བཙུན་མོ་དང་སྲས་གཉིས་དང་བཅས་ཏེ། ཡབ་དང་ཡུམ་ལ་མཆི་ཕྱག་བྱས་ཏེ་དོང་ངོ་། །དེའི་ཚེ་བཙུན་མོ་ཉི་ཁྲིས་ནི་སོ་སོ་ནས་མུ་ཏིག་གི་ཆུན་པོ་རེ་རེ་བརྫངས་སོ། །བློན་པོ་ཆེན་པོ་བཞི་སྟོང་གིས་ནི་རིན་པོ་ཆེ་སྣ་བདུན་
ལས་བྱས་པའི་མེ་ཏོག་པད་མོ་རེ་རེ་རྒྱལ་བུ་ལ་བརྫངས་སོ། །དེ་ནས་རྒྱལ་བུ་ཕོ་བྲང་ནང་ནས་བྱུང་སྟེ་གྲོང་ཁྱེར་གྱི་བྱང་སྒོར་ཕྱིན་ནས། རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་དོ་ཤལ་ཡང་རིལ་གྱིས་ཕྱོགས་བཞི་ནས་འདུས་པ་ལ་མ་ལུས་པར་བྱིན་ནོ། །ཡུལ་དེ་ན་གནས་པའི་མི་མང་པོ་ཁྲི་ཕྲག་དུ་མས་
རྒྱལ་བུ་བསྐྱལ་ཏེ། དེ་དག་འདི་སྐད་ཅེས་གཏམ་དུ་བརྗོད་དོ། །རྒྱལ་བུ་འདི་ནི་ཤིན་ཏུ་དགེ་བ་ཡུལ་གྱི་ལྷ་གཉན་ལྟ་བུ་ཡིན་ན། ཅིའི་ཕྱིར་ཡབ་ཡུམ་གྱིས་སྲས་རིན་པོ་ཆེ་འདི་ལམ་རིང་དུ་སྤངས་ཤེས་མཐོང་བ་ཐམས་ཅད་ཀྱིས་ཕངས་སོ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་བུ་གྲོང་ཁྱེར་གྱི་ཕྱི་རོལ་དུ་
སྐྱེད་ཤིང་གི་དྲུང་ན་འདུག་སྟེ། སྐྱེལ་བའི་མི་རྣམས་ལ་འདི་ནས་ཕྱིར་དེངས་ཤིག་ཅེས་སྤྲོ་བའི་ཚིག་སྨྲས་པ་དང་། སྐྱེལ་སྐྱེལ་བ་ཆེ་ཆུང་ཐམས་ཅད་མཆི་མ་བླགས་ཏེ་ངུས་ནས་ཕྱིར་དོང་ངོ་། །དེ་ནས་རྒྱལ་བུས་བཙུན་མོ་དང་སྲས་གཉིས་ཤིང་རྟའི་ནང་དུ་བཞག་ནས། རྒྱལ་བུ་ཉིད་ཀྱིས་ཤིང་

རྟ་ཁ་ལོ་བསྒྱུར་ཏེ་སོང་བ་ལས་རྒྱངས་ཆད་པར་ཕྱིན་ཏེ། སྐྱེད་ཤིང་གི་དྲུང་ན་ངལ་སོ་ཞིང་འདུག་པ་ལས་བྲམ་ཟེ་དག་ཅིག་ལྷགས་ནས། རྒྱལ་བུ་ལས་ཤིང་རྟ་ཁྲིད་པའི་རྟ་བསླངས་སོ། །རྒྱལ་བུས་སློང་བ་ལ་རྟ་བྱིན་ནས། སྲས་བུ་གཉིས་ཤིང་རྟའི་སྟེང་དུ་བཞག་སྟེ། བཙུན་
མོས་ནི་ཤིང་རྟའི་ཕྱི་ནས་ཕུལ། རྒྱལ་བུས་ནི་མདུན་ནས་དྲངས་ཏེ་རྐང་པས་ཤིང་རྟ་འདྲེན་ཅིང་སོང་བ་ལས། རིང་པོ་མ་ལོན་པར་ཡང་བྲམ་ཟེ་ཞིག་དང་ཕྲད་ནས་ཤིང་རྟ་བསླངས་པ་དང་། རྒྱལ་བུས་ཤིང་རྟ་ཡང་བྲམ་ཟེ་ལ་བྱིན་ནོ། །དེ་ནས་ཡང་སོང་བ་ལས་རིང་པོ་མ་ལོན་པར་ཡང་བྲམ་ཟེ་སློང་བ་དང་ཕྲད་
ནས་རྒྱལ་བུས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་གིས་ཁྱོད་ལ་མ་བྱིན་ན་ནི་ཆགས་ཤིང་སེར་སྣ་བྱེད་པར་གྱུར་ན། ད་ནི་བདག་ལ་ནོར་ཟས་ཟད་དེ་ཅི་ཡང་མེད་དོ་ཞེས་སྨྲས་པ་དང་། བྲམ་ཟེ་ན་རེ་ནོར་རྫས་མེད་ན་ལུས་ལ་གྱོན་པའི་གོས་དེ་ང་ལ་བྱིན་ཅིག་ཅེས་སྨྲས་པ་དང་། རྒྱལ་བུས་ལུས་
ལ་གྱོན་པའི་གོས་རིན་པོ་ཆེ་ཡང་སློང་བ་ལ་བྱིན་ཏེ། གོས་རྙིང་པ་ཞིག་གྱོན་ཏེ་དོང་བ་ལས་རིང་པོ་མ་ལོན་པར་བྲམ་ཟེ་ཡང་སློང་བ་ཞིག་དང་ཕྲད་ནས་རྒྱལ་བུས་བཙུན་མོའི་གོས་བྱིན་ནོ། །དེ་ནས་ཡང་དོང་བ་ལས་རིང་པོ་མ་ལོན་པར་བྲམ་ཟེ་སློང་བ་དང་ཕྲད་ནས། རྒྱལ་བུས་སྲས་གཉིས་ཀྱི་གོས་ཀྱང་བྱིན་
ནོ། །དེ་ལྟར་རྒྱལ་བུས་རྟ་དང་ཤིང་རྟ་དང་ནོར་རྫས་དང་བགོ་བའི་གོས་ཀྱི་བར་དུ་མ་ལུས་པར་ཟད་པར་བྱིན་པ་ཡང་། ཐོག་མ་ནས་འགྱོད་པའི་སེམས་སྐྲའི་ཉག་མ་ཙམ་མམ་བ་སྤུ་ཙམ་ཡང་མེད་དོ། །རྒྱལ་བུས་ནི་སྲས་བུ་ཁུར་དུ་ཐོགས། བཙུན་མོས་ནི་སྲས་མོ་པང་དུ་ཁྱེར་ནས་རྐང་པས་སོང་ཡང་
རྒྱལ་བུ་དང་བཙུན་མོ་དང་སྲས་གཉིས་ཀྱི་བར་དུ་དགའ་བའི་མདངས་དང་བཅས་ཏེ་རི་ག་ལ་བ་དེར་སོང་ངོ་། །རི་དན་ཏིག་ཅེས་བྱ་བར་ཡུལ་ཡ་བ་ནས་ལམ་སོ་རབ་ཏུ་རིང་སྟེ་དཔག་ཚད་ཕྲག་སྟོང་ཞིག་ཡོད་དོ། །དེ་ལྟར་སོང་སོང་བ་ལས་འབྲོག་དགོན་པར་ཕྱིན་ནས། བཀྲེས་པ་དང་སྐོམ་པའི་སྡུག་
བསྔལ་གྱིས་ཉེན་པ་ལས། སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་དབང་པོས་འབྲོག་དགོན་པ་དེར་གྲོང་ཁྱེར་ཁྱིམ་བཟང་པོ་ཚོང་འདུས་དང་ལམ་སྲང་ཡོད་པ། རོལ་མོ་དང་གོས་དང་བཟའ་བ་དང་བཏུང་བ་དང་ལྡན་པ། གྲོང་ཁྱིམ་དེ་ན་མི་དག་གིས་རྒྱལ་བུ་བསུ་བ་དག་སྤྲུལ་ཏོ། །མི་མང་པོས་རྒྱལ་བུ་གྲོང་

ཁྱིམ་དུ་བསུས་ཏེ། ཟས་དང་སྐོམ་དང་བདེ་བའི་ཡོ་བྱད་ཀྱིས་བསྟབས་པ་དང་། བཙུན་མོས་རྒྱལ་བུ་ལ་སྨྲས་པ། ལམ་རིང་པོར་བགྲོད་པས་རབ་ཏུ་ངལ་ད་ཐལ་བྱུང་འདུག་ཏུ་མི་རུང་ངམ། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི་དན་ཏིག་ཏུ་སོང་ཤིག་ཅེས་བཀའ་སྩལ་
ཏེ། ད་འདིར་འདུག་པར་གྱུར་ན་ཡབ་རྒྱལ་པོའི་བཀའ་དང་འགལ་བར་གྱུར་ཏེ་བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་གྲོང་ཁྱེར་དེ་ནས་བྱུང་སྟེ་མོད་ལ་སོང་ངོ་། །དེ་ལྟར་སོང་བ་ལས་རིང་པོ་མ་ལོན་པར་རི་དན་ཏིག་གི་རིའི་དྲུང་དུ་ཕྱིན་པ་དང་། རི་དེའི་དྲུང་ན་ཆུ་ཆེན་པོ་ཤིན་ཏུ་ཟབ་པ་རྒལ་བར་མི་ཐར་བ་ཞིག་དང་
ཕྲད་དོ། །དེ་ནས་བཙུན་མོས་རྒྱལ་བུ་ལ་རེ་ཞིག་འདིར་བསྡད་དོ། །ཆུ་ཆེན་པོ་བྲི་ནས་རྒལ་ཏེ་འདོང་ངོ་ཞེས་སྨྲས་པ་དང་། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི་དན་ཏིག་ཏུ་སོང་ཤིག་ཅེས་བཀའ་སྩལ་པས། ད་འདིར་འདུག་པར་གྱུར་ན་རྒྱལ་པོའི་བཀའ་དང་འགལ་ཏེ། བུ་སྲི་
ཞུ་ཅན་མ་ཡིན་ནོ་ཞེས་སྨྲས་ནས་རྒྱལ་བུ་དེ་མ་ཐག་ཏུ་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་དུ་ཞུགས་པ་དང་། མོད་ལ་ཆུའི་ནང་ནས་རི་ཆེན་པོ་ཞིག་བྱུང་ནས་ཆུའི་རྒྱུན་བཅད་དོ། །དེ་ནས་རྒྱལ་བུ་དང་བཙུན་མོ་གོས་བརྗེས་ཏེ། ཆུ་རྒལ་ནས་ཕར་རྒལ་མ་ཐག་ཏུ་རྒྱལ་བུ་ཡང་འདི་སྙམ་དུ་
བསམས་སོ། །ཐལ་བྱུང་སོང་བར་གྱུར་ན་ཆུ་འཁྱིལ་པ་འདིས་སེམས་ཅན་མང་དུ་འཆི་སྟེ། གྲོག་སྦུར་མང་པོ་ཆུས་ཁྱེར་བར་འགྱུར་རོ་སྙམ་བསམས་ནས། རྒྱལ་བུ་ཕྱིར་ཆུ་ལ་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ། །ཆུ་ཁྱོད་སྔ་མཁོ་བཞིན་དུ་རྒྱུན་དུ་འབབ་ཅིང་གལ་ཏེ་བདག་འདོད་པ་ཞིག་འོངས་
ན་ཡང་ཐར་བར་བྱོས་ཤིག་ཅེས་སྨྲས་མ་ཐག་ཏུ་ཆུ་ཡང་སྔ་མཁོ་བཞིན་དུ་འབབ་པར་གྱུར་ཏོ། །དེ་ནས་སོང་བ་ལས་རི་དན་ཏིག་ཏུ་ཕྱིན་ནས་རྒྱལ་བུས་རི་དེ་ལ་བལྟས་ནས། རི་དེ་རད་རོད་དང་ཟད་ཟེད་དུ་འདུག་ལ་ཤིང་མང་པོ་རབ་ཏུ་རྒྱས་ཤིང་བྱ་སྣ་ཚོགས་ཀྱང་སྙན་པའི་སྒྲ་འབྱིན། འབབ་ཆུ་དང་
ཆུ་མིག་དང་མཚེའུ་དང་ལྟེང་ཀར་ལྡན་ཏེ་ཆུ་ནི་མངར། འབྲས་བུ་ནི་ཞིམ། ཆུ་བྱ་དང་ངང་ངུར་དང་འཇོལ་མོ་དང་རི་སྐེགས་ལ་སོགས་པ་བྱ་རྣམ་པ་སྣ་ཚོགས་དག་ཀྱང་གནས་པ་མཐོང་ནས་རྒྱལ་བུས་བཙུན་མོ་ལ་ཡང་འདི་སྐད་ཅེས་སྨྲས་སོ། །རི་འདི་ལ་བལྟས་ན་ཤིང་དང་ཚལ་གནམ་ལ་རེག་པ་

ཙམ་དུ་སྐྱེས་ན་ཡང་། བརྔས་པའམ་བཅད་པ་མེད་པས་ཆུ་མིག་ཞིམ་པོ་ལ་འཐུང་ཞིང་འབྲས་བུ་མངར་བ་ཟ་སྟེ། རི་འདི་ལ་སྒོམ་པ་དག་ཡོད་པས་འདིར་གནས་པར་བྱའོ། །རྒྱལ་བུ་རི་དེ་ལ་ཕྱིན་པ་ན། རི་དེ་ལ་གནས་པའི་འདབ་ཆགས་བྱ་དང་གཅན་གཟན་དང་རི་དགས་
ཐམས་ཅད་རབ་ཏུ་དགའ་ནས་རྒྱལ་བུ་བསུས་སོ། །དེའི་ཚེ་རི་དེ་ལ་སྒོམ་པའི་དགེ་སློང་ཨ་ཚུ་ཏ་ཞེས་བྱ་བ་ལོ་ལྔ་བརྒྱ་ལོན་པ། ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ། རྒྱལ་བུ་དེའི་དྲུང་དུ་སོང་ནས། ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །རི་འདི་ལ་གང་ཕྱོགས་
ན་འབྲས་བུ་དང་ཆུ་མིག་བཟང་པོར་ལྡན་པ་གནས་སུ་རུང་བ་ཅི་ཡོད་ཅེས་དྲིས་པ་དང་། ཨ་ཚུ་ཏས་སྨྲས་པ། རི་འདི་གནས་ཐམས་ཅད་དུ་བསོད་ནམས་དང་ལྡན་པའི་ས་གཞི་ཡིན་པས་གང་དུ་གནས་ཀྱང་རུང་སྟེ། རི་འདི་ནི་ཤིན་ཏུ་དབེན་པའི་གནས་གཙང་མ་ཡིན་པས་ན་ཅི་རྒྱལ་བུ་ཁྱོད་ཆུང་
མ་དང་བུ་སྨད་དུ་བཅས་ཏེ་ཆོས་སློབ་ཏུ་འོངས་སམ། དེ་ལ་རྒྱལ་བུས་སྨྲ་མ་ཁོམ་པར་བཙུན་མོ་མན་ཏེས་སྨྲས་པ། དགེ་སློང་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རི་ལ་ལམ་བསྒོམས་ནས་ཇི་སྲིད་ཅིག་ལོན། དགེ་སློང་གིས་སྨྲས་པ། རི་འདིར་ཕྱིན་ནས་ལོ་བཞི་བརྒྱའམ་ལྔ་བརྒྱ་
ཙམ་ལོན་ནོ། །བཙུན་མོ་མན་ཏེས་སྨྲས་པ། ད་དུང་བདག་དང་བདག་གི་བར་དུ་འཛིན་ན་ནམ་ཞིག་ལམ་ཐོབ་པར་འགྱུར། དེ་སྲིད་དུ་རི་ལ་གནས་ཀྱང་རྡོ་ཤིང་དང་ཐ་མི་དད་དེ་བདག་དང་བདག་གིར་མི་འཛིན་ན་གདོད་ལམ་ཐོབ་པར་འགྱུར་རོ་ཞེའོ། །དགེ་སློང་གིས་སྨྲས་པ། བདག་གིས་
ཡང་དག་པར་དོན་དེ་ལྟ་བུ་མི་ཤེས་སོ། །དེ་ནས་རྒྱལ་བུས་དགེ་སློང་ལ་སྨྲས་པ། བཙུན་པ་ཡུལ་ཡ་བའི་རྒྱལ་བུ་རྒྱལ་ཚབ་དོན་གྲུབ་ཅེས་བྱ་བ་ཐོས་སམ། དགེ་སློང་གིས་སྨྲས་པ། བདག་གིས་རྒྱུན་དུ་ཐོས་ཀྱི་མཐོང་བ་ནི་མ་ཡིན་ནོ། །རྒྱལ་བུས་སྨྲས་པ། བདག་ནི་རྒྱལ་བུ་རྒྱལ་ཚབ་དོན་གྲུབ་
ཅེས་བྱ་བ་ཡིན་ནོ། །དགེ་སློང་གིས་རྒྱལ་བུ་ཁྱོད་གར་འགྲོ་ཅི་འདོད་ཅེས་དྲིས་པ་དང་། རྒྱལ་བུས་སྨྲས་པ། བདག་ནི་ཐེག་པ་ཆེན་པོའི་ལམ་འདོད་དོ་ཞེས་སྨྲས་སོ། །དགེ་སློང་གིས་སྨྲས་པ། རྒྱལ་བུའི་ཡོན་ཏན་དང་སྦྱར་ན། རིང་པོར་མི་ཐོགས་པར་ཐེག་པ་ཆེན་པོའི་ལམ་ཐོབ་པར་འགྱུར་ཏེ།

རྒྱལ་བུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ན། བདག་ནི་ཉེ་གནས་རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་ཅིག་ཅེས་སྨྲས་ནས། རྒྱལ་བུ་ཁྲིད་དེ་འདུག་པའི་གནས་བསྟན་ཏོ། །དེ་ནས་དགེ་སློང་གིས་ཆོས་བཞིན་དུ་རྒྱལ་བུའི་སྐྲ་སླས་ནས་མདུད་པ་བོར་ནས། ཟས་སུ་ནི་ཤིང་གི་འབྲས་
བུ་ཤིང་ཏོག་ཟ། སྐོམ་དུ་ནི་ཆུ་མིག་འཐུང་ངོ་། །དེ་ནས་རྒྱལ་བུས་ཤིང་དང་རྩྭ་བསྡུས་ཏེ། བདག་འདུག་པའི་རྩྭའི་སྤྱིལ་པོ་ཆུང་ངུ་མ་གཅིག་བྱས། བཙུན་མོ་མན་ཏེ་བུ་མིང་སྲིང་གཉིས་འདུག་པའི་སྤྱིལ་པོ་རེ་རེ་ཡང་བྱས་སོ། །དེའི་ཚེ་ན་ཁྱེའུའི་མིང་ནི་ཡ་རི་ཞེས་བྱ་སྟེ། ལོ་བདུན་ལོན་ནས་
གོས་རང་གྱོན་ནུས་ཏེ། ཕའི་ཕྱི་བཞིན་དུ་འགྲོའོ། །བུ་མོའི་མིང་ནི་གེ་ནོ་ཡན་ཞེས་བྱ་སྟེ་ལོ་དྲུག་ལོན་པས། རི་དགས་ཀྱི་པགས་པ་གྱོན་ཅིང་མའི་ཕྱི་བཞིན་འགྲོའོ། །རི་དེ་ལ་གནས་པའི་གཅན་གཟན་དང་། རི་དགས་དང་། འདབ་ཆགས་བྱ་ལ་སོགས་པ་ཐམས་ཅད་ཀྱང་རབ་ཏུ་
དགའ་ནས། རྒྱལ་བུ་ལ་རྟེན་ཅིང་གནས་སོ། །རྒྱལ་བུ་རི་དེ་ལ་ཕྱིན་ནས་ཞག་གཅིག་ལོན་པ་དང་། སྔོན་སྐམས་པའི་ཆུ་མིག་དང་། རྫིང་ཡང་ཆུས་གང་བར་གྱུར། སྐྱེད་ཤིང་སྐམས་པ་རྣམས་ཀྱང་ཐམས་ཅད་མེ་ཏོག་དང་འདབ་མ་སྐྱེས་པར་གྱུར་ཏེ། སྲིན་བུ་གདུག་པ་རྣམས་ཀྱང་
མེད་པར་གྱུར་ནས། གཅན་གཟན་གཅིག་ལ་གཅིག་ཟ་བ་ཡང་སོ་སོ་ནས་རྩྭ་ལ་ཟ་བར་གྱུར། འབྲས་བུའི་ཤིང་རྣམས་ཀྱང་རྒྱས་ཤིང་བཟང་པོར་གྱུར། བྱ་སྣ་ཚོགས་སྙིང་རྗེའི་སྐད་ཀྱི་སྒྲ་སྐད་སྙན་པ་འབྱིན་པར་གྱུར་ཏོ། །བཙུན་མོ་མན་ཏེས་ནི་ཤིང་གི་འབྲས་བུ་དང་ཤིང་ཏོག་བརྔས་
ཤིང་རྒྱལ་བུ་ལ་ཕུལ་ཏེ། སྲས་མིང་སྲིང་གཉིས་ཀྱང་སྙོད་དོ། །སྲས་བུ་མིང་སྲིང་གཉིས་ནི་སྐབས་སྐབས་སུ་ཕ་མ་གཉིས་དང་བྲལ་ཏེ། ཧ་ཅང་ཡང་མི་རིང་བའི་ཆུ་མིག་འགྲམ་དག་ཏུ་གཅན་གཟན་ནམ་རི་དགས་དག་དང་ལྷན་ཅིག་རྩེ་སྟེ། བར་འགའ་ཞག་ལོན་པར་ཡང་རྩེའོ། །ཕྱིས་
དུས་གཞན་ཞིག་ན་སྲས་ཁྱེའུ་ཡ་རི་སེང་གེ་ལ་ཞོན་པ་ལས། སེང་གེ་རྒལ་ནས་རྡབ་ཅིག་བསྣུན་པས་སྲས་བུའི་གདོང་པ་ཅུང་ཟད་སྣད་དེ་ཁྲག་བྱུང་བ་ལས། སྤྲེའུ་ཞིག་གིས་ཤིང་གི་ལོ་མ་བླངས་ཏེ་གདོང་གི་ཁྲག་ཕྱིས་ནས་ཆུ་འགྲམ་དུ་ཁྲིད་དེ་ཁྲག་བཀྲུས་པ་ཡང་རྒྱལ་བུས་རྒྱང་མ་ནས་མཐོང་ངོ་། །

དེའི་ཚེ་ཡུལ་ཀཻ་ལཻ་ཞེས་བྱ་བར་བྲམ་ཟེ་དབུལ་པོ་ཞིག་ལོ་བཞི་བཅུ་ལོན་ནས་ཆུང་མ་བླངས་སོ། །ཆུང་མ་ནི་རབ་ཏུ་བཟང་ཞིང་སྡུག་ལ། བྲམ་ཟེ་དེ་ནི་རབ་ཏུ་མི་སྡུག་པའི་མཚན་མ་བཅུ་གཉིས་རྫོགས་པར་ཡོད་དེ། དེའི་ལུས་མདོག་སོལ་བ་ལྟར་གནག་ལ་གདོང་
ལ་འབུར་འབུར་པོ་གསུམ་ཡོད་པ། སྣ་འཁྱོར་ཞིང་མིག་གཉིས་ཤེལ་ལྟར་སྔོ་བ། གདོང་གཉེར་མ་ཅན་ལ་མ་མཆུ་འཕྱང་བ། སྨྲ་བའི་སྐད་མི་སྙན་པ། གསུས་པ་ཆེ་བ། རྐུབ་འབུར་བ། རྐང་པ་གཉིས་གྱོལ་བ། མགོ་ཤུ་བ་ཅན་ལ་སྐྲ་མེད་པ། འདྲེ་ལྟར་མི་སྡུག་པ་ཞིག་
སྟེ། ཆུང་མས་ཀྱང་མཐོང་མི་འདོད་པ་ཙམ་དུ་ཤི་ཡང་སླ་ཞེས་རྒྱུན་དུ་དམོད་མོ་བྱེད་པ་ཞིག་ཡོད་དོ། །དུས་གཞན་ཞིག་ན་ཆུང་མ་དེ་ཆུ་ཆུར་སོང་སོང་བ་ལས། ལམ་དུ་ཁྱོ་ག་གཞོན་ནུ་མ་དག་ཅིག་དང་ཕྲད་ནས་ཁྱོ་ག་རྣམས་ཀྱིས་ཁྱིམ་ཐབ་ཀྱི་གཟུགས་འདི་འདྲའོ་ཞེས་ཅོ་འདྲི་ཞིང་
བགད་ནས། ཁྱོད་ནི་དཔེ་མེད་པར་བཟང་ཞིང་སྡུག་ན། ཅི་ལྟར་འདི་འདྲ་བའི་ཆུང་མ་བྱེད་ནུས་ཅེས་སྨྲས་པ་དང་ཆུང་མས་ཁྱོ་ག་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རྒན་པོའི་མགོ་ནི་ཤིང་ལ་བ་མོ་ཆགས་པ་ལྟར་སྐྱ་བ་དེ་ནང་ནུབ་ཏུ་ཤི་བར་དགའ་ན་ཤིར་མི་བཏུབ་ཇི་ལྟར་བྱ། དེ་
ནས་ཆུ་སྣོད་ཐོགས་ནས་ཕྱིར་ཁྱིམ་དུ་འོངས་ཏེ། ཁྱིམ་ཐབ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཆུ་ཆུར་སོང་སོང་བ་ལས། ལམ་དུ་ཁྱོ་ག་གཞོན་ནུ་དག་ཅིག་དང་ཕྲད་དེ། དེ་དག་བདག་ལ་ཅོ་འདྲི་ཞིང་བགད་ནས། ད་ཁྱོད་ཀྱིས་བཀོལ་བའི་བྲན་ཁོལ་ཡོད་ན་ཆུ་ཆུ་ཡང་མི་དགོས་
ཏེ། གཞན་གྱིས་དཔྱས་པར་ཡང་མི་འགྱུར་རོ། །ཁྱིམ་ཐབ་ཀྱིས་སྨྲས་པ། བདག་ཅག་ནི་ཤིན་ཏུ་ཡང་དབུལ་ཕོངས་པ་ཡིན་ན་བྲན་ཁོལ་ག་ལས་རྙེད་པར་འགྱུར། ཆུང་མས་སྨྲས་པ། གལ་ཏེ་བདག་གི་ཕྱིར་བྲན་ཁོལ་མ་བཙལ་ན་བདག་ཀྱང་འགྲོ་སྟེ། ཁྱོད་དང་ལྷན་ཅིག་མི་གནས་སོ་
ཞེས་ཆུང་མས་ཡང་འདི་སྐད་ཅེས་སྨྲས་སོ། །ཁོ་མོས་ཐོས་ན། རྒྱལ་བུ་དོན་གྲུབ་སྦྱིན་པ་མ་འོས་པར་བྱིན་པས་ཡབ་རྒྱལ་པོས་རི་དན་ཏིག་ཅེས་བྱ་བར་སྤངས་སོ། །རྒྱལ་བུ་དེ་ལ་བུ་ཁྱེའུ་གཅིག་དང་བུ་མོ་གཅིག་ཡོད་ཅེས་གྲག་གིས། ཁྱོད་དེ་སློང་དུ་སོང་ཤིག །ཁྱིམ་ཐབ་ཀྱིས་སྨྲས་པ།

རི་དན་ཏིག་ཅེས་བྱ་བ་འདི་ནས་དཔག་ཚད་དྲུག་སྟོང་ལྷག་ཙམ་གཅིག་གི་ལམ་སོ་ཡོད་ལ། སྔོན་ལ་ལུང་བགྲོད་ཀྱང་མ་མྱོང་ན་ད་ཅི་ལྟར་བགྲོད་པར་བྱ། ཆུང་མས་སྨྲས་པ། བདག་གི་ཕྱིར་བྲན་ཁོལ་མ་བཙལ་ན་བདག་འགེགས་ཏེ་འཆིའོ་ཞེས་སྨྲས་པ་དང་། ཁྱིམ་ཐབ་ཀྱིས་སྨྲས་པ། ཉེས་
ན་ཁོ་བོ་ནི་གཅིག་གིས་བསད་ཀྱང་སླའོ། །ཁྱོད་ཤི་བར་མི་འདོད་དོ་ཞེས་སྨྲས་ནས། ཁྱོད་ཀྱིས་བདག་སློང་དུ་འགྲོ་བར་དད་ན་ཁོ་བོའི་རྒྱགས་དང་དགོས་པ་སྦྱོར་ཅིག་ཅེས་བསྒོའོ། །ཆུང་མས་སྨྲས་པ། ད་སོང་ཤིག་རྒྱགས་དང་དགོས་པ་ཡང་མེད་དོ་ཞེས་སྨྲས་ནས། བྲམ་ཟེས་རྒྱགས་
རང་སྦྱར་ཏེ་རྐང་པས་ལམ་དུ་ཞུགས་ཏེ་སོང་ངོ་། །དེ་ནས་བྲམ་ཟེ་ཡུལ་ཡ་བ་ཞེས་བྱ་བ་ག་ལ་བ་དེར་སོང་སྟེ་དེར་ཕྱིན་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོར་འོངས་ནས་སྒོ་སྲུང་བ་ལ་རྒྱལ་བུ་དོན་གྲུབ་ད་ལྟར་ག་ལ་འདུག་ཅེས་དྲིས་པ་དང་། སྒོ་སྲུང་དེ་ཕོ་བྲང་གི་ནང་དུ་སོང་ནས་རྒྱལ་པོ་ལ་ད་
ལྟར་ཕྱི་རོལ་ན་བྲམ་ཟེ་ཞིག་རྒྱལ་བུ་དོན་གྲུབ་ག་རེ་ཞེས་འདྲིའོ། །རྒྱལ་པོས་རྒྱལ་བུ་དོན་གྲུབ་ག་རེ་ཞེས་སྨྲ་བའི་ཚིག་ཐོས་པ་ཙམ་གྱིས་སེམས་འཁྲུག་ཅིང་ཁྲོས་ནས། འདི་སྙམ་དུ་འདི་འདྲ་བ་ཤ་སྟག་གི་ཕྱིར་ངའི་སྲས་སྤངས་པར་གྱུར་ན། ད་ཡང་སློང་དུ་འོངས་སྙམ་བསམས་ནས།
དཔེ་འདི་སྐད་ཅེས་བརྗོད་པར་གྱུར་ཏོ། །དཔེར་ན་མེ་ནི་རང་བཞིན་གྱིས་ཚ་ཞིང་འབར་བ་ཡིན་ན། དེའི་སྟེང་དུ་ཤིང་བསྣན་པ་དང་འདྲ་སྟེ་བདག་ཀྱང་ད་ལྟར་མྱ་ངན་གྱིས་གདུངས་ཏེ། མེ་དང་འདྲ་བ་ལས་ད་ཡང་རྒྱལ་བུ་ག་རེ་ཞེས་འདྲི་བ་ནི་མེ་ལ་ཤིང་གིས་བསྣན་པ་དང་འདྲའོ། །བྲམ་ཟེས་
གསོལ་པ། བདག་ནི་ལམ་རིང་པོ་ནས་འོངས་པ་ཡང་རྒྱལ་བུ་རྒྱལ་ཚབ་མིའི་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད་དོ་ཞེས་མིང་ཡང་སྙན་པ་སྟེང་དུ་གནམ་ལ་ཐུག །འོག་ཏུ་ནི་ཆུ་མིག་གི་གཏིང་ལ་ཐུག་གི་བར་དུ་གྲགས་པ་བདག་ལམ་རིང་པོ་ནས་རེ་བ་ཡོད་པས་འོངས་སོ། །རྒྱལ་པོས་
སྨྲས་པ་རྒྱལ་བུ་དོན་གྲུབ་ནི་ད་ལྟར་རི་ཤིན་ཏུ་དབེན་པ་ན་གནས་ཏེ། རབ་ཏུ་དབུལ་ཞིང་ཅི་ཡང་མེད་ན། ཁྱོད་ལ་ཅི་ཞིག་སྦྱིན་དུ་ཡོད། བྲམ་ཟེས་སྨྲས་པ། རྒྱལ་བུ་ལ་ཅི་ཡང་མེད་ཀྱང་བདག་ཕྲད་པར་དགའོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་གཞན་ཞིག་ལ་ལམ་སྟོན་ཅིག་ཅེས་

བསྒོའོ། །དེ་ནས་བྲམ་ཟེ་དེ་སོང་སོང་བ་ལས་དན་ཏིག་གི་རི་དྲུང་དུ་ཆུ་ཆེན་པོ་ཞིག་ཡོད་པར་ཕྱིན་ནས། རྒྱལ་བུ་འབའ་ཞིག་བསམས་ཤིང་ཡིད་ལ་བྱས་པས་ཆུའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །དེ་ནས་བྲམ་ཟེ་རི་དེ་ལ་ཕྱིན་ནས་ཐོག་མ་རྔོན་པ་ཞིག་དང་ཕྲད་དེ་རྔོན་
པ་དེ་ལ་ཁྱོད་རི་ལ་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་མཐོང་ངམ་ཞེས་དྲིས་པ་དང་། རྔོན་པ་དེས་ཀྱང་རྒྱལ་བུ་སྦྱིན་པ་ལ་དགའ་བས་བྲམ་ཟེ་འདི་དག་གི་ཕྱིར་རི་ལ་སྤངས་པར་ཤེས་པས། རྔོན་པ་དེས་ཀྱང་བྲམ་ཟེ་བཟུང་ནས་ཤིང་ལ་བཅིངས་ཏེ་བརྡེགས་པས་ལུས་ལ་རྨ་ཡང་བྱུང་ངོ་། །
རྔོན་པས་ཡང་སྨྲས་པ། ཁྱོད་རྒྱལ་བུ་དྲིས་ཏེ་ཅི་ཞིག་བྱ་མདའ་འཕང་ངོ་ཞེས་བྱས་པ་དང་། བྲམ་ཟེ་དེ་འདི་སྙམ་དུ། ད་ནི་འདིས་བདག་གསོད་ཡང་དག་ན་བརྫུན་ཞིག་བྱའོ་སྙམ་བསམས་ནས། རྔོན་པ་ལ་ཁྱོད་བདག་ལ་འདྲི་ན་ཅི་ཉེས་ཅེས་སྨྲས་སོ། །དེ་ནས་རྔོན་པས་འོ་
ན་ཅི་ཞིག་སྨྲ་བར་སེམས་ཞེས་དྲིས་པ་དང་། བྲམ་ཟེས་བརྫུན་ཚིག་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཡབ་རྒྱལ་བུ་མཐོང་བར་དགའ་བས་བདག་འདིར་རྒྱལ་བུ་ཕྱིར་འགུགས་སུ་འོངས་སོ་ཞེས་སྨྲས་མ་ཐག་ཏུ་རྔོན་པས་ཀྱང་བཀྲོལ་ཏེ་བཏང་ནས་སྔར་མ་རྟོགས་ཏེ་རྒྱུས་མ་ཤེས་སོ་ཞེས་
བཟོད་པ་གསོལ་ནས་རྒྱལ་བུ་གང་ན་འདུག་པའི་གནས་བསྟན་ཏོ། །དེ་ནས་བྲམ་ཟེ་དེ་རྒྱལ་བུའི་ཐད་དུ་ཕྱིན་པ་དང་། རྒྱལ་བུས་ཀྱང་རྒྱང་མ་ནས་བྲམ་ཟེ་འོངས་པ་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་བསུས་ནས་གུས་པར་ཕྱག་བྱས་ཏེ། ཁྱོད་ག་ལས་འོངས་ལམ་དུ་ཉོན་མོངས་ཤིང་
ངལ་བར་མ་གྱུར་ཏམ་ཅི་འདོད་ཅེས་སྤྲོ་བའི་གཏམ་བྱས་སོ། །བྲམ་ཟེས་སྨྲས་པ། བདག་ལམ་རིང་པོ་ནས་འོངས་ཏེ་ལུས་ཐམས་ཅད་རྩེ་ཞིང་ངལ་ཏེ་བཀྲེས་སྐོམ་མོ་ཞེས་སྨྲས་པ་དང་། རྒྱལ་བུས་ནང་དུ་ཁྲིད་ནས་སྟན་ལ་འདུག་ཏུ་བཅུག་སྟེ། ཤིང་ཐོག་དང་ཤིང་གི་འབྲས་བུ་དང་བཏུང་
བའི་སྐོམ་མདུན་དུ་ཕབ་ནས། བྲམ་ཟེས་ཀྱང་སྐོམ་འཐུངས་ཤིང་ཐོག་ཟོས་ཏེ། ཐལ་བྱུང་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་ཡུལ་ཀཻ་ལཻ་ཞེས་བྱ་བའི་ཡུལ་མི་ཡིན་ཏེ། སྔ་ཞིག་ནས་རྒྱལ་བུ་སྦྱིན་པ་ལ་དགའོ་ཞེས་ཕྱོགས་བཅུར་གྲགས་ཤིང་ཐོས་པས། བདག་ནི་དབུལ་

ཕོངས་ཏེ་རྒྱལ་བུ་ལ་སློང་དུ་འོངས་སོ། །རྒྱལ་བུས་སྨྲས་པ། བདག་ལ་ཡོད་པ་ལས་ཁྱོད་ལ་མ་བྱིན་ན་ནི་ཆགས་ཤིང་སེར་སྣ་བྱེད་པར་ཡང་འགྱུར་ན་བདག་ལ་ཅི་བདོག་པ་སྔར་བཏང་བས་ད་ནི་ཅི་ཡང་སྦྱིན་དུ་མེད་དོ། །བྲམ་ཟེས་སྨྲས་པ། དེ་ལྟར་ནོར་རྫས་སྦྱིན་དུ་མེད་ན་ཁྱོད་ཀྱི་བུ་
མིང་སྲིང་གཉིས་བདག་རྒད་པོའི་འཁོལ་བའམ་བྲན་དུ་བྱིན་ཅིག་ཅེས་དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་སྨྲས་ནས། རྒྱལ་བུས་ཀྱང་ཁྱོད་ལམ་རིང་པོ་ནས་འོངས་ལ། བདག་གི་བུ་མིང་སྲིང་གཉིས་འདོད་པ་རབ་ཏུ་ལེགས་ཀྱིས་སྦྱིན་ནོ་ཞེས་སྨྲས་སོ། །དེའི་ཚེ་ན་བུ་
མིང་སྲིང་གཉིས་རྩེར་སོང་སོང་བ་ལས། རྒྱལ་བུས་བོས་ནས་བུ་ལ་འདི་སྐད་ཅེས་བསྒོའོ། །བྲམ་ཟེ་འདི་ལམ་རིང་པོ་ནས་བུ་ཁྱེད་གཉིས་སློང་ངོ་ཞེས་ཟེར་ནས། ཁོ་བོས་ཀྱང་སྦྱིན་པར་བྱས་ཀྱིས་ཁྱེད་གཉིས་འདིའི་ཕྱི་བཞིན་སོང་ཤིག་ཅེས་བསྒོ་བ་དང་། བུ་གཉིས་རྒྱལ་བུའི་
མཆན་དུ་བྲོས་ནས་ངུ་སྟེ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་བྲམ་ཟེ་དུ་མ་ཡང་མཐོང་ན་འདི་འདྲ་བ་དག་མ་མཐོང་སྟེ། འདི་ནི་བྲམ་ཟེ་མ་ལགས་ཀྱི་ཡང་དག་པར་ཡི་དགས་ལགས་པས་བདག་ཅག་གི་མ་ཤིང་ཐོག་ཚོལ་དུ་མཆིས་པ་ལས། སླར་མ་འཁོར་བར་
བདག་ཅག་གཉིས་ཡི་དགས་འདིའི་ཟས་སུ་སྩལ་ན་གདོན་མི་འཚལ་བར་འགུམ་མོ། །བདག་གི་མ་སླར་མཆིས་ཏེ་བུ་དང་མ་མཇལ་ན། ཇི་ལྟར་བ་དང་བེའུ་བྲལ་བ་ལྟར་ངུ་ཞིང་ཆོ་ངེས་འདེབས་ཏེ་མི་དགའ་བའི་མྱ་ངན་གྱིས་གདུངས་པར་འགྱུར་རོ། །རྒྱལ་བུས་བུ་ལ་
བསྒོ་བ། ཁོ་བོས་སྦྱིན་པར་གནང་བས་བསྡད་དུ་མི་རུང་སྟེ་འདི་བྲམ་ཟེ་ཡིན་གྱི་ཡི་