Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ
Văn bản gốc(Tây Tạng)
Trang 5 / 18 (50.000 ký tự/trang)
དགས་མ་ཡིན་པས་མི་ཟོས་ཀྱིས་ཁྱེད་གཉིས་འདིའི་ཕྱི་བཞིན་སོང་ཤིག །བྲམ་ཟེས་སྨྲས་པ། བདག་ནི་ད་ཆས་ཏེ་འགྲོའོ། །གལ་ཏེ་བུའི་མ་འོངས་ན་འགྲོར་མེད་དེ། མ་བཏང་ན་རྒྱལ་བུས་ བདག་ལ་བྱིན་པའི་དགེ་བའི་སེམས། བུའི་མས་ཟློག་ཅིང་ཉམས་པར་འགྱུར་དུ་དོགས་སོ། །རྒྱལ་བུས་སྨྲས་པ། བདག་གིས་སྦྱིན་པ་ཅི་བྱས་ཀྱང་ཐོག་མ་ནས་ཅི་ལ་ཡང་འགྱོད་པའི་སེམས་བྱུང་མ་མྱོང་ངོ་། །དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ནས། བྲམ་ཟེའི་ལག་པར་ཆུ་བླུགས་ ནས་བུ་གཉིས་ཀྱི་ལག་པ་ནས་བཟུང་སྟེ། བྲམ་ཟེ་ལ་ཕུལ་བ་ན་ས་ཡང་རབ་ཏུ་གཡོས་སོ། །བུ་གཉིས་བྲམ་ཟེའི་ཕྱི་བཞིན་མཆིར་མ་བཏུབ་ནས། ཕྱིར་ཕ་རྒྱལ་བུའི་དྲུང་དུ་འོངས་ཏེ། པུས་མོ་ས་ལ་བཙུགས་ནས་ཕ་རྒྱལ་བུ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ ཅག་གཉིས་ཀྱིས་ཚེ་རབས་སྔ་མ་ལ་མི་དགེ་བའི་སྡིག་པ་ཅི་བགྱིས་ན་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར། བདག་ཅག་ནི་རྒྱལ་པོའི་རིགས་སུ་སྐྱེས་ན་ཅིའི་སླད་དུ་ཕ་རོལ་པོའི་བྲན་ཁོལ་དུ་གྱུར་ཅེས་ཕ་རྒྱལ་བུ་ལ་སྡིག་བཤགས་ནས། འདིའི་རྒྱུ་འདིའི་རྐྱེན་གྱིས་སྡིག་པ་བྱང་ཞིང་ བསོད་ནམས་སྐྱེས་ཏེ་གང་ནས་གང་དུ་སྐྱེས་ཀྱང་འདི་ལྟ་བུའི་སྡུག་བསྔལ་དང་ཕྲད་པར་མ་གྱུར་ཅིག་ཅེས་སྨྲས་སོ། །རྒྱལ་བུས་བུ་ལ་སྨྲས་པ། འཇིག་རྟེན་ན་མཛའ་ཞིང་སྡུག་གོ་ཅོག་མཐར་བྱེ་བྲལ་བར་གྱུར་ཏེ། ཐམས་ཅད་མི་རྟག་པས་ཡིད་བརྟན་དུ་མི་རུང་། ཁོ་བོ་ནམ་བླ་ན་ མེད་པའི་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པ་ན་ཁྱོད་ཐར་པའི་དོན་བྱའོ་ཞེས་བསྒོའོ། །བུ་གཉིས་ཀྱིས་ཡང་ཡབ་རྒྱལ་བུ་ལ་སྨྲས་པ། བུས་ནི་མ་ལ་མཆི་ཕྱག་བྱ་བ་ལགས་ན་ད་གཞར་ཡང་མི་ཕྲད་དེ། མའི་ངོ་མ་མཐོང་བ་ཡང་བདག་ཅག་གི་སྔོན་གྱི་སྡིག་པའི་ལས་ཀྱིས་གདུངས་ པར་ཟད་ན། བདག་ཅག་གི་མ་ཅིའི་ཕྱིར་མྱ་ངན་གྱིས་གདུངས་ཤིང་སྡུག་བསྔལ་བར་མི་འགྱུར་ཞེས་སྨྲེ་སྔགས་འདོན་ཏོ། །བྲམ་ཟེས་སྨྲས་པ། བདག་རྒས་ལ་ཉམ་ཆུང་བས་བུས་པ་འདི་གཉིས་བདག་བོར་ཏེ་མའི་ཐད་དུ་བྲོས་པར་གྱུར་ན་བདག་གིས་བྱར་མེད་པར་འགྱུར་གྱིས། ཁྱོད་ཀྱིས་ཆིངས་ལ་དཀྲིས་ཤིག་ཅེས་སྨྲས་པ་དང་། རྒྱལ་བུས་ཀྱང་བུ་གཉིས་ཀྱི་ལག་པ་ཕྱིང་ཀ་ལོག་ཏུ་བཟུང་སྟེ། བྲམ་ཟེ་ཉིད་འཆིང་དུ་བཅུག་ནས་ཕྱིང་ཀ་ལོག་ཏུ་བཅིངས་པའི་ཐག་པ་བྲམ་ཟེའི་ལག་པར་བྱིན་ཏེ་སྦྲེལ་ནས་ཁྲིད་དོ། །བུ་གཉིས་ནི་དེ་ལྟར་ཁྲིད་ཀྱང་འགྲོར་མ་ བཏུབ་སྟེ་འཐེན་པ་ལས་བྲམ་ཟེས་ལྕག་ཐོགས་ཏེ། དེད་ནས་གཞུས་པའི་ལམ་དུ་ཁྲག་བྱུང་བ་ཡང་ས་ལ་ཆལ་པར་གང་ངོ་། །རྒྱལ་བུས་དེ་ལྟར་མཐོང་ནས་མཆི་མ་བྱུང་སྟེ། མཆི་མ་ས་ལ་བོ་བས་ས་ཡང་ཁོལ་བར་གྱུར་ཏོ། །རྒྱལ་བུ་དང་རི་དགས་དང་གཅན་གཟན་ མང་པོ་ཐམས་ཅད་ཀྱིས་བུ་གཉིས་བསྐྱལ་ཏེ་མི་སྣང་བར་གྱུར་པ་དང་། གཟོད་ཕྱིར་ལོག་གོ། །རི་དགས་དང་གཅན་གཟན་ལ་སོགས་པས་རྒྱལ་བུ་བསྐྱལ་ཏེ། ཕྱིར་རྒྱལ་བུ་དང་རྩེ་བའི་གནས་སུ་ཕྱིན་ནས་སྙིང་རྗེ་བའི་སྐད་ཕྱུང་སྟེ་ལུས་ས་ལ་རྡེབས་ཤིང་འགྲོའོ། །བྲམ་ ཟེ་དེས་ལམ་དུ་ཞུགས་ཏེ་སོང་སོང་བ་ལས། ལམ་ཀར་སྐྱེད་ཤིང་ཞིག་ཡོད་པ་ལ་བུ་གཉིས་བཏགས་ཏེ་འདུག་གོ། །དེ་ནས་ཆས་པ་དང་བུ་གཉིས་མ་དང་ཕྲད་དུ་རེ་ནས་ཤིང་གི་ཕག་འཁྲི་ཞིང་འགྲོར་མ་བཏུབ་ནས། བྲམ་ཟེས་ཡང་གཞུས་པ་ལས་བུ་གཉིས་ཀྱིས་འདི་སྐད་ཅེས་ སྨྲས་སོ། །བདག་ཅག་ལ་མ་རྡེག་ཅིག །བདག་ཅག་རང་འགྲོའོ་ཞེས་གནམ་ལ་ཡར་བལྟས་ཏེ། ཡང་འདི་སྐད་ཅེས་སྨྲས་སོ། །རི་གཉེན་གྱི་ལྷ་དང་ནགས་ཚལ་གྱི་ཤིང་གི་ལྷ་རྣམས་བདག་ཅག་ལ་ཅུང་ཟད་ཐུགས་བརྩེ་བའམ་དགོངས་པ་མི་མངའ་འམ་བདག་ ཅག་ནི་ལམ་རིང་པོར་གཞན་གྱི་བྲན་ཁོལ་བྱེད་དུ་འགྲོ་སྟེ། མ་དང་བྲལ་བར་གྱུར་ན་བདག་ཅག་གི་མ་རི་ལ་ཤིང་ཐོག་ཚོལ་ཞིང་བརྡར་བཏང་སྟེ། མྱུར་དུ་བདག་ཅག་དང་ངོ་ཕྲད་པར་ཤོག་ཅིག་མི་སྦྲན་ནམ་ཞེས་དེ་སྐད་སྨྲས་པ་དང་། བུའི་མ་རི་ལ་འདུག་པའི་རྐང་པ་ གཡོན་པའི་རྐང་མཐིལ་གཡའ་ཞིང་གཡོ་བ་དང་མིག་གཡོན་པ་ཡང་འགུལ་ནུ་མ་གཉིས་ནས་ནུ་ཞོ་ཡང་རང་ཟག་པར་གྱུར་ནས། འདི་སྙམ་དུ་འདི་འདྲ་བའི་ལྟས་ངན་པ་གནའ་བྱུང་མ་མྱོང་ན་བདག་གི་བུ་གཉིས་ལ་ཡེ་འདྲོག་མ་བྱུང་ངམ་སྙམ་བསམས་ནས། ཤིང་ཐོག་གིས་ཅི་ཞིག་ བྱ་སྙམ་སྟེ། ཤིང་ཐོག་བརྔ་བ་ཡང་བཏང་ནས་མྱུར་བར་ཕྱིར་གནས་སུ་འགྲོ་བར་ཆས་སོ། །དེའི་ཚེ་སུམ་ཅུ་རྩ་གསུམ་པའི་གནམ་གྱི་ལྷའི་དབང་པོ། རྒྱལ་བུས་གཞན་ལ་བུ་བྱིན་པར་ཤེས་ནས། བཙུན་མོས་དགེ་བར་བསམས་པའི་སེམས་ཀྱི་བར་ཆད་བྱེད་དུ་དོགས་ པས། སེང་གེ་ཞིག་ཏུ་སྤྲུལ་ནས་ལམ་གྱི་སྲང་དུ་བསྡད་དོ། །བཙུན་མོས་སེང་གེ་ལ་སྨྲས་པ། ཁྱོད་ནི་གཅན་གཟན་གྱི་རྒྱལ་པོ། ཁོ་བོ་ནི་མིའི་རྒྱལ་མོ་ཡིན་ཏེ་རི་ལ་འཁོད་པར་འདྲ་ན་ཅུང་ཟད་ལམ་ལས་བྱོལ་ཏེ་བདག་ཐོང་ཤིག །བདག་ལ་བུ་ཆུང་ངུ་མ་ཤེད་མ་བྱེ་བ་ གཉིས་ཤིག་ཡོད་དེ། ད་ཙམ་གྱི་བར་དུ་ཅི་ཡང་མ་ཟོས་པས་བདག་འོང་དུ་རེ་སྟེ་སྡོད་དོ། །སེང་གེས་ཀྱང་བྲམ་ཟེ་དེ་རྒྱང་རིང་དུ་ཐལ་བར་ཤེས་ནས་ལམ་ལས་བྱོལ་ཏེ་བཙུན་མོ་བཏང་ངོ་། །བཙུན་མོ་ཕྱིར་གནས་སུ་འོངས་ནས། རྒྱལ་བུ་འབའ་ཞིག་སྣང་ གི་བུ་གཉིས་མ་མཐོང་བས། བདག་ཉིད་འདུག་པའི་སྤྱིལ་བུར་བལྟས་ན་ཡང་བུ་མ་མཐོང་། བུ་གཉིས་འདུག་པའི་སྤྱིལ་པོར་བལྟས་ན་ཡང་བུ་མ་མཐོང་སྟེ། དེ་ནས་བུ་རྩེ་བའི་གནས་ཆུ་འགྲམ་དུ་བཙལ་ན་ཡང་མ་མཐོང་ངོ་། །སྔོན་བུ་དང་རྩེ་བའི་རི་དགས་ཤ་བ་དང་། ཁ་ཤ་དང་། གཅན་ གཟན་སེང་གེ་དང་། སྤྲེའུ་ལ་སོགས་ཏེ་མདུན་ནས་ལུས་ས་ལ་རྡེབས་ཤིང་སྒྲ་འབྱིན་ལ། སྔོན་རྩེ་བའི་རྫིང་བུའི་ཆུ་ཡང་སྐམས་པར་མཐོང་ནས། ཕྱིར་རྒྱལ་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་རྒྱལ་བུ་ལ་བདག་གི་བུ་གཉིས་ག་རེ་ཞེས་དྲིས་ན། རྒྱལ་བུ་ཅང་མི་སྨྲའོ། །བཙུན་མོས་ཡང་ སྨྲས་པ། བདག་ནམ་ཤིང་ཐོག་ཐོགས་ཏེ་ཕྱིར་གནས་སུ་འཁོར་བ་ན་བདག་གི་བུ་གཉིས་རྒྱང་མ་ནས་རྒྱུག་ཅིང་མདུན་དུ་བསུས་ཏེ། རྡེག་འཆོས་ན་ཡང་ཕྱིར་ལངས་ཏེ་དཀྱུ་མཆོང་ཞིང་ཨ་མ་འོངས་ཨ་མ་འོངས་སོ་ཞེས་འབོད་དེ། བདག་འདུག་པ་ན་གཉིས་ཀ་གཡས་གཡོན་ན་འདུག་ཅིང་། ཕྲག་པའམ་ལུས་ལ་རྡུལ་གོས་ན་ཡང་འཕྱི་ཞིང་སྤྲུག །ད་བདག་གི་བུ་ག་རེ་མ་མཐོང་ན་གཞན་ལ་མ་བྱིན་ནམ། འདི་ལྟར་མ་མཐོང་བས་བདག་གི་སྙིང་གས་པར་འགྱུར་གྱིས། བདག་གི་བུ་ག་ལ་འདུག་མྱུར་དུ་སྨྲོས་ཤིག །བདག་མྱོས་པར་འགྱུར་རོ་ཞེས་དེ་ལྟར་ལན་གཉིས་ལན་ གསུམ་གྱི་བར་དུ་དྲིས་ཀྱང་ལན་མ་སྨྲས་སོ། །བཙུན་མོས་ཡང་སྨྲས་པ། ལྷག་པར་སྡུག་བསྔལ་གྱིས་གདུངས་ཏེ། བུ་གཉིས་མ་མཐོང་བ་ལྟ་ཚོད་ཡོད་ན། རྒྱལ་བུས་ལན་མ་སྟེར་བས་ལྷག་པར་མྱོས་ཤིང་འཁྲུགས་པར་གྱུར་ཏོ། །རྒྱལ་བུས་སྨྲས་པ། ཡུལ་ཀཻ་ལཻ་ཞེས་ བྱ་བ་ནས་བྲམ་ཟེ་ཞིག་འོངས་ཏེ། བདག་ལ་བུ་གཉིས་བསླངས་པ་ལས་བདག་གིས་བྱིན་ནོ། །བཙུན་མོས་རྒྱལ་བུས་སྨྲས་པ་ཐོས་མ་ཐག་ཏུ་རི་རྡིབ་པ་ལྟར་ས་ལ་འགྱེལ་ཏེ་འགྲེ་ཞིང་ཆོ་ངེས་བཏབ་བོ། །རྒྱལ་བུས་སྨྲས་པ་རེ་ཞིག་སྡོད་ཅིག །ཁྱོད་སྔོན་འདས་པའི་དུས་ན་སངས་ རྒྱས་མར་མེ་མཛད་ཀྱི་ཚེ་དམ་ཇི་ལྟར་བཅས་པ་མི་དྲན་ནམ། དེའི་ཚེ་དེའི་དུས་ན་བདག་ནི་བྲམ་ཟེའི་བུ་གཞོན་ནུ་ཞེས་བྱ། ཁྱོད་ནི་བྲམ་ཟེའི་བུ་མོ་སུན་ད་རི་ཀ་ཞེས་བྱ་སྟེ། ཁྱོད་ནི་དེའི་ཚེ་མེ་ཏོག་པད་མོ་བདུན་ཞིག་ཐོགས། བདག་ལ་དངུལ་གྱི་དོང་ཙེ་ལྔ་ཞིག་ཡོད་དེ། ཁྱོད་ ལས་པད་མོ་ལྔ་ཞིག་ཉོས་ནས་སངས་རྒྱས་ལ་ཕུལ་བར་བྱས་པ་ལས་ཁྱོད་ཀྱིས་པད་མོ་ལྷག་མ་གཉིས་པོ་ཡང་ང་ལ་བྱིན་ཏེ། སངས་རྒྱས་ལ་འབུལ་གྱིས་སྨོན་ལམ་དུ་ཡང་བདག་སྐྱེ་བ་ཕ་རོལ་ཏུ་རྟག་པར་ཁྱོད་ཀྱི་ཆུང་མར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་ལས། བདག་དེའི་ཚེ་ ཁྱོད་དང་འདི་སྐད་ཅེས་དམ་མ་བཅས་སམ། ཁྱོད་བདག་གི་ཆུང་མར་དགའ་ན་བདག་གི་ཡིད་དང་འགལ་བར་མ་བྱེད་ཅིག །བདག་སྦྱིན་པ་ཞིག་བྱེད་ན་ཕ་མ་གཉིས་མ་གཏོགས་པར་གཞན་སྦྱིན་ཡང་བདག་གི་ཡིད་བཞིན་དུ་སྦྱིན་པ་ལས་འགལ་བར་མ་བྱེད་ཅིག་ཅེས་དམ་ བཅས་པ་ལས། དེའི་ཚེ་ཁྱོད་ན་རེ་དེ་བཞིན་དུ་བྱའོ་ཞེས་མི་ཟེར་རམ། ད་ཁྱོད་ཀྱི་བུ་གཉིས་གཞན་ལ་བྱིན་པ་ལ་བདག་གི་དགེ་བའི་སེམས་དཀྲུག་ཏུ་ཡང་ཅི་ཡོད་ཅེས་རྒྱལ་བུས་སྨྲས་མ་ཐག་ཏུ། བཙུན་མོས་ཐོས་པ་ཙམ་གྱིས་སེམས་དང་ཡིད་ཀྱིས་སྔོན་གྱི་གནས་དྲན་ པའི་མངོན་པར་ཤེས་པ་ཚོར་བར་གྱུར་ཏེ། རྒྱལ་བུའི་བསམ་པ་མྱུར་བར་རྫོགས་པར་འདོད་པས་ཡིད་བཞིན་དུ་སྦྱིན་པ་ལ་རྗེས་སུ་ཡི་རང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རྒྱལ་བུས་སྦྱིན་པ་བྱིན་པ་ཇི་ལྟར་སེམས་པ་བསམས་པའི་ཕྱིར་བྲམ་ཟེ་ཞིག་ཏུ་སྤྲུལ་ཏོ། ། བྲམ་ཟེ་དེ་ཡང་མི་སྡུག་པ་རྣམ་པ་བཅུ་གཉིས་དང་ལྡན་ཏེ། རྒྱལ་བུ་ག་ལ་བ་དེར་སོང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་བུ་ཁྱོད་སྦྱིན་པ་ལ་དགའ་བས་ཕ་རོལ་པོའི་ཡིད་དང་འགལ་བར་མི་བྱེད་ཅེས་གྲག་སྟེ། བདག་ཀྱང་ཆེད་དུ་འདིར་སློང་དུ་འོངས་ཀྱིས་ཁྱོད་ལ་བཙུན་ མོ་ཡོད་པ་དེ་བདག་ལ་བྱིན་ཅིག །རྒྱལ་བུས་སྨྲས་པ། ཤིན་ཏུ་ལེགས་ཏེ་དེ་བཞིན་དུ་སྦྱིན་ནོ་ཞེས་སྨྲས་སོ། །བཙུན་མོས་སྨྲས་པ། བདག་ཀྱང་ཕ་རོལ་པོ་ལ་བྱིན་ན་རྒྱལ་བུའི་གཡོག་སུས་བྱ། རྒྱལ་བུས་སྨྲས་པ། ད་ཁྱོད་ཀྱང་སྦྱིན་པ་མ་བྱས་ན་ཇི་ལྟར་ཡང་བླ་ན་མེད་ པའི་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པར་འགྱུར། དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ་བྲམ་ཟེའི་ལག་པ་བཀྲུ་བའི་ཕྱིར། ལག་པར་ཆུ་བླུགས་ནས་བཙུན་མོ་ཡང་བྲམ་ཟེ་ལ་ཕུལ་ལོ། །དེ་ལྟར་རྒྱལ་བུ་ལ་འགྱོད་པའི་སེམས་ཅུང་ཟད་ཀྱང་མེད་པར་ བརྒྱ་བྱིན་གྱིས་རྟོགས་ནས་ལྷ་རྣམས་ཀྱིས་བསྟོད་ཅིང་བསྔགས་ཏེ་གནམ་ས་ཡང་ཆེར་གཡོས་སོ། །དེ་ནས་བྲམ་ཟེས་བཙུན་མོ་ཁྲིད་དེ་གོམ་པ་བདུན་ཙམ་དུ་ཕྱིན་པ་དང་། ཕྱིར་ལོག་ནས་བཙུན་མོ་འདི་རྒྱལ་བུ་ལ་ཕྱིར་གཏམས་ཀྱིས་སུ་ལ་ཡང་མ་སྦྱིན་ཅིག་ཅེས་སྨྲས་སོ། ། རྒྱལ་བུས་སླར་སྨྲས་པ། ཅིའི་ཕྱིར་མི་ཁྲིད་མི་འདོད་དམ། ཅི་མིར་སྐྱེས་པའི་ཆུང་མའི་ནང་ན་ཆུང་མ་འདི་ནི་ཤིན་ཏུ་ཡང་བཟང་ཞིང་མཛེས་ཏེ་རྒྱལ་པོའི་བུ་མོ་ཡིན་ལ། རྒྱལ་པོ་དེ་ལ་བུ་མོ་འདི་གཅིག་པུ་ལས་མེད་དེ། ཆུང་མ་འདི་ནི་བདག་ལ་ཆུ་གང་ཆེ་བས་ཁ་ཟས་བཙོ་བ་ དང་བསྲེག་པ་ཡང་ལག་དར་ཏེ་བྱེད། བཟའ་བ་དང་བཏུང་བ་ངན་ཀྱང་ངན་ཅེས་མི་འཁང་སྟེ། རྟག་ཏུ་འགྲུབ་ཆེ་ལ་བྱད་བཞིན་ཡང་བཟང་ལ་མཛེས་པས་ཁྱོད་ཁྱེར་ན་བདག་དགའོ་ཞེས་སྨྲས་སོ། །བྲམ་ཟེས་རྒྱལ་བུ་ལ་སྨྲས་པ། བདག་ནི་བྲམ་ཟེ་མ་ཡིན་གྱི་བརྒྱ་བྱིན་ ལྷའི་དབང་པོ་ཡིན་ཏེ་ཆེད་དུ་ཁྱོད་བགམ་པའི་ཕྱིར་འོངས་པ་ཡིན་ནོ་ཞེས་ཕྱིར་བརྒྱ་བྱིན་གྱི་ལུས་བཟང་པོར་བསྒྱུར་ནས། ཁྱེད་ཅི་དང་ཅིར་སྨོན་ཅེས་སྨྲས་སོ། །དེ་ནས་བཙུན་མོས་གུས་པར་ཕྱག་འཚལ་ཏེ་སྨོན་ལམ་རྣམ་པ་གསུམ་ཞིག་གསོལ་ཏོ། །གང་ཞེ་ན་གཅིག་ཏུ་ བདག་གི་བུ་ཁྲིད་པའི་བྲམ་ཟེ་ཕྱིར་ཡང་བདག་གི་ཡུལ་དུ་སོང་བར་གྱུར་ཅིག །གཉིས་སུ་ན་བདག་གི་བུ་གཉིས་བཀྲེས་པ་དང་སྐོམ་པས་སྡུག་བསྔལ་བར་མ་གྱུར་ཅིག །གསུམ་དུ་ན་རྒྱལ་བུ་དང་བདག་ཅག་གཉིས་ཀྱང་ཕྱིར་བདག་ཅག་གི་ཡུལ་དུ་མྱུར་དུ་འཁོར་བར་གྱུར་ཅིག་ ཅེས་སྨྲས་པ་དང་། བརྒྱ་བྱིན་ལྷའི་དབང་པོས་ཀྱང་དེ་བཞིན་དུ་སྨོན་ལམ་གྲུབ་པར་གྱུར་ཅིག་ཅེས་སྨྲས་སོ། །རྒྱལ་བུས་སྨྲས་པ། བདག་ནི་སེམས་ཅན་ཐམས་ཅད་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་སྡུག་བསྔལ་ལས་སྒྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བརྒྱ་བྱིན་ ལྷའི་དབང་པོས་སྨྲས་པ། སྨོན་ལམ་འདི་ནི་ཤིན་ཏུ་ཡང་རྒྱ་ཆེ་སྟེ་བླ་ན་མེད་པ་ཡིན་ནོ། །གལ་ཏེ་མཐོ་རིས་སུ་སྐྱེ་ཞིང་ཉི་ཟླ་ལ་དབང་བའི་བདག་པོར་འདོད་དམ། འཇིག་རྟེན་གྱི་རྒྱལ་པོར་འདོད་དམ། ཚེ་རིང་ཞིང་ཡུན་ཏུ་གནས་པར་འདོད་ན། བདག་གིས་སྦྱིན་ནུས་ཀྱིས་ ཁྱོད་ཀྱིས་སྨྲས་པའི་སྨོན་ལམ་ཁམས་གསུམ་ལས་མཆོག་ཏུ་འདས་པ་ཡིན་པས་བདག་གིས་ནུས་པ་མ་ཡིན་ནོ། །རྒྱལ་བུས་སྨྲས་པ། ད་ལྟར་རེ་ཞིག་ཤིན་ཏུ་ཕྱུག་པོར་གྱུར་ཏེ་སྔོན་བས་ཀྱང་ལྷག་པར་རྟག་པར་སྦྱིན་པ་བྱིན་ཞིང་། ཡབ་རྒྱལ་པོ་དང་བློན་པོ་རྣམས་ དང་། བདག་ཅག་ཕྲད་པར་ཤོག་ཅིག་ཅེས་སྨྲས་པ་དང་བརྒྱ་བྱིན་གྱིས་སྨོན་པ་བཞིན་དུ་ངེས་པར་གྲུབ་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །ཡུལ་ཀཻ་ལཻའི་བྲམ་ཟེ་དེས་བྱིས་པ་གཉིས་ཁྲིད་དེ་ཁྱིམ་དུ་འོངས་ན། ཆུང་མས་འདི་སྐད་དུ་ཁྱོད་ངོ་སོ་འདི་ལྟ་ བུས་འཁོར་ཏེ་འོངས་པ་ལྟ་ངོ་མི་ཚའམ། བུས་པ་འདི་གཉིས་ནི་རྒྱལ་པོའི་གདུང་ལ་གཏོགས་པ་ཡིན་ན་སྙིང་རྗེའི་སེམས་ཀྱང་མེད་དེ། འདི་ལྟར་བཙོགས་བརྡེགས་ཤིང་ལུས་ལ་རྨ་དང་རྣག་ཁྲག་གིས་བཙོག་བཙོག་ལྟར་བྱས་པ་བཟོད་དམ་ཞེས་སྤྱོས་བརྒྱད་ནས། བུས་པ་འདི་ གཉིས་ཚོངས་ལ་བཀོལ་དུ་རུང་བ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་བ་དང་། ཁྱིམ་ཐབ་ཀྱང་ཆུང་མས་བསྒོ་བ་བཞིན་ཚོང་འདུས་སུ་སོང་བ་ལས་བརྒྱ་བྱིན་ལྷའི་དབང་པོས་སྤྲུལ་ཏེ་ཚོང་འདུས་སུ་འོངས་ནས་བྲམ་ཟེ་དེ་ལ་བུས་པ་འདི་ནི་ཤིན་ཏུ་རིན་ཆེ་བས་སུ་ཡང་ཉོ་མི་ནུས་སོ་ཞེས་སྨྲས་སོ། ། བུས་པ་དེ་གཉིས་བཀྲེས་ཤིང་སྐོམ་པ་ལས། བརྒྱ་བྱིན་གྱིས་ལྷའི་རྫུ་འཕྲུལ་གྱིས་ལྷའི་དྲི་བསུང་སྤྲུལ་ཏེ། བུས་པ་གཉིས་ཀྱི་བ་སྤུའི་ཁུང་བུ་ནས་ལྟོ་འགྲངས་པར་བྱས་ཏེ། བརྒྱ་བྱིན་གྱིས་བྲམ་ཟེའི་སེམས་ཀྱང་བསྒྱུར་ནས་ཡུལ་ཡ་བར་ཕྱིན་པར་བྱས་སོ། །ཡུལ་དེའི་བློན་ པོ་དང་ཡུལ་མི་ཐམས་ཅད་ཀྱིས་རྒྱལ་བུའི་སྲས། རྒྱལ་པོ་ཆེན་པོའི་ཚ་བོ་ཡིན་པར་མི་ཤེས་པ་མེད་པས་ཡུལ་མི་ཐམས་ཅད་ཀྱང་མྱ་ངན་གྱིས་གདུངས་ཏེ། བློན་པོ་ལ་སོགས་པས་བུ་གཉིས་ག་ལས་འོངས་ཞེས་དྲིས་པ་དང་། བྲམ་ཟེ་ན་རེ་བདག་གིས་བསླངས་ཏེ་འོངས་པ་ལ་ ཁྱོད་ཀྱིས་དྲིར་ཅི་ཡོད་ཅེས་སྨྲས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། བདག་ཅག་གི་ཡུལ་དུ་འོངས་པས་ན་བདག་ཅག་གིས་དྲི་བར་རིགས་ཀྱི་མི་འདྲི་བ་མ་ཡིན་ནོ་ཞེས་བློན་པོ་དང་ཡུལ་མི་རྣམས་ཀྱིས་བགྲོས་ཏེ། བྲམ་ཟེ་ལས་བུ་གཉིས་དབྲོག་པར་ བྱས་པ་ལས་དེའི་ནང་ན་ཁྱིམ་བདག་གཅིག་གིས་འདི་སྐད་ཅེས་གྲོས་བཏབ་བོ། །འདི་ནི་རྒྱལ་བུས་སྦྱིན་པར་བསམས་ཏེ་བྱིན་པ་འདི་ལ་རྒྱལ་བུས་བསམས་པའི་ཡིད་དང་འགལ་ཞིང་དབྲོག་པར་མི་རིགས་ཀྱི། ཉིས་ན་རྒྱལ་པོ་ཆེན་པོ་ལ་གསོལ་ན། རྒྱལ་པོ་ཆེན་པོ་ཉིད་ཀྱིས་ རིན་གྱིས་བླུ་བར་འགྱུར་རོ་ཞེས་བྱས་པ་དང་། གྲོས་སྔ་མ་བཏང་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོའི་དབོན་པོ་གཉིས་ད་ལྟར་བྲམ་ཟེ་ཞིག་འཚོང་ཞིང་མཆིས་ཅེས་གསོལ་པ་དང་། རྒྱལ་པོས་ཚིག་དེ་ཐོས་མ་ཐག་ཏུ་ཆེར་དངངས་ ཏེ་བྲམ་ཟེ་དང་བུ་གཉིས་ཕོ་བྲང་ནང་དུ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་ནས། བུ་གཉིས་ཕོ་བྲང་ནང་དུ་འོངས་པའི་ཚེ་རྒྱལ་པོ་དང་བཙུན་མོ་དང་ཕོ་བྲང་གི་སླས་དང་བློན་པོ་རྣམས་ཀྱིས་བུ་གཉིས་མཐོང་ནས་ཐམས་ཅད་དབུགས་ཀྱིས་བརྣངས་པ་ཙམ་དུ་མ་ངུས་པ་མེད་དོ། །དེ་ནས་རྒྱལ་པོས་ བྲམ་ཟེ་དེ་ལ་ཁྱོད་ཀྱིས་བུ་འདི་གཉིས་ཇི་ལྟར་ཐོབ་ཅེས་དྲིས་ན། བྲམ་ཟེ་ན་རེ་བདག་གིས་རྒྱལ་བུ་ལས་བསླངས་ཏེ་ཐོབ་བོ་ཞེས་ཟེར་རོ། །རྒྱལ་པོས་བུས་པ་འདི་གཉིས་བོས་ཏེ། པང་པར་བླང་སྙམ་པ་ལས་བུ་གཉིས་འོང་དུ་མ་བཏུབ་བོ། །དེ་ནས་རྒྱལ་པོས་བུ་འདི་གཉིས་ ཀྱི་རིན་ཅི་ཙམ་འདོད་ཅེས་དྲིས་ན། བྲམ་ཟེ་སྨྲ་མ་ཁོམ་པར་ཁྱེའུ་ཡིས་འདི་སྐད་ཅེས་གསོལ་ཏོ། །བདག་བུ་ཕོ་ནི་དངུལ་གྱི་དོང་ཙེ་སྟོང་དང་བ་ལང་བརྒྱ་ཞིག་རིའོ། །བུ་མོ་ནི་གསེར་གྱི་དོང་ཙེ་སྟོང་དང་བ་བཞོན་ཉིས་བརྒྱ་རིའོ་ཞེས་གསོལ་བ་དང་། རྒྱལ་པོས་ཁྱེའུ་ལ་འདི་ སྐད་ཅེས་སྨྲས་སོ། །འཇིག་རྟེན་ཆོས་ཀྱིས་མིའི་ནང་ན་ཕོ་ནི་རིན་པོ་ཆེ་དབྱིག་ལྟར་རིན་ཆེ་བ་ཡིན་ན། ཅིའི་ཕྱིར་བུ་ཕོ་ནི་རིན་ཆུང་། བུ་མོ་ནི་རིན་ཆེ་བར་འདེབས། བུ་ཁྱེའུ་ཡིས་གསོལ་པ། ཕོ་བྲང་གི་སླས་ལྟ་བུ་རྒྱལ་པོ་དང་ཉེ་བ་མ་ལགས་ལ། མ་རབས་བྲན་ལས་སླས་སུ་ བཞེས་ཏེ། དེ་ལ་ཐུགས་དགྱེས་པས་བཀུར་ཞིང་བཙུན་པར་མཛད་དེ། རིན་པོ་ཆེའི་གོས་སྐོན་ཞིང་བཟའ་བ་དང་། བཏུང་བ་རོ་བརྒྱ་དང་ལྡན་པ་བསྟབས་ན། སྲས་གཅིག་པུ་ཞིག་མངའ་བ་རི་ལ་སྤངས་ཏེ། ཡ་མཚན་ཕོ་བྲང་གི་སླས་དང་རོལ་ཅིང་རོལ་མོ་མཛད་ཀྱང་སྲས་ལ་ ཅུང་ཟད་ཙམ་ཡང་དགོངས་པའི་ཐུགས་ཀྱང་མི་མངའ་བས། དེ་བས་ན་བུ་ཕོ་ནི་རིན་ཆུང་ལ་བུ་མོ་ནི་རིན་ཆེ་བར་མངོན་ནོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལྷག་པར་མི་དགའ་བའི་མྱ་ངན་སྐྱེས་ཏེ། མཆི་མ་བླགས་ནས་འདི་སྐད་དུ་བདག་ནི་རབ་ཏུ་གནོང་ན་ཁྱེད་ཅིའི་ཕྱིར་ཁོ་བོའི་པང་དུ་ མི་འོང་། ཁྱེད་ང་ལ་མི་དགའ་འམ་འོན་ཏེ་བྲམ་ཟེས་འཇིགས་ཞེས་དྲིས་ན། བྱིས་པ་ན་རེ་བདག་ཅག་ནི་རྒྱལ་པོ་ཆེན་པོ་ལ་མི་དགའ་བའམ་བྲམ་ཟེས་སྐྲག་པ་ཡང་མ་ལགས་ན། ཐོག་མ་རྒྱལ་པོ་ཆེན་པོའི་ཚ་བོ་ལས་ད་ལྟར་མིའི་བྲན་ཁོལ་དུ་གྱུར་པས། གང་ན་ཡང་མིའི་བྲན་ཁོལ་ རྒྱལ་པོའི་པང་དུ་འདུག་པའི་ཆོས་མེད་པས་མི་སྤོབས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ལྷག་པར་མྱ་ངན་གྱིས་གདུངས་པར་གྱུར་ཏེ་མི་དགའ་བར་གྱུར་ནས། བུས་གསོལ་པ་བཞིན་དུ་བྲམ་ཟེ་ལ་རིན་བྱིན་ཅིག་ཅེས་བསྒོ་ནས། བུ་གཉིས་གདོད་རྒྱལ་པོའི་པང་ དུ་བླངས་སོ། །བུ་གཉིས་རྒྱལ་པོས་བླངས་ནས་ཕྱག་གིས་བུ་གཉིས་ཀྱི་མགོ་ནས་བྱུགས་ཏེ་འདི་སྐད་ཅེས་སྨྲས་སོ། །ཁྱེད་རི་ལ་གནས་པ་ན། ཟས་སུ་ནི་ཅི་ཟ། གོས་སུ་ནི་ཅི་གྱོན་ཞེས་དྲིས་ན། བུ་གཉིས་ན་རེ། ཟས་སུ་ནི་ཤིང་གི་འབྲས་བུ་ཤིང་ཐོག་ཟ། གོས་སུ་ ནི་པགས་པ་དང་སྣམ་བུ་གྱོན་ཏེ། བྱ་མང་པོ་དང་རྩེ་དགའ་བས་མྱ་ངན་གྱི་སེམས་མེད་དོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ་ཕྱི་རོལ་དུ་སོང་ཤིག་ཅེས་བསྒོ་བ་དང་། བུ་གཉིས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བྲམ་ཟེ་འདི་རབ་ཏུ་བཀྲེས་སྐོམ་གྱིས་ཉེན་ན། དེ་ལ་ཁ་ཟས་ཀྱིས་ཚིམ་པར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་ལ་མི་དགའ་བའམ་འཁོན་དུ་འཛིན་པ་མེད་པར་ཕྱིར་ཁ་ཟས་སྦྱིན་པར་སེམས། བུས་སྨྲས་པ། བདག་གི་ཕ་བྱང་ཆུབ་ཀྱི་ལམ་ལ་དགའ་བས་ནོར་རྫས་ཀྱིས་སྦྱིན་དུ་མེད་དེ། བདག་གི་ལུས་ཀྱིས་ སློང་བ་ལ་བྱིན་པ་ཡང་བདག་ཅག་ལ་དབང་བའི་བདག་པོ་ལགས་ཏེ། འདིས་བདག་ཅག་ལ་བཀོལ་བའི་ལས་ཙམ་བྱེད་དུ་མ་བཅུག་པ་ཡང་ཐོག་མ་ཕས་བསམས་པ་ལྟར་མ་གྱུར་ཏེ། དེ་སྙིང་རྗེའི་སེམས་ཙམ་ཡང་མ་མཆིས་ཏེ་ལྟོགས་ཤིང་སྐོམ་པ་བཞིན་དུ་ འདུག་པ་འདི་མིག་གིས་ཀྱང་སུ་ཞིག་གིས་བཟོད། བདག་གི་ཕས་ནི་བུ་ཡང་མི་ཕངས་པར་ཕ་རོལ་པོ་ལ་སྦྱིན་པ་བྱེད་ན་རྒྱལ་པོ་ཆེན་པོས་མི་གཅིག་གི་ཁ་ཟས་ཙམ་ལ་སེར་སྣ་མཛད་དམ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བྲམ་ཟེ་དེ་ལ་ཁ་ཟས་ཀྱིས་ཚིམ་པར་བྱིན་ནས་བྲམ་ཟེ་ཡང་ རབ་ཏུ་དགའ་སྟེ། ཕྱིར་བདག་གི་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་པོས་རྒྱལ་བུ་འགུགས་པའི་ཕོ་ཉ་བཏང་ནས། ཕོ་ཉ་ཡང་དེ་མ་ཐག་ཏུ་ཆས་ཏེ་རྒྱལ་བུ་ག་ལ་བ་དེར་སོང་ངོ་། །དེར་ཕྱིན་པ་དང་ཆུ་ཞིག་ལ་མ་ཐར་ནས་ཕོ་ཉ་དེས་རྒྱལ་བུ་ཉིད་ཡིད་ལ་བྱས་ཏེ་བསམས་མ་ཐག་ ཏུ་ཆུ་དེ་ལས་ཐར་ནས་རྒྱལ་བུ་གང་ན་བ་དེར་ཕྱིན་ཏེ། རྒྱལ་པོའི་བཀས་རྒྱལ་བུ་སླར་ཡུལ་དུ་གཤེགས་སུ་གསོལ་ཞེས་བསྒོའོ། །རྒྱལ་བུས་ཕོ་ཉ་ལ་སྨྲས་པ། ཐོག་མ་རྒྱལ་པོས་ལོ་བཅུ་གཉིས་ཀྱི་བར་དུ་རི་ལ་སྒོམས་ཤིག་ཅེས་བསྒོ་སྟེ། ད་དུང་ལོ་གཅིག་མ་ཚང་བས་ད་ ལོ་ཚང་ནས་བདག་འགྲོའོ་ཞེས་བསྒོའོ། །དེ་ནས་ཕོ་ཉ་ཡང་ཕྱིར་ལོག་ནས་རྒྱལ་པོ་ལ་དེ་བཞིན་དུ་ལན་གསོལ་པ་ལས། རྒྱལ་པོ་ཉིད་ཕྱག་དར་ཏེ་ཡི་གེ་བྲིས་ནས་ཕྱིར་ཕོ་ཉ་ལ་བསྐུར་ཏེ་འདི་སྐད་ཅེས་བསྒོའོ། །ཁྱོད་ནི་མིའི་ནང་ན་མཁས་པ་ཤེས་རབ་ཅན་ཡིན་པས་འགྲོ་བ་ལ་ཡང་ བཟོད་ཅིང་འོང་བ་ལ་ཡང་བཟོད་པ་ཡིན་ན། ཅིའི་ཕྱིར་ཁྱོད་ཁྲོས་ཏེ་འོང་དུ་མི་བཏུབ། ཁྱོད་དང་ལྷན་ཅིག་བཟའ་བ་དང་བཏུང་བ་གཏང་དགོས་ཀྱིས་མྱུར་དུ་ཤོག་ཅིག་ཅེས་ཕོ་ཉ་འགུགས་སུ་བཏང་ངོ་། །དེ་ནས་ཕོ་ཉ་ཡི་གེ་ཐོགས་ཏེ། རྒྱལ་བུ་གང་ན་བ་དེར་སོང་ནས་ཕྱིན་པ་དང་རྒྱལ་བུ་ ལ་ཡི་གེ་ཕུལ་ལོ། །རྒྱལ་བུས་ཡི་གེ་བླངས་ནས་མགོ་བོ་ས་ལ་གཏུགས་ཏེ་ཡི་གེ་ལ་ཕྱག་འཚལ་ནས་ལན་བདུན་བསྐོར་བ་བྱས་ཏེ། མོད་ལ་ཕྱིར་ཡུལ་དུ་འགྲོ་བར་ཆས་སོ། །དེའི་ཚེ་རི་དེ་ནས་ཆས་པ་དང་རི་དེ་ལ་གནས་པའི་རི་དགས་དང་གཅན་གཟན་ལ་སོགས་པ་རྒྱལ་བུ་འགྲོའོ་ཞེས་ ཐོས་ནས། ཐམས་ཅད་ལུས་ས་ལ་བརྡབས་ནས་ས་ལ་འགྲེ་ཞིང་ངུ་བའི་སྐད་ཕྱུང་ངོ་། །ཆུ་མིག་རྣམས་ཀྱང་སྐམས་ཏེ་གཅན་གཟན་དང་རི་དགས་ཀྱི་ཕྲུ་གུ་ཡང་མི་ནུ། འདབ་ཆགས་བྱ་མང་པོ་ཡང་སྙིང་རྗེའི་སྐད་ཀྱིས་སྒྲ་ཕྱུང་ངོ་། །དེ་ནས་རྒྱལ་བུ་གོས་གྱོན་ནས་བཙུན་མོ་དང་ འགྲོགས་ཏེ། ཕྱིར་ཡུལ་དུ་སོང་བ་ལས་དགྲ་ཟླའི་ཡུལ་གྱི་རྒྱལ་པོས། རྒྱལ་བུ་ཕྱིར་འོང་ངོ་ཞེས་ཐོས་ནས་བལ་གྱི་གླང་པོ་ཆེ་དཀར་པོ་ལ་གསེར་གྱི་སྒ་བསྟད་དེ། གསེར་གྱི་སྣོད་དུ་དངུལ་གྱི་ཉེའུས་བཀང་། དངུལ་གྱི་སྣོད་དུ་ནི་གསེར་གྱི་ཉེའུས་བཀང་བ་བཤམས་ནས། རྒྱལ་བུ་ བསུ་བའི་ཕྱིར་ནམ་མཁའ་ལ་སྟོད་དེ། རྒྱལ་བུ་བསུ་ནས་རྒྱལ་པོའི་ཕྲིན་དུ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་མི་ཤེས་པའི་དབང་དུ་གྱུར་ཏེ། རྒྱལ་བུ་ལས་བལ་གྱི་གླང་པོ་ཆེ་བླངས་པས། དེའི་རྐྱེན་གྱིས་རྒྱལ་བུ་སྤངས་པར་གྱུར་པ་ད་འགྱོད་པས་ན་མཐོལ་ཚངས་སུ་གསོལ་ལོ། ། ད་རྒྱལ་བུ་སླར་གཤེགས་ཞེས་ཐོས་ནས་རབ་ཏུ་དགའ་སྟེ། བལ་གྱི་གླང་པོ་ཆེ་དེ་ཉིད་ཀྱང་སླར་ཕུལ་ཞིང་གསེར་དངུལ་གྱི་ཉེའུ་རྣམས་ཀྱང་ཕུལ་ན། འདི་དག་རྣམས་ཀྱང་བཞེས་ཤིག །ནོངས་པའི་སྐྱོན་རྣམས་ཀྱང་སྦྱང་བར་གསོལ་ཏོ། །རྒྱལ་བུས་སྨྲས་པ། དཔེར་ན་མི་ཞིག་གིས་ ཁ་ཟས་རོ་བརྒྱ་དང་ལྡན་པ་སྦྱར་ཏེ། ཕ་རོལ་པོ་གཅིག་ལ་བྱིན་པ་ལས། མི་དེས་ཁ་ཟས་ཟོས་ནས་ཕྱིར་ས་ལ་སྐྱུགས་ནས། ཕྱིར་སྐྱུགས་པའི་ཁ་ཟས་དྲི་བསུང་དང་ལྡན་པ་དེ་བཟར་རུང་བར་འགྱུར་རམ། བདག་གིས་སྦྱིན་པ་བྱས་པ་ཡང་སྐྱུགས་པ་དང་འདྲ་བས་ཕྱིར་མི་འདོད་ དོ། །ཕོ་ཉ་ཁྱོད་བལ་གྱི་གླང་པོ་ཆེ་འདི་ཞོན་ལ་བདག་གི་ཡུལ་དུ་སོང་ཤིག །ཁྱོད་ཀྱི་རྒྱལ་པོ་འདི་ལྟར་བདག་བསུ་ཞིང་། སྤྲོ་བའི་ཚིག་གིས་སྙན་པར་སྨྲས་པ་རབ་ཏུ་དགའོ་ཞེས་གསོལ་ཅིག་ཅེས་བསྒོ་བ་དང་། ཕོ་ཉ་དེ་ཡང་བལ་གྱི་གླང་པོ་ཆེ་ལ་ཞོན་ཏེ་ཕྱིར་བདག་གི་ཡུལ་དུ་སོང་ ནས། རྒྱལ་པོ་ལ་དེ་བཞིན་དུ་གསོལ་པ་ལས། བལ་གྱི་གླང་པོ་ཆེ་དེའི་རྐྱེན་གྱིས་འཐབ་པའི་དགྲ་ཟླ་དེ་གཅིག་ལ་གཅིག་བྱམས་ཤིང་སྡུག་པའི་སེམས་སུ་གྱུར་ཏེ། རྒྱལ་པོ་དང་ཡུལ་མི་ཐམས་ཅད་བླ་ན་མེད་པའི་མཉམ་སྙོམས་པའི་སེམས་བསྐྱེད་པར་གྱུར་ཏོ། །དེའི་ཚེ་རྒྱལ་ པོ་ཡབ་ཀྱང་བལ་གྱི་གླང་པོ་ཆེ་ལ་བཅིབས་ཏེ་རྒྱལ་བུ་བསུས་སོ། །རྒྱལ་བུས་མགོ་དང་གདོང་གིས་ཕྱག་འཚལ་ནས་རྒྱལ་པོའི་ཕྱི་བཞིན་ཕྱིར་ཡུལ་དུ་སོང་སྟེ། ཡུལ་མི་ཐམས་ཅད་ཀྱང་རབ་ཏུ་དགའ་མགུ་རངས་ནས་མེ་ཏོག་དང་། བདུག་སྤོས་དང་། བ་དན་ དང་། རྒྱལ་མཚན་དང་། བླ་རེ་ལ་སོགས་པས་མཆོད་པ་བྱ་བའི་ཕྱིར་བཤམས་ཏེ། ས་གཞི་ཡང་སྤོས་ཆུ་ཆག་ཆག་བཏབ་ནས་བསྡད་དོ། །རྒྱལ་བུ་ཕོ་བྲང་གི་ནང་དུ་འོངས་ནས། ཡུམ་གྱི་དྲུང་དུ་ཕྱིན་པ་དང་མགོ་བོས་ཕྱག་འཚལ་ནས་སྤྲོ་བའི་ཚིག་གིས་སྙུན་གསོལ་ཏོ། ། དེ་ནས་རྒྱལ་པོས་རིན་པོ་ཆེའི་བང་མཛོད་ཐམས་ཅད་ཀྱང་རྒྱལ་བུ་ལ་གཏད་དེ། ཡིད་བཞིན་དུ་སྦྱིན་པ་བྱེད་དུ་བཅུག་ནས། སྦྱིན་པ་སྔ་མ་བས་ཀྱང་ལྷག་པར་རྒྱུན་མ་ཆད་པར་སྦྱིན་པ་བྱེད་དུ་བཅུག་པས། མངོན་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ངས་སྔོན་གྱི་སྦྱིན་པ་བྱས་པ་མངོན་དུ་དྲན་པ་ནི་དེ་ལྟ་བུ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་ནི་ད་ལྟར་ང་ཉིད་ཡིན་ནོ། །དེའི་ཚེ་ཡབ་རྒྱལ་པོར་གྱུར་པ་དེ་ནི་ད་ལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་ཡུམ་དུ་གྱུར་ པ་དེ་ནི་ད་ལྟར་ཡུམ་ལྷ་མཛེས་ཡིན་ནོ། །དེའི་ཚེ་བཙུན་མོར་གྱུར་པ་ནི་ད་ལྟར་གྲགས་འཛིན་ཉིད་ཡིན་ནོ། །དེའི་ཚེ་དགེ་སློང་ཨ་ཚུ་ཏ་ཞེས་བྱ་བ་ནི་ད་ལྟར་མཽད་གལ་གྱི་བུ་ཆེན་པོ་ཡིན་ནོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོར་གྱུར་པ་དེ་ནི་ད་ལྟར་ཤཱ་རིའི་བུ་ཡིན་ནོ། །དེའི་ཚེ་ རྔོན་པར་གྱུར་པ་དེ་ནི་ད་ལྟར་ཀུན་དགའ་བོ་ཁྱོད་ཡིན་ནོ། །དེའི་ཚེ་ཁྱེའུ་ཡ་རི་ཞེས་བྱ་བ་ནི་ད་ལྟར་ངའི་སྲས་སྒྲ་གཅན་འཛིན་ཡིན་ནོ། །དེའི་ཚེ་བུ་མོར་གྱུར་པ་དེ་ནི་ཡུམ་སྲུ་གཽ་ཏ་མཱི་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་བྲམ་ཟེ་སློངས་མོ་པ་དེ་ནི་ད་ལྟར་ལྷ་སྦྱིན་ཉིད་ཡིན་ནོ། །དེའི་ཚེ་བྲམ་ ཟེའི་ཆུང་མར་གྱུར་པ་དེ་ནི་ད་ལྟར་བྲམ་ཟེ་མོ་ཙན་ཙ་མ་ན་ཡིན་ནོ། །དེ་ལྟར་ན་ང་ཤིན་ཏུ་བྱེད་དཀའ་བ་ཡང་གྲངས་མེད་དཔག་ཏུ་མེད། དགེ་བའི་ལས་བྱས་པ་ཡང་གྲངས་མེད་དཔག་ཏུ་མེད་དེ། དེ་བས་མདོ་སྡེ་འདི་དགེ་སློང་དང་བྲམ་ཟེ་ལ་སོགས་པ་ལ་རྒྱས་པར་སྟོན་ཅིག །བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་དག་ཡིན་ནོ། །འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ཞེས་བྱ་བ་བམ་པོ་གཅིག་པ་རྫོགས་སོ།། །།སྔོན་རྒྱ་ལས་འགྱུར་བའི་བརྡ་རྙིང་པར་འདུག། །། ༄༅། །རྒྱ་གར་སྐད་དུ། བྲཧྨ་ཛཱ་ལ་སཱུ་ཏྲ། བོད་སྐད་དུ། ཚངས་པའི་དྲ་བའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དང་། དགེ་ བསྙེན་སྟོང་དང་། སློངས་མོ་པ་ལྔ་བརྒྱ་རྣམས་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་གཤེགས་པ་ལས། མཚན་མོ་རྒྱལ་པོའི་ཁབ་དང་། སྐྱ་སྣར་ཅན་གྱི་གྲོང་གི་བར་དེ་ན་འོད་མའི་ལྕུག་ཕྲན་རྒྱལ་པོའི་གནས་སུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་ སོ། །དེའི་ཚེ་ཀུན་དུ་རྒྱུ་རབ་དགའ་རྣམ་གྲངས་དུ་མའི་སྒོ་ནས། སངས་རྒྱས་ལ་མི་སྙན་པར་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་དང་། ཀུན་དུ་རྒྱུ་རབ་དགའི་སློབ་མ་བྲམ་ཟེའི་བུ་ཚངས་སྦྱིན་ཞེས་བྱ་བ་ནི། རྣམ་གྲངས་དུ་མའི་སྒོ་ནས། སངས་ རྒྱས་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ཞིག་སྟེ། དེ་ལྟར་སློབ་དཔོན་དང་། སློབ་མ་དེ་གཉིས་ཕན་ཚུན་ལྟ་བ་དང་། མོས་པ་དང་། བྱེ་བྲག་ཕྱེད་པ་དང་བཟོད་པ་དག་གིས་མི་འཐུན་པར་སྨྲ་ཞིང་དགེ་སློང་གི་དགེ་འདུན་དག་དང་། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་ཞབས་འབྲིང་དུ་དོང་ངོ་། །དེ་ནས་དགེ་སློང་མང་པོ་རྒྱལ་པོའི་གནས་ན་འདུས་ཤིང་འཁོད་པ་རྣམས་ན་རེ། ཚེ་དང་ལྡན་པ་དག་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་འདི་ལྟ་སྟེ། ཀུན་དུ་རྒྱུ་རབ་དགའ་རྣམ་གྲངས་དུ་མའི་ སྒོ་ནས། སངས་རྒྱས་ལ་མི་སྙན་པར་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་དང་། ཀུན་དུ་རྒྱུ་རབ་དགའི་སློབ་མ་བྲམ་ཟེའི་བུ་ཚངས་སྦྱིན་ཞེས་བྱ་བ་ནི་རྣམ་གྲངས་དུ་མའི་སྒོ་ནས། སངས་རྒྱས་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ཞིག་སྟེ། དེ་ ལྟར་སློབ་དཔོན་དང་སློབ་མ་དེ་གཉིས་ཕན་ཚུན་ལྟ་བ་དང་མོས་པ་དང་བྱེ་བྲག་ཕྱེད་པ་དང་བཟོད་པ་དག་གིས་མི་འཐུན་པར་སྨྲ་ཞིང་དགེ་སློང་གི་དགེ་འདུན་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་ཞབས་འབྲིང་དུ་དོང་བ་འདི་ནི་ ངོ་མཚར་རབ་ཏུ་ཆེའོ་ཞེས་སྐབས་ཀྱི་གཏམ་དེ་ལྟ་བུ་དག་ཡང་དག་པར་བརྗོད་པར་གྱུར་ཏོ། །དེ་ནས་དགེ་སློང་མང་པོ་དག་རྒྱལ་པོའི་གནས་ན་འདུས་ཤིང་འཁོད་པ་རྣམས་ཀྱི་སྐབས་ཀྱི་གཏམ་དུས་ལ་བབ་པ་དག །བཅོམ་ལྡན་འདས་ཉིན་མོའི་གནས་ན་བཞུགས་བཞུགས་པའི་ ལྷའི་སྙན་རྣམ་པར་དག་པ་མིའི་ལས་འདས་པས་གསན་པར་གྱུར་ཏོ། །གསན་ནས་ཀྱང་ཏིང་ངེ་འཛིན་དེ་ལས་བཞེངས་ནས། རྒྱལ་པོའི་གནས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཏིང་བ་ཉིད་ལ་བཞུགས་སོ། །བཞུགས་ནས་ཀྱང་ དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་རྒྱལ་པོའི་གནས་སུ་དགེ་སློང་མང་པོ་རྣམས་འདུས་ཤིང་འཁོད་པ་རྣམས་ཀྱི་སྐབས་ཀྱི་གཏམ་དུས་ལ་བབ་པ་ནི་གང་ཡིན། ཁྱེད་གཏམ་གང་གིས་ན་ད་ལྟར་འདུས་ཤིང་འཁོད། བཙུན་པ་བདག་ཅག་དགེ་སློང་མང་པོ་ རྣམས་རྒྱལ་པོའི་གནས་འདིར་འདུས་ཤིང་མཆིས་པ་ན། ཀུན་དུ་རྒྱུ་རབ་དགའ་རྣམ་གྲངས་དུ་མའི་སྒོ་ནས་སངས་རྒྱས་ལ་མི་སྙན་པར་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་དང་། ཀུན་དུ་རྒྱུ་རབ་དགའི་སློབ་མ་བྲམ་ཟེའི་བུ་ཚངས་སྦྱིན་ཞེས་བགྱི་བ་ནི། རྣམ་གྲངས་དུ་མའི་སྒོ་ནས། སངས་རྒྱས་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ཞིག་སྟེ། དེ་ལྟར་ན་སློབ་དཔོན་དང་སློབ་མ་དེ་གཉིས་ཕན་ཚུན་ལྟ་བ་དང་མོས་པ་དང་བྱེ་བྲག་ཕྱེད་པ་དང་བཟོད་པ་དག་གིས་མི་འཐུན་པར་སྨྲ་ཞིང་དགེ་སློང་གི་དགེ་འདུན་དག་ དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སླད་བཞིན་ཞབས་འབྲིང་དུ་མཆིས་པ་འདི་ནི་ངོ་མཚར་རབ་ཏུ་ཆེའོ་ཞེས་སྐབས་ཀྱི་གཏམ་དེ་ལྟ་བུ་དག་གླེང་སླངས་པ་ལགས་ལ། བཙུན་པ་བདག་ཅག་དགེ་སློང་མང་པོ་རྣམས་རྒྱལ་པོའི་གནས་སུ་འདུས་ཤིང་ མཆིས་པའི་སྐབས་ཀྱི་གཏམ་དུས་ལ་བབ་པ་ནི་དེ་ལགས་ཏེ། གཏམ་དེས་ད་ལྟར་བདག་ཅག་འདུས་ཤིང་མཆིས་པ་ལགས་སོ། །དགེ་སློང་དག་ང་ལ་མི་སྙན་པར་བརྗོད་པ་དང་། ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་དེ་ལ། གནོད་སེམས་མི་བྱའོ། །མི་བཟོད་ པ་མི་བྱའོ། །ངན་སེམས་མི་བྱའོ། །སེམས་མངོན་པར་མི་དགའ་བ་མི་བྱའོ། །དགེ་སློང་དག་ང་ལ་མི་སྙན་པར་བརྗོད་པ་དང་། ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་དེ་ལ། ཚེ་དང་ལྡན་པ་དག་གིས་གནོད་སེམས་དང་མི་བཟོད་པ་དང་ངན་སེམས་དང་སེམས་མངོན་པར་ མི་དགའ་བར་བྱས་ནས། དེས་ན་ཁྱོད་ཀྱི་བར་དུ་གཅོད་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་རེ་ཞིག་ཁྲོས་འཁྲུགས་ལ་རྔམས་ཏེ་ཡིད་མི་དགའ་བར་གྱུར་པས། གཞན་རྗོད་པའི་དོན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པའམ། མཐོང་བར་ འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དེའི་ཕྱིར་ང་ལ་མི་སྙན་པར་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་མི་སྙན་པར་བརྗོད་པ་ན། ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ཁས་བླང་བར་བྱ་ལ། ཡང་དག་པ་མ་ཡིན་པ་ལ་ནི་ཡང་དག་པ་མ་ཡིན་པ་ཉིད་དུ་སྟེ། འདི་ལྟར་དེ་ནི་ཡང་དག་ པ་མ་ཡིན་ཞིང་དེ་ཁོ་ན་མ་ཡིན་པས་ངེད་ཀྱི་ཆོས་འདི་ལ་ནི་ཡོད་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །དགེ་སློང་དག་ང་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ན། དགའ་བར་ཡང་མི་བྱའོ། །ཡིད་བདེ་བར་ཡང་མི་བྱའོ། །སེམས་ཡེ་ཡེ་པོར་ཡང་མི་ བྱའོ། །དགེ་སློང་དག་ང་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ན། དགའ་བའམ་ཡིད་བདེ་བའམ་སེམས་ཡེ་ཡེ་པོར་གྱུར་ན། དེས་ན་ཁྱེད་ཀྱི་བར་དུ་གཅོད་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །དགེ་སློང་དག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་རེ་ཞིག་དགའ་ བར་གྱུར་པ་དང་། ཡིད་བདེ་བར་གྱུར་པ་དང་། སེམས་ཡ་ཡ་པོར་གྱུར་པས། གཞན་རྗོད་པའི་དོན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པའམ། མཐོང་བར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དེའི་ཕྱིར་ང་ལ་སྙན་པ་བརྗོད་ལ། ཆོས་དང་དགེ་འདུན་ལ་ ཡང་སྙན་པ་བརྗོད་པ་ན། ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ཁས་བླང་བར་བྱ་ལ། ཡང་དག་པ་མ་ཡིན་པ་ལ་ནི་ཡང་དག་པ་མ་ཡིན་པ་ཉིད་དུ་སྟེ། འདི་ལྟར་དེ་ནི་ཡང་དག་པ་མ་ཡིན་ཞིང་དེ་ཁོ་ན་མ་ཡིན་པས། ངེད་ཀྱི་ཆོས་འདི་ལ་ནི་ཡོད་པ་མ་ཡིན་ནོ་ཞེས་ལན་གདབ་པར་ བྱའོ། །དགེ་སློང་དག་གང་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག །དེ་བཞིན་གཤེགས་པའི་སྙན་པ་ཅུང་ཟད་ཙམ་འདི་སྨྲ་ཞིང་རྗོད་པ་འདི་ལྟ་སྟེ། ཚུལ་ཁྲིམས་ཙམ་དང་འདོད་པ་དག་ལས་རབ་ཏུ་དབེན་པ་ཡིན་ནོ། །ཇི་ལྟར་ན་ཚུལ་ཁྲིམས་ཙམ་ཡིན་ཞེ་ན། གཽ་ཏ་མ་དེ་ནི་ འཕེལ་བའི་ཚུལ་ཁྲིམས་ཅན་ཡིན་ལ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་ཅིང་ཇི་ལྟར་བྱེད་པ་དེ་བཞིན་སྨྲ་བ་ཡིན་ནོ། །གཽ་ཏ་མ་དེ་ནི་འདི་ལྟར་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོག་པ་སྟེ། སྲོག་ཆགས་སུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་ཞིང་ངོ་ཚ་ཤེས་པ་ དང་། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་པས་ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ལ་ཡང་སྲོག་གཅོད་པ་སྤངས་པ་ཡིན་ན། གཽ་ཏ་མ་དེ་ནི་འདི་ལྟར་མ་བྱིན་པར་ལེན་པ་སྤངས་ནས་མ་བྱིན་པར་ལེན་པ་ལས་སླར་ལོག་པ་སྟེ། མ་བྱིན་པར་མི་ལེན་པ། བྱིན་པ་ལ་ནི་དགའ་བ་ཡིན་ཏེ། དེ་བཞིན་དུ་རྒྱ་ཆེར་རོ། །ཇི་ལྟར་འདི་ནི་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ཡོངས་སུ་སྤྱོད་ཅིང་། རིག་པ་ཡོན་པོ་དག་གིས་ལོག་པར་འཚོ་བས་འཚོ་བར་བྱེད་དེ། འདི་ལྟ་སྟེ་ཉི་མ་དང་ཟླ་བ་གཉིས་ལམ་ནས་རྒྱུ་བའི་རྣམ་པར་སྨིན་པ་ནི་འདི་ལྟ་བུའོ། །ཉི་མ་དང་ཟླ་བ་གཉིས་ ལམ་ལོག་པ་ནས་རྒྱུ་བའི་རྣམ་པར་སྨིན་པ་ནི་འདི་ལྟ་བུའོ། །གཟའ་ཉི་མ་དང་གཟའ་ཟླ་བའི་ལམ་དང་སྐར་མདའ་ལྟུང་བ་ལས་ཕྱོགས་འབར་བ་དང་། བར་སྣང་ལས་ལྷའི་རྔ་སྒྲ་གྲག་པའི་རྣམ་པར་སྨིན་པ་ནི་འདི་ལྟ་བུའོ། །གཟའ་ཉི་མ་དང་གཟའ་ཟླ་བའི་ལམ་ལོག་པ་དང་སྐར་མདའ་ལྟུང་བ་ལས་ ཕྱོགས་འབར་བ་དང་། བར་སྣང་ལས་ལྷའི་རྔ་སྒྲ་གྲག་པ་དང་། ཡང་ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་མཐུ་ཆེ་བ། འདི་ལྟར་རྫུ་འཕྲུལ་ཆེ་བའི་རྣམ་པར་སྨིན་པ་ནི་འདི་ལྟ་བུའོ། །འཆར་བ་དང་འོང་བ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམ་པར་གཞག་པ་དག་ཏུ་མི་ཤེས་པ་ནི་ འདི་ལྟ་སྟེ། ལམ་དང་ལམ་ལོག་པའི་ཕྱིར་རོ། །གཽ་ཏ་མ་དེ་ནི་རིག་པ་ཡོན་པོ་དག་གིས་ལོག་པར་འཚོ་བས་ལོག་པར་འཚོ་བར་བྱེད་པ་དེ་ལྟ་བུ་དག་སྤངས་པ་ཡིན་ནོ། །ཇི་ལྟར་ན་འདོད་པ་རྣམས་ལས་རབ་ཏུ་དབེན་པ་ཡིན་ཞེ་ན། གཽ་ཏ་མ་དེ་ནི་འདི་ལྟར་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་ པོ་འདི་དག་དང་ལྡན་ཞིང་། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ལ་གནས་པ་དྲན་པས་ཀུན་ནས་བསྲུངས་པ་རྟག་པར་དྲན་པ་དང་དྲན་པས་ཡིད་ཀུན་ནས་བསྲུངས་པ། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ། དེ་མིག་གིས་གཟུགས་རྣམས་ལ་ལྟ་བ་ན་མཚན་མར་འཛིན་ པ་མེད་པ་ཡིན་ཏེ། ཡིད་ཀྱི་དབང་པོའི་བར་དུ་ཡང་སྡོམ་པ་བླངས་པ་ཡིན་ནོ། །གཽ་ཏ་མ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་། དབང་པོའི་སྒོ་བསྡམས་པ་འདི་དང་ལྡན་པ་ཡིན་ལ། འགྲོ་བ་དང་འོང་བ་ལ་ཤེས་བཞིན་དུ་གནས་པ་ཡང་ཡིན་ཞིང་། ལྟ་བ་དང་རྣམ་པར་ལྟ་ བ་ནས་གཉིད་ཀྱིས་དུབ་པ་སེལ་བའི་བར་དུའང་ཤེས་བཞིན་དུ་གནས་པ་ཡིན་ནོ། །གཽ་ཏ་མ་དེ་ནི་འདི་ལྟར་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་། དབང་པོའི་སྒོ་བསྡམས་པ་འདི་དང་ལྡན་ལ། དྲན་པ་དང་ཤེས་བཞིན་མཆོག་འདི་དང་ལྡན་པའི་ཕྱིར། མལ་སྟན་བདེ་བ་ལ་གནས་ པ་ནས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ནས་གནས་པའི་བར་ཏེ། འདོད་པ་རྣམས་ལས་དབེན་པ་ནི་དེ་ལྟ་ བུ་ཡིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པ་སྨྲ་ ཞིང་རྗོད་པར་བྱེད་དོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་ བཞིན་སྙན་པ་སྨྲ་ཞིང་རྗོད་པར་བྱེད་པ་གང་ཞེ་ན། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རྟག་པར་སྨྲ་བ་རྣམས་སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ཡོད་པ་ནི་འདི་ལྟ་སྟེ་གཞི་བཞི་པོ་དག་ལའོ། །དགེ་སྦྱོང་དང་ བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས། ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལའོ། །དགེ་སློང་དག་འདི་ནི་དགེ་སྦྱོང་དང་བྲམ་ཟེ་ཁ་ ཅིག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་ བྱུང་བ་དག་གིས། སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱེད་དོ། །དེ་ལྟར་སེམས་མཉམ་པར་བཞག་པ་ན། འཇིག་པ་དང་ཆགས་པའི་བསྐལ་པ་ཕྲག་ཉི་ཤུ་ཡང་དག་པར་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེའི་ཕྱིར་བདག་དང་འཇིག་རྟེན་རྟག་པ་དེས་ ན། བདག་འདི་སྙམ་དུ། བདག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་ དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས། སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱའོ་སྙམ་མོ། །དེ་ལྟར་སེམས་མཉམ་པར་བཞག་པ་ན། འཇིག་པ་དང་ཆགས་པའི་བསྐལ་པ་ཕྲག་ཉི་ཤུ་ཡང་དག་པར་རྗེས་སུ་དྲན་ནོ། །དེ་ལྟར་བདག་དང་འཇིག་རྟེན་རྟག་པ་ནི་ མི་འགྲོ་བ་འགྲོ་བ་མེད་པ་བསྒྱུར་དུ་མི་རུང་བ་ཐེར་ཟུག་ཏུ་གནས་པ་ལྕགས་ཀྱི་སྡོང་པོ་ལྟར་འདུག་པ་སྟེ། དེ་ལྟར་ན་སེམས་ཅན་ཤེས་ལྡན་འདི་དག་ནི་ཀུན་དུ་རྒྱུག་ཅིང་འཁོར་ལ། རྟག་པ་དེ་ལྟ་བུ་དང་མཚུངས་པ་མེད་པའོ། །རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་འདི་ནི་གཞི་དང་པོའོ། །གཉིས་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་ མཐའ་ལ་རྟོག་ཅིང་། བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་སྟེ། དགེ་སློང་དག་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་རྣམས་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་ རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱེད་དོ། །དེ་ལྟར་སེམས་མཉམ་པར་ བཞག་པ་ན། འཇིག་པ་དང་ཆགས་པའི་བསྐལ་པ་ཕྲག་བཞི་བཅུ་ཡང་དག་པར་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེའི་ཕྱིར་བདག་དང་འཇིག་རྟེན་རྟག་པ་དེས་ན། བདག་འདི་སྙམ་དུ་བདག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ ཀྱང་རུང་བ་ནས། རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་འདི་ནི་གཞི་གཉིས་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གསུམ་པ་ནི་དགེ་ སྦྱོང་དང་བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་སྟེ། དགེ་སློང་དག་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཅེས་བྱ་བ་ནས་ སེམས་མཉམ་པར་བཞག་པ་ན། འཇིག་པ་དང་ཆགས་པའི་བསྐལ་པ་ཕྲག་བརྒྱད་ཅུ་ཡང་དག་པར་རྗེས་སུ་དྲན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་བ་དང་དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་བྱ་བ་ནས། དེ་ལྟར་ན་སེམས་ཅན་ཤེས་ལྡན་འདི་དག་ནི་ཀུན་ དུ་རྒྱུག་ཅིང་འཁོར་ལ་རྟག་པ་དེ་ལྟ་བུ་དང་མཚུངས་པ་མེད་པའོ། །རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་འདི་ ནི་གཞི་གསུམ་པའོ། །བཞི་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་སྟེ། དགེ་སློང་དག་འདི་ནི་དགེ་ སྦྱོང་དང་བྲམ་ཟེ་ཞེས་བྱ་བ་དག་སྔ་མ་བཞིན་ནོ། །སེམས་མཉམ་པར་བཞག་པ་ན། ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བ་དག་ལྟ་སྟེ། དེ་ལྟར་ན་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་བྱ་བ་ནས། རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་འདི་ ནི་གཞི་བཞི་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རྟག་པར་སྨྲ་བ་རྣམས་སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་འཇིག་རྟེན་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དེ་ཐམས་ཅད་ནི་གཞི་བཞི་པོ་འདི་དག་ལྟ་སྟེ། དེ་ལས་ མི་ལྷག་མི་མང་ལ་དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་། འདི་ལྟར་མཆོག་ཏུ་འཛིན་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདི་ལྟར་རབ་ཏུ་མཁྱེན་པ་ན་ མཆོག་ཏུ་མི་འཛིན་ཏོ། །མཆོག་ཏུ་མི་འཛིན་པས་བདག་ཉིད་མྱ་ངན་ལས་འདས་པར་ཡང་རིག་ཅིང་དེ་ལྟར་ལྟ་བར་སོང་བ་འདི་དག་གི་འགྲོ་བ་ནི་འདི་ལྟ་བུའོ། །སྐྱེ་བ་ནི་འདི་ལྟ་བུའོ། །ཚེ་ཕྱི་མ་ནི་འདི་ལྟ་བུ་ཡིན་ནོ་ཞེས་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ནས་ཀྱང་མཆོག་ཏུ་མི་འཛིན་ཏོ། །མཆོག་ཏུ་མི་འཛིན་པས་ བདག་ཉིད་མྱ་ངན་ལས་འདས་པར་རིག་ནས་ཀུན་འབྱུང་ཚོར་བ་རྣམས་ནུབ་པར་ཐུགས་སུ་ཆུད་དེ། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ངེས་པར་འབྱིན་པའོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་ པ། ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྙན་པ་སྨྲ་ཞིང་རྗོད་པར་བྱེད་དོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་ པར་སྣང་བ་དག་ཅེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་སྨྲ་ཞིང་། མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་འདི་དག་ལའོ། །དགེ་སྦྱོང་དང་ བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལའོ། །དགེ་སློང་དག་གང་འཇིག་རྟེན་ འདི་འཇིག་པའི་དུས་ལ་བབ་སྟེ། འཇིག་རྟེན་འཇིག་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡིད་ལས་འབྱུང་ཞིང་གཟུགས་ཅན་ཡིན་ལ་དབང་པོ་དམན་པ་མ་ཡིན་ཞིང་མ་ཚང་བ་མེད་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ ལྡན་ཞིང་ཁ་དོག་མཛེས་པ་དང་ལྡན་པ་རྣམས་རང་གི་མཐུས་ནམ་མཁའ་ལ་འགྲོ་ཞིང་། དགའ་བའི་ཟས་དང་ལྡན་ལ་དགའ་བའི་ཟས་ཟ་བ་དག་ཚེ་རིང་བས་ཡུན་རིང་པོར་འཁོད་དོ། །དགེ་སློང་དག་གང་འཇིག་རྟེན་འདི་ཆགས་པའི་དུས་ལ་བབ་སྟེ། འཇིག་རྟེན་ཆགས་པ་ན་ནམ་ མཁའ་སྟོང་པ་ལ་ཚངས་པའི་གཞལ་མེད་ཁང་དག་མངོན་པར་འགྲུབ་ལ། ཡང་འོད་གསལ་གྱི་ལྷའི་རིས་ཀྱི་སེམས་ཅན་འགའ་ཚེ་ཟད་ཅིང་ལས་ཟད་ལ། བསོད་ནམས་ཟད་པ་ཞིག་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེ་སྟེ། དེ་དེ་ན་ གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་བས་ཡུན་རིང་པོར་གནས་སོ། །དེ་ནས་སེམས་ཅན་དེ་ཡུན་རིང་པོ་ལས་འདས་པ་དང་སྲེད་པ་སྐྱེས་ཤིང་མི་དགའ་བར་གྱུར་ཏེ། ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་ཞིག་འདིར་སྐྱེས་ཀྱང་ཅི་མ་རུང་ཞེས་སེམས་ ཅན་དེའི་སེམས་ཀྱིས་སྨོན་པ་དང་། འོད་གསལ་གྱི་ལྷའི་རིས་ཀྱི་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པ་ཞིག་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་དུ་སེམས་ཅན་དེ་དང་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་བདག་གཅིག་ པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་བས་ཡུན་རིང་པོར་གནས་ཏེ། བདག་ཡུན་རིང་པོར་གནས་པ་ལས་འདས་པས་སྲེད་པ་སྐྱེས་ཤིང་མི་དགའ་བར་གྱུར་ཏེ། ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་ཞིག་འདིར་སྐྱེས་ཀྱང་ཅི་མ་རུང་ཞེས་བདག་གི་སེམས་ཀྱིས་ དེ་ལྟར་སྨོན་པ་དང་། སེམས་ཅན་འདི་དག་འདིར་བདག་དང་སྐལ་བ་མཉམ་པར་སྐྱེས་པ་ལས་ན། སེམས་ཅན་དེ་དག་ནི་བདག་གིས་སྤྲུལ་ཏོ། །བདག་སེམས་ཅན་འདི་དག་དང་དངོས་པོ་རྣམས་ཀྱི་ཕར་གྱུར་པ་སྟེ་དབང་ཕྱུག་གོ། །བྱེད་པ་པོའོ། །འབྱིན་པ་པོའོ། ། འབྱིན་བྱེད་དོ་སྙམ་མོ། །སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་བདག་ཅག་གིས་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་བས་ཡུན་རིང་པོར་གནས་པར་མཐོང་ངོ་། །དེ་ཡུན་རིང་པོར་གནས་པ་ལས་འདས་ནས་སྲེད་པ་སྐྱེས་ཤིང་མི་དགའ་ བར་གྱུར་ཏེ། ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་ཞིག་འདིར་སྐྱེས་ཀྱང་ཅི་མ་རུང་སྙམ་ནས། སེམས་ཅན་དེས་དེ་ལྟར་སེམས་ཀྱིས་སྨོན་པ་དང་། འདིར་བདག་ཅག་སེམས་ཅན་དེ་དང་སྐལ་བ་མཉམ་པར་སྐྱེས་པ་ལས་ན། བདག་ཅག་ནི་སེམས་ ཅན་དེས་སྤྲུལ་པའོ། །སེམས་ཅན་དེ་ནི་བདག་ཅག་དང་དངོས་པོ་རྣམས་ཀྱི་ཕར་གྱུར་པ་སྟེ། དབང་ཕྱུག་གོ། །བྱེད་པ་པོའོ། །འབྱིན་པ་པོའོ། །འབྱིན་བྱེད་དོ་སྙམ་མོ། །དེ་ནས་སེམས་ཅན་འགའ་ཚེ་ཟད་ཅིང་ལས་ཟད་ལ། བསོད་ནམས་ཟད་པ་ཞིག་གནས་ དེ་ནས་ཤི་འཕོས་ནས། འདིར་མི་རྣམས་དང་སྐལ་བ་མཉམ་པར་གྱུར་ལ་དེ་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་ནར་སོན་པའི་རྒྱུས་ན། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པ་ཉིད་ཀྱི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་དགོན་པ་ ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པ་དག་གི་རྒྱུ་ལས་ བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱེད་དོ། །དེ་ལྟར་སེམས་མཉམ་པར་བཞག་པ་ལས་སྔོན་གྱི་ལུས་དེ་ཡང་དག་པར་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ཚངས་པ་དེ་ནི་དངོས་པོ་རྣམས་ཀྱི་ཕར་གྱུར་པ་སྟེ། དབང་ཕྱུག་གོ། །བྱེད་པ་པོའོ། ། སྤྲུལ་པ་པོའོ། །འབྱིན་པ་པོའོ། །འབྱིན་བྱེད་དོ། །དེ་ནི་རྟག་པའོ། །བརྟན་པའོ། །ཐེར་ཟུག་པའོ། །རྣམ་པར་མི་འགྱུར་བའི་ཆོས་ཅན་ནོ། །ཡང་བདག་ཅག་ནི་ཚངས་པ་དེས་སྤྲུལ་པའི་ཕྱིར་བདག་ཅག་ནི་མི་རྟག་པའོ། །མི་བརྟན་པའོ། །ཡིད་བརྟན་དུ་མི་རུང་བའོ། །རྣམ་ པར་འགྱུར་བའི་ཆོས་ཅན་ནོ་སྙམ་མོ། །དེ་ལྟར་ཁ་ཅིག་ནི་རྟག་ལ་ཁ་ཅིག་ནི་མི་རྟག་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ འདི་ནི་གཞི་དང་པོའོ། །གཉིས་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་སྟེ། ཚངས་པ་དེའི་ལྟ་བ་ནི་ འདི་ལྟ་བུའོ། །སྨྲ་བ་ནི་འདི་ལྟ་བུས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དེ་ནི་མི་རྟག་པ་མི་བརྟན་པ་ཡིད་བརྟན་དུ་མི་རུང་བ་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ལ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་རྟག་པ་བརྟན་པ་ཐེར་ཟུག་པ་རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་ནོ། །ཡང་སེམས་ཅན་འགའ་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པ་ཞིག་གནས་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་ འགྱུར་ལ། དེ་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་ནར་སོན་པའི་རྒྱུས་ནི། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པ་ཉིད་ཀྱི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་ གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱས་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་ལ་རེག་པར་བྱེད་དོ། །དེ་ལྟར་ མཉམ་པར་བཞག་པ་དང་དེ་འདི་སྙམ་དུ་སེམས་ཏེ། ཚངས་པ་དེ་ནི་ལྟ་བར་གྱུར་པ་ཉམས་སུ་མྱོང་བའི་ཕྱིར་འདི་སྐད་ཅེས་བྱ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དེ་ནི་མི་རྟག་པའོ། །མི་བརྟན་པའོ། །ཡིད་བརྟན་དུ་མི་རུང་བའོ། །རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ་ སྙམ་ལ། ཡང་འདི་སྐད་ཅེས་བྱ་སྟེ། སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་རྟག་པའོ། །བརྟན་པའོ། །ཐེར་ཟུག་པའོ། །རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་པའོ་སྙམ་མོ། །དེ་ལྟར་ཁ་ཅིག་ནི་རྟག་ལ་ཁ་ཅིག་ནི་མི་རྟག་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་འདི་ནི་གཞི་གཉིས་པའོ། །གསུམ་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཁ་ཅིག་ཅི་ལ་རྟེན་ཅིང་ཅི་ ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་དགེ་སློང་དག་འདོད་པའི་ཁམས་ན་ལྷ་རྩེད་མོས་མྱོས་ཞེས་བྱ་བ་དག་ཡོད་དེ། དེ་དག་གང་གི་ཚེ་ ཤིན་ཏུ་རྩེ་དགའ་རངས་པ་དང་ལྡན་ཞིང་འཁོད་དེ་རྩེ་དགའ་རངས་པ་དང་ལྡན་པའི་སེམས་ཅན་དེ་དག་གི་ནང་ནས། ལུས་དུབ་ཅིང་དྲན་པ་རྨོངས་ལ། དྲན་པའི་སེམས་ཅན་གནས་དེ་ནས་ཤི་འཕོས་ནས་འགྱུར་རོ། །འདི་ལྟ་སྟེ་སེམས་ཅན་འགའ་ཚེ་ཟད་ཅིང་ལས་ཟད་ ལ་བསོད་ནམས་ཟད་པ་འགའ་ཞིག་གནས་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་ལ། དེ་དབང་པོ་ཡོངས་སུ་སྨིན་ཅིང་ནར་སོན་པའི་རྒྱུས་ན་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས། ཡང་དག་པ་ཉིད་ཀྱི་དད་པས་ཁྱིམ་ ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། དེ་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་ རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པ་དག་གི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱེད་དོ། །དེ་ལྟར་མཉམ་པར་བཞག་པ་ན་སྔོན་གྱི་ལུས་དེ་ཡང་དག་པར་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། འདོད་པའི་ ཁམས་ན་གང་ལྷ་རྩེད་མོས་མྱོས་ཞེས་བྱ་བ་དག་གི་ནང་ནས་གང་དག་རྩེ་དགའ་རངས་པ་དང་ཤིན་ཏུ་མི་ལྡན་པར་འཁོད་དེ། དེ་དག་ནི་རྟག་པའོ། །བརྟན་པའོ། །ཐེར་ཟུག་པའོ། །རྣམ་པར་མི་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་མོ། །ཡང་བདག་ཅག་ནི་ཤིན་ཏུ་རྩེ་དགའ་ རངས་པ་དང་ལྡན་པའི་སེམས་ཀྱིས་གནས་པས་བདག་ཅག་ནི་མི་རྟག་པའོ། །མི་བརྟན་པའོ། །ཐེར་ཟུག་མ་ཡིན་པའོ། །ཡིད་བརྟན་དུ་མི་རུང་བའོ། །རྣམ་པར་འགྱུར་བའི་ཆོས་ཅན་ནོ་སྙམ་མོ། །དེ་ལྟར་ན་ཁ་ཅིག་ནི་རྟག་ལ་ཁ་ཅིག་ནི་མི་རྟག་པ་སྟེ། ཅི་ལ་ རྟེན་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། འདི་ནི་གཞི་གསུམ་པའོ། །བཞི་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་རྟག་ གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་དགེ་སློང་དག་འདོད་པའི་ཁམས་ན་ལྷ་ཡིད་འཁྲུག་ཅེས་བྱ་བ་དག་ཡོད་དེ། དེ་དག་གང་གི་ཚེ་ཤིན་ཏུ་མིག་གིས་མིག་ཚུགས་སུ་བལྟའོ། །དེ་དག་ཤིན་ཏུ་མིག་གིས་མིག་ཚུགས་སུ་ལྟ་བ་ན། ཡིད་འཁྲུག་ཅིང་ཡིད་ཁྲོས་པས་ སེམས་ཅན་དེ་དག་གནས་དེ་ནས་ཤི་འཕོས་པར་འགྱུར་རོ། །ཇི་སྟེ་སེམས་ཅན་འགའ་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པ་ཞིག་གནས་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་ལ། དེ་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་ནར་ སོན་པའི་རྒྱུས་ན་ཞེས་བྱ་བ་ནས། སྔོན་གྱི་ལུས་ཡང་དག་པ་རྗེས་སུ་དྲན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། འདོད་པའི་ཁམས་ན་གང་ལྷ་ཡིད་འཁྲུག་ཅེས་བྱ་བ་དེ་དག་གི་ནང་ནས། གང་དག་མིག་གིས་མིག་ཚུགས་སུ་ཤིན་ཏུ་མི་ ལྟ་བ་དེ་དག་ནི་རྟག་པའོ། །བརྟན་པའོ། །ཐེར་ཟུག་པའོ། །མི་འགྱུར་བའི་ཆོས་ཅན་ནོ་སྙམ་མོ། །ཡང་བདག་ཅག་ནི་ཤིན་ཏུ་མིག་གིས་མིག་ཚུགས་སུ་ལྟ་བ་དང་ལྡན་པས། བདག་ཅག་ནི་མི་རྟག་པའོ། །མི་བརྟན་པའོ། །ཡིད་བརྟན་དུ་མི་རུང་བའོ། །རྣམ་ པར་འགྱུར་བའི་ཆོས་ཅན་ནོ་སྙམ་མོ། །དེ་ལྟར་ན་ཁ་ཅིག་ནི་རྟག་ལ་ཁ་ཅིག་ནི་མི་རྟག་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་ རྗོད་པ་འདི་ནི་གཞི་བཞི་བའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དེ་ཐམས་ཅད་ནི་གཞི་བཞི་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ་དེ་ལྟར་ན་ ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་ མངོན་པར་ཤེས་པས། མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པར་སྨྲ་ཞིང་རྗོད་པར་བྱེད་དོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་ སུ་དག་པ། ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས། མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པར་སྨྲ་ཞིང་རྗོད་པར་བྱེད་པ་གང་ཞེ་ན། དགེ་སློང་དག་ དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་རྒྱུ་མེད་པར་འབྱུང་བ་སྟེ། བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་འབྱུང་ངོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ཡོད་པ་ནི་འདི་ལྟ་སྟེ། གཞི་གཉིས་པ་ལའོ། །དགེ་སྦྱོང་དག་དང་བྲམ་ཟེ་ཤེས་ལྡན་དེ་དག་ ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་རྒྱུ་མེད་པར་འབྱུང་བ་སྟེ། བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་འབྱུང་བའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་གཉིས་པོ་དག་ལའོ། །དགེ་སློང་དག་ གཟུགས་ཀྱི་ཁམས་ན། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱི་འདུ་ཤེས་འབྱུང་བའི་ཕྱིར། སེམས་ཅན་དེ་དག་གནས་དེ་ནས་ཤི་འཕོ་བར་འགྱུར་ལ། ཇི་སྟེ་སེམས་ཅན་འགའ་ཞིག་གནས་དེ་ནས་ཤི་འཕོས་ནས། འདིར་མི་རྣམས་དང་སྐལ་བ་མཉམ་ པར་འགྱུར་ཞེས་བྱ་བ་ནས། སྔོན་འདུ་ཤེས་འབྱུང་བ་དེ་ཡང་དག་པར་རྗེས་སུ་དྲན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་འབྱུང་བ་དེའི་ཕྱིར། དེས་ན་བདག་ནི་འདི་སྙམ་དུ་བདག་དང་འཇིག་རྟེན་ རྒྱུ་མེད་པ་ལས་བྱུང་བས། བདག་སྔོན་ཆད་མ་བྱུང་ལ་ད་ལྟར་བྱུང་ངོ་སྙམ་པ་ནི་གཞི་དང་པོ་སྟེ། ཅི་ལ་རྟེན་ཅིང་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །གཞི་གཉིས་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། ། འདི་ན་ཁ་ཅིག་དཔྱོད་པ་ཅན་རྟོག་གེར་ཞུགས་པའི་ས་ལ་གནས་པ། རང་གི་སྤོབས་པ་ལས་བྱུང་བ། སོ་སོའི་སྐྱེ་བོ་པ། རྟོག་གེའི་རྗེས་སུ་འབྲང་བ་དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་འབྱུང་བ་དེའི་ཕྱིར། དེས་ན་བདག་ནི་འདི་སྙམ་དུ་བདག་དང་ འཇིག་རྟེན་རྒྱུ་མེད་པ་ལས་བྱུང་བས། བདག་ནི་རྟོག་གེ་པ་དཔྱོད་པ་ཅན་རྟོག་གེར་ཞུགས་པའི་ས་ལ་གནས་པ། རང་གི་སྤོབས་པ་ལས་བྱུང་བ། སོ་སོའི་སྐྱེ་བོ་དཔྱོད་པའི་རྗེས་སུ་འབྲང་བ་འདི་ནི་གཞི་གཉིས་པ་སྟེ། ཅི་ལ་རྟེན་ཅིང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་ སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་རྒྱུ་མེད་པར་འབྱུང་བ་པ་སྟེ། བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་འབྱུང་བའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དེ་ཐམས་ཅད་ནི་གཞི་གཉིས་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ། དེ་ལྟར་ན་ལྟ་བར་སོང་བ་དེ་ དག་འདི་ལྟར་འཛིན་པ་དང་། འདི་ལྟར་མཆོག་ཏུ་འཛིན་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདི་ལྟར་རབ་ཏུ་མཁྱེན་པ་ན་མཆོག་ཏུ་མི་འཛིན་ཏེ། མཆོག་ཏུ་མི་འཛིན་ པས་བདག་ཉིད་མྱ་ངན་ལས་འདས་པར་ཡང་རིག་ཅིང་དེ་ལྟར་ལྟ་བར་སོང་བ་དེ་དག་གི་འགྲོ་བ་ནི་འདི་ལྟ་བུའོ། །སྐྱེ་བ་ནི་འདི་ལྟ་བུའོ། །ཚེ་ཕྱི་མ་ནི་འདི་ལྟ་བུ་ཡིན་ནོ་ཞེས་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ནས་ཀྱང་མཆོག་ཏུ་མི་འཛིན་ཏོ། །མཆོག་ཏུ་མི་འཛིན་པས་བདག་ཉིད་མྱ་ངན་ལས་འདས་པར་རིག་ནས། ཀུན་འབྱུང་ཚོར་ བ་རྣམས་ནུབ་པར་ཐུགས་སུ་ཆུད་ནས། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ངེས་པར་འབྱིན་པའོ་ཞེས་བྱ་བར་མཁྱེན་ཏོ། །དགེ་སློང་དག་གང་དག་ཆོས་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་ སྣང་བ་ནས་དེ་དག་གང་ཞེ་ན་ཞེས་བྱ་བའི་བར་དུ་ནི་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་མཐའ་ཡོད་པ་དང་མཐའ་མེད་པ་པ་སྟེ། བདག་དང་འཇིག་རྟེན་ནི་མཐའ་ཡོད་པའང་མ་ཡིན་མཐའ་མེད་པའང་མ་ཡིན་ཞེས་མངོན་པར་སྨྲ་ཞིང་ མངོན་པར་རྗོད་པ་དེ་དག་ཡོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལའོ། །དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་། མཐའ་ཡོད་པ་དང་མཐའ་མེད་པ་སྟེ། བདག་དང་འཇིག་རྟེན་ནི་མཐའ་ཡོད་པའང་ཡིན་ མཐའ་མེད་པའང་ཡིན་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལའོ། །དགེ་སློང་དག་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཁ་ཅིག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། སྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས། སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱེད་དོ། །དེ་ལྟར་སེམས་མཉམ་པར་ བཞག་པ་ན། འཇིག་རྟེན་ལ་མཐའ་ཡོད་པའི་འདུ་ཤེས་ཅན་དུ་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་མཐའ་དང་ལྡན་པ་དེའི་ཕྱིར་དེས་ན་བདག་ནི་འདི་སྙམ་དུ་འཇིག་རྟེན་ནི་མཐའ་དང་ལྡན་ཞིང་ཡོངས་སུ་ཆད་པས་བདག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་ གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ་ཞེས་བྱ་བ་ནས། འཇིག་རྟེན་ལ་མཐའ་ཡོད་པའི་འདུ་ཤེས་ཅན་དུ་གནས་པར་བྱའོ་སྙམ་པའི་བར་དུ་སྔ་མ་བཞིན་ནོ། །དེ་ལྟར་ན་འཇིག་རྟེན་མཐའ་དང་ལྡན་ཞིང་ཡོངས་སུ་ཆད་པ་འདི་ནི་གཞི་དང་པོ་སྟེ། ཅི་ལ་རྟེན་ཅིང་ཞེས་བྱ་བ་ནི་ སྔ་མ་བཞིན་ནོ། །གཉིས་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཞེས་བྱ་བ་ནས། འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་ཞེས་བྱ་བའི་ བར་དུ་སྔ་མ་བཞིན་ནོ། །དེ་ལྟར་སེམས་མཉམ་པར་བཞག་པ་ན། འཇིག་རྟེན་ལ་མཐའ་མེད་པའི་འདུ་ཤེས་ཅན་དུ་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ན་མཐའ་མེད་ཅིང་ཚད་མེད་པ་དེའི་ཕྱིར་དེས་ན་བདག་ནི་འདི་སྙམ་དུ་འཇིག་རྟེན་ནི་མཐའ་མེད་ཅིང་ཚད་ མེད་པས་བདག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་ཞེས་བྱ་བ་ནས། དེ་ལྟར་སེམས་མཉམ་པར་བཞག་པ་ན་འཇིག་རྟེན་ལ་མཐའ་མེད་པའི་ཕྱིར་འདུ་ཤེས་ཅན་དུ་གནས་པར་བྱའོ་སྙམ་མོ། །དེ་ལྟར་ན་འཇིག་རྟེན་ མཐའ་མེད་ཅིང་ཚད་མེད་པ་འདི་ནི་གཞི་གཉིས་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གསུམ་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དགོན་པ་ ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་ཞེས་བྱ་བ་ནས་སེམས་མཉམ་པར་བཞག་པ་ན། སྟེང་དང་འོག་གི་འཇིག་རྟེན་ལ་ནི་མཐའ་ཡོད་པའི་འདུ་ཤེས་ཅན་ཡིན་ཞིང་། ཐད་ཀར་ནི་མཐའ་མེད་པའི་འདུ་ཤེས་ཅན་དུ་གནས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་འདི་སྙམ་དུ་སེམས་ ཏེ། སྟེང་དང་འོག་གི་འཇིག་རྟེན་ལ་ནི་མཐའ་ཡོད་ཅིང་། ཐད་ཀར་ནི་མཐའ་མེད་དོ་སྙམ་པ་དེའི་ཕྱིར་དེས་ན་བདག་འདི་སྙམ་དུ་སྟེང་དང་འོག་ནི་མཐའ་ཡོད་ལ་ཐད་ཀར་ནི་མཐའ་མེད་དོ་སྙམ་ནས། བདག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་ཞེས་བྱ་བ་ནས་འདི་ནི་ གཞི་གསུམ་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཞི་པ་ནི་ཞེས་བྱ་བ་ནས་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །འདི་ན་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཁ་ཅིག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་ཞེས་བྱ་བ་དག་དང་། སེམས་མཉམ་པར་བཞག་པ་ན་འཇིག་རྟེན་མཐའ་ཡོད་པ་མ་ཡིན་པའི་འདུ་ཤེས་ཅན་དང་། མཐའ་མེད་པ་མ་ཡིན་པའི་འདུ་ཤེས་ཅན་དུ་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་འདི་ནི་མཐའ་ཡོད་པ་ཡང་མ་ཡིན་མཐའ་ མེད་པ་ཡང་མ་ཡིན་པ་དེའི་ཕྱིར། དེས་ན་བདག་འདི་སྙམ་དུ་འཇིག་རྟེན་ནི་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནོ་སྙམ་ནས། བདག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ་ཞེས་བྱ་བ་ནས། སེམས་མཉམ་པར་བཞག་པ་ ན་འཇིག་རྟེན་མཐའ་ཡོད་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། མཐའ་མེད་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དུ་གནས་པར་བྱའོ་སྙམ་མོ། །དེ་ལྟར་ན་འཇིག་རྟེན་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་འདི་ནི་གཞི་བཞི་པ་སྟེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཞེས་ བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་། མཐའ་ཡོད་པ་དང་མཐའ་མེད་པ་པ་སྟེ། བདག་དང་འཇིག་རྟེན་མཐའ་ཡོད་པ་དང་མཐའ་མེད་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་དེ་ཐམས་ཅད་ནི་གཞི་བཞི་པོ་དག་ལ་སྟེ། དེ་ལས་ མི་ལྷག་མི་མང་ལ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་། འདི་ལྟར་མཆོག་ཏུ་འཛིན་པ་དང་། འདི་ལྟར་ལེན་པ་དང་། འདི་ ལྟར་སྤྱོད་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་དག་གང་དག་ཆོས་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དག་གང་ཞེ་ན་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་ལྷ་མི་སྤོང་ལ་ལྷ་མི་སྤོང་བ་དྲི་བ་དྲིས་པ་དང་གཏམ་རླུང་བསྐུར་བ་དག་ཡོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལའོ། །དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་ལྷ་མི་སྤོང་ལ་ལྷ་མི་ སྤོང་བ། དྲི་བ་དྲིས་པ་དང་ཚིག་རླུང་བསྐུར་བ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལའོ། །འདི་ནི་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ སོ་སྙམ་མོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གང་དག་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པ་དག་ཡོད་དེ། དེ་དག་བདག་ལ་མི་ དགེ་བའི་དྲི་བ་དྲི་བར་འགྱུར་བ་དང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དག་གི་དྲི་བ་འདྲི་བར་འགྱུར་ན། བདག་གིས་དེ་དག་གིས་མི་དགེ་བ་དྲི་བ་དྲིས་པ་ལུང་བསྟན་པ་དང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་ པ་དང་། ལམ་དག་གི་དྲི་བ་དྲིས་པ་རྣམས་ལུང་བསྟན་དུ་ནི་བདག་གི་བརྫུན་དུ་འགྱུར་བས། དེ་ལྟར་ན་དགེ་སྦྱོང་དང་བྲམ་ཟེ་དེ་བརྫུན་དུ་སྨྲ་བས་འཇིགས་པ་དང་། བརྫུན་དུ་སྨྲ་བས་འཇིགས་སྐྲག་པ་དང་། བརྫུན་དུ་སྨྲ་བ་ཡོངས་སུ་སྨད་པས་གཞི་དེ་དང་གླིང་དེ་དང་མགོན་དེ་དང་སྐྱབས་དེ་ དང་གཞོལ་བ་དེ་ལ་གནས་སོ། །ལྷ་མི་སྤོང་བ་དེ་དྲི་བ་དྲིས་པ་དང་ཚིག་རླུང་སྐུར་བར་བྱེད་དེ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་སྔོན་གྱི་མཐའ་ལ་རྟོག་ཅིང་། ལྷ་མི་སྤོང་ལ་ལྷ་མི་སྤོང་བ་དྲི་བ་དྲིས་པ་དང་ཚིག་རླུང་བསྐུར་བ་འདི་ནི་གཞི་དང་པོའོ། །གཞི་གཉིས་པ་ནི་དགེ་སྦྱོང་ དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །དེ་ནི་བདག་གི་བརྫུན་དུ་འགྱུར་ལ་གང་བདག་གི་བརྫུན་ དུ་འགྱུར་བ་དེ་ནི་བདག་གི་ལོག་པར་འགྱུར་ཏེ། དེ་ལྟར་ན་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་དེ་ནི་ལོག་པར་ལྟ་བས་འཇིགས་པ་དང་ལོག་པར་ལྟ་བས་འཇིགས་སྐྲག་པ་དང་ལོག་པར་ལྟ་བ་ཉིད་ཡོངས་སུ་སྨད་པས་གཞི་དེ་ལ་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཅི་ལ་རྟེན་ཅིང་ཅི་ལ་གནས་ ནས་ཅི་ལ་གནས་བཅས་ཏེ་ཞེས་བྱ་བ་ནས་ཚིག་རླུང་བསྐུར་ཞེས་བྱ་བའི་བར་འདི་ནི་གཞི་གཉིས་པའོ། །གསུམ་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །འདི་ན་དགེ་སྦྱོང་ དང་བྲམ་ཟེ་ཁ་ཅིག་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་། དགེ་བ་དག་ཅེས་བྱ་བ་སྔ་མ་བཞིན་ནོ། །དེ་ནི་བདག་གི་བརྫུན་དུ་འགྱུར་ལ་གང་བདག་གི་བརྫུན་དུ་འགྱུར་བ་དེ་ནི་བདག་གི་ལོག་པར་འགྱུར་ཞིང་གང་བདག་གི་ལོག་པར་འགྱུར་བ་དེ་ནི་བདག་གི་ཤེས་བཞིན་མ་ ཡིན་པར་འགྱུར་ཏེ། དེ་ལྟར་ན་དགེ་སྦྱོང་དང་བྲམ་ཟེ་དེ་ནི་ཤེས་བཞིན་མ་ཡིན་པས་འཇིགས་པ་དང་ཤེས་བཞིན་མ་ཡིན་པས་འཇིགས་སྐྲག་པ་དང་ཤེས་བཞིན་མ་ཡིན་པ་ཉིད་ཡོངས་སུ་སྨད་པས་གཞི་དེ་དང་གླིང་དེ་ལ་གནས་སོ་ཞེས་བྱ་བ་ནས། ཚིག་རླུང་བསྐུར་བ་འདི་ནི་གཞི་གསུམ་པའོ་ཞེས་བྱ་བའི་ བར་དུ་སྔ་མ་བཞིན་ནོ། །བཞི་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། །འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རང་བཞིན་ཉིད་ཀྱིས་ཡིད་རྟུལ་ཞིང་བླུན་པ་ཡིན་ཏེ། དེ་འདི་སྙམ་དུ་སེམས་ཏེ། ཇི་སྟེ་བདག་གི་ཐད་དུ་ལ་ལ་ཞིག་འོངས་ ནས་དེ་འཇིག་རྟེན་ཕ་རོལ་ཡོད་སྙམ་ནས། འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་དྲི་བ་དྲིས་ན་བདག་གིས་དེ་ལ་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་ལུང་བསྟན་པར་བྱའོ། །འཇིག་རྟེན་ཕ་རོལ་མེད་པ་མ་ཡིན་ནམ། ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་ནམ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ ནམ་དེ་འཇིག་རྟེན་འདི་ལྟ་བུའམ་འོན་ཏེ་མ་ཡིན། རྣམ་པ་གཞན་ཞིག་གམ་འོན་ཏེ་མ་ཡིན། མ་ཡ