Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 076_མདོ་སྡེ།_ཨཱཾཿ

Văn bản gốc(Tây Tạng)

Trang 14 / 18 (50.000 ký tự/trang)
ི་དགེ་བ་སྤྱོད་པ་ལ་ལེགས་པའི་དོན་དུ་འགྱུར་བ་ཡང་མཆིས། དཀར་
ཞིང་ཤ་བཟང་ལ་མིག་ཡོ་བ་ཡང་མཆིས། ལ་ལ་ནི་སྔོ་ཞིང་གནག་ལ་མདངས་དང་ལྡན་པ་ཡང་མཆིས། ལ་ལ་ནི་ལུས་ཆུང་ཞིང་ཐུང་ལ་སྙིང་རྩལ་དང་ལྡན་པ་ཡང་མཆིས། ལ་ལ་ནི་ཆེ་ཞིང་རིང་ཡང་གཞན་གྱི་བྲན་གཡོག་བགྱིད་པ་ཡང་མཆིས། ལ་ལ་ནི་བུ་ཚ་མང་བ་ཡང་
མཆིས། ལ་ལ་ནི་རྨོངས་པ་ཡང་མཆིས། ལ་ལ་ནི་རྟག་པར་ཕྱི་རོལ་དུ་འཁྱམ་ལ་བཀྲེས་པ་ཡང་མཆིས། ལ་ལ་ནི་ཕོ་བྲང་གི་ནང་ན་འདུག་ཅིང་གོས་དང་ཟས་ཀྱིས་མི་བྲེལ་ཏེ་ལོངས་སྤྱོད་པ་ཡང་མཆིས། གཞོན་ན་དབུལ་ཞིང་རྒས་ན་ཕྱུག་ཅིང་བཙན་པ་ཡང་མཆིས། དྲང་

དཀན་ཆེ་ཞིང་འགལ་བར་མི་བྱེད་པ་ལས་གྱོད་ལ་ཐོགས་པ་ཡང་མཆིས། ཕ་ནི་བྱམས་བུ་ནི་སྲི་ཞུ་ཆེ་སྟེ། གཙུག་ལག་གི་ཡི་གེ་དང་གཞུང་སྨོས་ཤིང་བཤད་པ་ཡང་མཆིས། སྤུན་མི་འཐུན་ནས་རྩོད་པ་ཡང་མཆིས། གནས་མཐོ་ཞིང་ཡོ་བྱད་རྣམ་པ་སྣ་ཚོགས་སུ་ལྡན་
པ་ཡང་མཆིས། བདག་གི་ཁྱིམ་མེད་ལ་འདྲོན་ཐབས་སུ་གནས་པ་ཡང་མཆིས། བྱ་དང་། རི་དགས་དང་། གཅན་གཟན་དང་འདྲ་བར་གནས་པ་ཡང་མཆིས། གོས་སུ་བལ་གོས་གྱོན་ཞིང་ཟས་སུ་ཤ་ཟ་ཞིང་ཡི་གེ་མི་ཤེས་པ་ཡང་མཆིས། མི་གཡོ་བར་འདུག་
ཀྱང་སྐྱིད་ཅིང་ཡོན་ཏན་ཐོབ་པ་ཡང་མཆིས། གླ་ཟ་ཞིང་གནས་པ་ཡང་མཆིས། ཡིད་གཞུངས་ཤིང་ཁོང་གྲོལ་བ་ཡང་མཆིས། རྨོངས་ཤིང་བླུན་ལ་ངན་པ་ཡང་མཆིས། བཙལ་ཏེ་མ་རྙེད་པ་ཡང་མཆིས། མ་བཙལ་ཏེ་རྙེད་པ་ཡང་མཆིས། ཕྱུག་ཅིང་བཙན་ལ་ནོར་
དང་ལྡན་ལ་སེར་སྣ་ཆེ་བ་ཡང་མཆིས། དབུལ་ལ་སྦྱིན་པ་ལ་སྲེད་པ་ཡང་མཆིས། ཚིག་སྨྲ་ན་བདེན་ཞིང་མཉེན་པར་ཟེར་བ་ཡང་མཆིས། ཚིག་སྨྲ་ན་གཟེར་བ་བཞིན་དུ་ཟུག་པ་ཡང་མཆིས། གཞན་གྱིས་བྱམས་ཤིང་བཀུར་བ་ཡང་མཆིས། ཀུན་གྱིས་སྤངས་ཤིང་
བསྲིངས་པ་ཡང་མཆིས། སྙིང་རྗེའི་སེམས་ཀྱིས་སེམས་ཅན་གསོ་བ་ཡང་མཆིས། བག་མེད་པར་སྲོག་གཅོད་པ་ཡང་མཆིས། ཁོང་ཡངས་ཤིང་ཀུན་དང་འཐུན་པ་ཡང་མཆིས། ཀུན་གྱིས་མི་འདོད་པ་ཡང་མཆིས། མནའ་མ་དང་སྒྱུག་མོར་མི་འཐུན་པ་ཡང་མཆིས། ཚག་
པ་མོ་དང་འཛའ་བ་ཡང་མཆིས། ལ་ལ་ནི་ཆོས་ཀྱི་གཏམ་ལ་དགའ་བ་ཡང་མཆིས། ལ་ལ་ནི་མདོ་སྡེ་ཐོས་ནས་གཉིད་བྲོ་བ་ཡང་མཆིས། ལ་ལ་ནི་བརྡལ་བག་ཅན་ལ་མཛངས་པ་ཡང་མཆིས། ལ་ལ་ནི་གཙུག་ལག་ཁང་ལ་དགའ་ཞིང་བསྒོམ་པ་ལ་འགྲུས། ལ་ལ་
ནི་བྱོལ་སོང་གི་གཟུགས་དང་མཚུངས། ལ་ལ་ནི་རི་དགས་རྣམ་པ་སྣ་ཚོགས་སུ་འགྱུར་བ་ཡང་མཆིས་ན། བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུ་རྒྱས་པར་བཤད་ན་འཁོར་མང་པོ་ཀུན་གྱིས་ཐོས་ནས་སེམས་རྩེ་གཅིག་ཏུ་དགེ་བའི་རྗེས་སུ་ཕྱོགས་པར་འགྱུར་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་ཇི་ལྟར་རྣམ་པར་སྨིན་པ་མི་འདྲ་བར་འདྲི་བ་དེ་བཞིན་དུ། དེ་དག་ཀུན་ཀྱང་ཚེ་རབས་སྔ་མ་ལ་སྤྱོད་པ་མི་འཐུན་པས། དེའི་ཕྱིར་ན་ཁྱད་པར་སྣ་ཚོགས་སུ་གྱུར་ཏོ། །དེ་ལ་ད་ལྟར་བྱད་བཞིན་བཟང་པོ་ནི་
བཟོད་པ་ལས་འོངས་སོ། །མི་སྡུག་པ་ནི་ཞེ་སྡང་དང་ཁོང་ཁྲོ་བ་ལས་འོངས་སོ། །དབུལ་ཕོངས་པ་ནི་སེར་སྣ་ལས་འོངས་སོ། །བཙན་ཞིང་ཆེ་བ་ནི་སངས་རྒྱས་ལ་གུས་པར་ཕྱག་འཚལ་བ་ལས་འོངས་སོ། །མི་མ་རབས་ཐམས་ཅད་ནི་རྒྱགས་ཤིང་དྲེགས་པ་ལས་འོངས་སོ། །
ལུས་རིང་ཞིང་བཟང་བ་ནི་བཀུར་སྟི་བྱས་པ་ལས་འོངས་སོ། །ལུས་ཐུང་བ་ནི་ཆོས་ལ་ལེ་ལོ་བྱས་པ་ལས་འོངས་སོ། །བླུན་པ་ནི་ལུག་ལས་འོངས་སོ། །སྐམ་ཞིང་གནག་པ་ནི་དེ་བཞིན་གཤེགས་པའི་སྐུ་བསྒྲིབས་པ་ལས་འོངས་སོ། །མཆུ་དམའ་བ་ནི་ཆོས་སྟོན་པའི་ཟས་
ལ་མྱངས་པ་ལས་འོངས་སོ། །མིག་ཚག་པ་ནི་མེ་བསླངས་པ་མི་སྟེར་བ་ལས་འོངས་སོ། །མུན་སྲོས་ནས་མིག་མི་མཐོང་བ་ནི་ཁྲའི་མིག་བྲུས་པ་ལས་འོངས་སོ། །ལྐུགས་པ་ནི་དམ་པའི་ཆོས་ལ་སྐུར་པ་འདེབས་པ་ལས་འོངས་སོ། །འོན་པ་ནི་ཆོས་ཐོས་སུ་མི་དགའ་བ་ལས་
འོངས་སོ། །སོ་སྟོ་བ་ནི་རྐང་དང་རུས་པ་ལ་སྲེད་པ་ལས་འོངས་སོ། །སྣ་བསྙེར་བ་ནི་སྤོས་མི་ཞིམ་པ་བསྲེགས་ཏེ་སངས་རྒྱས་ལ་མཆོད་པ་ལས་འོངས་སོ། །ཤོ་རེ་ནི་ཉའི་མཆུ་ཕུག་པ་ལས་འོངས་སོ། །སྐྲ་སེར་བ་ནི་ཕག་གི་སྤུ་བཏོགས་པ་ལས་འོངས་སོ། །རྣ་བ་རལ་བ་
ནི་རྣ་བ་ཕུག་པ་ལས་འོངས་སོ། །ཐང་སྦྲུལ་འདྲ་བ་ནི་གོས་མི་གཙང་བ་གྱོན་ཏེ་སངས་རྒྱས་ལ་སྙོགས་པ་ལས་འོངས་སོ། །ངམས་གནག་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཁྱིམ་མམ་ཁྱམས་སུ་བཞག་པ་ལས་འོངས་སོ། །ཞར་བ་དང་གྱོལ་བ་ནི་མཁན་པོ་དང་བླ་མ་མཐོང་
སྟེ་མི་ལྡང་བ་ལས་འོངས་སོ། །སྒུར་བ་ནི་གོས་མི་གཙང་བ་གྱོན་ཞིང་སངས་རྒྱས་ཀྱི་སྐུ་ལ་རྒྱབ་ཀྱིས་ཕྱོགས་པ་ལས་འོངས་སོ། །དཔྲལ་བ་འབུར་བ་ནི་སངས་རྒྱས་མཐོང་ནས་ཕྱག་གུས་པར་མི་འཚལ་ཞིང་ལག་པ་དཔྲལ་བར་གཏུགས་པ་ལས་འོངས་སོ། །མཇིང་བ་ཐུང་

བ་ནི་བཙུན་པ་དང་བླ་མ་མཐོང་ནས་མགོ་སྨད་ཅིང་བྱོལ་བ་ལས་འོངས་སོ། །མཆིན་པ་ན་བ་ནི་སེམས་ཅན་གྱི་ལུས་གཏུབས་ཤིང་གཙགས་པ་ལས་འོངས་སོ། །མཛེ་ཅན་ནི་གཞན་གྱི་ནོར་མ་འོས་པར་བླངས་པ་ལས་འོངས་སོ། །ལུད་པ་མང་བ་ནི་དགུན་མི་གཞན་ལ་ཟས་གྲང་
མོ་བྱིན་པ་ལས་འོངས་སོ། །བུ་ཚ་མེད་པ་ནི་བྱ་ཕྲུག་མང་པོ་བསད་པ་ལས་འོངས་སོ། །བུ་ཚ་མང་བ་ནི་སེམས་ཅན་མང་པོ་གསོས་པ་ལས་འོངས་སོ། །ཚེ་རིང་བ་ནི་སྙིང་རྗེ་ཆེ་བ་ལས་འོངས་སོ། །ཚེ་ཐུང་བ་ནི་སྲོག་གཅོད་པ་ལས་འོངས་སོ། །ཕྱུག་པ་ནི་སྦྱིན་པ་བྱས་པ་
ལས་འོངས་སོ། །རྟ་དང་ཤིང་རྟ་བདོག་པ་ནི་དཀོན་མཆོག་གསུམ་ལ་ཡོན་ཕུལ་བ་ལས་འོངས་སོ། །དབང་པོ་རྣོ་བ་ནི་སློབ་པ་ལ་འགྲུས་པ་དང་མདོ་སྡེ་ཁ་ཏོན་དུ་བྱས་པ་ལས་འོངས་སོ། །རྨུན་པོ་ནི་བྱོལ་སོང་ལས་འོངས་སོ། །བྲན་ཕོ་དང་བྲན་མོ་བྱེད་པ་ནི་བུ་ལོན་མ་གཞལ་
བ་ལས་འོངས་སོ། །སྤྲོ་ཐུང་བ་ནི་སྤྲེའུ་ལས་འོངས་སོ། །ཡང་མཛེ་ཅན་ནི་དཀོན་མཆོག་གི་རྟེན་བཤིག་པ་ལས་འོངས་སོ། །ཡན་ལག་མ་ཚང་བ་ནི་སེམས་ཅན་གྱི་རྐང་ལག་བཅད་པ་ལས་འོངས་སོ། །གདུག་པ་ནི་སྦྲུལ་དང་སྡིག་པ་ལས་འོངས་སོ། །དབང་པོ་དྲུག་ཚང་བ་
ནི་ཚུལ་ཁྲིམས་བསྲུངས་པ་ལས་འོངས་སོ། །དབང་པོ་དྲུག་མ་ཚང་བ་ནི་ཚུལ་ཁྲིམས་བཤིག་པ་ལས་འོངས་སོ། །གཙང་སྦྲ་ཆུང་བ་ནི་འཕགས་པ་ལ་མ་མཆོད་པ་ལས་འོངས་སོ། །གླུ་གར་དང་རོལ་མོ་ལ་དགའ་བ་ནི་རོལ་མོ་མཁན་ལས་འོངས་སོ། །འདོད་ཆགས་ཆེ་བ་ནི་བྱ་
ལས་འོངས་སོ། །ལྦ་བ་ཅན་སྣོག་པ་ལས་འོངས་སོ། །ཁ་དམན་པ་ནི་ཚིག་རྩུབ་མོ་སྨྲ་བ་ལས་འོངས་སོ། །མཚན་དང་མི་ལྡན་པ་ནི་ཁྱི་དང་། ཕག་དང་། རྟའི་འབྲས་བུ་བཏོན་པ་ལས་འོངས་སོ། །ལྕེ་ཐུང་བ་ནི་བཙུན་པ་དང་བླ་མ་ལ་ཁ་བྱས་པ་དང་ལྐོག་ཏུ་འཕྱས་པ་ལས་
འོངས་སོ། །གཞན་གྱི་ཆུང་མ་ལ་གཡེམ་པ་བྱས་པ་ནི་ངང་མོ་དང་ངུར་པར་སྐྱེའོ། །གཉེན་དགུ་ལ་གཡོ་བྱས་པ་ནི་བྱེའུ་མཆིལ་པར་སྐྱེའོ། །མདོ་སྡེ་དང་གཙུག་ལག་གི་ཡི་གེ་སྤྱོད་ཅིང་སེར་སྣས་གཞན་ལ་མི་སྟོན་པ་ནི་ཚེའི་དུས་བྱས་ནས་ཐང་གི་སྲིན་བུར་སྐྱེའོ། །མདའ་གཞུ་

ཐོགས་པ་དང་རྟ་ཞོན་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་འཕར་བ་དང་སྤྱང་ཀིར་སྐྱེའོ། །སྐྲ་ཐུང་བ་དང་མགོ་རྒྱན་བཏགས་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་མཆུ་རིངས་སུ་སྐྱེའོ། །ཉལ་ཞིང་ཟ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་ཕག་ཏུ་སྐྱེའོ། །དར་ཚོན་གྱི་གོས་ལ་དགའ་
བ་ནི་བྱེའུ་ཁྲེའུར་སྐྱེའོ། །མི་སྙན་པ་ཟློས་ཤིང་ཀུ་རེ་ལ་དགའ་བ་ནི་བྱ་ནེ་ཙོ་རུ་སྐྱེའོ། །ཕྲ་མ་བྱེད་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་ལྟོ་འཕྱེ་མགོ་དྲུག་པར་སྐྱེའོ། །མ་འོས་པར་ཀུ་རེ་བྱེད་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་རྨོངས་པར་སྐྱེའོ། །གཏམ་ངན་སྐྱེལ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་
སྲིན་བྱར་སྐྱེའོ། །མི་ལ་གནོད་པ་དང་ངན་དུ་དགའ་ཞིང་གཏམ་ལ་སྲེད་པ་ནི་ཚེ་ཕྱི་མ་ལ་ཝར་སྐྱེའོ། །མི་དངངས་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་དོ་ལོག་ཏུ་སྐྱེའོ། །ཚེ་སྔ་མ་ལ་ཤིང་ལྷམ་གྱོན་ཞིང་ལྷ་ཁང་དུ་འགྲོ་བ་ནི་ཚེ་ཕྱི་མ་ལ་རྟར་སྐྱེའོ། །ཚེ་སྔ་མ་ལ་འཕྱེན་བག་མེད་པར་བཏང་
བས་ནི་ཚེ་འདི་ལ་སྦུར་བར་སྐྱེའོ། །ཚེ་སྔ་མ་ལ་དགེ་འདུན་གྱི་རང་འཐག་དང་གཏུན་ལ་སྤྱད་པ་ནི་ཚེ་འདི་ལ་སྲིན་བུ་མགོ་རྡེབས་སུ་སྐྱེའོ། །སེམས་ཅན་གྱི་ཟས་ལ་གེགས་བྱས་པས་ནི་བྱ་ཤིང་རྟ་མོར་སྐྱེའོ། །ཚེ་སྔ་མ་ལ་དགེ་འདུན་གྱི་ཆུ་བརྐུས་པས་ནི་ཉ་དང་རུས་སྦལ་ལ་སོགས་པ་
ཆུའི་ནང་ན་གནས་པའི་སེམས་ཅན་དུ་སྐྱེའོ། །ཚེ་སྔ་མ་ལ་དགེ་འདུན་སྨེ་བར་བྱས་པས་ནི་གཙང་སྦྲའི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ཤིང་ཏོག་བརྐུས་པས་ནི་མཆིས་པ་ཟ་བའི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ནོར་བརྐུས་པས་ནི་རང་འཐག་སྐོར་བའི་བོང་བུ་དང་གླང་དུ་སྐྱེའོ། །དགེ་
འདུན་གྱི་ནོར་ནན་གྱིས་བསྐྱི་བརྙ་བྱས་པས་ནི་བྱ་ཕུག་རོན་དུ་སྐྱེའོ། །དགེ་འདུན་ལ་སྤྱོ་བ་བྱས་པས་ནི་གླང་གི་གཉའ་བའི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ལྡུམ་སྐྱུར་ཟོས་པས་ནི་ལྡུམ་བུར་རྩ་བ་གང་གི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ཁྲི་སྟན་ལ་འདུག་པས་ནི་སྲིན་བུ་མགོ་དམར་དུ་སྐྱེའོ། །
དགེ་འདུན་གྱི་ནོར་སྣ་ཚོགས་ལ་སྤྱད་པས་ནི་སྲིན་བུ་འཕྱེ་བོར་སྐྱེའོ། །མགོ་ལ་རུས་པའི་ཐུར་མ་བཏུར་ནས་ལྷ་ཁང་དུ་འགྲོ་ན་བྱ་མཆུ་རིངས་སུ་སྐྱེའོ། །དཀར་རྩི་དང་དམར་རྩིས་བྱུགས་ཏེ་ལྷ་ཁང་དུ་འགྲོ་ན་བྱ་སྐྱུང་ཀར་སྐྱེའོ། །དར་ཚོན་གྱི་གོས་གྱོན་ཏེ་ལྷ་ཁང་དུ་འགྲོ་ན་བྱེའུ་སེ་རུར་སྐྱེའོ། །

ཁྱོ་ཤུག་ཞག་ལོན་ཏེ་ལྷ་ཁང་དུ་ཉལ་ན་སྲིན་བུ་མགོ་སྔོན་དུ་སྐྱེའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཇུག་སྟེགས་འཆའ་ཞིང་འདུག་པ་ནི་རྔ་མོར་སྐྱེའོ། །ལྷམ་དང་འབོབ་གྱོན་ཞིང་གཞལ་མེད་ཁང་དུ་འགྲོ་ན་སྦལ་པར་སྐྱེའོ། །ཆོས་ཉན་པའི་ཚེ་ལོང་གཏམ་ཟེར་ན་བྱེའུ་
ལྷན་དཀར་དུ་སྐྱེའོ། །དགེ་སློང་ཁྲིམས་དག་པ་ལ་མི་གཙང་བར་བསྐྱེད་པ་ནི་ལྕགས་ཀྱི་སེམས་ཅན་དམྱལ་བར་སྐྱེའོ། །རལ་གྲི་འཁོར་ལོ་ཁྲི་ཕྲག་བརྒྱ་སྙེད་དུ་ཆར་པ་ལུས་ཀྱི་སྟེང་དུ་འབེབས་ཤིང་དེའི་ལུས་གཏུབས་པར་འགྱུར་རོ། །དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་དེ་ལྟར་དགེ་འདུན་གྱི་ནོར་ལ་སྤྱད་པ་སྡིག་ལྕི་བར་གསུངས་ཏེ། གལ་ཏེ་དེ་ལྟར་དགེ་བའི་ལས་ལ་ཕྱོགས་པ་དང་། སྦྱིན་བདག་ལ་སོགས་པ་ཇི་ལྟར་གཙུག་ལག་ཁང་གི་ནང་དུ་བསྟི་སྟང་བགྱིད་པ་དང་། ཕྱག་
འཚལ་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་ཁང་དུ་འགྲོ་བ་ལ་སེམས་རྣམ་པ་གཉིས་ཡོད་དེ། དགེ་བའི་སེམས་དང་། མི་དགེ་བའི་སེམས་སོ། །དེ་ལ་ཇི་ལྟར་ན་དགེ་བའི་སེམས་ཞེས་བྱ་ཞེ་ན། ལྷ་ཁང་དུ་ཕྱིན་པའི་ཚེ་སངས་རྒྱས་མཐོང་
ན་ཕྱག་འཚལ་ཞིང་། དགེ་འདུན་ལ་བཀུར་སྟི་བྱེད་ཅིང་། མདོ་སྡེ་འདྲིའམ། འདོན་ནམ། ཁྲིམས་ནོད་དམ། སྡིག་པ་བཤགས་པའམ། དཀོན་མཆོག་གསུམ་གྱི་སྤྱི་ནོར་ལ་སོགས་པ་གཏོང་ངམ། སྲོག་ལ་ཡང་མི་ཆགས་པར་དམ་པའི་ཆོས་འཛིན་པ་ནི་གོམ་པ་གཅིག་
བོར་བས་ཀྱང་ལྷར་སྐྱེ་བར་འགྱུར་རོ། །མ་འོངས་པའི་དུས་ན་ཁྱིམ་བདག་ཏུ་ཞུགས་ཏེ། དེ་དང་འདྲ་བའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །དེ་ནི་དགེ་བའི་མཆོག་དང་ལྡན་པ་ཡིན་ནོ། །དེ་ལ་གང་མི་དགེ་བ་ནི་ལྷ་ཁང་དུ་འཇུག་པའི་ཚེ་དགེ་འདུན་ལ་སློངས་མོ་དང་བསྐྱི་བརྙ་བྱེད་པ་
དང་། དགེ་འདུན་ལ་སྐྱོན་ཚོལ་ཞིང་ཀླན་ཀ་ཚོལ་བ་དང་། དགེ་འདུན་གྱི་ཞལ་ཟས་ཟོས་ཀྱང་ཚིམ་པ་མེད་ཅིང་། བཟའ་ཤིང་དང་། ཤིང་ཏོག་དང་། ལྡུམ་སྐྱུར་ལ་སོགས་པ་ཁྱིམ་དུ་ཁྱེར་བ་དེ་ལྟ་བུ་ནི་ཤིན་ཏུ་དམྱལ་བའི་འཁོར་ལོ་དང་། ཤིན་ཏུ་འབར་བ་དང་། རལ་གྲིའི་རི་དང་།

རལ་གྲིའི་ཤིང་ལ་སོགས་པའི་དམྱལ་བར་ཤིན་ཏུ་སྡུག་བསྔལ་ལེན་པར་འགྱུར་རོ། །དེ་ནི་མི་དགེ་བའི་མཆོག་ཅེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་མ་འོངས་པའི་ཚེ་ངའི་ཉེ་གནས་རྣམས་ལ་དཀོན་མཆོག་གསུམ་གྱི་དཀོར་ལ་མ་སྤྱོད་པར་
འདུག་ཅིག་ཅེས་གྲོས་ཐོབ་ཤིག །དེ་ལྟར་མ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བྱས་ན་སངས་རྒྱས་བྱམས་པ་འཇིག་རྟེན་དུ་འབྱུང་བའི་ཚེ་གདོན་མི་ཟ་བར་གྲོལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་འདི་ལ་གཞན་གྱི་ནོར་འཕྲོག་ན། ཚེ་ཕྱི་མ་ལ་ཤིན་ཏུ་
གྲང་བའི་དམྱལ་བར་ལྟུང་ངོ་། །དར་གྱི་སྲིན་བུར་འགྱུར་ཏེ། བཙོ་ཞིང་བཞུ་བར་འགྱུར་རོ། །ཚེ་འདི་ལ་སངས་རྒྱས་ཀྱི་སྐུ་གཟུགས་དང་མདོ་སྡེ་ལ་མར་མེ་ཡིས་སྣང་བ་མེད་པར་བྱེད་ཅིང་མི་དགེ་བ་ནི་ཁོ་ར་ཁོར་ཡུག་གི་མུན་ནག་གི་སེམས་ཅན་དམྱལ་བར་འགྱུར་རོ། །ཚེ་འདི་ལ་ཤན་པ་བྱེད་
ཅིང་སེམས་ཅན་མང་པོའི་སྲོག་གཅོད་པ་ནི་རལ་གྲི་དང་། རལ་གྲིའི་ནགས་ཚལ་གྱི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཁྲ་དང་ཁྱི་ལ་སོགས་པ་གཏོང་ཞིང་རྔོན་པ་བྱེད་པ་ལ་དགའ་བ་ནི་ལྕགས་ཀྱི་སོག་ལེའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ལོག་པར་གཡམ་པ་ལ་དད་པ་ཆེ་བ་
ནི་ཟངས་ཀྱི་ཀ་བ་དང་། ལྕགས་ཀྱི་ཁྲག་གི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཆུང་མ་མང་དུ་བླངས་པ་ནི་ལྕགས་ཀྱི་གཏུན་གྱི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་བུད་མེད་སྐྱེས་པ་དང་མང་དུ་ཉལ་བ་ནི་སྦྲུལ་གདུག་པའི་དམྱལ་བར་ལྟུང་སྟེ། ཚེ་འདི་ལ་བསྲེག་ཅིང་བཙོ་བའི་
ཐལ་བ་འབབ་པའི་དམྱལ་བར་ལྟུང་སྟེ། ཚེ་འདི་ལ་ཕག་དང་ཁྱིའི་སྤུ་བཏོགས་པས་ནི་ཤིན་ཏུ་བསྐོལ་བའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཕག་དང་ཁྱི་དང་རྟའི་འབྲས་བུ་བཏོན་པས་ནི་རྡོ་ཟུག་རྔུའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཆང་མང་དུ་འཐུངས་པས་ནི། ཟངས་ཁུ་འཐུངས་པའི་
དམྱལ་བར་སྐྱེའོ། །ཚེ་འདི་ལ་སེམས་ཅན་གཏུབས་ཤིང་དམྱལ་བས་ནི་ལྕགས་ཀྱི་འཁོར་ལོའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་དགེ་འདུན་གྱི་ཤིང་ཏོག་བརྐུས་པས་ནི་ལྕགས་ཀྱི་ཐུ་ལུམ་གྱི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཁྱི་དང་ཕག་གི་རྒྱུ་མ་ཟོས་པས་ནི་མི་གཙང་བའི་དམྱལ་བར་ལྟུང་

བར་འགྱུར་རོ། །ཚེ་འདི་ལ་ཉ་བཤོར་བས་ནི་རལ་གྲིའི་ནགས་ཚལ་གྱི་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་མ་ཡར་མོ་བྱས་ཏེ། སྔ་མའི་བུ་ལ་ནེར་པ་བྱེད་པ་ནི་མེའི་ཤིང་དུམ་གྱི་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་དབྱེན་བྱེད་པ་ནི་ལྕགས་ཀྱི་གཤོལ་གྱི་དམྱལ་བར་འགྱུར་རོ། །
ཚེ་འདི་ལ་ཚིག་ངན་པས་མི་ལ་སྤྱོ་བས་ནི་ལྕེ་མེད་པའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་བརྫུན་ཟེར་བ་ནི་ལྕགས་ཀྱི་གཟེར་བུས་གཟེར་བའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་སྲོག་གཅོད་ཅིང་ལྷའི་སྲིན་ལ་རྗེད་པས་ནི་ལྕགས་ཀྱི་བསྙུང་བུའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་བོན་མོ་བྱེད་ཅིང་འདྲེ་
བོས་སོ་ཞེས་བརྫུན་ཟེར་ཞིང་ནོར་ལེན་པ་ནི་ཤལ་མ་རིའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་བོན་བྱེད་ཅིང་མིག་བཙུམས་ནས་ཁྱོད་ཀྱི་བླ་མ་མཆོད་འོས་སོ་ཞེས་ཟེར་ཞིང་སླུ་བ་ནི་སྐེད་པར་གཏུབས་པའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་བོན་བྱེད་ཅིང་སྲོག་གཅོད་དུ་བཅུག་སྟེ། ལྷ་སྲིན་རྗེད་དུ་
བཅུག་པ་ནི་སྟ་རེས་གཏུབས་པའི་དམྱལ་བར་ལྟུང་སྟེ། བསྲུངས་མས་ལུས་གཏུབས་ཤིང་ལྕགས་ཀྱི་བྱ་མཆུ་ཅན་གྱིས་མིག་གཉིས་ཀྱི་འབྲས་བུ་བཙོགས་པར་འགྱུར་རོ། །ཚེ་འདི་ལ་བོན་བྱེད་ཅིང་གཤིན་རྔོག་ཏུ་འདུར་བ་དང་། ཁང་ཁྱིམ་བཟང་ངན་ལྟ་བ་དང་། རིགས་ལྔའི་ཁམས་
བདེ་མི་བདེ་ལྟ་བ་དང་། གླེན་པ་བསླུས་ཏེ་ནོར་མང་དུ་ལེན་པ་ནི་ལྕགས་ཀྱི་དྲ་བར་བཅུག་པའི་དམྱལ་བར་སྐྱེའོ། །བྱ་མ་རུངས་པ་གྲངས་མེད་པས་ལུས་ཀྱི་སྟེང་དུ་འདུག་ནས་སྟེང་གི་ཤ་ཟད་ནས་རུས་པ་དང་རྒྱུས་པ་བཏོགས་ཏེ། སྡུག་བསྔལ་མུ་མེད་པ་བྱེད་པར་འགྱུར་རོ། །ཚེ་འདི་
ལ་སྨན་བྱེད་ཅིང་ནད་པ་གསོ་མི་ནུས་པར་བརྫུན་གྱིས་ནོར་ལེན་པ་ནི་ལྕགས་ཀྱི་ཐུར་མས་བཙུགས་པའི་དམྱལ་བར་ལྟུང་སྟེ། ལུས་ལ་ཀུན་དུ་མེ་འབར་རོ། །ཚེ་འདི་ལ་ལྷ་ཁང་དང་མཆོད་རྟེན་བཤིག་ཅིང་དགེ་འདུན་དང་། ཕ་མ་དང་མཁན་པོ་ལ་བག་མེད་པར་སྲི་ཞུ་ཆུང་བ་ནི་མནར་
མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དུ་མཐར་གྱིས་འགྲོའོ། །དེ་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱ་སུམ་ཅུ་རྩ་དྲུག་གི་ནང་དུ་འགྲོ་སྟེ། ལ་ལ་ནི་བསྐལ་པ་གཅིག །ལ་ལ་ནི་བསྐལ་པ་གཉིས། ལ་ལ་ནི་བསྐལ་པ་ལྔའི་བར་དུ་འགྲོ་བ་ནས། གཟོད་མཐར་ཕྱིན་

ནས་དགེ་བའི་བཤེས་གཉེན་དང་ཕྲད་ན་ནི་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་རོ། །གལ་ཏེ་མ་ཕྲད་ན་སླར་ཡང་སེམས་ཅན་དམྱལ་བར་ལྟུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལུས་བོང་ཆེ་ཞིང་གནག་ལ་སྤྲོ་ཐུང་བ་འགྲོ་བ་ལ་དགའ་བ་ནི་རྔ་མོ་ལས་འོངས་
སོ། །འགྲོ་བ་ལ་སྲེད་ལ་ཟ་བ་ལ་རྔམ་སྟེ། ཉམ་ང་བ་ལ་འབྱོལ་བ་ནི་སྟག་ལས་འོངས་སོ། །ཚ་བ་དང་གྲང་བས་མི་འཇིགས་ཤིང་གཟུགས་ཆེ་བ་ནི་གླང་ལས་འོངས་སོ། །སྒྲ་ཆེ་ཞིང་འཛེམ་བག་མེད་ལ་གང་འདོད་པ་དམ་དུ་འཛིན་ཅིང་བཟང་ངན་བྱེ་བྲག་མི་ཕྱེད་པ་ནི་བོང་བུ་
ལས་འོངས་སོ། །རྟག་ཏུ་ཤ་ལ་སྲེད་ཅིང་རྔམ་སྟེ་འཇིགས་པ་མེད་པ་ནི་སེང་གེ་ལས་འོངས་སོ། །ལུས་རིང་ཞིང་མིག་ཟླུམ་ལ་རིའམ་དགོན་པར་ཤིན་དུ་འགྲོ་ལ་ཆུང་མ་ལ་སྡང་བ་ནི་སྟག་ལས་འོངས་སོ། །སྤུ་རིང་ཞིང་མིག་ཟླུམ་སྟེ་གནས་གཅིག་ཏུ་མི་དགའ་བ་ནི་བྱ་ལས་འོངས་
སོ། །འགྱུར་ལྡོག་ཆེ་ཞིང་སྲིན་བུ་གསོད་པ་ལ་དགའ་བ་ནི་ཝ་ལས་འོངས་སོ། །དཔའ་བཤོར་ཆེ་ཞིང་ཁྲེལ་འཛེམ་ཆུང་ཞིང་ཆུང་མ་དང་བུ་ལ་སྲེད་པ་ནི་སྤྱང་ཀི་ལས་འོངས་སོ། །གཡོན་ཅན་གྱི་ངོས་འཛིན་ལ་གཉིད་ཆུང་ལ་ཁྲོ་བ་ནི་ཁྱི་ལས་འོངས་སོ། །ཁྲོ་བ་ལ་དགའ་ཞིང་སྨྲ་བར་ནི་
འདོད་ལ་མི་ཀུན་གྱིས་བྱམས་པ་ནི་ནེ་ཙོ་ལས་འོངས་སོ། །མང་པོར་འདུས་ཤིང་སྨྲ་བ་ལ་དགའ་ཞིང་མྱ་ངན་མང་བ་ནི་བྱ་ཁུ་བྱུག་ལས་འོངས་སོ། །བོང་ཆུང་ཞིང་གཡེམ་པ་ལ་དད་ཆེ་སྟེ་སྙིང་མི་བརྟན་པ་ནི་བྱེའུ་མཆིལ་པ་ལས་འོངས་སོ། །མིག་ཚག་ལ་སྤྲོ་ཐུང་ལ་ཁ་ནས་ལྦུ་བ་འོང་ལ་ཉལ་
བའི་ཚེ་ན་ལུས་སྦྲིད་འདོད་པ་ནི་རྩངས་པ་ལས་འོངས་སོ། །སྨྲ་ན་ཁྲོ་ཞིང་ཕ་རོལ་གྱི་ཚིག་མི་གོ་ལ་ཁྲོ་ལ་མི་ལ་གདུག་པའི་ཚིག་འབྱུང་བ་ནི་སྡིག་པ་ལས་འོངས་སོ། །གཅིག་པུ་འདུག་ཅིང་ཟ་བ་ལ་བརྐམ་སྟེ་ནུབ་མོ་གཉིད་ཆུང་བ་ནི་བྱི་ལ་ལས་འོངས་སོ། །ཁྱིམ་ཕུགས་དང་རྐུ་བ་ལ་
དད་ཆེ་སྟེ་གཉེན་ངོ་མི་ཤེས་པ་ནི་བྱི་བ་ལས་འོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལ་ཞིག་གཙུག་ལག་ཁང་དང་མཆོད་རྟེན་འཇིག་ཅིང་། གང་གིས་དཀོན་མཆོག་གསུམ་གྱི་རྫས་བླངས་ཤིང་སྤྱད་ན་ཚེ་ཕྱི་མ་ལ་བསྟིར་མེད་པའི་སེམས་ཅན་དམྱལ་བར་

སྐྱེ་སྟེ། ཅི་སྟེ་དེར་སྐྱེས་ནས་དམྱལ་བ་ལས་ཐར་ན་ཡང་འདི་ལྟ་སྟེ། ཕུག་རོན་དང་། མཆིལ་པ་དང་། ངུར་པ་དང་། ནེ་ཙོ་དང་། བྱེའུ་སྐེ་སྔོ་དང་། ཉ་དང་། རུས་སྦལ་དང་། སྤྲེའུ་དང་། ཕག་པ་དང་། ཤ་བར་སྐྱེའོ། །གལ་ཏེ་མིར་སྐྱེས་ན་ཡང་། མ་ནིང་དང་། བུད་མེད་དང་།
མཚན་ཉིད་པ་དང་། མཚན་མ་མེད་པ་སྤུན་པ་ལ་སོགས་པར་སྐྱེའོ། །མི་ཞེ་སྡང་ཆེ་བ་ནི་སྦྲུལ་གདུག་པ་དང་། སེང་གེ་དང་། སྟག་དང་། སྤྱང་ཀི་དང་། དོམ་དང་། དྲེད་དང་། བྱི་ལ་དང་། ཁྲ་ལ་སོགས་པ་ཐམས་ཅད་དུ་སྐྱེའོ། །ཅི་སྟེ་མི་ལུས་ཐོབ་ན་ཡང་བྱ་དང་། ཕག་
དང་། གསོད་པ་ལ་དད་ཅིང་། རྔོན་པ་དང་། བཙོན་རྫིར་འགྱུར་རོ། །གཏི་མུག་ཆེ་ཞིང་དགེ་མི་དགེའི་བྱེ་བྲག་མི་ཕྱེད་པ་ནི་ཚེ་ཕྱི་མ་ལ་བལ་གླང་དང་། ཕག་དང་། བ་ལང་དང་། ལུག་དང་། མ་ཧེ་དང་། ཤིག་དང་། ལྗི་བ་དང་། སྦྲང་མ་དང་། མཆུ་བསྙུང་དང་། གྲོག་མོ་
ལ་སོགས་པར་སྐྱེའོ། །ཅི་སྟེ་མི་ལུས་ཐོབ་ན་ཡང་། འོན་པ་དང་། དམུས་ལོང་དང་། ལྐུགས་པ་དང་། ལྦ་བ་ཅན་དང་། སྒུར་པོ་ལ་སོགས་པར་སྐྱེའོ། །ཡན་ལག་མ་ཚང་བ་དང་། དབང་པོ་མ་ཚང་བའི་ལུས་སུ་འགྱུར་ཏེ། ཆོས་ལ་ནན་ཏན་བྱེད་མི་ནུས་སོ། །རྒྱགས་ཤིང་
དྲེགས་པ་ནི་ཚེ་ཕྱི་མ་ལ་མི་གཙང་བའི་ནང་གི་སྲིན་བུ་དང་། རྔ་མོ་དང་། བོང་བུ་དང་། ཁྱི་དང་། རྟ་ལ་སོགས་པར་སྐྱེའོ། །ཅི་སྟེ་མི་ལུས་ཐོབ་ན་ཡང་བྲན་ཁོལ་དུ་སྐྱེའོ། །དབུལ་ཕོངས་ཏེ་སློངས་མོ་བྱེད་ལ་ཐམས་ཅད་ཀྱིས་བརྙས་ཤིང་དམད་པར་འོང་ངོ་། །གང་དབང་པོ་ཡོད་
པས་བྲན་དུ་གཟེར་ཞིང་གཞན་གྱི་ནོར་ལ་ལེན་པ་ནི་ཚེ་ཕྱི་མ་ལ་ཤལ་མ་ལིའི་སེམས་ཅན་དམྱལ་བར་ལྟུང་སྟེ། སེམས་ཅན་ཁྲི་ཕྲག་བརྒྱད་སྟོང་སྙེད་སོས་ཤ་གཅོད་ཅིང་ཟ་བར་འགྱུར་རོ། །ཚེ་འདི་ལ་ཕ་རོལ་པོ་འགྲེང་དུ་མི་དགའ་བ་ནི་ཚེ་ཕྱི་མ་ལ་བ་ལང་གི་ལུས་སུ་སྐྱེ་སྟེ། རྐང་
ལག་རེངས་ཤིང་ཉལ་མི་ཤེས་པས་གཉིད་ལོག་ཏུ་མེད་པར་འགྱུར་རོ། །ཚེ་འདི་ལ་མཆོད་སྟོན་ཟོས་པའི་ནུབ་མོ་ཟས་ཟོས་ན་ཚེ་ཕྱི་མ་ལ་འདྲེ་ལྟོགས་སུ་འགྱུར་རོ། །ལོ་ཁྲི་བརྒྱ་སྟོང་གི་བར་དུ་བཟའ་བ་དང་། བཏུང་བ་རྙེད་པར་མི་འགྱུར་རོ། །ཡན་མན་དུ་འགྲོ་བའི་ཚེ་

ཚིགས་ཐམས་ཅད་དུ་མེ་འབར་རོ། །ཚེ་འདི་ལ་སྒྲེན་མོར་འདུག་པར་དད་པ་ནི་སྤུ་ཉུང་བའི་བྱ་རྟག་ཏུ་འབོད་པར་སྐྱེའོ། །ཚེ་འདི་ལ་མཆོད་སྟོན་གྱི་ཟས་ཟོས་ཀྱི་ལྷག་མ་ཁྱིམ་དུ་ཁྱེར་བ་ནི་ཚེ་ཕྱི་མ་ལ་ལྕགས་འབར་བའི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་
ཡང་ལྐོག་ནད་ཅན་དང་། ཚེ་ཐུང་བར་འགྱུར་རོ། །ཚེ་འདི་ལ་སངས་རྒྱས་ལ་ཕྱག་འཚལ་བའི་ཚེ་དཔྲལ་བ་ས་ལ་མ་གཏུགས་ན་སྤྱིའུ་ཚུགས་ཀྱི་དམྱལ་བར་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་མིའོ་ཅོག་གིས་བརྙས་ཤིང་སླུ་བར་སྐྱེའོ། །ཚེ་སྔ་མ་ལ་སངས་རྒྱས་ལ་ཕྱག་འཚལ་བའི་
ཚེ་ཐལ་མོ་མི་སྦྱོར་བ་ནི་ཚེ་ཕྱི་མ་ལ་མཐའ་འཁོབ་ཏུ་སྐྱེ་སྟེ། ལས་མང་དུ་བྱས་ཏེ་འབྲས་བུ་འགྲུབ་པ་ཆུང་ངོ་། །ཚེ་འདི་ལ་ཞལ་ཏོན་ཉལ་ནས་མི་ལངས་པ་ནི་ཚེ་ཕྱི་མ་ལ་ལྟོ་འཕྱེའི་རིས་སུ་སྐྱེའོ། །ལུས་རིང་ཞིང་ཆེ་བ་ནི་སྲིན་བུ་ཕོ་མོ་ཐམས་ཅད་ཀྱིས་ཟ་བར་འོང་ངོ་། །ཚེ་འདི་ལ་
ལག་པ་བསྣོལ་ཏེ་སངས་རྒྱས་ལ་ཕྱག་འཚལ་བ་ནི་ཚེ་ཕྱི་མ་ལ་ཕྱིན་ཀ་ལོག་ཏུ་བཅིངས་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། །མི་རུ་སྐྱེས་ན་ཡང་ཉེ་བར་གྱོད་ལ་ཐོགས་པར་འོང་ངོ་། །ཚེ་འདི་ལ་ཐལ་མོ་སྦྱར་ཏེ་ཡན་ལག་སྨད་ལྔ་ས་ལ་གཏུགས་ཏེ། རྩེ་གཅིག་པའི་སེམས་ཀྱིས་
སངས་རྒྱས་ལ་ཕྱག་འཚལ་བ་ནི་གང་ནས་གང་དུ་སྐྱེས་པར་རྟག་ཏུ་བཙན་ཞིང་སྐྱིད་པར་འོང་ངོ་། །ཚེ་འདི་ལ་འཁོང་ཞིང་སྤྲོ་ཐུང་བ་ནི་བྱོལ་སོང་ལས་འོངས་སོ། །ཚེ་འདི་ལ་མིག་ཡོན་པོར་འདུག་པ་ནི་གཞན་གྱི་ཆུང་མ་ལ་མིག་ཟུར་གྱིས་སྟེགས་པ་ལས་འོངས་སོ། །ཚེ་འདི་ལ་ཆུང་མའི་
ནོན་བྱས་ཏེ་ཕ་མ་ལ་རྒོལ་བ་ནི་ལྕེ་གཏུབས་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཆང་གི་དབང་དུ་སྲེད་པ་ནི་ཚེ་ཕྱི་མ་ལ་ཆུའི་སྲིན་བུར་སྐྱེའོ། །ཅི་སྟེ་མིར་སྐྱེས་ན་ཡང་ལྷ་གོར་དང་དབུགས་མི་བདེ་བའི་ནད་ཀྱིས་འཆི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགའ་
བོ་ངས་ཇི་ལྟར་བཤད་པའི་སྡུག་བསྔལ་མང་པོ་རྣམ་པ་སྣ་ཚོགས་ཀུན་གྱིས་མི་དགེ་བ་རྣམས་ལས་གྱུར་ཏེ་རབ་ནི་སེམས་ཅན་དམྱལ་བར་ལྟུང་ངོ་། །འབྲིང་ནི་བྱོལ་སོང་གི་རྒྱུར་འགྱུར་རོ། །ཐ་མ་ནི་ཡི་དགས་ཀྱི་རྒྱུར་འགྱུར་རོ། །སྲོག་གཅོད་པས་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། །

ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། དབུལ་ཕོངས་པ་དང་། ནོར་ཐུན་མོང་དུ་སྤྱད་པའི་དབང་མེད་དོ། །མི་ཚངས་པར་སྤྱོད་པས་ཀྱང་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། བདག་གི་ཆུང་མ་ལ་འཕྱོ་བ་དང་།
ཆེན་ཆུན་གཉིས་རྩོད་པ་དང་། བདག་གི་བསམ་པ་བཞིན་མི་འགྲུབ་བོ། །བརྫུན་དུ་སྨྲ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་འགྱུར་རོ། །ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། གཞན་གྱིས་སྐུར་པ་འདེབས་པ་དང་། མ་འོངས་པ་ཀུན་གྱིས་སླུ་བར་འགྱུར་
རོ། །ཕྲ་མ་བྱེད་པ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །ཅི་སྟེ་མིར་སྐྱེས་ན་ཡང་གཉེན་ཞིག་པ་དང་། གཉེན་ངན་པ་དང་། ཕྲག་དོག་ཅན་དུ་འགྱུར་རོ། །ངག་མི་སྙན་པར་སྨྲ་ན་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་
པ་གཉིས་སྨིན་ཏེ། རྟག་ཏུ་སྒྲ་མི་སྙན་པ་མང་པོ་ཐོས་པ་དང་། སྨྲས་སོ་ཅོག་སྐྱོན་ཅན་རྩོད་པར་འགྱུར་རོ། །ཚིག་ཁྱལ་པ་བྱེད་པ་ཡང་ངན་སོང་གསུམ་དུ་ལྟུང་བར་འགྱུར་ཏེ། ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། བདེན་པའི་ཚིག་སྨྲས་པ་ཡང་ཀུན་གྱིས་ཡིད་
མི་ཆེས་པ་དང་། སྨྲས་པ་ཐམས་ཅད་མི་གསལ་བར་འོང་ངོ་། །འདོད་ཆགས་ཀྱི་ཁ་ན་མ་ཐོ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། ནོར་ལ་ཆགས་ཤིང་ཆོག་མི་ཤེས་པའི་རང་བཞིན་དང་། མང་
དུ་ཚོལ་ཡང་བསམས་པ་བཞིན་མི་འགྲུབ་པོ། །ཞེ་སྡང་གི་ཁ་ན་མ་ཐོ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། གཞན་གྱིས་རྟག་ཏུ་གླགས་ཚོལ་བ་དང་། རྟག་ཏུ་གཞན་གྱིས་འཚེ་བར་འགྱུར་རོ། །
ལོག་པར་ལྟ་བའི་ཁ་ན་མ་ཐོ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། རྟག་པར་ལོག་པར་ལྟ་བའི་ཁྱིམ་དུ་སྐྱེ་བ་དང་། གཡོན་ཅན་དུ་སྐྱེ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བུའི་མི་དགེ་བ་བཅུ་ནི་སྡུག་

བསྔལ་མང་པོས་གདུང་བའི་རྒྱུ་ཡིན་ནོ། །དེ་ནས་འཁོར་མང་པོའི་ནང་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་བྱེད་པ་དག་བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་བཤད་པ་འདི་ཐོས་ནས་ཐམས་ཅད་ཀྱིས་ཆོ་ངེས་བཏབ་སྟེ། བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་ཀྱིས་དགེ་བ་ཇི་ལྟ་བུ་ཞིག་གིས་སྡུག་བསྔལ་དེ་དག་ལས་ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་རྣམས་སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ལས་འཐུན་པར་གྱིས་ཤིག །ཇི་
ལྟར་ན་བསོད་ནམས་བྱེད་ཅེ་ན། གང་ལ་ལ་ཞིག་བདག་ཉིད་ཀྱི་སེམས་ཅན་གྱི་དོན་ཆེན་པོ་བྱེད་པ་གཙོ་བོར་བྱས་པ་ལ་མཆོད་རྟེན་དང་། གཙུག་ལག་ཁང་བརྩིགས་ན་མ་འོངས་པའི་དུས་ན་གདོན་མི་ཟ་བར་རྒྱལ་པོར་འགྱུར་ཏེ། འགྲོ་བ་མང་པོའི་དོན་བྱེད་ཅིང་འགྲོའོ་ཅོག་གི་ཀུན་ལ་མི་
འཐུན་པ་མེད་དོ། །ཚེ་འདི་ལ་ཆོས་ཀྱི་འགྲོ་བ་དང་། ཆོས་ལ་དད་པ་ནི་མིའི་མཆོག་ཏུ་འགྱུར་རོ། །མ་འོངས་པའི་དུས་ན་གདོན་མི་ཟ་བར་བློན་ཆེའམ། ཁམས་ཀྱི་དབང་པོ་བློན་དུ་འགྱུར་རོ། །གོས་དང་རྟ་དང་ལྡན་ཞིང་དགོས་སོ་ཅོག་ཚོགས་པར་འགྱུར་རོ། །ཚེ་འདི་ལ་མི་མང་
པོ་ལ་བཏུད་ཅིང་བསོད་ནམས་བྱེད་པ་ནི་ཕྱུག་ཅིང་བཙན་པའི་ཁྱིམ་བདག་ཏུ་འགྱུར་ཏེ། མང་པོ་ཀུན་གྱིས་བཀུར་བ་དང་། ཕྱོགས་བཞི་དག་ཏུ་འགྲོ་ཡང་བགེགས་མེད་ཅིང་བྱའོ་ཅོག་འགྲུབ་བོ། །ཚེ་འདི་ལ་སངས་རྒྱས་ཀྱི་མདུན་དུ་མེ་མར་འབུད་ཅིང་སྣང་གསལ་ལ་དད་པ་
ནི་མ་འོངས་པའི་དུས་ན་ཉི་མ་དང་ཟླ་བའི་ལྷར་སྐྱེའོ། །འོད་ཀྱིས་བདག་ལ་གསལ་བར་འགྱུར་རོ། །ཚེ་འདི་ལ་སྙིང་རྗེའི་སེམས་ཀྱིས་སྦྱིན་པ་བྱིན་ན་མ་འོངས་པའི་དུས་ན་རབ་ཏུ་ཕྱུག་ཅིང་ཟས་དང་གོས་ཀྱང་ཡིད་བཞིན་དུ་འགྲུབ་བོ། །ཚེ་འདི་ལ་ཟས་སྐོམ་མི་ལ་སྦྱིན་པ་ལ་
དགའ་བ་ནི་གར་སྐྱེས་པ་ཐམས་ཅད་དུ་ཡིད་བཞིན་གྱི་ཟས་སུ་འགྱུར་ཞིང་ཟས་དང་། སྐོམ་ཡང་ལྡན་ལ་དབང་པོ་རྣོ་ཞིང་སྤོབས་པ་ཆེ་སྟེ་ཚེ་རིང་བར་འགྱུར་རོ། །གང་གིས་བྱོལ་སོང་ལ་ཟས་བྱིན་ན་ནི་ལན་བརྒྱ་འགྱུར་འཐོབ་བོ། །ལོག་སྲེད་ལ་སྦྱིན་པ་སྦྱིན་པས་ནི་ལན་སྟོང་

འགྱུར་འཐོབ་བོ། །དགེ་སློང་ངམ། དགེ་སློང་མའམ། ཁྲིམས་གཙང་མ་ལ་སྦྱིན་པ་བྱིན་པས་ནི་ལན་ཁྲིར་འགྱུར་རོ། །ཆོས་སྨྲ་བའི་དགེ་སློང་ཐེག་པ་ཆེན་པོ་སྤེལ་ཞིང་དེ་བཞིན་གཤེགས་པའི་གཏེར་བཤད་པ་མང་པོ་ཀུན་གྱི་མིག་ཕྱེད་ནུས་པ་ལ་བྱིན་ན་ལན་གྲངས་མེད་ཚད་མེད་
པ་སྙེད་དོ། །གལ་ཏེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བྱིན་ན་འབྲས་བུ་མཐར་གཏུགས་པར་འགྱུར་རོ། །གཞན་ཡང་སྦྱིན་གནས་གསུམ་ལ་སྦྱིན་པ་བྱས་ན་རྣམ་པར་སྦྱིན་པའི་འབྲས་བུ་ཟད་མི་ཤེས་སོ། །གསུམ་གང་ཞེ་ན། སངས་རྒྱས་དང་། ཕ་མ་དང་།
ནད་པའོ། །དེ་དག་ལ་ཟས་གཅིག་སྦྱིན་པ་བྱས་པས་ཀྱང་དེ་ལྟ་བུའི་འབྲས་བུ་མི་ཟད་པ་འཐོབ་པར་འགྱུར་ན། རྟག་ཏུ་སྦྱིན་པ་བྱིན་པ་ལྟ་ཅི་སྨོས། ཚེ་འདི་ལ་དགེ་འདུན་མང་པོ་ལ་ཁྲུས་བྱས་ན་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་བཟང་ཞིང་། ཡིད་བཞིན་གྱི་གོས་དང་ལྡན་ལ་མང་
པོ་ཀུན་གྱིས་བཀུར་བར་འགྱུར་རོ། །ཚེ་འདི་ལ་དམ་པའི་ཆོས་ཀྱི་མདོ་སྡེ་ཀློག་པ་དང་། འདོན་པ་ལ་བསྔགས་པས་ནི་སྐྱེ་བ་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཀུན་གྱིས་ཐོས་པར་དགའ་བར་འགྱུར་རོ། །ཚེ་འདི་ལ་ཚུལ་ཁྲིམས་སྡོམ་པས་ནི་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་
བཟང་བ་དང་། མིའི་མཆོག་ཏུ་འགྱུར་རོ། །ཚེ་འདི་ལ་ཆུ་དཀོན་པའི་སར་ཁྲོན་པ་མང་པོ་བརྐོས་ལ་སྐོམ་སྦྱར་ལ། ལམ་སྲང་དུ་ཀུན་ཤོང་བར་བྱེད་དེ། བསྐྱེད་ཅིང་མིའོ་ཅོག་སྒྲོལ་བ་ནི་སྐྱེ་བ་ཐམས་ཅད་དུ་མིའི་རྒྱལ་པོ་བྱེད་ཅིང་ཟས་སྐོམ་རོ་བརྒྱ་དང་ལྡན་པ་ཡིད་བཞིན་དུ་འབྱུང་
བར་འགྱུར་རོ། །ཚེ་འདི་ལ་མདོ་སྡེ་ལ་སོགས་པ་འདྲིའམ་གཞན་ལ་བྱིན་ཏེ་ཀློག་ཏུ་བཅུག་པ་ནི་སྐྱེ་བ་ཐམས་ཅད་དུ་ཚིག་ལ་ཐོགས་པ་མེད་ཅིང་སློབ་པ་ཐམས་ཅད་ལན་ཅིག་ཐོས་པས་མི་བརྗེད་པར་ཟིན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་རྟག་ཏུ་དེ་ལ་
དགོངས་པར་འགྱུར་རོ། །མིའི་ནང་ན་མཆོག་དང་ཕུལ་དུ་འགྱུར་རོ། །གཙོ་བོར་འགྱུར་རོ། །ཚེ་འདི་ལ་ཟམ་པ་དང་གྲུ་ལ་སོགས་པ་བྱེད་དེ། སྐྱེ་བོ་མང་པོ་སྒྲོལ་བར་བྱེད་པ་ལ་དགའ་བ་ནི་སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ཕལ་མང་པོས་བཀུར་ཏེ་བསྔགས་སོ། །

འགྲོ་ཞིང་འོང་བ་ལ་བསུ་བསྐྱལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཇི་ལྟར་ངས་མདོ་སྡེ་ཐམས་ཅད་ལས་རྒྱུ་དང་འབྲས་བུར་བཤད་དོ། །སེམས་ཅན་རྣམས་འདོན་ནམ། ཀློག་གམ། རྗེས་སུ་སྤྱོད་ན། མི་ཁོམ་པ་དང་། སྡུག་བསྔལ་
ལས་གྲོལ་བར་འགྱུར་རོ་ཞེས་གསུངས་སོ། །གང་ལ་ལ་ཞིག་གིས་མདོ་སྡེ་འདི་ལ་སྐུར་པ་འདེབས་པ་ནི་ཚེ་འདི་ཉིད་ལ་ཡང་ལྕེ་རྩ་བ་ནས་འཆད་པར་འགྱུར་རོ། །དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེའི་མིང་ཅིར་གདགས། ཇི་ལྟར་
གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་མདོ་སྡེ་འདི་ནི་དགེ་བ་དང་མི་དགེ་བའི་རྒྱུ་དང་འབྲས་བུ་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའི་ལམ་དང་སྤྱོད་པ་ཞེས་ཀྱང་བྱ་སྟེ། དེ་ལྟར་ཟུང་ཤིག །དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བཤད་ན་འཁོར་མང་
པོའི་ནང་དུ་ལྷ་དང་མི་བརྒྱད་ཁྲི་སྙེད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བུད་མེད་བརྒྱད་སྟོང་སྙེད་ནི་མོའི་ལུས་ལས་ཕོར་གྱུར་ཏེ། མི་དགེ་བའི་སེམས་ཅན་ཐམས་ཅད་ཀྱང་དགེ་བར་གྱུར་ཏོ། །དགེ་སྡིག་རྣམ་པར་དབྱེ་བའི་མདོ་རྫོགས་སོ།། །།
འཕགས་པ་ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། སངས་རྒྱས་ཀྱི་བསྟན་པ་གནས་པ་དང་འཇིག་པའི་ཚུལ་ལུང་བསྟན་པ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་ཁ་རྟི་རྟག་གི་སྟེང་ན་བཞུགས་ཏེ། དེའི་ཚེ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་འཁོར་དང་བཅས་པ་དང་། དགྲ་བཅོམ་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་དང་། བདུད་སྡིག་ཅན་ལ་སོགས་པ་མཐུ་བོ་ཆེ་ཐམས་ཅད་ཚོགས་པ་དེའི་དུས་ན་སངས་
རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྨིན་མཚམས་ནས་འོད་ཟེར་ཤར་གྱི་ལུས་འཕགས་དང་། ལྷོའི་འཛམ་བུའི་གླིང་དང་། ནུབ་ཀྱི་བན་གླང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། གླིང་འདི་བཞིར་འོད་ཟེར་ཀུན་དུ་ཁྱབ་པར་བཀྲམ་སྟེ། འོད་ཟེར་བཏང་བ་དེའི་ཚེ་རི་རབ་ལ་

སོགས་པ་རི་ཆེན་པོ་དང་། རི་དང་། ནགས་ཚལ་དང་། སྨན་ལྗོངས། རི་སུལ། གྲག་གྲོག་ཀུན་ལ་ཡང་སྣང་བར་མཉམ་སྟེ། ལག་མཐིལ་དང་འདྲ་བར་གླིང་བཞི་ཅར་སྣང་བས་གསལ་བར་གྱུར། འོད་ཟེར་དེ་དག་ལས་སངས་རྒྱས་ཀྱི་སྐུ་གཟུགས་ཁ་དོག་དང་དབྱིབས་སྣ་ཚོགས་
འོད་དང་བཅས་པ་ཕལ་པོ་ཆེ་བྱུང་བ། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་ལ་སོགས་པ་སེམས་ཅན་མང་པོ་ཀུན་གྱིས་མཐོང་སྟེ་ངོ་མཚར་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བ་ཤྲ་ཝ་ན་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞིས་གསོལ་པ། འོད་ཟེར་འདི་ལྟ་བུ་དེ་ཅིའི་
དོན་དུ་མཛད་པ་ལགས་ཞེས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་མྱ་ངན་ལས་འདས་པའི་འོག་ཏུ་གླིང་བཞིར་ངས་གསུངས་པའི་དམ་པའི་ཆོས་ཀྱི་གསུང་རབ་དང་། རིང་བསྲེལ་དང་། གཟུགས་བརྙན་འདི་ལྟ་བུ་དག་འབྱུང་སྟེ། འདི་ཁྱེད་ཀྱི་ལག་ཏུ་གཏད་ཀྱིས་
སྲུངས་ཤིག །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་བུའི་ཐུགས་རྗེ་ཆེན་པོས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་རྒྱལ་པོ་ཆེན་པོ་དག་ལ་གཏད་པ་ཤིན་ཏུ་ངོ་མཚར་ཏོ། །སྔ་མ་འདས་
པའི་སངས་རྒྱས་མྱ་ངན་ལས་འདས་ནས་དགུང་ལོ་དུ་ན་ལགས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ནུབ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ཇི་ཙམ་གྱི་བར་དུ་གནས་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་
ལྟ་བུའི་ཐེ་ཚོམ་ཞུས་པ་ལེགས་སོ། །ལེགས་པར་ཉོན་ཅིག་དང་། ངས་བཤད་པར་བྱའོ། །ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་དམ་པའི་ཆོས་
འདི་ཐ་མར་ཇི་ལྟར་ནུབ་པར་འགྱུར། རྒྱུ་ཅི་ལས་ཉམས། སུས་མ་མཆིས་པར་བགྱིད། བཀའ་སྩལ་པ། ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་བརྒྱའི་བར་དུ་ངའི་བསྟན་པ་ལ་སྤྱོད་པའི་སེམས་ཅན་རྣམ་པར་གྲོལ་བ་མང་དུ་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏིང་ངེ་འཛིན་ལ་སྤྱོད་པ་

མང་དུ་འགྱུར་རོ། །རྒྱལ་པོ་དང་། བློན་པོ་དང་། སེམས་ཅན་ཕལ་རྣམས་ཀྱང་དམ་པའི་ཆོས་ལ་དད་ཅིང་སྤྱོད་པ་ཡང་ཕྱིར་ཞིང་ཉུང་བར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་བར་དུ་དམ་པའི་ཆོས་སྟོན་ཅིང་སེམས་ཅན་འདྲེན་པ་དང་། ཐར་བར་བྱེད་པའི་སློབ་དཔོན་
མང་དུ་འབྱུང་ངོ་། །ཉན་ཐོས་དགྲ་བཅོམ་པ་ནི་ཉུང་བར་འགྱུར་རོ། །རྒྱལ་པོ་དང་། བློན་པོ་དང་། སེམས་ཅན་ཕལ་རྣམས་ཀྱང་ཉན་པ་ཙམ་དུ་ཟད་དེ། ཉམས་སུ་ལེན་ཅིང་སྤྱོད་པའམ། བརྩོན་འགྲུས་ནི་མི་བྱེད་དེ། དད་པ་འབྲི་བར་འགྱུར་རོ། །དམ་པའི་ཆོས་ཀྱི་སྲུངས་མ་
རྣམས་ཀྱང་མི་དགའ་བར་འགྱུར་ཏེ། དམ་པའི་ཆོས་ལ་མ་དད་པའི་སེམས་ཅན་རྣམས་ནི་སྔོན་བས་མཐུ་སྟོབས་སྐྱེ་བར་འགྱུར་རོ། །འཛམ་བུའི་གླིང་གི་མིའི་རྒྱལ་པོ་རྣམས་ཀྱང་ཕན་ཚུན་གཅིག་ལ་གཅིག་དམག་འདྲེན་ཅིང་འཁྲུག་པར་འགྱུར་རོ། །བདུད་ཀྱི་རིས་ཀྱང་འཕེལ་བར་འགྱུར་
རོ། །དེ་ནས་ཡང་ལོ་ལྔ་བརྒྱའི་ཚེ་ལོ་སུམ་བརྒྱར་ནི་དམ་པའི་ཆོས་ལ་གནས་པའི་ལྷ་ཀླུ་ལ་སོགས་པ་སེམས་ཅན་སྲུངས་མ་རྣམས་མི་གནས་ཤིང་དམ་པའི་ཆོས་གང་དུ་དར་བར་འགྲོ་བར་འགྱུར། སེམས་ཅན་ཆོས་ལ་མ་དད་པར་འགྱུར། སེམས་ཅན་ཆོས་སྤྱོད་པ་རྣམས་ཀྱང་ཆོས་
ཀྱི་གཞུང་བཞིན་མི་སྤྱོད། བརྩོན་འགྲུས་ཆུངས་པས་གྲུབ་པ་ཉུང་བར་འགྱུར། ཁ་དོག་བཞི་དང་བཞི་ལས་གྱུར་པ་ཡང་འབྲི། དྲི་དང་། རོ་ལ་སོགས་པ་ཡང་ཆུང་བར་འགྱུར་རོ། །མི་ནད་དང་། ཕྱུགས་ནད་དང་། མུ་གེ་ཡང་འབྱུང་བར་འགྱུར་རོ། །ལོ་ཉིས་བརྒྱར་ནི་དགེ་
སློང་ཡང་ཆོས་བཞིན་མི་སྤྱོད། འཇིག་རྟེན་གྱི་ཁེ་དང་གྲགས་པ་ཚོལ། སྙིང་རྗེ་ཆུང་ཞིང་ཁྲིམས་ལ་མི་གནས། དམ་པའི་ཆོས་ཚུལ་བཞིན་སྤྱོད་པ་རྣམས་ལ་ནི་གླན་ཀ་ཚོལ་ཞིང་སྐུར་པ་འདེབས། ལོངས་སྤྱོད་དང་ཡོ་བྱད་འཕྲོག། འཇིག་རྟེན་གྱི་རྒྱལ་པོའི་གསང་ལ་རྟེན་ཅིང་རྒྱལ་
སྲིད་འཛིན། རྒྱལ་པོའི་ཕྲིན་པའི་ཕོ་ཉར་ངོ་འཕྲལ་ཚོལ་ཞིང་འགྲོ། རྒྱལ་པོ་དང་། འབངས་སྲིད་འཁྲུག་པའི་དབྱེན་བྱེད། ཉོ་ཚོང་དང་ཁེ་སྤོགས་བྱེད་ཐབས་ཚོལ། དམ་པའི་ཆོས་སྤྱོད་པ་ཡང་སྙིང་ནས་ཉམས་སུ་བླངས་ཏེ་མི་སྤྱོད་ཀྱི། ཕལ་ཆེར་ཁ་གསག་དང་། འཕྲལ་གྱི་ཚུལ་

འཆོས་པའི་ཡ་མ་བརླ་བྱེད་དེ། དེའི་དུས་ན་ཆོས་ལ་དགའ་བའི་ལྷ་ཀླུ་ཐམས་ཅད་ཀྱིས་རྒྱལ་ཁམས་ཀྱི་དགེ་སློང་འདི་ལྟར་སྤྱོད་པའི་ས་གཞི་བོར་ཏེ་མི་གནས་ཤིང་། བདུད་ཀྱི་རིས་ལ་སོགས་པ་ཆོས་ཀྱི་བགེགས་ཀྱི་རིས་རྣམས་དེར་འབྱུང་སྟེ། མཐུ་དང་སྟོབས་སྐྱེ་བར་འགྱུར། རྒྱལ་པོ་
དང་། བློན་པོ་ལ་སོགས་པ་དད་པ་འབྲི། དགེ་སྡིག་གི་དམིགས་མི་ཕྱེད། དམ་པའི་ཆོས་ལ་རྨ་འབྱིན། དཀོན་མཆོག་གསུམ་གྱི་དཀོར་དང་། དགེ་འདུན་གྱི་རྫས་ལ་སྤྱོད་ཅིང་རྐུ་འཕྲོག་བྱེད་དེ་སྡིག་ལ་མི་འཛེམ། གཟུགས་བརྙན་དང་མཆོད་རྟེན་རྣམས་ཁད་ཀྱིས་བཤིག །མཆོད་
པའི་ཡོ་བྱད་ཕྲི། དེའི་ཚེ་དམ་པའི་ཆོས་མ་ནོར་བར་སྤྱོད་པ་དགེ་སློང་དང་། ཁྱིམ་པ་འགའ་འགའ་ཙམ་གནས་པ་དེའི་བསོད་ནམས་ཀྱིས་ཡུལ་ཕྱོགས་སུ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ལེགས། མི་རྒྱགས་ལ་ནད་ཉུང་ཞིང་ཡུལ་བདེ་བ་དག་ཀྱང་བར་འགའ་འབྱུང་། དེ་ལྟ་བུ་མི་གནས་
པ་ཕལ་ཆེར་ནི་སྡུག་བསྔལ་མི་བདེ་བ་སྣ་ཚོགས་འབྱུང་། དེའི་དུས་སུ་རྒྱ་གར་དང་། རྒྱ་མ་ཡིན་པའི་རྒྱལ་པོ་ཆེན་པོ་གསུམ་འབྱུང་སྟེ། གསུམ་ལ། ཡ་བ་ན་དང་། བལྷི་ཀ་དང་། ཤ་ཀུ་ན་དང་། འདི་གསུམ་དམ་པའི་ཆོས་མི་སྤྱོད། དམག་འདྲེན་ཅིང་གཡུལ་འགྱེད་དེ། ནུབ་
དང་བྱང་གི་ཡུལ་ཁམས་མང་པོ་ཞིག་འབེབས་པར་བྱེད་དེ། དེ་ནས་ཡུལ་ཁམས་དེའི་མཆོད་རྟེན་དང་གཙུག་ལག་ཁང་ལ་སོགས་པ་ཡང་བཤིག་ཅིང་མེས་བསྲེགས་ཏེ། དགེ་འདུན་གྱི་ཡོ་བྱད་དང་དཀོན་མཆོག་གསུམ་གྱི་དཀོར་ལ་སོགས་པ་ཡང་ཕྲོགས་ཤིང་བཅོམ་སྟེ། རྒྱལ་པོ་
འདི་གསུམ་གཅིག་ལ་གཅིག་གནོད་པ་སྣ་ཚོགས་ཀྱིས་ཐབ་མོ་བྱེད་དེ། གསུམ་ཅར་གྱི་རྒྱལ་སྲིད་མི་བདེ་བར་འགྱུར་རོ། །དེའི་རྗེས་ལ་རྒྱལ་པོ་དེ་གསུམ་ནང་སྲིད་གཅིག་ཏུ་བྱས་ནས་དམག་མང་པོ་འདུས་ཏེ་རྒྱ་གར་གྱི་ཡུལ་ཆུ་བོ་གང་གཱའི་ཚུ་རོལ་གན་ད་ར་དང་། མ་དྷྱ་དེ་ཤ་ལ་སོགས་
པའི་ཡུལ་ཕྲོགས་ནས་བཟུང་། དེའི་དུས་ན་ཆུ་བོ་གང་གཱའི་ཕ་རོལ་ལྷོ་ཕྱོགས་ཀྱི་རྒྱུད་ན། ཡུལ་ཀོའུ་ཤཱམ་བཱི་ཞེས་བྱ་བའི་རྒྱལ་པོ་མ་ཧེན་དྲ་སེན་ཞེས་བྱ་བ་དེ་ལ་སྲས་ཞིག་བཙས་ཏེ། དེའི་མིང་ནི་དུ་སྤྲ་ས་ཧ་སྟ་ཞེས་བྱ་སྟེ། སྨིན་མཚམས་ན་ལྕགས་ཀྱི་སྨེ་བ་ཞིག་ཡོད་པ། ལག་པ་གྲུ་མོ་

མན་ཆད་ཁྲག་གིས་བསྐུས་པ་ཞིག་འབྱུང་ངོ་། །དེ་དང་དུས་གཅིག་ཏུ་རྒྱལ་པོ་དེའི་བློན་པོ་ལྔ་བརྒྱ་ལ་ཡང་བུ་ཁྱེའུ་ལྔ་བརྒྱ་བཙའ་སྟེ། དེ་རིལ་ཡང་ལག་པ་ཁྲིག་པ་མན་ཆད་ཁྲག་ཅན་དུ་འབྱུང་སྟེ། དེའི་དུས་ན་རྒྱལ་པོའི་རྟ་ལ་རྟེའུ་སྨྲ་ཤེས་པ་ཞིག་སྐྱེས་ཏེ། རྒྱལ་པོ་
དང་། བློན་པོའི་བུ་དང་། རྟེའུ་སྨྲ་ཤེས་པ་སྐྱེས་པའི་ནུབ་མོ་ཡང་ནམ་མཁའ་ལས་ཁྲག་གི་ཆར་པ་བབ་ནས། རྒྱལ་པོ་མ་ཧེན་དྲ་སེ་ནས་དྲང་སྲོང་གི་མཁན་པོ་ལྔ་མངོན་པར་ཤེས་པ་ཞིག་ལ་བདག་ཅག་འཁོར་གྱི་བུ་དང་། རྟ་ལ་ཡ་མཚན་འདི་ལྟ་བུ་བྱུང་བ་དང་། ཁྲག་གི་ཆར་པ་
བབ་པ་འདི་ཅིའི་ལྟས་ཞེས་སྨྲས་པ་དང་། དྲང་སྲོང་ན་རེ་ཁྱོད་ཀྱི་བུས་འཛམ་བུའི་གླིང་གི་ས་གཞི་འདི་མིའི་ཁྲག་གིས་གཤེར་བར་བྱེད་པར་འགྱུར་རོ། །དེའི་འོག་ཏུ་ཁྱོད་ཀྱི་བུ་འཛམ་བུའི་གླིང་གི་རྒྱལ་པོ་ཆེན་པོ་བྱེད་པར་འགྱུར་རོ་ཞེས་སྨྲས་སོ། །རྒྱལ་བུ་དེ་ཐོག་མ་བཙས་ནས་ལོ་བཅུ་
གཉིས་ལོན་པ་དང་། དེའི་ཚེ་རྒྱལ་པོ་ཡ་བ་ན་དང་། བལྷི་ཀ་དང་། ཤ་ཀུ་ན་གསུམ་འདུས་པའི་དམག་སུམ་འབུམ་རྒྱལ་པོ་དང་བཅས་ཏེ། རྒྱལ་པོ་མ་ཧེན་དྲ་སེ་ནའི་ཡུལ་དུ་དྲངས་པ་ལས། ཡུལ་དུ་དམག་ཕལ་མོ་ཆེ་བྱུང་བས་རྒྱལ་པོ་སྙིང་མི་དགའ་སྟེ། མྱ་ངན་བྱེད་ཅིང་
འདུག་པ་ལ་བུ་དུ་སྤྲ་ས་ཧ་སྟས་ཕ་ལ་དྲིས་པ། ཡབ་འདི་ལྟར་ཐུགས་མི་དགྱེས་པ་ཅི་ལས་གྱུར་ཅེས་ཞུས་པ་དང་། ཕ་ན་རེ་རྒྱལ་པོ་གསུམ་གྱི་དམག་བྱིན་ཆེན་པོ་བདག་ཅག་གི་ཡུལ་དུ་བྱུང་བས་མི་དགའ་ཞེས་སྨྲས་པ་དང་། བུས་སྨྲས་པ། ཡབ་མི་དགྱེས་སུ་མ་མཛད་ཅིག་
དམག་འདི་བདག་གིས་ཐུབ་པར་བགྱིའོ་ཞེས་བགྱིས་པ་དང་། ཕ་ན་རེ་ལེགས་སོ་ཞེས་སྨྲས་ནས། བུ་དང་བློན་པོའི་བུ་ཡ་མཚན་ཅན་ལྔ་བརྒྱ་ལ་སོགས་ཏེ། དམག་ཉིས་འབུམ་བཅས་ཏེ་བཏང་ནས་ཐབ་མོ་བྱས་པའི་ཚེ། སྨིན་མཚམས་ན་ལྕགས་ཀྱི་སྨེ་བ་ཡོད་པ་བསྐྱེད་
ནས་ལུས་རིལ་ལྕགས་སུ་བྱས་ནས་རབ་ཏུ་ཁྲོས་ནས་བརྒལ་བ་དང་། དུ་སྤྲ་ས་ཧ་སྟའི་དམག་རྒྱལ་ཏེ་ཕྱིར་ལོག་པ་དང་། ཕ་ན་རེ་བུ་ཁྱོད་ཀྱིས་རྒྱལ་པོ་གསུམ་གྱི་དམག་འདི་ལྟ་བུ་དང་ཐབ་མོ་བྱས་པ་ལས་རྒྱལ་བ་ལེགས་སོ། །ད་ཕྱིན་ཆད་ཁྱོད་ཀྱིས་རྒྱལ་སྲིད་ཟུང་ཤིག །ང་

ནི་འབྱུང་ངོ་ཞེས་བསྒོ་ནས་རྒྱལ་སྲིད་ཀྱང་བུ་ལ་བྱིན་ནོ། །དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་རྒྱལ་པོ་གསུམ་གྱི་དམག་དང་འཐབས་པ་ལས་དམག་དཔོན་ཡང་རིལ་གྱིས་གཏུབས། རྒྱལ་པོ་གསུམ་ཡང་བཟུང་ནས་མེད་པར་བྱས་སོ། །དེ་ཚུན་ཅད་འཛམ་བུའི་གླིང་གི་རྒྱལ་པོ་ཆེན་པོ་
བྱས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ང་འཛམ་བུའི་གླིང་གི་རྒྱལ་པོ་ཆེན་པོ་བྱེད་པ་ནི་དགའ་ན། གུད་ན་མི་དགའ་བ་ཞིག་ཀྱང་ཡོད་ཅེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ཅི་མི་དགྱེས་ཞེས་ཞུས་པ་དང་། སེམས་ཅན་མང་པོ་འདི་སྙེད་ཅིག་
བསད་པ་སྡིག་ཆེ་བས་མི་དགའ་ན། སྡིག་འདི་ཇི་ལྟ་བུ་ཞིག་ཏུ་བྱས་ན་སུས་འབྱང་བར་འགྱུར་ཞེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་གསོལ་པ། ཡུལ་པ་ཊ་ལི་པུ་ཏྲ་སྟེ་དམར་བུ་ཅན་ཞེས་བྱ་བ་ན་ཆོས་ཀྱི་མཁན་པོ་སྡེ་སྣོད་གསུམ་ལ་མཁས་པ། བྲམ་ཟེ་ཨ་ག་ནི་ད་ཏི་པུ་ཏྲ་སྟེ་མེས་བྱིན་
གྱི་བུ་ཞེས་བྱའོ། །མིང་ནི་ཤི་ཥྱ་ཀ་སྟེ། སློབ་མ་ཅན་ཞེས་བགྱི་བ་ཞིག་དགོན་པའི་གནས་ན་གནས་པ་དེ་སྤྱན་དྲངས་ནས་མཆོད་བཀུར་བགྱིས་ན་སྡིག་པ་འབྱང་རྔོ་ཐོགས་སོ་ཞེས་གསོལ་པ་དང་། རྒྱལ་པོ་ཡང་དགྱེས་ནས་དགེ་སློང་ཤི་ཥྱ་ཀ་ཡང་འགུགས་པ་བཏང་ནས་རྒྱལ་པོའི་དྲུང་དུ་
འོངས་སོ། །དེ་ནས་མཁན་པོ་ཤི་ཥྱ་ཀ་ལ་རྒྱལ་པོས་ཕྱག་བྱས་ཏེ། མཁན་པོ་བདག་གིས་སྡིག་བྱས་པ་རྣམས་ཅིས་འབྱང་བར་འགྱུར་ཞེས་གསོལ་པ་དང་། མཁན་པོས་སྨྲས་པ། རྒྱལ་པོ་ཆེན་པོ་དཀོན་མཆོག་གསུམ་ལ་ལོ་བཅུ་གཉིས་ཀྱི་བར་དུ་མཆོད་ཅིང་སྐྱབས་སུ་སོང་ན་སྡིག་
རྣམས་འབྱང་བར་འགྱུར་རོ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོ་དུ་སྤྲ་ས་ཧསྟས་ཕོ་ཉ་མང་པོ་ཕྱོགས་བཅུར་བཏང་སྟེ། འཛམ་བུའི་གླིང་ན་དགེ་སློང་འདུག་གོ་ཅོག་བཀུག་སྟེ། འཛམ་བུའི་གླིང་གི་དགེ་སློང་རིལ་འོངས་ཏེ། ཆུ་བོ་གང་གཱའི་ཕ་རོལ་ཡུལ་ཀོའུ་ཤཱམ་བཱིའི་རྒྱལ་པོ་དུ་སྤྲ་
ས་ཧ་སྟའི་གནས་ག་ལ་བ་དེར་བསྡུས་པས་འཛམ་བུའི་གླིང་གི་ཡུལ་ཁམས་གཞན་ན་ཆོས་སྤྱོད་པ་དང་། དགེ་སློང་དག་མེད་པར་འགྱུར་རོ། །དགེ་སློང་བསྡུས་པ་དེའི་ཚེ་ན་ལམ་དུ་དགེ་སློང་གྱག་ཅིང་ཆུད་ཟོས་པ་ཡང་མང་སྟེ། རྒྱལ་པོའི་ཕོ་བྲང་དུ་ནི་འབུམ་ཙམ་ཞིག་ཕྱིན་པར་འགྱུར་

རོ། །དགེ་སློང་ལམ་དུ་གྱག་ཅིང་ཆུད་ཟོས་པ་ཡང་གཅན་གཟན་སྣ་ཚོགས་དང་། མི་རྒོད་དང་། ཆུ་ལ་སོགས་པས་ཕལ་ཁྱེར་ཏེ་ཆུད་ཟོས་སོ། །དགེ་འདུན་མང་པོ་ཕྱིན་པ་དང་། རྒྱལ་པོས་མཆོད་སྟོན་དྲངས། ཡོན་ཕུལ་ཏེ་མཆོད་པ་བྱས་སོ། །དེའི་ཚེ་
དགེ་འདུན་རྣམས་གཅིག་ལ་གཅིག་གཏམ་དུ་སྨྲས་པ། ཁྱེད་ཀྱི་མཁན་པོ་ག་རེ། སློབ་མ་གར་སོང་། གྲོགས་པོ་ཁྲིམས་ཟླ་ག་རེ་ཞེས་སོ་སོར་གཏམ་དུ་གླེངས་པ་དང་། སྟག་དང་། སེང་གེ་དང་། མི་རྒོད་ཀྱིས་བསད་པ་དང་། ཆུས་ཁྱེར་བ་དང་། ནད་ཀྱིས་བཏབ་ནས་
ཤི་བ་ལ་སོགས་པའི་གཏམ་བྱས་ནས་དགེ་སློང་སོ་སོ་ནས་མྱ་ངན་ལངས་ཏེ་ངུད་མོས་འདེབས་ཏེ་བྲང་རྡུང་ངོ་། །དེ་ནས་དེའི་ཚེ་རྒྱལ་པོས་མྱ་ངན་མ་བགྱིད་མ་ངུ་ཞེས་བསྒོ་བ་དང་། དགེ་འདུན་རྣམས་མ་ཉན་པ་དང་། རྒྱལ་པོ་ཡང་མི་དགའ་ནས་ཁ་ཕྱོགས་ཏེ་ཉལ་ལོ། །ཉལ་བའི་
ཚེ་སྨོན་ལམ་དུ་བཏབ་པ། གང་ཟག་གི་དགེ་འདུན་ལ་ནི་སྐྱབས་སུ་སོང་ནས་མཆོད་པ་བྱས་ན། བདག་གིས་དགྲ་བཅོམ་པའི་ཞལ་མ་མཐོང་སྟེ། བདག་གིས་དགྲ་བཅོམ་པ་ཞིག་གི་ཞལ་མཐོང་བར་ཤོག་ཤིག་ཅེས་སྨོན་ལམ་དུ་བཏབ་པ་དང་། འཇིག་རྟེན་གྱི་ལྷ་ཞིག་
གིས་རྨི་ལྟས་སུ་བསྟན་པ། གན་དྷ་མཱ་ད་ན་སྟེ་སྤོས་ངད་ལྡང་ཞེས་བྱ་བའི་རི་ལ་སུ་དྷ་ན་པུ་ཏྲ་ར་རྣ་ཤ་སྟེ་ཚོང་དཔོན་ནོར་བཟངས་ཀྱི་བུ་ཞེས་བྱ་བ་རབ་ཏུ་བྱུང་བ་སུ་ར་ཏ་སྟེ་དེས་པ་ཞེས་བྱ་བར་མིང་བཏགས་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཞིག་བཞུགས་ཏེ། དེ་སྤྱན་དྲངས་ནས་
བསྙེན་བཀུར་བྱས་ཏེ། དེ་ལ་སྡིག་བཤགས་ན་སྡིག་ཀྱང་འབྱང་། ཐེ་ཚོམ་ཡང་བྲལ་བར་འགྱུར་རོ་ཞེས་ལྷས་བསྟན་པ་རྨིས་པ་དང་། རྒྱལ་པོ་སད་པ་དང་འཕྲལ་དུ་ཕོ་ཉ་བཀྱེ་སྟེ། སྤོས་ངད་ལྡང་གི་རི་ལས་དགྲ་བཅོམ་པ་སུ་ར་ཏ་སྤྱན་དྲངས་ཏེ། རྒྱལ་པོའི་ཕོ་བྲང་དུ་བྱོན་པ་དང་།
རྒྱལ་པོས་ཀྱང་ཚུལ་བཞིན་དུ་ཕྱག་བྱས་ཤིང་མཆོད་དེ་བསྙེན་བཀུར་བྱས་སོ། །དེའི་དུས་ན་ཚེས་བཅུ་བཞིའི་ནུབ་མོ་དགེ་འདུན་རིལ་གྱིས་འདུས་པའི་ནང་ནས། དགེ་སློང་གསར་ཞུགས་རྣམས་ཀྱིས་སྡེ་སྣོད་གསུམ་ཤེས་པའི་མཁན་པོ་ཥྱ་ཀ་ལ་པྲཱ་ཏི་མོ་ཀྵ་གདོན་པར་གསོལ་

བ་ལས། ཤི་ཥྱ་ཀ་ན་རེ་མི་ལ་མིག་ཞར། སྣ་དང་རྣ་བ་མེད་ན་མེ་ལོང་ཅི་དགོས། བལྟར་ཅི་ཡོད། འདུལ་བ་བཤད་ཀྱང་ཁྱེད་འདུལ་བ་ལྟར་མི་སྤྱོད། ཚུལ་ཁྲིམས་མི་བསྲུང་བ་ལ་འདུལ་བ་བཤད་ཀྱང་ཅི་ཕན་ཞེས་སྨྲས་པ་དང་། དེའི་ཚེ་སུ་ར་ཏ་ཞེས་བྱ་བ་དགྲ་བཅོམ་པས་སེང་
གེའི་སྒྲ་ཕྱུང་ནས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚུལ་ཁྲིམས་ངས་མནོས་ནས་ད་ཙམ་གྱི་བར་དུ་རྩྭ་མཆོག་ཙམ་ཡང་མ་ཉམས་ན། འདི་སྐད་མ་ཟེར་བར་པྲཱ་ཏི་མོ་ཀྵ་ཐོན་ཅིག་པར་སྨྲས་པ་དང་། མཁན་པོ་ཤི་ཥྱ་ཀ་ཡང་དགྲ་བཅོམ་པར་ངོ་ཤེས་ཏེ་རབ་ཏུ་སྐྱེངས་ནས་ཅང་མི་
ཟེར་བ་དང་། ཤི་ཥྱ་ཀའི་སློབ་མ་དགེ་སློང་ཨཾ་ག་ད་སྟེ་དཔུང་གི་ཚོགས་འཇིགས་སུ་རུང་ཞེས་བྱ་བ་དེ་འཁོར་འདུས་པའི་ནང་ནས་ལངས་ཏེ་སུ་ར་ཏ་ཞེས་བྱ་བ་དགྲ་བཅོམ་པ་དེ་ལ་ཁྱེད་ཅི་སྟེ་ངའི་མཁན་པོ་ལ་དེ་སྐད་སྨྲ། ཁྱོད་ཁྲིམས་ཀྱང་མེད། འདུལ་བ་ཡང་མི་ཤེས་ན། ངའི་མཁན་
པོ་སྡེ་སྣོད་གསུམ་ལ་མཁས་པ་དེ་ལ་ཅིའི་ཕྱིར་ཁ་ཟློགས་ཤེས་ཁྲོས་ནས་སྒོ་གཏན་བླངས་ཏེ། དགྲ་བཅོམ་པ་བརྡེགས་ནས་བསད་དོ། །དེའི་ཚེ་ཆོས་ལ་དགའ་བའི་གནོད་སྦྱིན་ད་དྷི་མུ་ཁ་ཞོ་གདོང་དིར་རྒ་མུ་ཁ་ཞེས་བྱ་བས་ལག་པར་རྡོ་རྗེ་ཐོགས་ནས་མངོན་དུ་བྱུང་སྟེ། དགེ་སློང་
ཨཾ་ག་ད་ལ། ཅི་སྟེ་དགྲ་བཅོམ་པ་བསད་ཅེས་ཟེར་ཏེ་རྡོ་རྗེ་ཕྱུང་ནས་བསད་དོ། །དེའི་དུས་ན་དགེ་སློང་གེ་རད་ཅེས་བྱ་བས་མཁན་པོ་ཤི་ཥྱ་ཀ་བརྡེགས་ཏེ་བསད་དོ། །དེ་ནས་དེའི་རྗེས་ལ་དགེ་འདུན་རིལ་གྱིས་འཁྲུགས་ནས་གཅིག་གིས་གཅིག་བསད་དེ་གཅིག་ཀྱང་མ་ལུས་
སོ། །དེའི་དུས་ན་ནམ་མཁའ་ལ་ལྷ་ཀླུ་ལ་སོགས་པ་ཆོས་ཀྱི་སྲུང་མ་ཕལ་པོ་ཆེ་མ་དགའ་ནས་ངུས་པའི་མཆི་མ་ནི་ཁྲག་དང་མེའི་ཆར་བབ་བོ། །ནམ་མཁའ་དག་ནི་སེར་དང་ནག་པོར་གྱུར། གློག་དང་སྒྲ་ཆེན་པོ་བྱུང་། སྐར་མ་དྷཱུ་མ་ཀེ་ཏུ་ཞེས་བྱ་བ་ལུས་ལས་དུ་བ་ནག་པོ་གཏོང་
བ་ཞིག་བྱུང་ནས། དེས་སྐར་མ་དང་ཟླ་བ་ལ་སོགས་པ་འོད་ཀྱང་མེད། གཅིག་ཀྱང་བལྟར་མི་སྣང་བར་འོང་ངོ་། །དེའི་དུས་ན་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་དང་། ཡུམ་མཱ་ཡཱ་དེ་བཱི་ལ་སོགས་པ་འཁོར་ཕལ་མོ་ཆེ་དང་དེར་འོངས་ནས་དགེ་འདུན་གྱི་གོས་ཚོན་ཅན་རིལ་གྱིས་

བསྡུས་ནས་ཁྱེར་བར་འོང་ངོ་། །དེའི་དུས་ན་རྒྱལ་པོས་འདི་ལྟ་བུའི་ཀུ་ཅོ་སྒྲ་ཆེན་པོ་བྱུང་བ་ཅི་ལས་གྱུར་ཅེས་སྨྲས་པ་དང་། དགེ་འདུན་འཁྲུགས་ནས་གཅིག་གིས་གཅིག་བསད་པར་གྱུར་ཏོ་ཞེས་གསོལ་པ་དང་། རྒྱལ་པོ་མི་དགའ་སྟེ། ལངས་ནས་ཐོ་རངས་
མཁར་གྱི་ཕྱི་རོལ་གྱི་ལྷ་ཁང་དུ་ཕྱིན་པ་དང་། དགེ་འདུན་ལ་ལ་ནི་མགོ་བཅད། ལ་ལ་ནི་མིག་ཕྱུང་། ལ་ལ་ནི་རྐང་ལག་བཅད་དེ། དེ་ལྟར་སྣ་ཚོགས་སུ་ཤི་བ་མཐོང་ནས། དགྲ་བཅོམ་པ་དང་། ཤི་ཥྱ་ཀ་སྡེ་སྣོད་གསུམ་ཤེས་པའི་མཁན་པོའི་རོ་བཙལ་ནས་གཉིས་ཀའི་རོ་རྙེད་
པ་དང་། མཆན་ཁུང་གཡས་གཡོན་དུ་བཞག་ནས་དགྲ་བཅོམ་པ་ནི་ངའི་ཕ་ཡིན། ཤི་ཥྱ་ཀ་ནི་ཆོས་ཀྱི་མཛོད་ཡིན། འདི་གཉིས་འདས་པར་གྱུར་པ་ནི་ད་ཕྱིན་ཅད་ངའི་ལུས་དང་སྲོག་ཀྱང་གཅེས་པ་མེད། རྒྱལ་སྲིད་ཀྱང་སུ་འདོད་པ་ལ་སྦྱིན་ནོ་ཞེས་སྨྲས་པ་དང་། མིག་ཀྱང་
ལྡོངས་ཏེ་མི་སྣང་བར་གྱུར་ཏོ། །དེའི་དུས་ན་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྙིང་བརྩེ་སྟེ། མྱ་ངན་བསང་བའི་ཕྱིར་མི་ལྔ་བརྒྱ་བན་དེ་ལྟར་བཅོས་ཏེ། སྐྲ་དང་ཁ་སྤུ་བྲེག་ཏུ་སྤུ་གྲིས་མ་ཆོད་ནས། སྐྲ་དང་ཁ་སྤུ་མེས་བསྲེགས། ཚོན་སྣ་བརྒྱ་ཡང་དེའི་ཚེ་ནུབ་པས་བན་དེ་ལྔ་
བརྒྱ་ཡང་ཆོས་གོས་མི་བདོག་ནས་ཕྱུགས་ནག་པོ་དང་། དམར་པོའི་ཀོ་བ་གྱོན་ཏེ། བན་དེ་ལྟར་བཅོས་ནས་རྒྱལ་པོའི་དྲུང་དུ་འོངས་སོ། །བློན་པོས་རྒྱལ་པོ་ལ་བན་དེ་ལྔ་བརྒྱ་འོངས་སོ་ཞེས་གསོལ་པ་དང་། རྒྱལ་པོ་དགའ་ནས་མིག་ཕྱེ་སྟེ་བན་དེ་དག་ལ་བརྟགས་ན། བན་
དེ་ཡང་རིལ་གྱིས་ཕྱུགས་ཀྱི་པགས་པ་གོས་སུ་གྱོན་ལ། སྐྲ་དང་ཁ་སྤུ་མ་བྲེགས་པར་མེས་བསྲེགས་པ་ནི་མ་མཐོང་ནས་རྒྱལ་པོ་ཡང་དགའ་སྟེ། དཀོན་མཆོག་གསུམ་ལ་མཆོད་པའི་ཡོ་བྱད་འོན་ཅིག་ཅེས་བསྒོ་ནས་བན་དེ་དེ་རྣམས་ལ་མཆོད་དེ། བན་དེ་རྣམས་ལ་རྒྱལ་པོས་ཞིབ་
ཏུ་བརྟགས་ན། ཕྱུགས་ཀྱི་པགས་པ་ཆོས་གོས་སུ་གྱོན་ལ། སྐྲ་དང་ཁ་སྤུ་མ་བྲེགས་པར་མེས་བསྲེགས་པ་གསལ་བར་མཐོང་ནས་རྒྱལ་པོ་ཉིད་སོམ་ཉི་རུ་གྱུར་ཏེ། འདི་དག་དགེ་སློང་ནི་མ་ཡིན་མོད་ཀྱི། བདག་གིས་ཅུང་ཟད་ཅིག་དྲིའོ་སྙམ་ནས་དགེ་སློང་གི་ལྟ་བ་དང་།

ཚུལ་ཁྲིམས་གང་ཡིན་ཞེས་དྲིས་ན། དེ་རྣམས་གང་གིས་ཀྱང་དགེ་སློང་གི་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་ཅུང་ཟད་ཀྱང་མི་ཤེས་པས་རྒྱལ་པོ་དེ་ལ་ལན་མ་བཏབ་པར་ཅང་མི་སྨྲ་བར་འཁོད་པ་དང་། རྒྱལ་པོས་བསམས་པ། ད་ནི་སངས་རྒྱས་ཀྱི་བསྟན་པ་ནུབ་སྟེ།
དཀོན་མཆོག་གསུམ་གྱི་ཚུལ་ཡང་དག་པར་རྒྱུན་ཆད་པ་ལྟ་ཞིག་སྙམ་ནས་རྒྱལ་པོ་ཡང་མྱ་ངན་ཆེན་པོ་ལངས་ཏེ་ངུ་བར་འགྱུར་རོ། །དེ་ནས་རྒྱལ་པོ་དེས་བན་དེ་ཕལ་པོ་ཆེ་བཏུངས་ཏེ་ཤི་བའི་རོ་རྣམས་བླངས་ཏེ་བསྲེགས་ནས་མཆོད་པ་བྱས་ཏེ། དེའི་འོག་ཏུ་རྒྱལ་པོ་ཉིད་ཀྱང་བསྟན་པ་
ནུབ་པའི་ཐུགས་ངན་གྱིས་ཞལ་འཚོས་ཏེ་འདས་སོ། །དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་གི་དམ་པའི་ཆོས་རིལ་གྱིས་ནུབ་སྟེ། གསུང་རབ་ཀྱི་ཡི་གེ་རྣམས་ཀྱང་དུང་ཕྱིས་པ་བཞིན་དུ་བལྟར་མི་མངོན་པར་གྱུར་ཏོ། །གསེར་ནི་དངུལ་དུ་འགྱུར་རོ། །དངུལ་ནི་ཟངས་དང་ལྕགས་
སུ་འགྱུར་རོ། །ཟངས་དང་ལྕགས་ནི་རྡོར་འགྱུར་རོ། །རིན་པོ་ཆེ་དང་མུ་ཏིག་ནི་རྭར་འགྱུར་རོ། །ཁ་ཟས་ནི་རོ་དྲུག་ཡོད་པ་ལས་མངར་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་ལ་སོགས་པ་ནི་ནུབ་པོ། །ཁ་བ་དང་། བསྐ་བ་གཉིས་ནི་ལུས་སོ། །སངས་རྒྱས་བཅོམ་ལྡན་འདས་
ཤཱཀྱ་ཐུབ་པ་ལ་འཕགས་པ་ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་གནས་པ་དང་འཇིག་པའི་ཚུལ་ལུང་བསྟན་པའི་སྐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་གོ་ཤྲྀང་ག་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཅིག་གོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་
ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ལྷའི་ཡང་ལྷ་སངས་རྒྱས་ཤཱཀྱ་ཐུབ་པ་བསྐལ་པ་གྲངས་མེད་པ་གསུམ་ནས་བསོད་ནམས་ཀྱི་ཚོགས་ཀྱི་རྣམ་པར་སྨིན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་བརྙེས་ཏེ། འཛམ་བུའི་གླིང་གི་ལྗོངས་ཀྱི་ཡུལ་གཞན་

དུ་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་ནས་ཡུལ་ཡངས་པ་ཅན་གྱི་ཕྱོགས་ཐུབ་པ་དྲང་སྲོང་ཆེན་པོའི་གནས་རྒྱལ་པོའི་ཁབ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དུ་མ་དང་། གནས་བརྟན་
ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ལྷ་དུ་མ་དང་། ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་སོགས་པ་འཇིག་རྟེན་སྐྱོང་བ་དུ་མ་དང་། ཀླུའི་རྒྱལ་པོ་ཆེན་པོ་དུ་མ་དང་། གནོད་སྦྱིན་མཐུ་
ཆེན་པོ་མང་པོ་དང་། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་ལ་སོགས་པ་དྲི་ཟ་མང་པོ་དང་། མིའམ་ཅིའི་རྒྱལ་པོ་ཡིད་འོང་ལ་སོགས་པ་མིའམ་ཅི་དུ་མ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་འཛམ་བུའི་གླིང་གི་མིའི་རྒྱལ་པོ་མང་པོའི་འཁོར་དུ་མ་དང་ཐབས་ཅིག་ཏུ་བཞུགས་
སོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་ཤཱཀྱ་ཐུབ་པས་ཕྱི་མའི་དུས་ཀྱི་ཡུལ་དགེ་བ་ལ་རྗེས་སུ་དགོངས་ཤིང་མངོན་སུམ་དུ་མཛད་ནས་འཁོར་མང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཕྱོགས་ལོགས་ན། རི་གླང་རུ་དང་ཉེ་བ་ཆུ་བོ་གོ་མའི་འགྲམ་ན་ཐུབ་པ་དྲང་སྲོང་ཆེན་པོའི་
ཕོ་བྲང་མཆོད་རྟེན་གོ་མ་ས་ལ་གན་ད་ཞེས་བྱ་བ་ཞིག་ཡོད་དེ། དེར་གདོན་མི་ཟ་བར་བྱ་དགོས་པའི་ཕྲིན་ལས་ཤིག་ཡོད་པས་ད་གཤེགས་པའི་དུས་ལ་བབ་བོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་འཁོར་ཕལ་མོ་ཆེ་དང་ནམ་མཁའ་ལ་འཕགས་ཏེ། དྲི་ཟའི་
རྒྱལ་པོ་གཙུག་ཕུད་ལྔ་པ་ལ་སོགས་པ་དྲི་ཟ་གྲངས་མེད་པ་ནི་མདུན་ན་ལྷའི་རོལ་མོ་སྣ་ཚོགས་བྱེད། མིའམ་ཅིའི་རྒྱལ་པོ་ཡིད་འོང་ལ་སོགས་པ་མིའམ་ཅི་དུ་མ་ནི་སྟེང་ནས་མཆོད་པའི་ལས་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ལ་དབྱངས་དང་ལྷའི་སྐད་ཡིད་དུ་འོང་བས་བསྟོད་
བཞིན་དུ་འཁོར་དེ་དག་དང་། མཆོད་པ་དེ་དག་དང་བཅས་ཏེ། རི་གླང་རུ་ག་ལ་བ་དེར་གཤེགས་སོ། །གཤེགས་ནས་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་བཞེངས་བཞིན་དུ་ཞལ་བྱང་ཕྱོགས་སུ་མཚོ་ཆེན་པོ་ཡུན་རིང་པོ་ནས་རྒྱ་མཚོ་ལྟར་འདུག་པ་ལ་གཟིགས་ཏེ།

སྐུ་དྲང་པོར་བསྲངས་ནས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་ལ་སྙོམས་པར་ཞུགས་ཏེ། བསྐལ་པ་གྲངས་མེད་པ་གསུམ་ནས་བདག་ཉིད་ཀྱི་སངས་རྒྱས་ཀྱི་སྤྱོད་པ་སྨོན་ལམ་དང་བསོད་ནམས་མངོན་སུམ་དུ་མཛད་དོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་
ལྡན་འདས་ཀྱིས་རི་གླང་རུ་དང་། ཡུལ་དགེ་བ་དང་། གསེར་གྱི་དཀྱིལ་འཁོར་ནས་སྲིད་པའི་རྩེ་མོའི་བར་དུ་བྱིན་གྱིས་བརླབས་ཏེ། བསྲུང་བ་དང་། གཙང་བ་དང་། བཀྲ་ཤིས་པ་དང་། མཚམས་བཅད་པ་དང་། བཟླས་བརྗོད་དང་། དགེ་བར་མཛད་དོ། །དེ་ནས་དེའི་ཚེ་ལྷའི་
ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། རི་གླང་རུ་བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་ས་ལ་གན་ད་དང་བཅས། ཡུལ་དགེ་བ་དང་བཅས་པ་འདི་ནི་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་
ཕྱག་མཚན་དང་། མ་འདྲེས་པ་དང་། ཐུན་མོང་མ་ཡིན་པ་དང་། དབེན་པ་ཡིན་ཏེ། རྒྱུ་དེས་ན་ཡུལ་འདི་ནི་དགེ་བ་ཞེས་བྱའོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་དགེ་བ་དང་། མཁར་དགེ་བ་ཅན་དང་། དགེ་འདུན་སོ་སོའི་ཀུན་དགའ་
ར་བ་དང་། གཙུག་ལག་ཁང་དང་། དགོན་པའི་གནས་དང་། ཡུལ་དེར་སོ་སོ་ནས་བསོད་ནམས་བྱ་བའི་དངོས་པོ་དགེ་བ་བྱེད་པར་འགྱུར་བའི་རྒྱལ་པོ་དང་། ཆོས་དང་ལྡན་པའི་དད་པ་ཅན་དང་། སྦྱིན་བདག་དང་། ལི་ཐམས་ཅད་འབྱུང་བར་ལུང་བསྟན་ཏོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཀྱང་མ་འོངས་པའི་དུས་ན་འབྱུང་བའི་ཡུལ་འདིར་ཅི་ནས་ཀྱང་སེམས་ཅན་རྣམས་དམ་པ་ཆེན་པོ་མྱུར་དུ་ཐོབ་པར་འགྱུར་བ་དང་། ཏིང་ངེ་འཛིན་འགྲུབ་པར་འགྱུར་བར་བྱིན་གྱིས་རློབས་
ཤིག །དེ་ནས་དེའི་ཚེ་བཅོམ་ལྡན་འདས་མཚོ་རོལ་ནས་ཅུང་ཟད་ཅིག་སླར་བཀྱེད་དེ། དེའི་མོད་ལ་རི་གླང་རུའི་སྟེང་ན་གདན་ཁྲི་བཤམས་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་ཞལ་ནུབ་ཕྱོགས་སུ་བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་ས་ལ་གན་ད་གང་ན་བ་དེ་ལོགས་སུ་

གཟིགས་སོ། །དེ་ནས་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས་བྱང་ཆུབ་སེམས་དཔའ་ཉི་ཁྲི་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་མང་པོ་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ལྷགས་སོ། །ལྷགས་ནས་བཅོམ་
ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་ས་ལ་གན་ད་ལ་ཡང་ཕྱག་འཚལ་སྐྱབས་སུ་སོང་། སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཡང་ཕྱག་འཚལ། སྐྱབས་སུ་སོང་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དེའི་ཚེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་
འཁོར་ཕལ་མོ་ཆེ་འདུས་པར་མཁྱེན་ནས་འཁོར་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བསྐལ་པ་བཟང་པོ་འདི་ལ་སྔོན་སངས་རྒྱས་བཅོམ་ལྡན་འདས་བཞི་བྱུང་སྟེ། དེ་དག་གིས་ཀྱང་མཆོད་རྟེན་གོ་མ་ས་ལ་གན་ད་ཡུལ་དང་བཅས་པ་བྱིན་གྱིས་བརླབས་སོ། །བསྐལ་པ་
བཟང་པོ་འདི་ཉིད་ལ། མ་འོངས་པའི་དུས་ནའང་སངས་རྒྱས་སྟོང་རྩ་གཅིག་འབྱུང་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་ཏེ་འདིར་གཤེགས་ནས་མཆོད་རྟེན་གོ་མ་ས་ལ་གན་ད་ཡུལ་དང་བཅས་པ་བྱིན་གྱིས་རློབ་ཅིང་མཚམས་གཅད་པ་དང་། བཀྲ་ཤིས་
པ་དང་། དགེ་བར་མཛད་པར་འགྱུར་རོ། །ང་ཡང་ད་ལྟར་བྱིན་གྱིས་རློབ་པའི་དུས་ལ་བབ་པས་བྱིན་གྱིས་རློབ་པར་མཛད་དོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་ཏིང་ངེ་འཛིན་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བ་དང་། གཞན་
ཡང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྲངས་མེད་པ་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་རྣམས་དང་། བསམ་གཏན་པ་རྣམས་ཡོངས་སུ་སྐྱོང་བར་བྱེད་པ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་ཀྱང་སངས་རྒྱས་འོད་སྲུང་གི་
མཆོད་རྟེན་གྱི་དྲུང་དུ་བཞུགས་ཏེ། ཡུལ་དེ་བྱུང་བར་གྱུར་པའི་ཚེ་བདག་གི་གཟུགས་བརྙན་བྱེད་པར་འགྱུར་བར་ས་གཞི་དེ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་སྨོན་ལམ་ཆེན་པོས་གནས་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་ཀྱང་རི་གླང་རུ་ལ་གཙུག་

ལག་ཁང་སྤོང་བྱེད་ཅེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་བསྙེན་པ་བྱེད་པ་རྣམས་འགྲུབ་པར་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་ནམ་མཁའ་ལྟར་སྟོབས་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་ཀྱང་གཙུག་ལག་ཁང་འཇིག་ཚོགས་སྤོང་
བྱེད་ཅེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེ་མཆོད་གནས་སུ་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་ཀྱང་གཙུག་ལག་ཁང་འོད་ཅན་ཞེས་བྱ་བ་འབྱུང་བར་འགྱུར་བའི་
ས་གཞི་དེར་དངོས་གྲུབ་འགྲུབ་པར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་རྟག་ཏུ་བྱམས་པ་དང་ལྡན་པ་བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་གཙུག་ལག་ཁང་བི་སི་མོ་ཉ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་བདག་ཉིད་བཞུགས་པར་བྱིན་གྱིས་བརླབས་སོ། །
དེ་བཞིན་དུ་སྤྱོད་པ་ཤིན་དུ་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་ཀྱང་གཙུག་ལག་ཁང་ཡེ་ཤེས་རི་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེ་ཕྱག་བྱ་བར་འོས་པར་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་འདུལ་བའི་སྐྱེ་བོ་རྣམས་གྲོལ་བར་མཛད་
པ་ལ་ཐགས་ཐོགས་མི་མངའ་བ་བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོས་ཀྱང་གཙུག་ལག་ཁང་བ་ནོ་ཅོ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་དངོས་གྲུབ་འགྲུབ་པར་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་བྱང་ཆུབ་སེམས་དཔའ་
ཀུན་དུ་བཟང་པོས་ཀྱང་གཙུག་ལག་ཁང་དགེ་འདུན་སྐྱོང་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་དངོས་གྲུབ་འགྲུབ་པར་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་དག་དང་། དགྲ་
བཅོམ་པ་ཆེན་པོ་རྣམས་ཀྱིས་ཀྱང་ལི་ཡུལ་གང་དང་གང་དུ་གཙུག་ལག་ཁང་དང་། སྐྱེད་མོས་ཚལ་དང་། དགོན་པའི་གནས་འབྱུང་བར་འགྱུར་བའི་ས་གཞི་ཐམས་ཅད་དཔེར་ན་ཟླ་བ་ཉ་བ་ལ་སྐར་མའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་སྟེང་གི་བར་སྣང་དག་པ་ལ་རྒྱུ་

བ་བཞིན་དུ་མཛེས་པ་དང་། ཡིད་དུ་འོང་བ་དང་། རྒྱས་པ་དང་། དགའ་དགའ་ལྟར་འདུག་པར་བྱིན་གྱིས་བརླབས་སོ། །ཡང་དེའི་ཚེ་རི་གླང་རུ་ལ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
དང་། དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་འོད་ཟེར་རྣམ་པ་སྣ་ཚོགས་དུ་མ་བཀྱེ་བས་ལི་ཡུལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་ནས་སྐད་ཅིག་དེ་ཉིད་ལ་མཚོ་ཆེན་པོ་དེའི་ནང་ན་པད་མ་སུམ་བརྒྱ་ལྔ་བཅུ་རྩ་གསུམ་བྱུང་བར་གྱུར་ཏེ། པད་མ་རེ་རེའི་ནང་ན་ཡང་
སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྐུ་གཟུགས་འོད་དང་བཅས་པ་བཞུགས་པ་སྣང་བར་གྱུར་ཏོ། །དེ་ནས་དེའི་ཚེ་ལྷ་རྣམས་ཀྱིས་སྔོན་མ་མཐོང་བའི་མཚན་མ་མཐོང་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རིགས་ཀྱི་བུ་མཚོའི་ནང་ནས་པད་མ་སུམ་བརྒྱ་ལྔ་བཅུ་རྩ་གསུམ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང་བཅས་ཏེ་བྱུང་བ་འདི་ནི་མ་འོངས་པའི་དུས་ན་ཡུལ་འདི་བྱུང་བར་གྱུར་པའི་ཚེ་ཡུལ་འདི་ཉིད་དུ་པད་མ་ཇི་སྙེད་པའི་དགོན་པའི་གནས་དང་། གཙུག་
ལག་ཁང་ན་གཎ་ཌཱི་བརྡུང་བར་འགྱུར་བ་དང་། གནས་གང་དང་གང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། འོད་ཟེར་རྣམ་པ་སྣ་ཚོགས་འགྱེད་ཅིང་ཡུལ་བྱིན་གྱིས་བརླབས་པའི་ས་གཞི་དེ་དག་དང་། དེ་བཞིན་དུ་ངས་དེ་
བཞིན་གཤེགས་པའི་ཕོ་བྲང་མཆོད་རྟེན་གོ་མ་ས་ལ་གན་ད་ཡུལ་དགེ་བ་དང་བཅས་པ་བྱིན་གྱིས་བརླབས་པའི་ས་གཞི་འདིར་དད་པ་ཅན་གྱི་སྦྱིན་བདག་རྣམས་ཀྱིས་སོ་སོ་ནས་སངས་རྒྱས་ལ་སོགས་པའི་གཟུགས་བརྙན་བྱེད་པར་འགྱུར་ཞིང་། གནས་དེ་དང་དེ་དག་ཏུ་
བསྙེན་པར་བྱས་ན་ཅི་དང་ཅི་འདོད་པ་འགྲུབ་པར་འགྱུར་བའི་སྔ་ལྟས་ཡིན་ནོ། །ཡང་དེའི་ཚེ་ལྷ་རྣམས་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཡུལ་འདི་དུས་ཇི་ཙམ་ཞིག་ན་ནི་འབྱུང་བར་འགྱུར། སུ་ཞིག་གིས་ནི་

འབྱིན་པར་བགྱིད་པ་ལགས། བཙུན་པ་བཅོམ་ལྡན་འདས་ད་ལྟར་ནི་དགོན་པ་ཆབ་ཆེན་པོའི་གཏེར་ལགས་ན། སུ་ཞིག་གིས་ཇི་ལྟར་འབྱིན་པ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག །ང་མྱ་ངན་ལས་འདས་ནས་
ལོ་བརྒྱ་ལོན་པའི་ཚེ་རྒྱའི་ཡུལ་དུ་རྒྱའི་རྒྱལ་པོ་ཅ་ཡང་ཞེས་བྱ་བ་བུ་སྟོང་ཚང་བར་བདོག་པ་ཞིག་འབྱུང་བར་འགྱུར་ཏེ། བུ་རེ་རེ་ལ་ཡང་ཡུལ་རེ་རེ་གསར་དུ་ཚོལ་དུ་བཅུག་གོ། །ཕྱིས་ནུབ་ཕྱོགས་ལོགས་ནས་རི་གླང་རུ་དང་། བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་ས་ལ་
གན་ད་ཡོད་པའི་ཡུལ་དེ་བཞིན་གཤེགས་པ་དུ་མས་བྱིན་གྱིས་བརླབས་བརླབས་པ་ཞིག་ཡོད་དོ་ཞེས་ཐོས་ནས་དེ་འདི་སྙམ་དུ་མ་ལ་བདག་ལ་བུ་ཅིག་ཡོད་ན་སངས་རྒྱས་ཕལ་མོ་ཆེས་བྱིན་གྱིས་བརླབས་པའི་གནས་དེར་ཡུལ་འདེབས་སུ་གཞུག་གོ་སྙམ་དུ་བསམས་ནས། དེའི་ཚེ་རྒྱའི་
རྒྱལ་པོས་རྣམ་ཐོས་ཀྱི་བུ་ལ་བུ་ཅིག་བསླངས་སོ། །རྣམ་ཐོས་ཀྱི་བུས་ཀྱང་འཛམ་བུའི་གླིང་འདི་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བའི་བུ་ཞིག་བཙས་པ་བྱིན་ཏེ། བུ་དེ་ནི་གཟུགས་བཟང་བ། དབྱིབས་མཛེས་པ། བལྟ་ན་སྡུག་པ་ཞིག་ཡིན་ནོ། །བུ་དེའི་དོན་དུ་ས་ལས་ནུ་མ་
ཞིག་བྱུང་བ་དང་། བུ་དེ་སྔོན་གྱི་བསོད་ནམས་དང་དགེ་བའི་རྩ་བའི་མཐུས་ནུ་མ་དེ་ལ་ནུ་བར་བྱེད་པས་དེས་ན་བུ་དེའི་མིང་ས་ལས་ནུ་མ་ནུ་ཞེས་བྱ་བའོ། །བུ་དེ་མྱུར་བར་སྐྱེས་ནས་ཕ་རྒྱའི་རྒྱལ་པོས་རྒྱལ་སྲིད་ཀྱི་དབང་ནི་བསྐུར། ནོར་མང་པོ་ནི་བྱིན། བློན་པོ་ཕལ་མོ་ཆེ་ནི་ལུས་
ཀྱི་རིམ་གྲོ་བར་བསྐོས་ནས། རྒྱལ་བུ་ས་ལས་ནུ་མ་ནུ་དེ་བློན་པོ་ཆེན་པོ་ཇང་ཤོ་ཞེས་བྱ་བ་ལ་སོགས་པ་དམག་དུ་མ་དང་ལྷན་ཅིག་ཏུ་རྒྱའི་ཡུལ་ནས་བྱུང་སྟེ་ཡུལ་འདིར་འོང་བར་འགྱུར་རོ། །འོངས་ནས་འདིར་ཡུལ་འདེབས་པར་འགྱུར་ཏེ། རྒྱལ་བུ་ས་ལས་ནུ་མ་ནུ་དེས་ཡུལ་
བཏབ་པའི་ཕྱིར་རྒྱུ་དེས་ན་ཡུལ་འདིའི་མིང་ནི་ས་ལས་ནུ་མ་ནུའི་ཡུལ་ཞེས་བྱ་བར་འགྱུར་རོ། །དུས་དེའི་ཚེ་ན་ནུབ་ཕྱོགས་ལོགས་ནས་རྒྱ་གར་གྱི་མི་ཕལ་མོ་ཆེ་འདིར་འོང་བར་འགྱུར་ཏེ། རྒྱལ་པོ་ས་ལས་ནུ་མ་ནུའི་འབངས་སུ་མཆིད་ཀྱིས་འཚལ་ཞིང་ཆུ་སྲིད་གཅིག་པར་དུམ་

བར་གྱུར་ནས། རྒྱའི་བློན་པོ་ཆེན་པོ་ཇང་ཤོ་ལ་སོགས་པས་རིམ་གྱིས་རྒྱ་དང་། རྒྱ་གར་གྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་འདེབས་པར་འགྱུར་རོ། །དེ་ལྟར་རྒྱལ་པོ་ས་ལས་ནུ་མ་ནུ་དེ་མི་རབས་དུ་མའི་བར་དུ་ཡུལ་འདིའི་རྒྱལ་པོ་བྱེད་པར་འགྱུར་རོ། །
རྒྱལ་པོ་དེ་རྣམས་ཀྱིས་ཀྱང་རིམ་གྱིས་སོ་སོ་ནས་ཡུལ་འདིར་དགོན་པའི་གནས་དང་གཙུག་ལག་ཁང་བྱས་ན་ཞིང་ཆུ་དང་། འབངས་དང་། ཞལ་ཏ་བྱེད་པ་ཡང་འབུལ་ཞིང་། ལ་ལ་ཡང་བདག་ཉིད་ཀྱང་རབ་ཏུ་འབྱུང་བར་བྱེད་དོ། །ལ་ལ་ནི་བུ་དང་བུ་མོ་རབ་ཏུ་འབྱིན་པར་
བྱེད་དོ། །ལ་ལ་ནི་འབངས་ལས་གྲངས་མེད་པ་ཞིག་རབ་ཏུ་འབྱུང་བར་གནང་བར་བྱེད་དོ། །ཡུལ་འདིར་མི་བྱང་ཆུབ་སེམས་དཔའི་རིགས་ཅན་མང་པོ་ཞིག་འབྱུང་སྟེ། རྟག་ཏུ་དཀོན་མཆོག་གསུམ་ལས་དགེ་བའི་རྩ་བ་སོགས་ཤིང་བསོད་ནམས་བྱ་བའི་དངོས་པོ་བྱེད་
པར་འགྱུར་རོ། །དེ་ལྟར་ན་ཡུལ་འདི་ནི་རྒྱལ་པོ་ས་ལས་ནུ་མ་ནུས་ཡུལ་གཏོད་པའི་ཚུལ་དེ་ལྟ་བུས་འབྱུང་བར་འགྱུར་རོ། །ཡུལ་འདི་ནི་སངས་རྒྱས་འབྱུང་བ་རེ་རེའི་ཚེ་ཡང་འབྱུང་ཞིང་རྒྱས་པར་འགྱུར་རོ། །ཅིའི་ཕྱིར་ཡུལ་གཞན་དང་གཞན་དག་གི་ནི་ཞིག་ནས་ཡུན་རིང་མོ་
ཞིག་ཏུ་སྟོང་ཞིང་དགོན་པར་འདུག་ལ་ཡུལ་དགེ་བ་ནི་སངས་རྒྱས་འབྱུང་བ་རེ་རེའི་ཚེ་མི་རྣམས་ཀྱིས་བརྒྱན་ཅིང་མཛེས་པར་འགྱུར་ཞེ་ན། འདི་ལྟར་ཡུལ་འདི་ནི་ཐུབ་པ་དྲང་སྲོང་ཆེན་པོའི་གནས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཆོད་རྟེན་གོ་མ་ས་ལ་གན་ད་ཞེས་བྱ་བ་
རི་གླང་རུ་དང་ཉེ་བ་ཆུ་བོ་གོ་མའི་འགྲམ་ན་ཡོད་པའི་ཕྱིར་རོ། །མཆོད་རྟེན་འདི་མདོ་སྡེའི་ནང་ནས་ནི་མིང་གོ་མ་ས་ལ་གན་ད་ཞེས་བྱའི། འཇིག་རྟེན་ཕལ་གྱི་ཐ་སྙད་དུ་ནི་ཆུ་བོ་གོ་མའི་འགྲམ་ཞེས་བྱ་བར་འདོགས་པར་འགྱུར་ཏེ། འདི་ལྟར་ཇི་སྲིད་དུ་མཆོད་རྟེན་ཆུ་བོ་གོ་མའི་འགྲམ་ཞེས་བྱ་བ་
དང་། འོད་སྲུང་གི་མཆོད་རྟེན་འདི་གཉིས་རྒྱས་ཤིང་མཆོད་གནས་སུ་བྱེད་པ་དེ་སྲིད་དུ་ནི་ཡུལ་དགེ་བ་ཡང་རྒྱས་ཤིང་བཟང་པོར་འགྱུར་རོ། །ནམ་མཆོད་རྟེན་འདི་གཉིས་རྒུད་པ་དེའི་ཚེ་ཡུལ་ཡང་རྒུད་ཅིང་སྟོངས་པར་འགྱུར་རོ། །དེ་ནས་དེའི་ཚེ་འཁོར་དེར་འདུས་པའི་ལྷ་རྣམས་ཀྱིས་བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པའི་གསུང་དེ་ཐོས་ནས་མཆོད་རྟེན་གོ་མ་ས་ལ་གན་ད་དང་། རི་གླང་རུ་ལ་དད་པ་དང་གུས་པ་ཆེན་པོ་རྙེད་དེ། སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་སྐྱབས་སུ་སོང་ནས་སྤྱན་སྔར་འདི་སྐད་དུ་བདག་ཅག་ཀྱང་དུས་དེའི་ཚེ་
ཡུལ་འདིར་རིགས་མཐོན་པོར་སྐྱེས་ནས་བདེ་བར་གཤེགས་པའི་བསྟན་པ་སྲུང་ཞིང་། ཡུལ་ཆོས་ཀྱི་བཀའ་ཁྲིམས་མི་ཉམས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འདུ་ཤེས་ཅན་ཞེས་བྱ་བ་དང་། ལྷའི་ལྷ་མི་ཕམ་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཁྱིམ་འཚིག་ཅེས་བྱ་བ་དང་། ལྷ་ནམ་མཁའི་དབྱངས་ཞེས་བྱ་བ་དང་། ལྷ་གསེར་གྱི་ཕྲེང་བ་ཅན་ཞེས་བྱ་བ་དང་། ལྷ་མོ་ལྕགས་ཀྱུ་ཅན་ཞེས་བྱ་བ་དང་། ལྷ་མོ་
གནས་ཅན་ཞེས་བྱ་བ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱེད་རྣམས་ལ་མཆོད་རྟེན་གོ་མ་ས་ལ་གན་ད་དང་། རི་གླང་རུ་ཡུལ་དང་བཅས་པ་དང་། ངའི་བསྟན་པ་དང་། སྲས་རྣམས་ཡོངས་སུ་གཏད་ཀྱིས་ཡོངས་སུ་བསྲུང་བ་དང་། བསྐྱབ་པ་
དང་། བསྐྱང་བ་དང་། མཆོད་གནས་སུ་འགྱུར་བར་གྱིས་ཤིག །ཡུལ་འདིའི་རྒྱལ་པོ་དང་། ཡུལ་འཛིན་པའི་བློན་པོ་དང་། སྦྱིན་བདག་ཆོས་དང་འཐུན་པ་རྣམས་ཀྱང་ཡོངས་སུ་གཏད་ཀྱིས་དེ་བཞིན་དུ་གྱིས་ཤིག །རི་གླང་རུ་ལུང་བསྟན་པའི་མདོ་འདི་ཡང་
ཡོངས་སུ་གཏད་ཀྱིས་འཕེལ་ཞིང་རྒྱས་པར་གྱིས་ཤིག །གང་གི་ཚེ་ཡུལ་འདི་མེའམ་ཆུའམ་ཕ་རོལ་གྱི་དམག་གིས་ཉེན་ཅིང་ཕོངས་པར་གྱུར་པ་ན་མདོ་འདི་བཀླག་པ་དང་། ཁ་ཏོན་དང་། མཆོད་པ་དང་། བསམ་པ་དང་། བསྒོམ་པ་བྱས་ན་དེས་ན་ཡུལ་དེའི་གནོད་པ་ཞི་བར་
འགྱུར་རོ། །མ་འོངས་པའི་དུས་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཡུལ་འདིར་སུམ་པ་རྣམས་དང་བོད་རྣམས་འོང་བར་འགྱུར་གྱིས་དེའི་ཚེ་མདོ་འདི་ལྷོགས་ཤིག་དང་། མདོ་འདི་ཐོས་ནས་མདོ་འདིའི་མཐུ་དང་། ལྷ་རྣམས་ཀྱི་བྱིན་གྱིས་དད་པ་མེད་པ་དེ་རྣམས་

ཡུལ་འཇིག་པར་མི་བྱེད་ཅིང་ཡིད་ཀྱང་འགྱོད་པར་འགྱུར་རོ། །མ་འོངས་པའི་དུས་ན་ཡུལ་འདིར་རྒྱ་རྣམས་ཀྱང་འོང་བར་འགྱུར་གྱིས་དེའི་ཚེ་མདོ་འདི་ལྷོགས་ཤིག་དང་། མདོ་འདི་ཐོས་ནས་དད་པ་སྐྱེ་བར་འགྱུར་རོ། །དད་པའི་སྟོབས་ཀྱིས་ཡུལ་མི་འཇིག་ཅིང་
ཕྱིར་ཞིང་བསྲུང་བ་དང་། བསོད་ནམས་བྱ་བའི་དངོས་པོ་ཡང་བྱེད་པར་འགྱུར་ཏེ། རྒྱུ་དེས་ན་མདོ་འདི་ནི་ཡུལ་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ། །མདོ་འདིའི་ཕན་ཡོན་གཞན་ཡང་མང་དུ་ཡོད་དེ་ཡུན་ཐུང་ངུས་ནི་བརྗོད་པར་མི་ནུས་སོ། །དེའི་ཕྱིར་མདོ་འདི་ཁྱེད་རྣམས་ལ་
ཡོངས་སུ་གཏད་དོ། །དེ་ནས་དེའི་ཚེ་རྣམ་ཐོས་ཀྱི་བུ་ལ་སོགས་པ་ལྷ་རྣམས་དང་། ཀླུའི་རྒྱལ་པོ་དང་། ལྷ་མོ་དེ་དག་ཐམས་ཅད་འཁོར་དང་བཅས་ཏེ་ལངས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་
ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་སྤྱི་བོས་ལེན་པར་འཚལ་ལོ། །ཡང་གསོལ་པ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་མཆོད་རྟེན་གོ་མ་ས་ལ་གན་ད་དང་། རི་གླང་རུ་ཡུལ་དང་བཅས་པ་
ཐམས་ཅད་ཀྱང་ཡོངས་སུ་བསྲུང་བར་འཚལ། བདེ་བར་གཤེགས་པའི་བསྟན་པ་དང་ཆོས་དང་འཐུན་པའི་རྒྱལ་པོ་དང་། རབ་ཏུ་བྱུང་བ་དང་། ཆོས་དང་འཐུན་པར་ཡུལ་འཛིན་པ་དང་། ཆོས་དང་འཐུན་པའི་སྦྱིན་བདག་དང་། གང་ཞིག་བསོད་ནམས་བྱ་བའི་དངོས་པོ་
བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་བསྲུང་བར་ནི་འཚལ་ན། བཅོམ་ལྡན་འདས་ཇི་སྲིད་དུ་ཡུལ་འདིར་དཀོན་མཆོག་གསུམ་མཆོད་གནས་སུ་བགྱིད་པ་དང་། ཡུལ་འཛིན་པས་ཀྱང་ཆོས་དང་འཐུན་པར་ཡུལ་སྐྱོང་ཞིང་ཆོས་དང་མི་འཐུན་པའི་སེམས་ཅན་
རྣམས་ཀྱི་མགོན་མི་བགྱིད་པ་དེ་སྲིད་དུ་ནི་བདག་ཅག་གིས་ཡོངས་སུ་བསྲུང་བར་རྔོ་ཐོགས་ཏེ། མདོ་འདི་ཡང་ལི་ཡུལ་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་ལི་ཡུལ་ལས་ཉི་འོག་ཏུ་གྱུར་པའི་རྒྱལ་པོ་དང་། བློན་པོ་རྣམས་ལ་མདོ་སྡེ་འདི་ནི་བཅོམ་ལྡན་འདས་ཀྱིས་ལི་

ཡུལ་གྱི་ཆེད་དུ་ར