Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ
Văn bản gốc(Tây Tạng)
Trang 17 / 19 (50.000 ký tự/trang)
ན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཡུལ་དེར་འཇིགས་པ་ཞིག་བྱུང་བ་དེའི་ཚེ་སྐྱེ་བོའི་ཚོགས་འཇིགས་པར་གྱུར་ཏེ་ཕན་ཚུན་དུ་ཅི་བྱ་གཏོལ་མེད་ནས་རྫས་རྣམས་སྦེད་པར་བྱེད་དོ། །ཁྱེའུ་ ལག་པ་ཅན་ནི་ལག་པ་གཉིས་སྦེད་པར་བྱེད་དེ། སྐྱེ་བོའི་ཚོགས་ལ་ཡང་འདི་སྐད་དུ། ཀྱེ་ཡོན་གནས་རྣམས་ལ་སེམས་སྡང་བར་མ་བྱེད་ཅིག །ཚིག་རྩུབ་པོ་མ་ཟེར་ཅིག །ཀྱེ་བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཟེར་རོ། །དེ་ནས་ ཕྱི་ཞིག་ན་ཁྱེའུ་ལག་པ་ཅན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་ སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བར་བྱས་ཏེ། དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་ འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལག་པ་ཅན་གྱིས་ འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་ པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་ སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་སྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་ གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཀྱང་དེ་བཞིན་དུ་དགེ་སློང་རྣམས་ལ་ཆོས་སྟོན་ཏེ། ཀྱེ་ཡོན་གནས་རྣམས་ལ་སེམས་སྡང་བར་མ་བྱེད་ཅིག །ཚིག་རྩུབ་པོ་མ་ཟེར་ཅིག །ཀྱེ་མ་བདག་གི་ལག་གུ་གཉིས་ ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཟེར་རོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལག་པ་ཅན་གྱིས་ལས་གང་དག་བགྱིས་ཤིང་བསགས་ན་དེས་དགྲ་བཅོམ་པ་ཉིད་ཐོབ་ ལགས་ན་ཡང་དེ་བཞིན་དུ་ཀྱེ་མ་བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་མཆི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་དག་འདི་ནི་ལས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེས་ཅི་ལས་ བསམས་ཏེ་དེ་སྐད་ཟེར་བ་ཁྱེད་ཉན་པར་འདོད་དམ། བཙུན་པ་མཉན་པར་འཚལ་ལགས་སོ། །དགེ་སློང་དག་ལག་པ་ཅན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་ དེ་དག་བྱས་ཤིང་བསགས་པས་ན། ལག་པ་ཅན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །རེ་ཞིག་ན་དེ་ན་དགེ་སློང་གཉིས་ཤིག་མཛའ་ཞིང་འདུག་སྟེ། དེའི་ནང་ན་གཅིག་ནི་དགྲ་བཅོམ་པ་ཡང་ཡིན་ལ་མང་དུ་ཐོས་པ་ཡང་ཡིན་ནོ། །ཅིག་ཤོས་ ནི་སོ་སོའི་སྐྱེ་བོ་ཡང་ཡིན་ལ་ཐོས་པ་ཡང་ཉུང་ངོ་། །དེ་ལ་དགྲ་བཅོམ་པ་མང་དུ་ཐོས་པ་དེ་ནི་ཀུན་གྱིས་ཤེས་པ། བསོད་ནམས་ཆེན་པོ་དང་ལྡན་པ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་བརྙེས་པ། གཡར་ འདྲེན་པ་མང་དུ་རྙེད་པ་ཞིག་སྟེ། གང་དུ་གཡར་དྲངས་པ་དེར་དེས་དགེ་སློང་མཛའ་བོ་དེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་ཁྲིད་དོ། །རེ་ཞིག་ན་ཉི་མ་གཅིག་ཅིག་དགྲ་བཅོམ་པ་དེ་ཡང་གཡར་དྲངས་ཏེ་འགྲོ་བར་ཆད་པ་ལས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དེ་བཙལ་ན་མ་རྙེད་དོ། ། དེ་ནས་དེ་མི་སྣང་ནས་དེས་དགེ་སློང་གཞན་ཞིག་ཁྲིད་པ་དང་། རེ་ཞིག་ན་དེར་དགེ་སློང་གཞོན་ནུ་སེམས་རྒོད་པ་དག་གིས་འདི་སྐད་ཅེས་སྨྲས་ཏེ། བཙུན་པ་དག་གཟིགས་དང་། དེས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་འདི་ཡང་དེང་མ་ཁྲིད་དེ་གཞན་ཁྲིད་དོ་ཞེས་བྱས་སོ། ། དེ་ནས་དེ་ཁྲོས་ཏེ་དགྲ་བཅོམ་པ་ལ་སེམས་སྡང་བར་བྱས་ནས་ངག་གི་ལས་རྩུབ་པོ་སྨྲས་ཏེ། བདག་གིས་ཕྱིན་ཅད་དེའི་ལྷུང་བཟེད་བཀྲུས་སུ་ཟིན་ན་བདག་གི་ལག་པ་འདི་གཉིས་མེད་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་མཛའ་བོར་གྱུར་པ་གང་ཡིན་པ་དེ་ནི་ལག་པ་ཅན་འདི་ཡིན་ཏེ། དེས་དགྲ་བཅོམ་པ་ལ་སེམས་སྡང་བར་བྱས་ཏེ་ངག་གི་ལས་རྩུབ་པོ་སྨྲས་པ་དེས་ན་ཚེ་རབས་ལྔ་བརྒྱར་ལག་པ་མེད་པར་གྱུར་ཏོ། །ཕྱིས་སྙིང་ནས་འགྱོད་ པ་སྐྱེས་ཏེ་ཉེས་པ་ལ་ཉེས་སོ་ཞེས་འཐོལ་ཞིང་བཤགས་ཏེ་རྣམ་པར་ཕྱེ་ཞིང་བསལ་བར་བྱས་པ་དེས་ནི་ལག་པ་ཐོབ་པར་གྱུར་ཏོ། །དེས་དེར་བསླབས་པ་དང་། ཁ་ཏོན་དུ་བྱས་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་ རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་ འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འདེ་གུས་གསོས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་ དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་ དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཕྱུག་ཅིང་ནོར་མང་ ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་མདོག་ངན་པ། བལྟ་ན་མི་སྡུག་པ། བྱད་ངན་པ་ཞིག་བཙས་ཏེ། དེ་བཙས་མ་ཐག་ཏུ་དེའི་མའི་ནུ་མ་གཉིས་ལ་འོ་མ་མེད་པར་གྱུར་ ཏོ། །རེ་ཞིག་ན་བྲམ་ཟེ་དེས་དེའི་མ་མ་གཞན་ཞིག་བཀུག་ན་དེའི་འོ་མ་ཡང་ཁྱེའུ་དེའི་ལས་ཀྱི་རྣམ་པར་སྨིན་པས་མེད་པར་གྱུར་ཏོ། །དེ་ནས་གང་གི་ཚེ་དེའི་ཕྱིར་འོ་མ་འབྱུང་བའི་ཐབས་སྦྱར་བ་ཐམས་ཅད་ལས་ཀྱང་འོ་མ་མི་འབྱུང་བར་གྱུར་པ་དེའི་ཚེ་དེ་འདེ་གུས་གསོས་ནས་དེའི་ མིང་འདེ་གུས་གསོས་འདེ་གུས་གསོས་ཞེས་བྱ་བར་བཏགས་སོ། །དེ་བསོད་ནམས་ཆུང་བར་གྲགས་ཤིང་བསོད་ནམས་ཆུང་བ་ཞིག་སྟེ་གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་ལྟོ་གང་ཡང་མི་རྙེད་དོ། །དེ་ནས་དེས་དགེ་སློང་ཤམ་ཐབས་ལེགས་པར་གྱོན་པ། གོས་ལེགས་པར་ བགོས་པ་དག་ལྷུང་བཟེད་བུང་བའི་མདོག་ལྟར་གནག་པ་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་འགྲོ་ལ། དེ་དག་ཀྱང་ལག་པ་ཡང་བཀང་། ལྷུང་བཟེད་ཀྱང་བཀང་སྟེ་ཕྱིར་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ བར་འདོད་པར་གྱུར་ནས་དེས་ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ཡང་ལྟོ་གང་ཡང་མི་རྙེད་ནས་དེ་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་ གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཕྱིས་རེ་ཞིག་ན་བཅོམ་ལྡན་འདས་ ཀྱི་དྲི་གཙང་ཁང་འཕྱག་པ་ལ་ཞུགས་ཏེ། དེས་དེ་ཕྱགས་ནས་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ་། །དེ་ནས་དེས་བསོད་སྙོམས་བཟང་པོ་མང་པོ་དག་རྙེད་དེ། དེས་དེའི་དབང་པོ་རྣམས་དང་འབྱུང་བ་ཆེན་པོ་རྣམས་ཚིམ་ པར་གྱུར་ཏོ། །དེ་ནས་དེ་དབང་པོ་ཚིམ་པར་གྱུར་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། སྙོམས་པར་ཞུགས་པ་རྣམས་ཀྱིས་མཚན་རངས་པར་འདས་པར་བྱས་སོ། །དེ་ནས་དེའི་བློ་སྐྱེས་པ། མ་ལ་ཐབས་འདི་ནི་བཟང་པོ་ཞིག་གིས་བདག་གིས་དགེ་སློང་གི་དགེ་འདུན་ ལ་གསོལ་བ་གདབ་བོ་སྙམ་མོ། །དེ་ནས་དེས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་གསོལ་བ་བཏབ་པ། བཙུན་པ་དག་བདག་ནི་བསོད་ནམས་ཆུང་སྟེ། གང་གི་ཚེ་དྲི་གཙང་ཁང་དུ་ཕྱག་དར་བགྱིས་ནས་བསོད་སྙོམས་ལ་མཆིས་པ་དེའི་ཚེ་གདོད་འདྲངས་པར་གྱུར་ཏེ། དེ་བས་ ན་བདག་ལ་དགེ་འདུན་གྱིས་ཐུགས་བརྩེ་བར་མཛོད་ལ་གཞན་སུས་ཀྱང་དྲི་གཙང་ཁང་དུ་ཕྱག་དར་མི་མཛད་པར་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་དུ་སུས་ཀྱང་ཕྱག་དར་མི་བྱའོ་ཞེས་དགེ་འདུན་གྱིས་ཁྲིམས་བཅས་ནས་དེས་བག་ཡངས་སུ་དྲི་གཙང་ ཁང་ཕྱགས་པའི་འོག་ཏུ་མཉན་དུ་ཡོད་པར་བསོད་སྙོམས་ལ་འགྲོ་བར་བྱེད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་འཁོར་ལྔ་བརྒྱ་དང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དབྱར་གནས་པར་དམ་བཅས་ནས་མཉན་དུ་ཡོད་པར་ལྷགས་ཏེ་སྟོན་པ་ལ་གུས་པ་བསྐྱེད་ནས་དྲི་གཙང་ཁང་དུ་ ཕྱག་དར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་འདེ་གུས་གསོས་ཀྱིས་ཚོར་ནས་དེས་སྨྲས་པ། གནས་བརྟན་ཁྱོད་ཀྱིས་དྲི་གཙང་ཁང་དུ་ཕྱག་དར་བྱས་པ་ནི་བདག་གི་ལྟོར་བསྣུན་པར་བས་སོ། །གནས་བརྟན་གྱིས་སྨྲས་པ་ཅི་ཉེས། འདེ་གུས་གསོས་ཀྱིས་སྨྲས་པ། གནས་ བརྟན་གང་གི་ཚེ་བདག་གིས་དྲི་གཙང་ཁང་དུ་ཕྱག་དར་མ་བྱས་པ་དེའི་ཚེ་བདག་གིས་བསོད་སྙོམས་མི་རྙེད་དོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་ག་ཞིག་ཏུ་གཡར་དྲངས་ཀྱིས་ཁྱོད་སྙིང་མ་ཆུང་ཤིག་དང་། བདག་གིས་དེར་ཁྱོད་ལ་ཁ་ ཟས་སྦྱིན་པར་བྱའོ། །དེ་ནས་གནས་བརྟན་ཤཱ་རིའི་བུ་འཁོར་ལྔ་བརྒྱ་དང་བཅས་པའི་སྤྱན་འདྲེན་འོངས་ནས་འདེ་གུས་གསོས་ཀྱང་དེ་དག་དང་ལྷན་ཅིག་ཏུ་ཆས་སོ། །དེ་ནས་གང་གི་ཚེ་ཁྱིམ་བདག་དེའི་སྒོ་དང་ཉེ་བ་ཞིག་ཏུ་ཕྱིན་པ་དེའི་ཚེ་འདེ་གུས་གསོས་ཀྱི་ལས་ཀྱི་རྣམ་ པར་སྨིན་པས་ཁྱིམ་དེར་ཐབ་མོ་ཆེན་པོ་བྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་འདེ་གུས་གསོས་འདི་སྙམ་དུ་སེམས་ཏེ། བདག་བསོད་ནམས་ཆུང་བའི་ཕྱིར་ཐབ་མོ་བྱུང་ངོ་སྙམ་མོ། །དེ་ནས་ཕྱིར་ལོག་སྟེ་གཙུག་ལག་ཁང་དུ་སོང་ནས་སྨྱུང་བར་འདུག་གོ། །དེ་ནས་ཕྱི་དེ་ཉིན་ པར་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱོད་ཅིའི་ཕྱིར་མ་འོངས། དེས་སྨྲས་པ། བདག་བསོད་ནམས་ཆུང་བའི་ཕྱིར་དེར་ཐབ་མོ་ཇི་ལྟར་བྱུང་བ་གནས་བརྟན་གྱིས་མི་མཁྱེན་ཏམ། དེ་ནས་གནས་བརྟན་ཤཱ་རིའི་བུས་དེའི་ཉིན་པར་མདུན་དུ་བཅུག་སྟེ། ཁྱིམ་དེའི་ ནང་དུ་སོང་ནས་དགེ་འདུན་གྱི་ཁྲོད་དུ་འདུག་ན་ཡང་། གཡས་གཡོས་སུ་ནི་ཁ་ཟས་བྲིམས་ལ་དེ་ལ་ནི་འདྲིམ་པའི་མིས་ཀྱང་བརྗེད་ནས་དེ་དགེ་འདུན་གྱི་ཁྲོད་དེ་ཁོ་ནར་ལན་གཉིས་སུ་སྨྱུང་བར་གྱུར་ཏོ། །དེ་ནས་རེ་ཞིག་ན་གཏམ་དེ་གནས་བརྟན་ཀུན་དགའ་བོས་ཐོས་སོ། ། ཐོས་ནས་ཀྱང་འདེ་གུས་གསོས་ལ་སྨྲས་པ། འོ་ན་ཁྱོད་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདི་ཉིད་དུ་འདུག་ཤིག་དང་བདག་གིས་ཁྱོད་ཀྱི་ཟས་ཁྱེར་ཏེ་འོང་ངོ་ཞེས་བྱས་སོ། །གནས་བརྟན་ཀུན་དགའ་བོ་ནི་བཅོམ་ལྡན་འདས་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལོབས་པ་དང་ དགེ་སློང་གཞན་དག་ལས་ཉི་ཁྲི་ལོབས་པ་དེ་ལྟ་བུའི་དྲན་པ་དང་ལྡན་པ་ཡིན་ན། འདེ་གུས་གསོས་ཀྱི་ལས་ཀྱི་སྒྲིབ་པས་གནས་བརྟན་ཀུན་དགའ་བོས་ཀྱང་བརྗེད་པར་གྱུར་ཏེ་དེར་ཡང་དེ་ལན་གསུམ་སྨྱུང་བར་གྱུར་ཏོ། །དེ་ནས་ཞག་བཞི་ལོན་པའི་ཚེ་གནས་བརྟན་ཀུན་དགའ་བོས་ བསྒྲིམས་ཏེ་བསོད་སྙོམས་བྱིན་ན། དེ་ཡང་ཕྱིར་འགྲོ་བའི་ཚེ་ཁྱི་རྣམས་ཀྱིས་ཕྲོགས་ཏེ་དེར་ཡང་དེ་ལན་བཞི་སྨྱུང་བར་གྱུར་ཏོ། །དེ་ནས་ཞག་ལྔ་ལོན་པའི་ཚེ་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་ཐོས་ནས་འདེ་གུས་གསོས་ཀྱི་ཕྱིར་བསོད་སྙོམས་བླངས་ནས་རྫུ་འཕྲུལ་གྱིས་ཆས་པ་དང་། འདེ་གུས་གསོས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་གི་འདབ་ལྕག་གིས་བསྣུན་ནས་རྒྱ་མཚོའི་ནང་དུ་བོར་ཏེ་དེར་ཡང་དེ་ལན་ལྔ་སྨྱུང་བར་གྱུར་ཏོ། །དེ་ནས་ཞག་དྲུག་ལོན་པའི་ཚེ་གནས་བརྟན་ཤཱ་རིའི་བུས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་ ཁོ་ནས་འདེ་གུས་གསོས་ཀྱི་བསོད་སྙོམས་བླང་གོར་མ་ཆག་སྙམ་མོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་དེའི་བསོད་སྙོམས་བླངས་ནས་ཁྱིམ་དེ་ཉིད་དུ་མི་སྣང་བར་བྱས་ཏེ་འདེ་གུས་གསོས་ཀྱི་གནས་ཁང་གི་སྒོར་འོངས་སོ། །དེ་ནས་འདེ་གུས་གསོས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ སྒོ་དེ་ཡང་བྲག་གིས་འཁོར་བར་གྱུར་ཏོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་རྫུ་འཕྲུལ་གྱིས་སྒོ་དབྱེའོ་སྙམ་ནས་ལྷུང་བཟེད་དེ་ས་ལ་བཞག་པ་དང་། དེ་ཡང་འདེ་གུས་གསོས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཐུར་དུ་དཔག་ཚད་བརྒྱད་ཁྲིའི་འོག་ན་གསེར་གྱི་ས་གཞི་ཡོད་པའི་སྟེང་ དུ་སོང་ནས། དེ་ལས་ཀྱང་གནས་བརྟན་ཤཱ་རིའི་བུས་རྫུ་འཕྲུལ་གྱིས་ཕྱུང་ནས་ཟས་དེ་ཁར་གཞུག་གོ་སྙམ་སྟེ་ཟས་དེ་ཁར་བཅུག་ན་དེའི་ལས་ཀྱི་རྣམ་པར་སྨིན་པས་ཁ་དེ་མེད་པར་ཕྱི་ལ་བོར་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདེ་གུས་གསོས་ལ་སྐལ་བ་མེད་པར་ ཤེས་ནས་སྐྱོ་བར་གྱུར་ཏེ། །དེར་ཡང་བཙུན་པ་དེ་ལན་དྲུག་སྨྱུང་བར་གྱུར་ཏོ། །དེ་ནས་ཞག་བདུན་ལོན་པའི་ཉིན་པར་ཚེ་དང་ལྡན་པ་འདེ་གུས་གསོས་ཀྱིས་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པ་དང་། ལས་རྣམས་ཆུད་མི་ཟ་བར་བསྟན་པ་དང་། ལས་ཀྱི་སྟོབས་གླེང་བའི་ཕྱིར་ལྷུང་ བཟེད་ཐལ་བས་བཀང་སྟེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་སྤྱན་སྔར་འདུག་ནས་ཆུ་དང་བསྐྱོས་ཏེ་འཐུངས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་སྐྱོ་བར་གྱུར་ ཏེ་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་སོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་འདེ་གུས་གསོས་ཀྱིས་ལས་གང་དག་བགྱིས་ན་དེས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཀྱང་ཞག་དྲུག་ སྨྱུང་བར་གྱུར་ནས་ཞག་བདུན་པའི་གདུགས་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདེ་གུས་གསོས་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་ རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། འདེ་གུས་གསོས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་ དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ ཁྱེར་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གི་ཆུང་མ་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་ཞིག་འདུག་པ་དེ་རྒྱུན་མི་འཆད་པར་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་དང་། སློང་བ་རྣམས་ལ་སྦྱིན་པ་དག་བྱེད་དོ། །ཕྱིས་དེའི་ ཁྱིམ་ཐབ་ཤི་ནས་རེ་ཞིག་ན་དེའི་བུ་བདག་གི་ཁྱིམ་གྱི་བདག་པོར་གྱུར་ཏོ། །དེ་ཡང་སེར་སྣ་ཅན། འཇུངས་པ། ཡོ་བྱད་ལ་ཀུན་ཏུ་འཛིན་པ། ཁྭ་ལ་ཡང་གཏོར་མ་མི་སྟེར་བ་ཞིག་སྟེ། དེ་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་དང་། སློང་བ་ རྣམས་མཐོང་ན་སེམས་སྡང་བར་བྱེད་དོ། །དེའི་མ་ནི་སྔོན་གྱི་ལུགས་བཞིན་དུ་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་དང་། སློང་བ་རྣམས་ལ་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་སྦྱིན་པར་བྱེད་དོ། །དེ་ནས་དེའི་བུ་སེར་སྣས་ནོན་པ་དེས་སྨྲས་པ། ཡུམ་བདག་ མ་དད་ཀྱིས་སྦྱིན་པ་མ་སྦྱིན་ཅིག །དེས་སྨྲས་པ། བུ་གཅིག་ཁྱིམ་འདི་ན་ཁྱིམ་གྱི་ལུགས་ཀྱིས་དེ་ཡིན་ནོ། །དེ་ནས་དེས་ལོགས་ཤིག་ཏུ་ཟན་ཕོག་སྟེ་བཞག་ན་འོན་ཀྱང་དེ་ཟན་གྱི་ཕྱེད་ནི་སྦྱིན་པར་བྱེད་དོ། །ཕྱེད་ནི་བདག་ཉིད་ཟའོ། །དེ་ནས་སེར་སྣས་ནོན་ཅིང་ཁྲོ་བས་བསྒྲིབས་པའི་བློ་ ཅན་དེས་ཡང་དང་ཡང་དུ་བཀག་སྟེ། ཐབས་ཇི་ལྟ་བུས་བཀག་ཀྱང་དེ་དགག་མ་ནུས་ནས་མ་ལ་སྨྲས་པ། ཡུམ་བགྱི་བ་ཞིག་མཆིས་ཀྱིས་ཁྱིམ་གྱི་ཕུག་ཏུ་བཞུད་ཅིག །དེ་ནས་རང་བཞིན་གྱིས་དྲང་བ་དེ་ཁྱིམ་གྱི་ཕུག་ཏུ་སོང་ངོ་། །དེ་ནས་དེས་སྒོ་བཅད་དེ་ཉི་མ་གཅིག་ཟན་བཅད་ ནས་དེས་སྨྲས་པ། བུ་བདག་བཀྲེས་སོ། །དེ་ནས་དེས་ཚིག་རྩུབ་པོ་སྨྲས་ཏེ་ཐལ་བ་འགོམ་ཅིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་ཉམ་ང་ཞིང་མི་བདེ་ལ་གནོད་པ་དང་ཕྲད་པ་དེས་སྙིང་རྗེ་རྗེ་སྐད་དུ་ཁུས་བཏབ་ཀྱང་ཞག་དྲུག་གི་བར་སྨྱུང་དུ་བཅུག་སྟེ་མ་བཏང་ནས་ཤིའོ། །འོན་ཀྱང་སེར་ སྣས་བསྒྲིབས་པ་དེ་མ་དང་བྲལ་བ་ལ་འགྱོད་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་གི་བུར་གྱུར་པ་གང་ཡིན་པ་དེ་ནི་འདེ་གུས་གསོས་འདི་ཡིན་ཏེ། དེས་མ་ལ་གནོད་པ་བྱས་པའི་ལས་དེའི་ རྣམ་པར་སྨིན་པས་བསྐལ་པ་གཅིག་གི་བར་དུ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །རྒྱུ་དེ་ཁོ་ནས་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཀྱང་སྨྱུང་བར་གྱུར་ཏེ་ཐལ་བ་ཟོས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དགེ་སློང་དག་འདེ་གུས་གསོས་ཀྱིས་ནི་ལས་གཞན་ དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་བྲམ་ཟེ་ལྷ་ལ་རྟེན་པ་བཱ་རཱ་ཎ་སཱི་ན་གནས་པའི་བྲམ་ཟེ་དང་། ཁྱིམ་བདག་དང་། སྐྱེ་བོ་ཐམས་ཅད་ཀྱིས་ཀུན་དུ་བཀུར་སྟི་བྱ་བ་དང་། བླ་མར་བྱ་བ་དང་། རི་མོ་བྱ་བ་དང་། མཆོད་ ཅིང་བཀུར་བ་ཞིག་ཡོད་དོ། །ཆོས་ཉིད་ཀྱིས་ན་སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་དང་། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རེ་ཞིག་ ན་རང་སངས་རྒྱས་གཅིག་ཅིག་བཱ་རཱ་ཎ་སཱི་ན་བསོད་སྙོམས་ལ་སོང་བ་དང་། དེ་དེར་ལག་པ་ཡང་བཀང་། ལྷུང་བཟེད་ཀྱང་བཀང་སྟེ་ཕྱིར་བྱུང་བ་བྲམ་ཟེ་དེས་མཐོང་ནས། དེ་སེར་སྣ་སྐྱེས་ཏེ་ལྷུང་བཟེད་བལྟས་ཚུར་ཁྱེར་ཤོག་ཅེས་བྱས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མ་ བསམས་པར་ཤེས་པ་མི་འཇུག་སྟེ་བཙུན་པ་དེས་བསྟན་ཏོ། །དེ་ནས་དེས་ས་ལ་ཕོ་ནས་རྐང་པས་བསྣུན་ཏོ། །དེ་ནས་རང་སངས་རྒྱས་དེ་སྨྱུང་བར་འདུག་ཀྱང་བྲམ་ཟེ་དེ་འགྱོད་པ་མ་སྐྱེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ ནི་འདེ་གུས་གསོས་འདི་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་ པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་ པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་ རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཁོར་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་ གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་ འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ཏེ། དེ་བཙས་མ་ཐག་ཏུ་ཁྱིམ་གྱི་མི་རྣམས་ལ་བལྟས་ནས་ཚིག་ཏུ་སྨྲས་པ། ཀྱེ་མ་འཁོར་བ་ནི་སྡུག་བསྔལ་ བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་འདི་བཙས་མ་ཐག་ཏུ་འཁོར་བ་འཁོར་བ་ཞེས་སྒྲོགས་པས་ན་དེའི་ ཕྱིར་ཁྱེའུ་འདིའི་མིང་འཁོར་བ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་འཁོར་བ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་མཐར་གྱིས་ཆེར་སྐྱེས་པ་དང་། དེ་རང་བཞིན་གྱིས་ཚེ་རབས་དྲན་པས་སྐྱེ་བོའི་ཚོགས་ལ་ ཆོས་སྟོན་ཏེ། ཀྱེ་བླ་མ་རྣམས་དང་། བླ་མ་ལྟ་བུ་རྣམས་དང་། ཕ་མ་དང་། མཁན་པོ་དང་། སློབ་དཔོན་རྣམས་ལ་ཚིག་རྩུབ་པོ་མ་ཟེར་ཅིག །འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ་ཞེས་ཟེར་རོ། །དེ་ནས་ཕྱིས་རེ་ཞིག་ན་ཕན་ཚུན་དུ་འཁྱམ་དུ་སོང་ སོང་བ་ལས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་ནས། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་ བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་ཁྱེའུ་འཁོར་བ་འཁོར་བ་ལ་ཉེས་པར་ལྟ་བ་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏེ་ཕ་མ་ལ་གསོལ་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་ པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་ སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། ། དེ་དགྲ་བཅོམ་པར་གྱུར་ཀྱང་དགེ་སློང་རྣམས་ལ་ཆོས་སྟོན་ཏེ། ཚེ་དང་ལྡན་པ་དག་བླ་མ་རྣམས་དང་། བླ་མ་ལྟ་བུ་རྣམས་དང་། ཕ་མ་དང་། མཁན་པོ་དང་། སློབ་དཔོན་རྣམས་ལ་ཚིག་རྩུབ་པོ་མ་ཟེར་ཅིག །འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ་ཞེས་ཟེར་ རོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་འཁོར་བས་ལས་གང་དག་བགྱིས་ན་དེས་ཚེ་རབས་ལྔ་བརྒྱའི་བར་དུ་མའི་ལྟོ་ནས་གུམ་པའི་རོ་བྱུང་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འཁོར་བ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། འཁོར་བ་ཉིད་ཀྱིས་ལས་བྱས་ཤིང་བསགས་ པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་ བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་ དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་ བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཚོང་དཔོན་གྱི་བུ་ཞིག་གནས་བརྟན་ཞིག་ལས་རབ་ཏུ་བྱུང་ངོ་། ། གནས་བརྟན་དེ་ནི་དགྲ་བཅོམ་པ་འདོད་ཆགས་སྤངས་པ་ཞིག་གོ། །དེ་ནས་རེ་ཞིག་ན་ཡུལ་དེར་དུས་སྟོན་ཞིག་བྱུང་ངོ་། །དེ་ནས་དགེ་སློང་གཞོན་ནུ་དེས་གནས་བརྟན་དེ་བསླང་སྟེ། བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་དོ་ཞེས་བྱས་སོ། །གནས་བརྟན་གྱིས་སྨྲས་པ། བུ་ད་དུང་སྔས་ཀྱིས་རེ་ཞིག་ སོང་ལ་དགེ་བའི་ཕྱོགས་གྱིས་ཤིག །ལན་གཉིས་ལན་གསུམ་གྱི་བར་དུ་དགེ་སློང་གཞོན་ནུ་དེས་གནས་བརྟན་དེ་བསླང་སྟེ་བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་ཅེས་བྱས་ན་ཡང་། ལན་གཉིས་ལན་གསུམ་གྱི་བར་དུ་གནས་བརྟན་གྱིས། བུ་ད་དུང་སྔས་ཀྱིས་སོང་ལ་དགེ་བའི་ཕྱོགས་གྱིས་ཤིག་ཅེས་ བྱས་སོ། །དེ་ནས་དགེ་སློང་གཞོན་ནུ་ལྟོ་འདུན་ཅན་དེས་ངག་གི་ལས་རྩུབ་པོས་སྨྲས་ཏེ། ཁྱོད་ཚེ་རབས་ལྔ་བརྒྱའི་བར་དུ་ཡང་གསོན་པོར་ཁྱིམ་ནས་ཕྱིར་མ་བྱུང་ཤིག །ང་ནི་སོང་ཟིན་ནོ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ དགེ་སློང་གཞོན་ནུར་གྱུར་པ་གང་ཡིན་པ་དེ་ནི་འདི་ཡིན་ཏེ། དེས་དགྲ་བཅོམ་པ་ལ་སེམས་སྡང་བར་བྱས་ནས་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱའི་བར་དུ་མའི་ལྟོ་ནས་ཤི་བའི་རོ་བྱུང་ནས། ད་ལྟར་མིར་སྐྱེས་ཏེ་དེ་དྲན་ནས་འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་ མཆོག་ཏུ་སྡུག་བསྔལ་བའོ་ཞེས་ཟེར་བ་ཡིན་ནོ། །དེ་འགྱོད་པ་སྐྱེས་ཏེ་གནས་བརྟན་ལ་ཉེས་པ་བཤགས་པ་དང་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་ པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་ པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། །བམ་པོ་ཉི་ཤུ་གཉིས་པ་སྟེ་ཐ་མ། སྦེད་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་ བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་རྒྱ་སྐེགས་ཀྱི་རྣ་བ་ཅན་ གྱིས་སྤྱན་དྲངས་ཏེ། ཡུལ་སློ་མ་ཅན་གྱི་སྐྱེ་བོ་མང་པོ་གདུལ་བར་བྱ་བ་རྣམས་དད་པར་མཛད་པ་དེའི་ཚེ་ཡུལ་སློ་མ་ཅན་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་འབབ་སྟེ། འཁོད་དོ། །དེའི་ཚེ་ཡུལ་སློ་མ་ཅན་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་ མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་ཞིག་བཙས་ནས་བཙས་མ་ཐག་ཏུ་དེའི་ལུས་ཐམས་ཅད་ཕོལ་མིག་གིས་ཞུ་ལུབ་ཏུ་ཁྱབ་པར་འདུག་སྟེ། གང་གི་ཚེ་ཕོལ་མིག་དེ་དག་རྡོལ་བ་དེའི་ཚེ་ཤ་སྣག་བུ་ཕྱིལ་པོར་གྱུར་ཏེ། དེའི་ལུས་ལས་ རྣག་ཁྲག་འཛག་ཅིང་དྲི་ཤིན་ཏུ་མནམ་པ་འབྱུང་ངོ་། །དེ་ནས་དེའི་ཕས་དབང་ཕྱུག་གི་སྟོབས་ཀྱི་ཤུགས་ཀྱིས་ནོར་དང་། སྔགས་དང་། སྨན་དང་། གཡོག་དང་ལྡན་པར་བདག་ཉིད་ཀྱིས་གསོས་ན། འོན་ཀྱང་ལས་ཀྱི་སྟོབས་ཀྱི་ཤུགས་ཐོབ་པས་ནད་དེ་ཞི་བར་མ་གྱུར་ཏེ་ལུས་ཐམས་ཅད་དེ་ལྟ་བུར་ གྱུར་ནས་ངོ་ཚ་སྟེ་གོས་ཀྱིས་སྦེད་པར་བྱེད་པས་ན་དེའི་མིང་སྦེད་པ་ཞེས་བཏགས་སོ། །དེ་ནས་རེ་ཞིག་ན་ཁྱེའུ་སྦེད་པ་ཆེར་སྐྱེས་ནས་དེའི་གྲོགས་པོ་ན་ཟླ་རྣམས་མཉན་དུ་ཡོད་པའི་གྲོང་ཁྱེར་སློ་མ་ཅན་དུ་དོང་དོང་བ་དེ་དག་གིས་དེའི་ཕ་ལ་སྨྲས་པ། ཡབ་གལ་ཏེ་འདི་མཉན་དུ་ཡོད་པར་ཁྲིད་ན་ནི་དེ་ན་སྨན་པ་དང་། སྨན་ལ་སོགས་པ་མཆིས་ཏེ་མོད་པས་ནད་དེ་ལས་གསོ་ནུས་སོ་ཞེས་བྱས་སོ། །དེ་ནས་དེའི་ཕས་ཚིག་དེ་མཉན་ནས་རིན་པོ་ཆེ་མང་པོ་དང་། གཡོག་རྣམས་བྱིན་ཏེ་མཉན་དུ་ཡོད་པར་བཏང་ནས་དེ་མཐར་གྱིས་གྲོགས་པོ་ན་ཟླ་རྣམས་དང་མཉན་དུ་ཡོད་པར་ཕྱིན་ན་དེ་ན་སྨན་པ་དང་། ནོར་དང་། སྨན་དང་། གཡོག་ཀྱང་མང་དུ་ཡོད་མོད་ཀྱི། དེའི་ལས་ལས་སྐྱེས་པའི་ནད་དེ་གསོ་མ་ནུས་སོ། །དེ་ནས་ཕྱིས་རེ་ཞིག་ན་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། དེ་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་ བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་ འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཉེ་ བར་ལེན་པའི་ཕུང་པོ་ལྔ་ནད་དང་། ཕོལ་མིག་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་ཡིན་པར་རྟོགས་ཏེ། འདུ་བྱེད་ཐམས་ཅད་མི་རྟག་པར་རིག་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་ མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་ པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེའི་གྲོགས་པོ་ན་ཟླ་དེ་དག་ཀྱང་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་རབ་ཏུ་ བྱུང་ནས་དེ་དག་ཚེ་དང་ལྡན་པ་སྦེད་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་སྦེད་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྦེད་པ་འཇིག་རྟེན་ན་འཇིག་པའི་ཆོས་ཅན་ནི་གང་ཡིན། འཇིག་རྟེན་ན་འཇིག་པའི་ཆོས་ཅན་མ་ཡིན་པ་ནི་གང་ཡིན། ཚེ་དང་ལྡན་པ་དག་གཟུགས་ནི་འཇིག་པའི་ཆོས་ ཅན་ཡིན་ནོ། །དེ་འགགས་པའི་མྱ་ངན་ལས་འདས་པ་ནི་འཇིག་པའི་ཆོས་ཅན་མ་ཡིན་པའོ། །ཚེ་དང་ལྡན་པ་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་འཇིག་པའི་ཆོས་ཅན་ཡིན་ནོ། །དེ་འགགས་པའི་མྱ་ངན་ལས་འདས་པ་ནི་འཇིག་པའི་ཆོས་ཅན་མ་ ཡིན་པའོ། །ཚེ་དང་ལྡན་པ་དག་ཇི་སྙམ་དུ་སེམས། གཟུགས་རྟག་པ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན། ཚེ་དང་ལྡན་པ་སྦེད་པ་དེ་ནི་མི་རྟག་པ་ཡིན་ནོ། །ཚེ་དང་ལྡན་པ་དག་མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་མ་ཡིན། ཚེ་དང་ལྡན་པ་སྦེད་པ་དེ་ནི་ སྡུག་བསྔལ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཅི་མི་རྟག་པ་དང་། སྡུག་བསྔལ་བ་དང་། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཐོས་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་འདི་སྙམ་དུ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་ཡིན་ནོ་སྙམ་དུ་བདག་ཏུ་འཛིན་པར་འགྱུར་ རམ། ཚེ་དང་ལྡན་པ་སྦེད་པ་དེ་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན། ཚེ་དང་ལྡན་པ་སྦེད་པ་དེ་ནི་མི་རྟག་པ་ཡིན་ནོ། །ཚེ་དང་ལྡན་པ་དག་མི་རྟག་པ་གང་ ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་མ་ཡིན། ཚེ་དང་ལྡན་པ་སྦེད་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཅི་མི་རྟག་པ་དང་། སྡུག་བསྔལ་བ་དང་། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་འདི་སྙམ་དུ་འདི་ ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་ཡིན་ནོ་སྙམ་དུ་བདག་ཏུ་འཛིན་པར་འགྱུར་རམ། ཚེ་དང་ལྡན་པ་སྦེད་པ་དེ་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག་དེ་བས་ན་གཟུགས་ཅི་ཡང་རུང་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའམ། ཕྱི་རོལ་ལམ། ནང་ངམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཐག་རིང་བའམ། ཉེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་སྙམ་དུ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ བལྟ་བར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཅི་ཡང་རུང་བ་དང་། རྣམ་པར་ཤེས་པ་ཅི་ཡང་རུང་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའམ། ནང་ངམ། ཕྱི་རོལ་ལམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཐག་རིང་བའམ། ཉེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་སྙམ་དུ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །ཚེ་དང་ལྡན་པ་དག་དེ་ལྟར་ ལྟ་བའི་ཐོས་པ་དང་ལྡན་པའི་ཉན་ཐོས་ནི་གཟུགས་ལས་ཀྱང་སྐྱོ་བར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཀྱང་སྐྱོ་བར་འགྱུར་ཏེ། སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། ། རྣམ་པར་གྲོལ་བ་ན་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་ཟིན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་སྙམ་དུ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཁོ་ནར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་གྲོགས་པོ་ན་ཟླ་དེ་རྣམས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ ཅིང་དྲི་མ་དང་བྲལ་བས་རྣམ་པར་དག་གོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྦེད་པས་ལས་གང་དག་བགྱིས་ན་དེས་དེའི་ལུས་འདི་ལྟ་བུར་མི་སྡུག་ཅིང་ནད་མང་ལ་དྲི་ང་བར་གྱུར་ལགས། ལས་གང་དག་ བགྱིས་ན། དེས་བློ་རྣོ་ཞིང་གསལ་བར་གྱུར་ཏེ་རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྦེད་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྦེད་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་ པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཚོང་དཔོན་ཞིག་འདུག་པ་དེ་ཚོང་དཔོན་གཞན་ཞིག་དང་མི་མཛའ་ནས་དེས་རྒྱལ་པོ་ལ་ནོར་མང་པོ་ཕུལ་ཏེ་གསོལ་བ་བཏབ་པ། ལྷ་ཚོང་དཔོན་འདིས་ནོངས་པ་བགྱིས་ཀྱིས་འདི་ཆད་པས་གཅད་ཅིང་ཚར་གཅད་པར་གསོལ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་གནང་སྟེ་དེ་ཉིད་ཆད་པས་གཅོད་དུ་བཅུག་གོ། །དེ་ནས་དེས་བདག་གི་ཁྱིམ་དུ་བཀུག་ནས་ལྕག་གིས་གཞུས་སོ། །དེ་ནས་ལུས་ལས་ཁྲག་བྱུང་ནས་དུག་དྲག་ པོའི་ཕྱེ་མ་མང་པོས་བཏབ་སྟེ་དེས་དེའི་ལུས་དེ་ཤ་སྣག་བུ་བཞིན་དུ་ཕྱིལ་པོར་འདུག་པར་གྱུར་ཏོ། །དེ་ནས་ཚོང་དཔོན་དེའི་གྲོགས་པོ་རྣམས་ཀྱིས་དེ་ལ་ཇི་ལྟར་བྱས་པ་ཐོས་ནས་དེ་དག་བསྡོངས་ཏེ་ཡོ་བྱད་ཀྱི་ཁྱད་པར་དག་གིས་ནད་དེ་ལས་སོས་པར་བྱས་སོ། །དེ་ནས་དེ་སྐྱོ་བར་གྱུར་པ་དེ་ཁོ་ནས་ ཁྱིམ་ནས་བྱུང་སྟེ་རབ་ཏུ་བྱུང་ནས་དེས་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་ནས་དེའི་སེམས་སྐྱེས་པ་ཚོང་དཔོན་དེས་ནི་བདག་གི་རྒྱུད་ལས་བསོད་ནམས་མ་ཡིན་པ་ཆེན་པོ་བསྐྱེད་ཀྱིས་ མེད་ན་མ་ལ་བདག་དེའི་ཐད་དུ་སོང་ལ་སྐྱོ་བ་བསྐྱེད་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དེའི་མདུན་དུ་སོང་ནས་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དོ། །དེ་སྡོང་པོ་རྩ་བ་ནས་ བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དེ་ལ་གསོལ་བ་བཏབ་པ། ཡོན་གནས་ཆེན་པོ་མར་གཤེགས། ཁྱོད་ལ་བདག་གིས་ནོངས་པ་བགྱིས་ཀྱིས། དེ་ཡང་ཁྱོད་ཉིད་ལས་བརྟེན་ཏེ་འབྱུང་བར་བགྱིའོ་ཞེས་བྱས་ཏེ། དེས་རང་སངས་རྒྱས་དེ་ལ་ བཟོད་པ་གསོལ་ནས་བཤོས་གསོལ་ཏེ་ན་བཟའ་ཕུལ་ནས་སྨོན་ལམ་བཏབ་པ། བདག་ཁྲོས་ཏེ་ཁྱོད་ལ་ནོངས་པ་བགྱིས་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་བདག་གིས་མྱོང་བར་མ་གྱུར་ཅིག་བདག་གིས་བཀུར་སྟི་བགྱིས་པ་འདིས་ནི་ཡོན་ཏན་འདི་ལྟ་བུ་དག་བདག་གིས་ཐོབ་པར་གྱུར་ཅིག ། འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་སྦེད་པ་འདི་ཡིན་ཏེ་ལས་དེའི་ མཐུས་ཚེ་རབས་ལྔ་བརྒྱའི་བར་དུ་ལྕག་འོག་ཏུ་ཤིའོ། །རྒྱུ་དེ་ཁོ་ནས་ད་ལྟར་ཡང་ལུས་འདི་འདྲ་བ་ཐོབ་པར་གྱུར་ཏོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་གྲོགས་པོ་ན་ཟླ་རྣམས་དང་ལྷན་ཅིག་ཏུ་རབ་ཏུ་བྱུང་སྟེ། དེར་དེ་དག་གིས་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་ འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མི་སྡུག་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་ རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་ སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་ དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་བྷ་རྒ་ཞེས་བྱ་བ་ ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། ། དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་མི་སྡུག་པའི་སྣ་གྲངས་བཅྭ་བརྒྱད་དང་ལྡན་པ་ཞིག་བཙས་ནས་ཕ་མ་གཉིས་བུ་ལ་ཆགས་ཏེ་དེ་གསོས་སོ། །དེ་ནས་གང་གི་ཚེ་དེ་མཐར་གྱིས་ཆེར་སྐྱེས་པ་དེའི་ཚེ་མི་སྡུག་ པའི་ཕྱིར་ཕ་མ་གཉིས་ཀྱིས་ཁྱིམ་ནས་བསྐྲད་དོ། །དེ་གང་དང་གང་དུ་སོང་བ་དེ་དང་དེར་ཡང་ཡིད་དུ་མི་འོང་བའི་ཕྱིར་སྐྱེ་བོ་མང་པོས་བསྐྲད་དོ། །དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམས་ཀྱིས་ཀྱང་དེ་ལ་གཟི་བརྗིད་ཀྱིས་བརྙས་པར་བྱེད་ན་མིར་གྱུར་པ་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། དེ་གྲོང་ ཁྱེར་གྱི་ནང་ནས་བསྐྲད་ནས་སྐྱེད་མོས་ཚལ་དུང་ཡག་ཅིག་ཏུ་འདུག་སྟེ། དེས་རེས་འགའ་ནི་འབྲས་བུ་དང་རྩ་བ་རྙེད་ན་ཟ་བར་བྱེད་དོ། །རེས་འགའ་འབྲས་བུ་དང་རྩ་བ་མ་རྙེད་ན་ནི་རྩྭ་དང་། མེ་ཏོག་དང་། ལོ་མ་དག་གིས་འཚོ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་སྡུག་པ་གདུལ་ བའི་དུས་ལ་བབ་པར་གཟིགས་ནས་ཉན་ཐོས་ཆེན་པོ་བཞི་ལ་བཀའ་སྩལ་པ། དགེ་སློང་དག་ཚུར་ཤེག་ཤིག་དང་མི་སྡུག་པ་གདུལ་ལོ། །དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཞབས་འབྲིང་བྱས་ཏེ། སྐྱེད་མོས་ཚལ་དུང་ཡག་ག་ལ་བ་དེར་གཤེགས་པ་དང་། དེས་བཅོམ་ ལྡན་འདས་མཐོང་ནས་ངོ་ཚ་སྟེ་ཕན་ཚུན་དུ་བྲོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཡང་འབྲོས་མི་ནུས་པར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་རྣམས་འགོག་པའི་སྙོམས་པར་ཞུགས་སོ། །དེ་ནས་འགོག་པ་ལས་བཞེངས་ཏེ་ བདག་ཉིད་མི་སྡུག་པར་སྤྲུལ་ཏོ། །སྤྲུལ་ནས་ཀྱང་ཁམ་ཕོར་ཁ་ཟས་ཀྱིས་བཀང་བ་བསྣམས་ཏེ་མི་སྡུག་པའི་ཐད་དུ་གཤེགས་སོ། །དེ་ནས་མི་སྡུག་པས་མཐོང་བ་དང་དགའ་བར་གྱུར་ནས་སྨྲས་པ། གྲོགས་པོ་ཆེན་པོ་ག་ལས་འོངས་ཚུར་ཤོག །བདག་ཅག་གཉིས་ལྷན་ཅིག་ཏུ་ འདུག་གོ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཟས་བྱིན་ཏེ་དབང་པོ་ཚིམ་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཆ་ལུགས་སུ་བསྒྱུར་ཏོ། །དེ་ནས་མི་སྡུག་པས་སངས་རྒྱས་བཅོམ་ལྡན་འདས་མཐོང་ནས་གསོལ་པ། ད་ནི་ཁྱོད་བྱད་གཟུགས་བཟང་པོར་གྱུར་ ན་ལས་གང་གི་མཐུ་ལས་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་སེམས་དགའ་བར་བྱེད་པ་ཞེས་བྱ་བའི་རིག་སྔགས་ཡོད་དེ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་དེས་བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་འགོག་པའི་སྙོམས་པར་ཞུགས་པ་དེ་དག་ལ་སེམས་ དགའ་བ་བསྐྱེད་དེ། དེས་ན་དེའི་མི་སྡུག་པ་མེད་པར་གྱུར་ནས་བཟང་པོར་གྱུར་ཏེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མི་སྡུག་པས་ ལས་གང་དག་བགྱིས་ན་དེས་འདི་ལྟ་བུར་མདོག་ངན་ཅིང་རེག་ཏུ་མི་བཟོད་པ་དང་མི་སྡུག་པའི་སྣ་གྲངས་བཅྭ་བརྒྱད་དང་ལྡན་པར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་སྡུག་པ་ ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མི་སྡུག་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་ཞེས་བྱ་བ་འཇིག་ རྟེན་དུ་བྱུང་སྟེ། དེ་ཕྱི་ཞིག་ན་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་གྱིས་དགོངས་ན། དེའི་ཚེ་ཉེ་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གཉིས་ཡོད་དེ། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དང་། བྱམས་པའོ། ། དེ་ལ་བྱམས་པ་ནི་རང་གི་རྒྱུད་ཡོངས་སུ་སྨིན་པར་གྱུར་ལ་གདུལ་བར་བྱ་བ་རྣམས་ཡོངས་སུ་མ་སྨིན། ཤཱཀྱ་ཐུབ་པ་ནི་རང་གི་རྒྱུད་ཡོངས་སུ་མ་སྨིན་ལ་གདུལ་བར་བྱ་བ་རྣམས་ནི་ཡོངས་སུ་སྨིན་པར་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ ཤཱཀྱ་ཐུབ་པའི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གངས་ཀྱི་རིའི་སྟེང་དུ་གཤེགས་ཏེ་རིན་པོ་ཆེའི་བྲག་ཕུག་ཏུ་ཞུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འབྲས་བུ་དང་རྩ་བ་དག་གི་ཕྱིར་རིའི་རྒྱལ་པོ་གངས་ཀྱི་སྟེང་དུ་ སོང་སྟེ། དེ་ཕན་ཚུན་སོང་སོང་བ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་ བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། དེ་མཐོང་མ་ཐག་ཏུ་དེས་ཉིན་མཚན་བདུན་གྱི་བར་དུ་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་དེ་ལྟ་བུའི་སེམས་རྩེ་གཅིག་ཏུ་བྱ་བ་ཐོབ་སྟེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་ དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོང་གིས་མེད་ལ་རྣམ་ཐོས་བུ་ཡི་ཕོ་བྲང་ན་ཡང་མེད། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་མ་ལུས་ བསྐོར་ཀྱང་ག་ལ་ཡོད། །ཅེས་བསྟོད་དོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་རྒྱུད་ཡོངས་སུ་སྨིན་པར་གཟིགས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །བྲམ་ཟེ་དམ་པ་དེ་རིང་དུ། དེ་བཞིན་གཤེགས་ལ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་རྫོགས་པ་འདིས། །བསྐལ་པ་དགུ་ཞིག་འདུམས་པར་གྱུར། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་ལྷ་ཆེ་བར་གྲགས་པ་རྣམས་ཀྱིས་ཞབས་འབྲིང་བྱས་ཏེ་ཕུག་དེའི་ནང་ན་བཞུགས་པ་དང་ཕུག་དེའི་ ནང་ན་གནས་པའི་ལྷ་ཆུང་བར་གྲགས་པ་ཞིག་ཡོད་པ་དེས་ཕུག་དེའི་ནང་དུ་འགྲོ་མ་ནུས་སོ། །དེ་ནས་དེས་མིག་མི་སྡུག་པར་བསྒྱུར་ཏེ་བཅོམ་ལྡན་འདས་ལ་བསྡིགས་སོ། །དེས་ཡུན་རིང་མོ་ཞིག་ཏུ་བསྡིགས་ཀྱང་བཅོམ་ལྡན་འདས་ལ་གནོད་པ་བྱེད་མ་ནུས་ནས་དེས་དད་པ་རྙེད་དེ་དྲང་སྲོང་འདི་ ནི་བཟང་པོ་ཞིག་སྟེ་བརྟུལ་ཞུགས་གྲུབ་པ་ཞིག་གོ་སྙམ་མོ། །དེ་ནས་དེས་ལུས་རྒྱས་པར་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་བཟོད་པ་གསོལ་ནས་བཤོས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་ དུས་ན་ཕུག་དེ་ན་གནས་པའི་ལྷར་གྱུར་པ་གང་ཡིན་པ་དེ་ནི་མི་སྡུག་པ་འདི་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་འཁོར་བར་སྡུག་བསྔལ་མཐའ་ཡས་པ་མྱོང་བར་གྱུར་ལ་ད་ལྟར་ཡང་རྒྱུ་དེ་ཁོ་ནས་མི་སྡུག་པར་གྱུར་ཏོ། །དེས་ཕྱིས་སེམས་དགའ་བ་བསྐྱེད་པ་དེས་ནི་འདིའི་མི་སྡུག་པ་མེད་པར་ གྱུར་ཏེ་བཟང་པོར་གྱུར་ནས་རབ་ཏུ་བྱུང་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་ གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་གཱ་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་ དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་ རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་ བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ ཅིང་བཞུགས་སོ། །དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་བུ་ཡང་མེད་བུ་མོ་ཡང་མེད་ནས་དེ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་། བདག་ལ་བུ་ཡང་མེད་བུ་མོ་ཡང་མེད་པས་ བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། ལྟས་མཁན་དང་། མཛའ་བོ་དང་། གཉེན་དང་། རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཅིག་ ཅེས་དེ་ལ་བསྒོའོ། །དེ་ནས་དེ་བུད་མེད་དེ་བུ་འདོད་པའི་ཕྱིར་ལྷ་གུ་ལང་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་། ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། ལམ་གྱི་བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་འཐུན་པ་པ་དང་། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ཏེ། འཇིག་རྟེན་ན་ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ་ ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི། དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་ བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་འོངས་པ་སྟེ་གནས་འདི་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་ བྱེད་ཅིང་འདུག་ལ་སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས་ཤི་འཕོས་ཏེ་དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པ་ཡང་ཤེས་ལ་མ་ཆགས་པ་ཡང་ཤེས་པ་དང་། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང་། བུ་ཆགས་པ་ཤེས་པ་དང་། གང་ལས་བུ་ཆགས་པ་ཤེས་པ་དང་། ཁྱེའུ་ཡང་ཤེས་ལ་བུ་མོ་ཡང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི་ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི་ལྟོ་གཡོན་ལོགས་སུ་ རྟེན་ཅིང་གནས་སོ། །དེ་ནས་དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྦྲན་པ། ཇོ་བོ་བདག་ལ་སྲས་ཆགས་ཏེ་བདག་གི་རུམ་གཡས་ལོགས་སུ་རྟེན་ཅིང་གནས་པ་ལས་ན་ཁྱེའུར་འགྱུར་བར་ངེས་ཀྱིས་དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས། དེ་ཡང་དགའ་ཆེས་ཏེ་རོ་སྟོད་ནི་བཏེག་ལག་པ་ གཡས་པ་ནི་བརྐྱང་ནས། བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ་། །བདག་གི་བུ་རུང་བར་གྱུར་ཅིག །མི་རུང་བར་མ་གྱུར་ཅིག །བདག་གི་བྱ་བ་དག་བྱེད་པར་ཤོག་ཤིག །གསོས་པའི་ལན་ཕྱིར་གསོ་བར་ཤོག་ཤིག །ནོར་སྐལ་ལ་སྤྱོད་པར་ཤོག་ཤིག། བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཤིག །བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས་དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཤིག་ཅེས་ཡོན་བསྔོ་བར་ཤོག་ ཤིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟངས་ཀྱི་སྟེང་དུ་ཉམ་རངས་སུ་བཞག་སྟེ། གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང་། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང་། སྨན་པས་བསྟན་པའི་ཟས་རྣམས་དང་། ཧ་ ཅང་ཁ་བ་མ་ཡིན་པ་རྣམས་དང་། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང་། ཧ་ཅང་ལན་ཚྭ་ཆེ་བ་མ་ཡིན་པ་རྣམས་དང་། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང་། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང་། ཧ་ཅང་བསྐ་བ་མ་ཡིན་པ་རྣམས་ཏེ། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་ དང་། མངར་བ་དང་། ཚ་བ་དང་། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་དོ་ཤལ་དང་སེ་མོ་དོས་ལུས་རྣམ་པར་བཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང་། ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་ པ་དང་། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །དེ་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས། དེ་བཙས་ པའི་བཙས་སྟོན་བྱས་ཏེ་དེའི་མིང་གང་གཱ་པ་ཞེས་བཏགས་སོ། །དེ་ནས་ཁྱེའུ་གང་ག་པ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་ འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་དགེ་བའི་རྩ་བ་དང་ལྡན་ཏེ། ཁྱིམ་ན་གནས་པར་མི་དགའ་ནས་དེས་ཕ་མ་གཉིས་ཀྱི་རྐང་པ་ལ་ཕྱག་འཚལ་ཏེ་གསོལ་བ་བཏབ་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ། །དེ་ནས་དེའི་ཕ་མ་གཉིས་ཀྱི་བུ་གཅིག་པ་ཡིན་པའི་ཕྱིར་མ་གནང་ངོ་། །དེ་ནས་གང་གཱ་པའི་བློ་ སྐྱེས་པ། མིར་སྐྱེ་བ་འཐོབ་པ་ནི་རྙེད་པར་དཀའ་བ་ཡིན། དེ་བཞིན་གཤེགས་པ་འབྱུང་བ་ཡང་རྙེད་པར་དཀའ་བ་ཡིན། གཞན་དུ་ན་དབང་པོ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ་བ་ཡིན་ན། མ་ལ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་བྱ་བའི་ཐབས་ཅི་ཡོད་ སྙམ་མོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་སྨོན་ལམ་བཏབ་ལ་བདག་འཆི་བར་བྱས་ཏེ། ཅི་ནས་མིར་སྐྱེ་བ་ཐོབ་ནས་ཤིན་དུ་མྱུར་བར་རབ་ཏུ་འབྱུང་བར་བྱའོ་སྙམ་མོ། །དེས་དེ་ལྟར་བསམས་ནས་དུག་འཐུངས་ན་ཡང་མ་ཤིའོ། །མེའི་ནང་དུ་མཆོངས་ན་ཡང་མ་ཤི། བྲག་ལས་མཆོངས་ན་ཡང་མ་ཤི། ཆུ་ཀླུང་ཟློག་བྱེད་ཀྱི་ནང་དུ་མཆོངས་ན་དེར་ཡང་མ་ཤི་ནས་དེའི་བློ་སྐྱེས་པ། བདག་འཆི་བར་བྱ་བའི་ཐབས་གཞན་ཅི་ཡོད་སྙམ་མོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་རྒྱལ་པོ་མ་སྐྱེས་དགྲ་དེ་ནི་ཡོང་ཡེ་གཏུམ་ཞིང་བརླང་ལ་ཞེ་རྩུབ་ཅིང་གཟུ་ ལུམས་ཅན་ཞིག་ཡིན་གྱིས། བདག་དེའི་ཕོ་བྲང་དུ་སོང་ལ་མཚན་མོ་ཁྱིམ་ཕུགས་གདབ་བོ་སྙམ་སྟེ། དེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་སོང་ནས་ནམ་སྲོས་ཏེ། སྨག་ལ་བབ་པ་ན་ཁྱིམ་འབིགས་ཤིང་འདུག་གོ། །དེ་ནས་སྲུང་མ་རྣམས་ཀྱིས་གསོན་པོར་བཟུང་ནས་རྒྱལ་པོ་མ་སྐྱེས་དགྲ་ ལ་ཕུལ་ཏེ། ལྷ་མི་འདི་ནི་རྐུན་མ། ཕོ་བྲང་སུན་འབྱིན་པ། ནོངས་པ་བགྱིད་པ་ལགས་ཏེ། མཚན་མོ་ཕོ་བྲང་དུ་ཁྱིམ་ཕུགས་བཏབ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་ཉེས་པ་བྱེད་བྱེད་པའི་ཕྱིར་གསད་པར་ཆད་དོ། །དེ་ནས་གཤེད་མ་གོས་སྔོན་པོ་གྱོན་པ། ཀ་ར་བཱི་ རའི་མེ་ཏོག་གི་ཕྲེང་བ་མགུལ་ཏུ་ཐོགས་པ། ལག་ན་མཚོན་ཆ་ཐོགས་པ་རྣམས་ཀྱིས་ཁྲིད་དེ་ལམ་པོ་ཆེ་དང་། སྲང་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་དང་། བསྒྲགས་པའི་གནས་རྣམས་སུ་འོ་དོད་བོས་ཏེ་གྲོང་ཁྱེར་གྱི་ལྷོ་སྒོ་ནས་ཕྱིར་ཕྱུང་ནས་བསིལ་བའི་ཚལ་གྱི་དུར་ ཁྲོད་དུ་ཁྲིད་དོ། །དེ་ཁྲིད་པ་ན་གཤེད་མ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་པོའི་བཀའ་འགྱུར་ན་མི་རུང་གིས་རིངས་པར་རབ་ཏུ་དྲོངས་ཤིག་ཅེས་ཟེར་རོ། །དེ་ནས་གཤེད་མ་དེ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོས་ཕྱིར་བཟློག་སྟེ་དྲིས་པ། ཀྭའི་མི་ཁྱོད་ ཅིའི་ཕྱིར་སྲོག་ཕངས་པ་ཡོངས་སུ་གཏོང་བར་འདོད། དེ་ནས་དེས་གཏམ་དེ་རྒྱས་པར་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་ཀ་དམ་པའི་མེ་ཏོག་བཞིན་དུ་སྤུ་ཟིང་ཞེས་བྱས་ཏེ་མཆི་མས་བརྣང་ཞིང་ངུ་བའི་བཞིན་གྱིས་ཀྱེ་མ་འདི་ལྟར་འདི་རབ་ཏུ་དབྱུང་བའི་ཕྱིར་སྲོག་ ཕངས་པ་གཏོང་བར་འབད་པ་ལས་ན་འདིའི་བློའི་རྒྱུད་ནི་ཡོངས་སུ་སྨིན་ཏོ། །འཁོར་བའི་ཉེས་པ་ནི་ཤིན་དུ་རྟོགས་སོ། །དད་པ་ཕུན་སུམ་ཚོགས་པ་ནི་ལེགས་པར་ཐོབ་བོ་ཞེས་དགའ་བའི་ཚིག་ཏུ་བརྗོད་དོ། །དེ་ནས་རྒྱལ་པོས་དབུགས་ཕྱུང་སྟེ་སྨྲས་པ། བུ་གཅིག་ ང་ནི་ཁྱོད་ཀྱི་སྲོག་ལ་དབང་གིས་ད་སོང་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཤིག་ཅེས་བྱས་ནས་དེ་རྒྱལ་པོས་བཏང་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་ བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེར་བཅོམ་ ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་དད་པས་རབ་ཏུ་བྱུང་བ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། བཱ་རཱ་ཎ་སཱིའི་ཚོང་དཔོན་གྱི་བུ་གང་ག་པ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་ གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་གཱ་པས་ལས་གང་དག་བགྱིས་ན་དེ་དག་གི་རྣམ་པར་སྨིན་པས་དེའི་ལུས་ལ་མེས་ཀྱང་མི་ཚུགས། དུག་དང་། མཚོན་དང་། ཆུས་ཀྱང་འཆི་བར་མི་འགྱུར་ལ། འདིས་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་གྱུར་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་གཱ་པ་ཉིད་ཀྱིས་སྔོན་