Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
ག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་
རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཐ་ག་པ་ཟླ་བ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཐ་ག་པ་ཟླ་བ་འདིའི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་

ཡོངས་སུ་གཏོང་བ་འདིས། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང་། མི་འཇིགས་པ་
བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཚར་ཚར་བླ་མ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་
འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆེ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་།
ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་
བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ་ན་བཟའ་
དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་
ཚོང་དཔོན་གྱི་བུ་ཆེ་བ་ཞེས་བྱ་བ་ཞིག་གནས་སོ། །དེ་ཡང་ཁྲོ་བའི་ཀུན་ནས་དཀྲིས་པ་ཤས་ཆེ་བ་ཞིག་སྟེ། རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་ལ་མཆོད་པ་བྱེད་དོ། །དེ་ཕྱིས་ནད་ཚབས་ཆེན་པོ་ཞིག་གིས་ཐེབས་ཏེ་དེ་སྨན་པ་དང་། སྨན་དང་། ནད་གཡོག་མེད་དེ་ཤི་ལ་ཐུག་ནས་འདི་སྙམ་

དུ་སེམས་ཏེ། ད་ནི་བདག་སྡུག་བསྔལ་བར་གྱུར་པའི་སྐྱབས་བྱེད་པའམ་སྲོག་ཕངས་པ་སྦྱིན་པར་བྱེད་པ་སངས་རྒྱས་མ་ཡིན་པ་གཞན་སུ་ཞིག་ཡོད་སྙམ་མོ། །དེ་ནས་དེ་ལྟར་བསམས་ནས། བཅོམ་ལྡན་འདས་ལ་གསོལ་བ་འདེབས་སོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། བསྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ།
ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་
ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་
དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ་སྟོབས་བཅུའི་སྟོབས་དང་ལྡན་
པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་
འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་

འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་
བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་
རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བུ་ཆེ་བའི་གནས་སྐབས་དེ་གཟིགས་ནས། འོད་ཟེར་གསེར་གྱི་ཁ་དོག་ཅན་ཉི་མ་སྟོང་གི་འོད་པས་ལྷག་པ་དག་བཀྱེ་སྟེ། དེ་དག་གིས་ཁྱིམ་དེ་ཀུན་ཏུ་སྣང་བར་བྱས་སོ། །བསྐལ་པ་སྟོང་དུ་ཡོངས་སུ་བསྒོམས་
པའི་བྱམས་པའི་འོད་ཟེར་དག་ཀྱང་བཀྱེ་སྟེ། དེ་དག་གིས་དེའི་ལུས་ལ་ཕོག་མ་ཐག་ཏུ་རབ་ཏུ་སིམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེའི་སྒོ་གང་དུ་གཤེགས་ནས་སྒོ་སྲུངས་ཀྱི་མིས་བཅོམ་ལྡན་འདས་སྒོ་ན་བཞུགས་སོ་ཞེས་དེ་ལ་སྦྲན་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ཆེ་བ་དགའ་བར་
གྱུར་ཏེ། དབུགས་མི་ཕྱིན་པ་དབུགས་ཕྱིན་པར་གྱུར་ནས་བཅོམ་ལྡན་འདས་གཤེགས་པ་ལེགས་སོ། །བཅོམ་ལྡན་འདས་ནང་དུ་གཤེགས་སུ་གསོལ། བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ནང་དུ་གཤེགས་ནས་གདན་
བཤམས་པ་ལ་བཞུགས་སོ། །བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ཆེ་བ་ལ་བཀའ་སྩལ་པ། ཆེ་བ་ཁྱོད་ལ་གནོད་པ་ཅི་ཞིག་ཡོད། ཆེ་བས་གསོལ་པ། བདག་ལ་ལུས་ཀྱི་གནོད་པ་དང་། སེམས་ཀྱི་གནོད་པ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་སེམས་ཅན་ཐམས་
ཅད་ལ་བྱམས་པའི་སེམས་ཀྱིས་གདམས་ངག་བསྟན་ཏེ། འདི་ནི་ཁྱོད་ཀྱི་སེམས་ཀྱི་སྡུག་བསྔལ་གྱི་གཉེན་པོ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་འཇིག་རྟེན་པའི་ཐུགས་བསྐྱེད་དེ། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རི་སྤོས་ཀྱི་ངད་ལྡང་ལས་སྨན་ཤི་རི་ཀ་ཁྱེར་ཏེ་འོངས་ན་ལེགས་སོ་སྙམ་

དུ་དགོངས་པ་དང་། བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རི་སྤོས་ཀྱི་ངད་ལྡང་ལས་སྨན་ཤི་རི་ཀ་བླངས་ཏེ་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཉིད་ཀྱི་ཕྱག་ཏུ་བཞེས་ནས་ཆེ་བ་ལ་བྱིན་ཏེ། འདི་ནི་ཁྱོད་ཀྱི་ལུས་ཀྱི་
སྡུག་བསྔལ་ཚ་བ་ཞི་བར་བྱེད་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་དེས་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་ནས། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །སེམས་དགའ་བར་གྱུར་ནས་རྒྱལ་པོ་གསལ་རྒྱལ་ལ་བསྙད་དེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་
དང་བཅས་པ་བཤོས་གསོལ་ནས། འབུམ་རི་བའི་ན་བཟའ་ཕུལ་ཏེ། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་ཐམས་ཅད་ཀྱིས་ཀྱང་མཆོད་པ་བྱས་སོ། །དེ་ནས་སེམས་ལ་རྟས་པར་བྱས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་
གཏོང་བ་འདིས་ཇི་ལྟར་བཅོམ་ལྡན་འདས་བླ་ན་མེད་པའི་སྨན་པའི་རྒྱལ་པོས་བདག་གསོས་པ་བཞིན་དུ། བདག་ཀྱང་མ་འོངས་པའི་དུས་ན་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར། སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་མ་གྲོལ་བ་རྣམས་འགྲོལ་བ་དང་། དབུགས་
མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆེ་བའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་
པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་
པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། འདུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་།

ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་
འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་སྤྲུལ་
པ་འགྱེད་པ་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ་ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་
ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་
ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་
པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་
གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་

གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར་
ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་
བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་
འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་
སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །
རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་
གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་

རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གིས་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་
རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་
དག་གིས་ཐེ་ཙོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཚོང་དཔོན་གྱི་བུ་ཆེ་བ་འདིས་ང་ལ་འདི་ལྟ་
བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཚོང་དཔོན་གྱི་བུ་ཆེ་བ་འདིས་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་
པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་
ཐུབ་པ་ཞེས་བྱ་བར་གྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་

ལ་མངོན་པར་བསྟོད་དོ།། །།པད་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་།
ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས་རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་
མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་
ཀྱི་དགེ་འདུན་དང་བཅས་པ། མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བའི་སྔ་རོལ་ན་ནི། རྒྱལ་པོ་གསལ་རྒྱལ་ལྷ་གཞན་དག་ལ་ནི་དུས་གསུམ་དུ་མེ་ཏོག་དང་། བདུག་
པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་རྣམས་ཀྱིས་རྗེད་པར་བྱེད་དོ། །གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ནས་ནི། གཞོན་ནུ་ལྟ་བུའི་མདོའི་དཔེས་རྒྱལ་པོ་གསལ་རྒྱལ་བཏུལ་ནས། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་དད་པ་རྙེད་དེ། དེའི་ཚེ་དགའ་བ་དང་ཡིད་བདེ་བ་
སྐྱེས་ནས་དུས་གསུམ་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོ་ཞིང་། མར་མེ་དང་། བདུག་པ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་རྣམས་ཀྱིས་མཆོད་པ་བྱེད་དོ། །དེ་ནས་རེ་ཞིག་ན་ཀུན་དགའ་ར་བའི་སྲུང་མ་ཞིག་གིས། མེ་ཏོག་པད་མ་གསར་དུ་བྱུང་བ་ཞིག་ཁྱེར་ཏེ།
རྒྱལ་པོ་གསལ་རྒྱལ་གྱི་ཐད་དུ་མཉན་དུ་ཡོད་པར་སོང་བ་དང་། མུ་སྟེགས་ཅན་གྱི་དགེ་བསྙེན་ཞིག་གིས་མཐོང་ནས། ཀྱེ་མི་ཕ་གི་པད་མ་འོ་ནི་འཚོང་ངམ་ཞེས་དྲིས་སོ། །དེ་ན་རེ་འཚོང་ངོ་ཞེས་ཟེར་རོ། །དེ་ཉོ་འདོད་པ་ལས་རེ་ཤིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་ཕྱིན་ཏེ། དེས་དེ་ལས་

རིན་ཉིས་སྒྱུར་དུ་བསྐྱེད་ནས། དེ་གཉིས་ཕན་ཚུན་ལྟོད་དེ་འབུམ་གྱུར་གྱི་བར་དུ་བསྐྱེད་དོ། །དེ་ནས་ཀུན་དགའ་ར་བའི་སྲུང་མ་འདི་སྙམ་དུ་སེམས་ཏེ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ནི་རྒོད་བག་ཅན་མ་ཡིན་ཏེ། སེམས་ཅན་བརྟན་པོ་ཡིན་པས་ན་འདི་ལ་ནི་དོན་ཞིག་ཡོད་
གོར་མ་ཆག་སྙམ་ནས་དེ་ཐེ་ཙོམ་སྐྱེས་ཏེ། མུ་སྟེགས་ཅན་ལ་དགའ་བའི་མི་དེ་ལ་དྲིས་པ། ཁྱོད་ཀྱིས་སུའི་དོན་དུ་འདི་ལྟར་སྐྱེད་པར་བྱེད། དེས་སྨྲས་པ། ང་ནི་བཅོམ་ལྡན་འདས་སྲེད་མེད་ཀྱི་བུའི་ཕྱིར་སྐྱེད་པར་བྱེད་དོ། །མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ང་ནི་བཅོམ་ལྡན་འདས་
སངས་རྒྱས་ཀྱི་དོན་དུ་སྐྱེད་པར་བྱེད་དོ། །ཀུན་དགའ་ར་བའི་སྲུང་མས་སྨྲས་པ། སངས་རྒྱས་ཞེས་བྱ་བ་དེ་སུ་ཡིན། དེ་ནས་མགོན་མེད་ཟས་སྦྱིན་གྱིས་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་རྒྱས་པར་བཤད་དོ། །དེ་ནས་ཀུན་དགའ་ར་བའི་སྲུང་མས། མགོན་མེད་ཟས་སྦྱིན་ལ་སྨྲས་པ།
ཁྱིམ་བདག་ང་ཉིད་ཀྱིས་བཅོམ་ལྡན་འདས་དེ་ལ་མཆོད་པ་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། ཀུན་དགའ་ར་བའི་སྲུང་མ་དེ་ཁྲིད་དེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། ཀུན་དགའ་ར་བའི་སྲུང་མ་དེས། བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་
ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་ཀུན་དགའ་ར་བའི་སྲུང་མ་དེས་པད་
མ་དེ་བཅོམ་ལྡན་འདས་ལ་བོར་རོ། །དེ་ནས་བོར་མ་ཐག་ཏུ་པད་མ་དེ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ་བཅོམ་ལྡན་འདས་ཀྱི་སྟེང་ན་འདུག་གོ། །དེ་ནས་ཀུན་དགའ་ར་བའི་སྲུང་མ་དེས་ཆོ་འཕྲུལ་དེ་མཐོང་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་
ནས་ཐལ་མོ་སྦྱར་ཏེ། སེམས་ལ་རྟས་པར་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར། སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་མ་གྲོལ་བ་

རྣམས་འགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་སྲུང་མ་དེའི་རྒྱུ་གཅིག་ནས་གཅིག་
ཏུ་བརྒྱུད་པ་དང་། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས།
ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། འདུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་
བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་
དམྱལ་བ་གང་ཡིན་པ་དེ་དག་ཐམས་ཅད་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་
པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་
གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ་ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །

སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་།
ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་
དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་
བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །
སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་
འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་
འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་

ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་
ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་
སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་
ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་ནི་དམ་པའི་
རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་
བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཙོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཀུན་དགའ་ར་བའི་སྲུང་མ་འདིས་

ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཀུན་དགའ་ར་བའི་སྲུང་མ་འདི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་
དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། སྙིང་རྗེ་ཆེན་
པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་བླ་མ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།པཉྩ་ལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་།
ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་
བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་
དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བྱང་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་ལྷོ་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་དང་མི་

འཐུན་པར་གྱུར་ཏོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀོ་ས་ལའི་རྒྱལ་པོ་གསལ་
རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ནི་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པ། སེམས་ཅན་ཕོངས་པ་རྣམས་ལ་ཡོངས་སུ་སྐྱོབ་པ། ཕན་ཚུན་འཁོན་པ་རྣམས་ཀྱི་འཁོན་བྱང་བར་མཛད་པ་ལགས་ན། བྱང་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་འདི་ལྷོ་ཕྱོགས་ཀྱི་པཉྩ་ལའི་རྒྱལ་
པོ་དང་མི་འཐུན་ཏེ། དེ་གཉིས་ཕན་ཚུན་དུ་སྐྱེ་བོ་མང་པོ་ཁ་འདོག་པར་བགྱིད་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་དེ་གཉིས་ཡུན་རིང་པོ་ནས་འཁོན་བྱུང་བ་ཞི་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་
གནང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཕྱི་དེ་ཉིན་གྱི་སྔ་དྲོ་ཤམ་
ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། བཱ་རཱ་ཎ་སཱི་ཕྱོགས་ཀྱི་ཀ་ཤི་རྣམས་ཀྱི་གྲོང་རྡལ་ག་ལ་བ་དེར་རྒྱུ་ཞིང་གཤེགས་ཏེ་མཐར་གྱིས་རྒྱུ་ཞིང་གཤེགས་པ་དང་བཱ་རཱ་ཎ་སཱིར་བྱོན་ནས། བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བའི་རི་དགས་ཀྱི་གནས་ན་བཞུགས་སོ། །དེ་ནས་རེ་ཤིག་ན་དེ་
གཉིས་ཀྱིས། བཅོམ་ལྡན་འདས་བདག་ཅག་གི་ཡུལ་དུ་གཤེགས་པར་རིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་སྤྲུལ་ནས། བྱང་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་སྐྲག་ཅིང་བྲེད་ནས་དེས་ཤིང་རྟ་ཅིག་ལ་ཞོན་ཏེ། བཅོམ་ལྡན་འདས་
ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཁོན་འབྱང་བར་འགྱུར་བའི་ཆོས་བསྟན་ཏོ། །དེས་ཆོས་དེ་ཐོས་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ལྷོ་ཕྱོགས་

ཀྱི་པཉྩ་ལའི་རྒྱལ་པོས་ཀྱང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ཏེ། ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་འབུམ་རི་བའི་ན་བཟའ་ཡང་ཕུལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་
དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་འགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་
མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷོ་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་
སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། །དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་
ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། འདུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་
གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་
གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་དེ་

མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་
སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་
རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་
ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་
ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བར་བརྩམ་པར་གྱིས། །སངས་རྒྱས་བསྟན་
ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་
ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ་གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་

ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་
སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་
ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་
ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་
བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་
ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་
མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཙོམ་སྐྱེས་པ་བསལ་བར་གསོལ། །

རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །
དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་པཉྩ་ལའི་རྒྱལ་པོ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །
ཀུན་དགའ་བོ་པཉྩ་ལའི་རྒྱལ་པོ་འདི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་
ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་ཅེས་བྱ་བར་གྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་
པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་
བརྒྱ་པ། བམ་པོ་གསུམ་པ། བདུག་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་
རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས་རི་མོ་བྱས་མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་

འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་
མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་དཔོན་གཉིས་ཕན་ཚུན་མི་འཐུན་པར་གྱུར་ཏེ། དེ་གཉིས་ལ་གཅིག་ནི་རྫོགས་བྱེད་ལ་དད། གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ལ་དད་
དོ། །དེ་ནས་དེ་གཉིས་ཕན་ཚུན་གཏམ་དུ་བྱ་བ་ངེས་པར་བྱེད་དེ་རྫོགས་བྱེད་ཀྱི་དགེ་བསྙེན་ན་རེ། སངས་རྒྱས་པས་ཆེས་རྫོགས་བྱེད་ཁྱད་པར་དུ་འཕགས་སོ་ཞེས་ཟེར་རོ། །སངས་རྒྱས་ཀྱི་དགེ་བསྙེན་ན་རེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེས་ཁྱད་པར་དུ་འཕགས་སོ་
ཞེས་ཟེར་རོ། །དེ་ནས་དེ་གཉིས་ཀྱིས་བདོག་པ་ཐམས་ཅད་ཡལ་བར་བྱ་བའི་སྐུགས་ཀྱི་གཏའ་བཞག་གོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་བློན་པོ་རྣམས་ལ་དེ་གཉིས་ཀྱི་སྦྱོངས་ཤིག་ཅེས་བསྒོའོ། །དེ་ནས་བློན་པོ་དེ་དག་གིས་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ་ད་སྟེ་
ཞག་བདུན་ན་སངས་རྒྱས་དང་མུ་སྟེགས་ཅན་གྱི་དགེ་བསྙེན་གཉིས་ཀྱི་སྦྱང་བར་ཆད་ཀྱིས། སུ་རྨད་དུ་བྱུང་བ་ལྟ་འདོད་པ་དེ་དག་ཤེག་ཤིག་ཅེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་ན་ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་མི་འབུམ་ཕྲག་དུ་མ་འདུས་པ་དང་། ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་
མ་འདུས་པའི་ནང་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ཏེ། སྤོས་དང་མེ་ཏོག་ཕྲེང་ཐམས་ཅད་བསྡོགས་པ་ལ། ཐོག་མ་ཁོ་ནར་མུ་སྟེགས་ཅན་གྱི་དགེ་བསྙེན་གྱིས་བདེན་པས་གསོལ་བ་གདབ་པ་བྱས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་མཆོག་
ཡིན་པའི་བདེན་པ་དང་། བདེན་པའི་ཚིག་དེས་ན་མེ་ཏོག་འདི་དག་དང་བདུག་པ་འདི་དང་ཆུ་འདི་དེ་རྣམས་ཀྱི་ཐད་དུ་སོང་ཤིག་ཅེས་བྱས་སོ། །དེ་སྐད་ཅེས་བརྗོད་པའི་མོད་ལ་མེ་ཏོག་དེ་དག་ནི་ས་ལ་ལྷགས་སོ། །མེ་ནི་ཤིའོ། །ཆུ་ནི་ས་ལ་ཐིམ་ཞིང་ཡོངས་སུ་ཟད་དེ་ཡོངས་སུ་གཏུགས་པར་གྱུར་

ཏོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཅ་ཅོ་དང་ག་ཞ་བཏོན་ཏེ། སྐད་པོ་ཆེ་ཕྱུང་ངོ་། །དེ་ནས་མུ་སྟེགས་ཅན་གྱི་དགེ་བསྙེན་གྱིས་དེ་མཐོང་ནས་ཅང་མི་ཟེར་བར་འདུག་ལ། སྤ་གོང་ཞིང་ཕྲག་པ་བཅུམས་ཏེ་མིག་ཕབ་ནས་སྤོབས་པ་མེད་པར་གྱུར་ཏེ་སེམས་ཁོང་དུ་ཆུད་ལ་
ལག་པ་ལ་རྐོམ་ཚུགས་བཅས་ནས་འཁུམས་ཤིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱི་སློབ་མ་དགའ་ཆེས་ནས་དགའ་ཞིང་མདངས་ཕྱུང་བའི་མིག་དང་ལྡན་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བདེན་པས་གསོལ་བ་གདབ་པ་བྱ་སྟེ།
བདེན་པ་དང་བདེན་པའི་ཚིག་གང་གིས། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཡིན་པའི་བདེན་པ་དང་བདེན་པའི་ཚིག་དེས་ན། མེ་ཏོག་འདི་དག་དང་བདུག་པ་འདི་དང་ཆུ་འདི་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ཤིག་ཅེས་བྱས་སོ། །དེ་སྐད་ཅེས་བརྗོད་པའི་མོད་ལ་མེ་ཏོག་
དེ་དག་ནི་ངང་པ་རྒྱུས་པ་བཞིན་དུ། ནམ་མཁའ་ལ་འཕགས་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཁ་ལྟས་ཏེ་སོང་ངོ་། །བདུག་པ་ནི་སྤྲིན་གྱི་མགོ་ལྟ་བུར་གྱུར་ཏོ། །ཆུ་ནི་བཻ་དཱུརྱའི་སྡོང་བུ་ལྟ་བུར་གྱུར་ཏོ། །དེ་ནས་སྐྱེ་བོའི་ཚོགས་ཕལ་པོ་ཆེ་དེ་དག་གིས་ཆོ་འཕྲུལ་དེ་མཐོང་ནས། ཅ་
ཅོ་དང་ག་ཞ་བཏོན་ཏེ་སྐད་ཆེན་པོ་ཕྱུང་ནས་དེ་དག་སོང་བའི་ཕྱི་བཞིན་དུ་འབྲངས་ཏེ་དོང་ངོ་། །དེ་ནས་མེ་ཏོག་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྟེང་ན་འདུག་གོ། །བདུག་པ་དང་ཆུ་ནི་སྤྱན་སྔ་ན་འདུག་གོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་དགའ་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་
ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་མདོ་འདི་བཀའ་སྩལ་ཏོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་གསུམ་ནི་མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་མཆོག་ཏུ་གདགས་པ་དང་། ཆོས་མཆོག་ཏུ་གདགས་པ་དང་། དགེ་
འདུན་མཆོག་ཏུ་གདགས་པའོ། །སངས་རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན། བྲམ་ཟེ་དང་། ཁྱིམ་བདག་རྣམས་སེམས་ཅན་རྐང་མེད་རྣམས་སམ། རྐང་གཉིས་རྣམས་སམ། རྐང་བཞི་རྣམས་སམ། རྐང་མངས་རྣམས་སམ། གཟུགས་ཅན་རྣམས་སམ། གཟུགས་ཅན་མ་

ཡིན་པ་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པ་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་མཆོག་ཡིན་པར་བསྟན་ཏོ། །སངས་རྒྱས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་
རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་
ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཡིན་པར་བསྟན་ཏོ། །ཆོས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་རྣམ་པར་སྨིན་པ་ཡང་། ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་
ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་ནི་ཆོས་མཆོག་ཏུ་གདགས་པ་ཞེས་བྱའོ། །དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་པའམ། ཚོགས་སམ། མང་པོའམ། འཁོར་གང་ཡང་རུང་སྟེ།
དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་རིག་པར་བསྟན་ཏོ། །དགེ་འདུན་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་ནི་རྣམ་པར་སྨིན་པ་ཡང་། ལྷ་རྣམས་ཀྱི་
ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། བྲམ་ཟེ་དང་ཁྱིམ་བདག་

དེ་དག་གི་ནང་ནས་ཁ་ཅིག་གིས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་དད་པ་རྙེད་དོ། །ཁ་ཅིག་གིས་ནི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་བླངས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཕོལ་མིག་ལྔ་དང་ལྡན་པའི་འཁོར་བའི་འཁོར་ལོ་འདི་གཡོ་ཞིང་མི་བརྟན་པར་རིག་སྟེ།
འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་རྙིལ་བ་དང་ལྷུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་དུ་རྩད་ཆོད་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །མུ་སྟེགས་ཅན་གྱི་དགེ་བསྙེན་དེས་ཀྱང་བཅོམ་ལྡན་འདས་ལ་དད་པ་རྙེད་དོ། །དེ་
ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་ལ་སྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་
དང་། མ་གྲོལ་བ་རྣམས་འགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་གྱི་དགེ་
བསྙེན་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་
དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། འདུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་།
མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་

གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་
གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ་དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་
བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་
རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་
དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་།
སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་
དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་

ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་
འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་
བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་
ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །
ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་
མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་

རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །
དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཙོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་
སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེར་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་མུ་སྟེགས་ཅན་གྱི་དགེ་བསྙེན་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་མུ་སྟེགས་ཅན་གྱི་དགེ་བསྙེན་འདི་དགེ་བའི་རྩ་བ་དང་སེམས་བསྐྱེད་
པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཏུ་ཡང་དག་པར་བསྒྲུབས་ཏེ་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང་མི་འཇིགས་
པ་བཞི་དང་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་མི་གཡོ་བ་ཞེས་བྱ་བར་འགྱུར་ཏེ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྒྱལ་པོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་།

ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་
མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་
ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཀོ་ས་ལའི་རྒྱལ་པོ་
གསལ་རྒྱལ་དང་། རྒྱལ་པོ་མ་སྐྱེས་དགྲ་གཉིས་ཕན་ཚུན་མི་འཐུན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས། ཀོ་ས་ལའི་
རྒྱལ་པོ་གསལ་རྒྱལ་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་། རྒྱལ་པོ་མ་སྐྱེས་དགྲས་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས།
བདག་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ་ཞེས་ཐོས་སོ། །ཐོས་ནས་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས། རྒྱལ་པོ་མ་སྐྱེས་དགྲ་དང་གཡུལ་འགྱེད་པའི་ཕྱིར་དྲངས་
སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཐམས་ཅད་ཕྲོགས་ཏེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཕམ་ཞིང་སྐྲག་ལ་རྡུགས་ཏེ། རབ་ཏུ་ཕམ་ཞིང་རྒྱབ་ཀྱིས་

ཕྱོགས་པར་གྱུར་ནས་ཤིང་རྟ་གཅིག་པུས་མཉན་དུ་ཡོད་པར་སོང་སྟེ། ལན་གསུམ་གྱི་བར་དུ་ཡང་དེ་ལྟར་གྱུར་ཏོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མྱ་ངན་གྱི་ཁང་པར་ཞུགས་ནས་ལག་པ་ལ་རྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །
དེ་ནས་མཉན་དུ་ཡོད་པ་དེ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་འདུག་པ་དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཇི་ལྷར་ཕམ་ཞིང་སྐྲག་ལ་རྡུགས་ཏེ་རབ་ཏུ་ཕམ་ཞིང་རྒྱབ་
ཀྱིས་ཕྱོགས་པར་གྱུར་ནས། ཤིང་རྟ་གཅིག་པུས་མཉན་དུ་ཡོད་པར་སོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་གསལ་རྒྱལ་ལ། རྒྱལ་བར་གྱུར་ཅིག་སྐུ་ཚེ་རིང་བར་ཤོག་ཤིག་ཅེས་བསྟོད་ནས་སྨྲས་པ། ལྷ་ཅིའི་སླད་
དུ་ཐུགས་ངན་མཛད། ལྷ་བདག་གིས་ཇི་ཙམ་གྱིས་ན་ད་དུང་ཡང་ལྷ་ཇི་ལྟར་དགྱེས་མགུར་མཛད་པར་འགྱུར་བ་དེ་ཙམ་གྱི་གསེར་ལྷ་ལ་འབུལ་བར་འཚལ་ལོ་ཞེས་བྱས་སོ། །དེས་དེ་ལ་གསེར་གྱི་ཕུང་པོ་ཆེན་པོ་སྤུངས་ཏེ། དེར་མི་འདུག་པས་ཀྱང་མི་འགྲེང་བ་མི་མཐོང་ལ།
འགྲེང་བས་ཀྱང་འདུག་པ་མི་མཐོང་བ་ཞིག་ཕུལ་ལོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བདག་ཉིད་ཀྱི་ཡུལ་དུ་རྟོག་ཆེན་གྱི་མི་ཀུན་དུ་བཀྱེ་སྟེ་མི་དེ་དག་ཅི་ཟེར་བ་ཉོན་ཅིག་ཅེས་བྱས་སོ། །རེ་ཞིག་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན། རྒན་པོ་གཉིས་ཤིག་ཕན་ཚུན་གཏམ་
ཟེར་ཏེ་པད་མའི་ཟེ་བ་ཞེས་བྱ་བའི་གཡུལ་གྱི་དགྲ་ཐབས་ཡོད་དེ་དེ་ལ་མི་སྡར་མ་གང་ཡིན་པ་དེ་དག་ནི་གཡུལ་གྱི་གདོད་ཟན་དུ་གཏོང་ངོ་། །འབྲིང་གང་ཡིན་པ་དེ་དག་ནི་བར་དུ་གཞོག །མི་མཆོག་ཏུ་དཔའ་བ་གང་ཡིན་པ་དེ་དག་ནི་རྒྱབ་ཏུ་གཞོག་གོ་ཞེས་ཟེར་རོ། །དེ་ནས་དེ་དག་གིས་
རྒྱལ་པོ་ལ་བསྙད་དེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས། དེ་བཞིན་དུ་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་རྒྱལ་པོ་མ་སྐྱེས་དགྲ་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། ལུས་འཕགས་མའི་བུ་རྒྱལ་པོ་མ་

སྐྱེས་དགྲའི་གླང་པོ་ཆེའི་ཚོགས་ཐམས་ཅད་ཀྱང་ཕྲོགས་སོ། །རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཀྱང་ཕྲོགས་སོ། །ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲ་ཡང་ཕམ་ཞིང་སྐྲག་ལ་རྡུགས་ཏེ་རབ་ཏུ་ཕམ་ཞིང་རྒྱབ་ཀྱིས་བལྟས་པར་གྱུར་
ནས་གསོན་པོར་བཟུང་སྟེ། ཤིང་རྟ་གཅིག་ལ་བསྐྱོན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་
གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྒྱལ་པོ་མ་སྐྱེས་དགྲ་འདི་ནི་ཡུན་རིང་པོ་ནས་བདག་གི་འཁོན་ཟླ་མ་ལགས་པར་འཁོན་དུ་འཛིན་པ་དང་། དགྲ་ཟླ་མ་ལགས་པར་དགྲ་བགྱིད་པ་ལགས་མོད་ཀྱི། འདི་ནི་བདག་གི་གྲོགས་པོའི་བུ་ལགས་པའི་སླད་དུ། བདག་ནི་འདི་འགུམ་པར་མི་འཚལ་ཏེ་
འདི་གཏང་བར་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་ཐོང་ཤིག་ཅེས་བཀའ་སྩལ་ནས། དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྒྱལ་བར་གྱུར་ན་འཁོན་པ་མང་། །ཕམ་པར་གྱུར་ན་སྡུག་བསྔལ་གནས། །རྒྱལ་དང་ཕམ་པ་སྤངས་ན་
ནི། །ཉེ་བར་ཞི་སྟེ་བདེ་བར་གནས། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་སྲིད་ཕྱིར་ཐོབ་པ་འདི་ནི། ཚོང་དཔོན་འདིའི་དྲིན་ཡིན་གྱིས་བདག་གིས་འདི་ལ་ཅི་འདོད་པའི་བྱ་དགའ་སྦྱིན་པའི་སྐབས་དབྱེའོ་སྙམ་མོ། །དེ་ནས་ཀོ་ས་ལའི་
རྒྱལ་པོ་གསལ་རྒྱལ་གྱིས་ཚོང་དཔོན་དེ་ལ་ཅི་འདོད་པའི་བྱ་དགའ་སྦྱིན་པའི་སྐབས་ཕྱེ་ན། དེ་ན་རེ་བདག་ཅི་དགའ་བའི་བྱ་དགའ་འཚལ་གྱིས་བདག་ཞག་བདུན་གྱི་བར་དུ་ཅི་དགའ་མགུར་བགྱིད་པའི་རྒྱལ་སྲིད་སྩོལ་ཅིག་ཅེས་བྱས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བདག་
གི་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། ངའི་རྒྱལ་སྲིད་ཞག་བདུན་གྱི་བར་དུ་ཚོང་དཔོན་ལ་བྱིན་ནོ་ཞེས་བསྒོའོ། །རེ་ཞིག་ན་ཚོང་དཔོན་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་དང་། རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་ཞག་བདུན་གྱི་བར་དུ་གདུགས་ཚོད་

ལ་སྤྱན་དྲངས་སོ། །ཡུལ་ཀ་ཤི་དང་ཀོ་ས་ལ་ན་སྐྱེ་བོའི་ཚོགས་ཇི་སྙེད་འཁོད་པ་དེ་དག་ལ་ཡང་ཕོ་ཉ་བཏང་སྟེ། ཞག་བདུན་གྱི་བར་དུ་ཁྱེད་ཁྲལ་ཐུད་མེད་པར་ཅི་དགའ་མགུར་འཁོད་ཅིང་བདེ་བ་ལ་རེག་པར་གནས་པར་གྱིས་ཤིག །འདིར་ཡང་ཤོག་ལ་
སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཤིག །ངའི་སྟོན་མོ་ཡང་འཚོལ་ལ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་གྱིས་ཤིག་ཅེས་བྱས་ནས། དེས་ཞག་བདུན་གྱི་བར་དུ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་ཆེན་པོས་བཀུར་སྟི་བྱས་སོ། །
མི་འབུམ་ཕྲག་མང་པོ་དག་ཀྱང་བདེ་བ་ལ་བཙུད་དོ། །ཞག་བདུན་ལོན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། སེམས་ལ་རྟས་པར་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་
འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་འགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་
སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་དཔོན་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་
ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་།
ཐིག་ནག་དང་། འདུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་

ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་
པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་
འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུ་ཡང་མ་སྐྱེས་མོད་ཀྱི་འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་
མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་
དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་
ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་
དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་

པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་
བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་
འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་
ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་
གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་
བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་
འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་

ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་
མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཙོམ་སྐྱེས་
པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་
བོ་དེ་ནི་དེ་བཞིན་ན