Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
ལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་སྲུང་མ་ལ་ཕན་གདགས་པའི་ཕྱིར་ཕྱག་གསེར་གྱི་ཁ་དོག་ཅན་གླང་པོ་ཆེའི་སྣ་ལྟར་འདུག་པ་བརྐྱང་ནས་བཞེས་སོ། །བཞེས་ནས་ཀྱང་དེ་ཀུན་ དགའ་ར་བའི་སྲུང་མའི་མདུན་དུ་གསོལ་ཏོ། །གསོལ་ནས་ཀྱང་སོ་ཤིང་དེ་ས་ལ་བཙུགས་སོ། །དེ་ནས་བཙུགས་པའི་མོད་ད་ཁོ་ནའི་སྐད་ཅིག་ལ་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པའི་ཤིང་ནྱ་གྲོ་དྷ་ཆེན་པོ་ཆུ་ཞེང་གབ་པ་ཞིག་ཏུ་གྱུར་ཏེ། དེའི་གྲིབ་མ་ ལ་བཅོམ་ལྡན་འདས་བཞུགས་ནས་ལྷ་དང་མི་དུ་མ་ལ་ཆོས་བསྟན་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ཏོ། །དེ་ནས་ཀུན་དགའ་ར་བའི་སྲུང་མ་དེ། བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་གྱིས་སེམས་དད་པར་བྱས་ ནས། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་ རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ ནག་དང་། འདུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་ གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་ དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི་འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་ བའི་ལས་དེ་ཟད་དེ་ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ཏུ་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་ པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་ གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་ འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་ སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་ རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་ སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་ མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་ རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་ དོ། །ཀུན་དགའ་བོ་ཀུན་དགའ་ར་བའི་སྲུང་མ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཀུན་དགའ་ར་བའི་སྲུང་མ་འདི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་བཅུ་ གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ་སྲིད་པ་ཐ་མ་དང་། གནས་ཐ་མ་དང་། ལུས་ཐ་མ་དང་། བདག་གི་ངོ་བོ་ཐ་མ་ལ་ཐོབ་པ་ནི་རང་སངས་རྒྱས་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དད་པར་བྱས་པ་འདི་ཡིན་ནོ། །དགེ་སློང་དག་དེ་ བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ མངོན་པར་བསྟོད་དོ།། །།གདངས་སྙན་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་ བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །མཛའ་སྡེ་བོ་མང་པོ་ཞིག་ཀྱང་ཆང་གིས་ར་རོ་ཞིང་མྱོས་ ནས་པི་བང་དང་། གླིང་བུ་དང་། རྫ་རྔ་དང་། རྔ་ཟླུམ་རྣམས་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་བྱེད་དེ། གར་བྱེད་གླུ་ལེན་ལ་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། པར་ཤི་ཀ་ལ་སོགས་པ་མེ་ཏོག་གི་ཕྲེང་བ་མང་པོ་ཡང་མགུལ་དུ་ བཏགས་ནས། གོས་ཁྱད་པར་དུ་འཕགས་པ་དག་བགོས་ཏེ་མཉན་དུ་ཡོད་པའི་ཕྱི་རོལ་ཏུ་བྱུང་ངོ་། །དེ་ནས་མཛའ་སྡེ་བོ་དེ་དག་གིས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་ འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་དེ་དག་ཆང་གིས་ར་རོ་བ་དེ་ལས་སངས་པར་གྱུར་ཏོ། །དེ་ནས་ར་རོ་བ་ལས་སངས་ནས་སེམས་དགའ་ཞིང་དད་པར་གྱུར་ཏེ། གར་ དང་གླུ་དང་རོལ་མོའི་སྒྲ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་སོ། །ཨུད་པ་ལ་སྔོན་པོ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་སྟེང་དུ་གཏོར་ཏེ། དེ་དག་བཅོམ་ལྡན་འདས་ཀྱི་སྟེང་དུ་ཁང་པ་བརྩེགས་པ་སྔོན་པོ་དང་ཁང་པ་སྔོན་པོ་དང་གདུགས་སྔོན་པོ་ལྟ་བུར་གྱུར་ཏེ་འདུག་ནས། དེ་ དག་བཅོམ་ལྡན་འདས་གཤེགས་ན་ནི་འགྲོ་ལ་གཞེས་ན་ནི་སྡོད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་འོད་སྔོན་པོ་དག་བཀྱེ་སྟེ། འོད་དེ་དག་གིས་མཉན་དུ་ཡོད་པ་ནོར་བུ་ཨན་ད་རྙིལ་གྱི་མདོག་འདྲ་བར་འདུག་པར་བྱས་སོ། །དེ་ནས་མཛའ་སྡེ་བོ་དེ་དག་བཅོམ་ལྡན་འདས་ལ་དད་པ་སྐྱེས་ཏེ་སེམས་ལ་ རྟས་པར་བྱས་ནས། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་འདིས་བདག་ཅག་རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་ མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། འདུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་ མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་ དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་ དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་ མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་ འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་བསལ་བར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་ སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་ པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པའི་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་ སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་ མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་ འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཙོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་ མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་ མཛད་དོ། །ཀུན་དགའ་བོ་མཛའ་སྡེ་བོ་འདི་རྣམས་ཀྱིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་མཛའ་སྡེ་བོ་འདི་རྣམས་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་ཉི་ཤུའི་བར་ དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། སྲིད་པ་ཐ་མ་དང་། གནས་ཐ་མ་དང་། ལུས་ཐ་མ་དང་། བདག་གི་ངོ་བོ་ཐ་མ་ཐོབ་པ་ན། རང་སངས་རྒྱས་གདངས་སྙན་ཞེས་བྱ་བ་ཤ་སྟག་ཏུ་འགྱུར་རོ། །དེ་དག་གི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དང་བར་བྱས་པ་འདི་ཡིན་ནོ། །དགེ་སློང་ དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་ པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་རྫོགས་སོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བརྒྱད་པ། སྡོམ་ནི། པད་མ་དང་ ནི་ཁམ་རེ་དང་། །ཆོས་སྐྱོང་དེ་བཞིན་ཞི་ལྡན་དང་། །གཟུགས་བཟང་མཛའ་བོའི་བུ་མོ་དང་། །རི་བོང་དང་ནི་ཆོས་ཚོལ་དང་། །མགོན་མེད་ཟས་སྦྱིན་རབ་བཟང་བ། །སྡེ་ཚན་དག་ཏུ་བསྟན་པ་ཡིན། །པད་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་ པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སྟོན་ཀྱི་དུས་ཀྱི་ཚེ་དགེ་སློང་དག་སྐྱ་ རྦབ་སེར་པོའི་ནད་ཀྱིས་ཐེབས་ཏེ་ལུས་རིད་ཅིང་ལུས་ཉམ་ཆུང་བར་གྱུར་ཏོ། །བཅོམ་ལྡན་འདས་ནི་སྙུན་མི་མངའ་ཞིང་གནོད་པ་མེད་ལ་སྙུན་གྱིས་བཏབ་པ་མེད་དེ་སྟོབས་དང་ལྡན་ནོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་ཁ་ཅིག་ནི་ གདོན་གྱི་ནད་སྐྱ་རྦབ་སེར་པོས་ཐེབས་ཏེ་ལུས་རིད་ཅིང་ལུས་ཉམ་ཆུང་བར་གྱུར། བཅོམ་ལྡན་འདས་ནི་སྙུན་མི་མངའ་ཞིང་གནོད་པ་མ་མཆིས་ཏེ། སྟོབས་དང་ལྡན་ཞིང་རང་བཞིན་གྱིས་སྙུན་མི་མངའ་ལ། ཕོ་བའི་དྲོད་སྙོམས་ཤིང་འཇུ་བ་དང་ལྡན་པ་ལ་གཟིགས། བཀའ་སྩལ་པ། དགེ་སློང་ དག་དེ་བཞིན་གཤེགས་པ་ཉིད་ཀྱིས། སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་ འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་ དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་ སཱི་ན། རྒྱལ་པོ་པད་མ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། འཐབ་པ་དང་། རྩོད་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་ དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་དང་། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ་སྐྱེ་དགུ་ལ་བྱམས་པ་ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ། །དེའི་ཚེ་བཱ་རཱ་ཎ་སཱིར་དུས་དང་དུས་ཚིགས་མ་སྙོམས་པ་ལས་མི་ནད་ཆེན་ པོ་བྱུང་སྟེ། སེམས་ཅན་ཕལ་ཆེར་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་བོ། །དེ་ནས་རྒྱལ་པོས་དེ་དག་མཐོང་ནས་སྙིང་རྗེ་སྐྱེད་དེ། བདག་གིས་འདི་དག་ཡོངས་སུ་བསྐྱབ་པར་བྱ་ཞིང་གས་བར་བྱའོ་སྙམ་མོ། །དེ་ནས་ཡུལ་ཐམས་ཅད་ན་སྨན་པ་འཁོད་པ་རྣམས་བསྡུས་ཏེ། བསྒོ་ནས་སེམས་ཅན་དེ་དག་གི་ ནད་ཀྱི་གཞི་དང་གནས་དང་སྔ་ནས་གཞི་ཡོད་པ་རྟོགས་ནས། དེའི་འོག་ཏུ་བདག་ཉིད་ཀྱིས་གས་བ་དང་སྨན་ཐམས་ཅད་བསྡུ་བར་བྱས་སོ། །དེ་ནས་གསོས་ཏེ། ནོར་དང་སྨན་དང་ནད་གཡོག་དང་ལྡན་པར་བྱས་ཀྱང་ཡུན་རིང་མོ་ཞིག་ལོན་གྱི་བར་དུ་སེམས་ཅན་དེ་དག་གསོ་མ་ ནུས་སོ། །དེ་ནས་རྒྱལ་པོས་སྨན་པ་ཐམས་ཅད་བཀུག་སྟེ་གུས་པར་བྱས་ནས། ཀྱེ་ཅིའི་ཕྱིར་སེམས་ཅན་འདི་དག་གསོ་དཀའ་བར་གྱུར་ཅེས་སྨྲས་སོ། །དེ་ནས་སྨན་པ་རྣམས་ཀྱིས་དཔྱད་དེ་ཡོན་ཏན་དང་ཉེས་པ་གྲོས་འཐུན་པར་གསོལ་པ། ལྷ་དུས་མ་སྙོམས་པ་དང་ཁམས་མ་སྙོམས་པ་ལས་ གྱུར་པ་ལགས་པས། ལེགས་པར་མ་རྟོགས་མོད་ཀྱི་ལྷ་འོན་ཀྱང་སྨན་སྣ་གཅིག་མཆིས་ཏེ། ཉ་རོ་ཧི་ཏ་ཞེས་བགྱི་བ་ཞིག་མཆིས་ལ། གལ་ཏེ་རྙེད་ན་ནི་དེས་གསོ་བར་ནུས་ལགས་སོ། །དེ་ནས་རྒྱལ་པོ་ཉ་རོ་ཧི་ཏ་ཀུན་ཏུ་ཚོལ་བ་ལ་ཞུགས་ཏེ་དེས་ཚོལ་བའི་མི་མང་པོ་བཀྱེ་ནས་བཙལ་ཀྱང་མ་རྙེད་དོ། །དེ་ ནས་དེ་དག་གིས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་འཆག་ཏུ་གཤེགས་པ་དང་། ནད་པ་དེ་དག་ཀྱང་གཅིག་ཏུ་འདུས་ཏེ་འཁོད་ནས་རྒྱལ་པོ་ལ་གསོལ་པ། རྒྱལ་པོ་ཆེན་པོ་བདག་ཅག་ནད་འདི་ལས་ཡོངས་སུ་བསྐྱབ་ཅིང་སྲོག་སྩལ་དུ་གསོལ། དེ་ནས་རྒྱལ་པོས་ནད་པ་རྣམས་ ཀྱི་ཚིག་སྙིང་རྗེ་རྗེ་སྐད་ཟེར་ཞིང་། སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་སྨྲ་བའི་ཚིག་ཐོས་ནས་སྙིང་རྗེས་སྙིང་བསྐྱོད་དེ། འཆི་མ་འཛག་ཅིང་ངུ་བཞིན་དུ་ཕྱུང་ནས་བསམས་པ། བདག་གིས་གཞན་སྡུག་བསྔལ་གྱིས་གཟིར་བ་རྣམས་ཞི་བར་བྱེད་ཀྱང་མ་ནུས་ན་བདག་གི་འཚོ་བ་འདི་ལྟ་བུ་དང་རྒྱལ་སྲིད་ཀྱི་དབང་ ཕྱུག་འདི་འདྲ་བ་ཅི་དགོས་སྙམ་མོ། །དེ་སྙམ་དུ་བསམས་ནས། རྒྱལ་པོས་ནོར་ཕལ་པོ་ཆེ་ཡོངས་སུ་གཏོང་བ་བྱས་ཏེ། བུ་ཐུ་བོ་རྒྱལ་པོར་བཅུག་ནས་ཉེ་དུ་དང་སྐྱེ་བོ་རྣམས་ལ་ཉེས་པ་བཤགས་ཏེ། ཕོ་བྲང་འཁོར་གྱི་མི་དང་བློན་པོ་རྣམས་ལ་བསྟོད་ནས། ནད་པ་སྡུག་པ་རྣམས་དབུགས་ཕྱུང་སྟེ་བརྟུལ་ ཞུགས་ཡན་ལག་བརྒྱད་པ་ཡང་དག་པར་བླངས་ནས་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ། བདུག་པ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་རྣམས་གཏོར་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་སྨོན་ལམ་བཏབ་པ། བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་རྣམས་ཤིན་ཏུ་ཕོངས་ པར་གྱུར་ཏེ། ནད་ཀྱིས་ཡོངས་སུ་གཟིར་བ་མཐོང་ནས་བདག་གིས་རང་གི་སྲོག་ཕངས་པ་ཡོངས་སུ་བཏང་བའི་བདེན་པ་དང་བདེན་པའི་ཚིག་འདིས་བདག་ཆུ་ཀླུང་ཟློག་བྱེད་འདིའི་ནང་དུ་ཉ་རོ་ཧི་ཏར་སྐྱེ་བར་ཤོག་ཤིག་ཅེས་སྨྲས་ནས་ཁང་བཟངས་ཀྱི་སྟེང་ནས་བདག་ཉིད་ཀྱིས་མཆོངས་སོ། །དེར་ལྷུང་ བའི་མོད་ལ་ཤི་ནས་ཆུ་ཀླུང་ཟློག་བྱེད་ཀྱི་ནང་དུ་ཉ་བོ་ཆེ་རོ་ཧི་ཏ་ཞེས་བྱ་བར་སྐྱེས་སོ། །དེ་ནས་ལྷ་རྣམས་ཀྱིས་ཡུལ་ཐམས་ཅད་དུ་ཆུ་ཀླུང་ཟློག་བྱེད་ཀྱི་ནང་དུ་ཉ་བོ་ཆེ་རོ་ཧི་ཏ་ཞེས་བྱ་བ་སྐྱེས་པ་དེ་ནི། ནད་ཚབས་པོ་ཆེས་གཟིར་ནས་ཡུན་རིང་དུ་ལོན་པ་རྣམས་ཀྱི་བདུད་རྩི་དང་འདྲའོ་ཞེས་སྒྲ་བསྒྲགས་སོ། ། དེ་ནས་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེས་ལག་ན་མཚོན་ཆ་ཐོགས་ནས་སྐོན་པ་ཁྱེར་ཏེ་དོང་ནས། ཉ་དེ་གསོན་པོར་མཚོན་ཆ་རྣོན་པོ་རྣམ་པ་སྣ་ཚོགས་ཀྱིས་ཤ་རྣམས་གཅོད་པ་ལ་ཞུགས་སོ། །བྱང་ཆུབ་སེམས་དཔའ་དེ་ཡང་དེ་ལྟར་ལུས་གཅོད་པ་ན། སེམས་ཅན་དེ་དག་ལ་བྱམས་པས་ཁྱབ་པར་བྱས་ ནས་གདོང་མཆི་མ་དྲོན་པོ་འཛག་སྟེ། དེས་བསམས་པ་བདག་གི་ཤ་ཁྲག་གིས་སེམས་ཅན་འདི་དག་བདེ་བར་འགྱུར་བ་འདི་ནི། བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས། དེ་ལྟ་བུའི་ཚུལ་གྱིས་ལོ་བཅུ་གཉིས་ཀྱི་བར་དུ་རང་གི་ཤ་ཁྲག་གིས་སེམས་ཅན་དེ་དག་ཚིམ་པར་བྱས་ཏེ། བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་སེམས་མ་ལོག་གོ། །གང་གི་ཚེ་སེམས་ཅན་དེ་དག་གི་ནད་དེ་ཞི་བར་གྱུར་པ་དེའི་ཚེ་ཉ་བོ་ཆེ་རོ་ཧི་ཏ་དེས་སྒྲ་བསྒྲགས་པ། ཀྱེ་སེམས་ཅན་དག་ཁྱེད་ཉོན་ཅིག །ང་ནི་རྒྱལ་པོ་པད་མ་ཞེས་བྱ་བ་དེ་ཡིན་ཏེ་ངས་ཁྱེད་ཀྱི་དོན་དུ་རང་གི་སྲོག་ཡོངས་ སུ་བཏང་ནས་ལུས་འདི་ལྟ་བུ་བླངས་པ་ཡིན་གྱིས། ང་ལ་སེམས་དགའ་བར་གྱིས་ཤིག་དང་གང་གི་ཚེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། ཡང་ཁྱེད་ནད་ལས་གཏན་དུ་ཡོངས་སུ་ཐར་བར་བྱ་སྟེ། མྱ་ངན་ལས་འདས་པ་གཞའ་གསང་ གི་མཐར་ཐུག་པ་གྲུབ་པ་དང་བདེ་བ་ལ་དགོད་པར་བྱའོ་ཞེས་བྱས་སོ། །དེ་སྐད་ཐོས་ནས། སྐྱེ་བོའི་ཚོགས་དེ་དག་དང་། རྒྱལ་པོ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་དད་པ་རྙེད་དེ། མེ་ཏོག་དང་། མེ་ཏོག་ཕྲེང་དང་། བྱུག་པ་དག་གིས་མཆོད་ནས་སྨོན་ལམ་བཏབ་པ། ཤིན་ཏུ་དཀའ་ བ་བྱེད་པ་ཁྱོད་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ཅག་ཁྱོད་ཀྱི་ཉན་ཐོས་སུ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་ རྒྱལ་པོ་པད་མ་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་དེ་ལྟ་བུའི་ཡོངས་སུ་གཏོང་བ་བྱས་པ་དེས་ན་ང་འཁོར་བ་ན་འཁོར་བའི་ཚེ་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་བར་གྱུར་ལ། ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ ཡང་། ཕོ་བའི་དྲོད་སྙོམས་ཤིང་འཇུ་བ་དང་ལྡན་ཏེ། དེས་ན་ངས་ཟོས་པ་དང་འཐུངས་པ་དང་། འཆོས་པ་དང་མྱངས་པ་རྣམས་ལེགས་པར་བདེ་བར་ཞུ་བར་གྱུར་ཏེ། ང་ནད་མེད་ཅིང་གནོད་པ་མེད་ལ་ནད་མེད་པའི་རང་བཞིན་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་ སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཁམ་རེ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་ མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་ པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་ མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་པ་བཞིན་དུ་སེམས་ཅན་རྣམས་ ཀྱིས་ཀྱང་། སྦྱིན་པའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་སུ་ཟིན་ན་ནི། དེ་ལྟ་ན་ཁམ་གྱི་ཐ་མ་དང་ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་གལ་ཏེ་ཡོན་གནས་ལེན་པ་པོ་རྙེད་ན། དེ་ལ་མ་བྱིན་ནམ། བགོ་བཤའ་མ་ བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་པར་མི་འགྱུར་བ་ཞིག་ན་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་པ་བཞིན་དུ། སེམས་ཅན་རྣམས་ཀྱིས་ཀྱང་ སྦྱིན་པའི་འབྲས་བུ་ཡང་མི་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་མི་ཤེས་པས་ན། དེའི་ཕྱིར་དེ་དག་ནི་ཀུན་ཏུ་འཛིན་པའི་སེམས་ཀྱིས་མ་བྱིན་པའམ་བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ ཤིང་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས་གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །བགོ་བཤའ་དག་གི་རྣམ་པར་སྨིན། །ཇི་ལྟར་དོན་ཅེས་འགྱུར་བ་དེ། །དྲང་སྲོང་ཆེན་པོས་གསུངས་པ་ བཞིན། །སེམས་ཅན་རྣམས་ཀྱིས་ཤེས་ན་ནི། །མ་སྦྱིན་བར་དུ་མི་ཟ་ཞིང་། །སེར་སྣ་ཅན་དུ་མི་འགྱུར་ལ། །དེ་དག་ཀུན་ཏུ་འཛིན་པའི་སེམས། །ནམ་ཡང་སྐྱེ་བར་མི་འགྱུར་ན། །གང་ཕྱིར་བྱིས་པ་གཏི་མུག་གིས། །བསྒྲིབས་པ་རྣམས་ཀྱིས་མ་ཤེས་པ། །དེ་ཕྱིར་ཀུན་ཏུ་འཛིན་སེམས་ ཀྱིས། །རྟག་ཏུ་མ་བྱིན་ཟ་བར་བྱེད། །དེ་དག་སེར་སྣ་སྐྱེས་ནས་ཀྱང་། །སེམས་ནི་ཀུན་ནས་དཀྲིས་ཤིང་འདུག །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་འདི་བཀའ་སྩལ་པ་དེའི་ཚེ། དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ པ། བཙུན་པ་བཅོམ་ལྡན་འདས་ཀྱིས་སྦྱིན་པའི་བསྔགས་པ་ཡང་བཀའ་སྩལ་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་བཀའ་སྩལ་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་ པས་སྦྱིན་པའི་བསྔགས་པ་ཡང་བརྗོད་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་བརྗོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། ངས་འདས་པའི་དུས་ན་སློང་བའི་ཕྱིར་བདག་ཟ་བའི་ཁམ་ཁར་འོངས་ཟིན་པ་ལས་ཀྱང་ཡོངས་སུ་བཏང་བ་དེ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་ཡོངས་སུ་གང་བ་དང་། རྩོད་པ་དང་འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་ བསྐྱངས་སོ། །རྒྱལ་པོ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཐམས་ཅད་སྦྱིན་པ་ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ། །ཕྱིས་རེ་ཞིག་ན་མུ་གེའི་བར་གྱི་བསྐལ་པ་དང་འདྲ་བར་མུ་གེ་ཆེན་པོ་བྱུང་ངོ་། །དེ་ནས་སྐྱེ་བོའི་ཚོགས་མུ་གེའི་དུས་མ་ཡིན་པར་འཆི་བས་འཇིགས་པ་བཀྲེས་ཤིང་ལྐོག་མ་དང་འགྲམ་པ་ཞོམ་པ། ཡི་དགས་ཀྱི་ལུས་འདྲ་ བ་དེ་དག་འདུས་ཤིང་ཚོགས་ལ་གཅིག་ཏུ་འཕུངས་ཏེ། རྒྱལ་པོའི་ཐད་དུ་དོང་ནས་རྒྱལ་བར་གྱུར་ཅིག །སྐུ་ཚེ་རིང་བར་ཤོག་ཤིག་ཅེས་བསྟོད་དེ་སྨྲས་པ། ལྷ་བདག་ཅག་མུ་གེའི་འཇིགས་པ་འདི་ལས་ཡོངས་སུ་སྐྱོབ་ཅིང་། སྲོག་སྩལ་དུ་གསོལ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་མཛོད་པ་ལ་ བོས་ཏེ། ཀྭ་ཡེ་མཛོད་པ་མཛོད་ན་ཟས་དང་སྐོམ་བདག་ཅག་དང་སྐྱེ་བོའི་ཚོགས་འདི་རྣམས་ཀྱི་ཆོག་པར་ཡོད་དམ་ཞེས་བྱས་སོ། །དེ་ཐོས་ནས་མཛོད་སྲུངས་ན་རེ་བརྩིས་ཏེ་ལྷ་ལ་གསོལ་བར་འཚལ་ལོ་ཞེས་བྱས་སོ། །དེ་ནས་རྩིས་མཁས་པ་རྣམས་ཀྱིས་བརྩིས་ན། འདི་སྲིད་ཅིག་གི་བར་ དུ་ཡུལ་ན་འཁོད་པ་ཐམས་ཅད་ནི་ཉིན་གཅིག་བཞིན་ཁམ་རེ་རེ་འཚལ་ལ། རྒྱལ་པོ་ནི་ཞལ་ཁམ་གཉིས་གཉིས་གསོལ་བ་མཆིས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་སྐྱེ་བོའི་ཚོགས་རྣམས་ལ་བོས་ཏེ་བསྒོ་བ། འོ་ན་ཁྱེད་ཉིན་གཅིག་བཞིན་དུ་རྒྱལ་པོའི་ཕོ་བྲང་དུ་ཤོག་ལ། ཁམ་རེ་རེ་ཟོས་ ནས་དེངས་ཤིག་ཅེས་བྱས་སོ། །དེ་ནས་དེ་དག་ཉིན་གཅིག་བཞིན་དུ་ལྷགས་ཏེ། མི་རེས་ཁམ་རེ་ཟོས་ནས་གར་དགའ་བར་འདོང་བར་བྱེད་དོ། །དེ་ནས་བྲམ་ཟེ་གཞན་ཞིག་རྩིས་དེའི་ནང་དུ་མ་ཞེན་ཏེ། གཞན་ལས་གཏམ་ཐོས་ནས་རྒྱལ་པོ་ལ་སྨྲས་པ། ལྷ་རྩིས་མཛད་པར་ཡུལ་ མིའི་ནང་དུ་བདག་གིས་ཐོས་ཀྱིས་བདག་ལའང་ཁམ་གཅིག་པོ་དེ་སྩོལ་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོས་བདག་ཉིད་ཁམ་གཉིས་ཟ་བ་ལས་ཁམ་གཅིག་བྲམ་ཟེ་ལ་བྱིན་ནས། ཁམ་གཅིག་ནི་ཡུལ་མི་དང་ཐང་མཉམ་པར་ཟ་བར་བྱེད་དོ། །ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ ཤེས་པའི་མཐོང་བ་འཇུག་སྟེ། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ཡུལ་བཱ་རཱ་ཎ་སཱི་ན། རྒྱལ་པོ་བྱེད་པ་དེ་ནི་ཤིན་ཏུ་དཀའ་བ་བྱེད་ཅིང་འདུག་གིས་དེ་བདག་གིས་བགམ་པར་བྱའོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བདག་ཉིད་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ཏེ། གྲོ་ལ་བབ་པའི་ཚེ། རྒྱལ་པོའི་ཐད་དུ་སོང་ནས་རྒྱལ་བར་གྱུར་ཅིག་སྐུ་ཚེ་རིང་བར་ཤོག་ཤིག་ཅེས་བསྟོད་ནས་སྨྲས་པ། ལྷ་བདག་བཀྲེས་ཀྱིས་ལྷ་ཉིད་ཀྱི་ཞལ་ཁམ་གཅིག་པོ་དེས་བདག་ལ་ཕན་གདགས་པར་གསོལ། དེ་ནས་རྒྱལ་པོས་རང་གི་སྲོག་ཡོངས་སུ་གཏང་བར་ཆད་ནས། སྙིང་རྗེས་བདག་ གི་ཁམ་གཅིག་པོ་དེ་བྲམ་ཟེ་ལ་བྱིན་ནས་སྨྱུང་བར་འདུག་སྟེ། དེ་ལྟ་བུའི་ཚུལ་གྱིས་ཞག་དྲུག་གི་བར་དུ་ཟན་བཅད་དོ། །འོན་ཀྱང་སྐྱེ་བོ་ཕལ་པོ་ཆེ་དེ་དག་ཟན་ཟ་བ་མཐོང་ནས་མཆོག་ཏུ་དགའ་བར་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་དེ་ཤིན་ཏུ་དཀའ་བ་བྱེད་པ་མཐོང་ ནས་བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་འདུག་ནས་རྒྱལ་པོ་ལ་བསྟོད་པ། རྒྱལ་པོ་ཆེན་པོ་ལེགས་སོ། །མ་ཉེས་སོ་ཁྱེད་དཀའ་བ་ལ་ཞུགས་པ་འདིས་བདག་དགའ་བར་གྱུར་ཏོ། །སྐྱེ་དགུ་སྐྱོང་བ་འདི་ལྟ་བུ་ཡོད་པ་ལས་ན་སྐྱེ་བོའི་ ཚོགས་འདི་དག་ནི་མགོན་ཡོད་པ་ཡིན་ནོ། །ད་ས་བོན་ཐམས་ཅད་ཐོབ་ཅིག་ཅེས་ཡུལ་ཕྱོགས་སུ་བསྒོ་ཤིག་དང་བདག་གིས་ཞག་བདུན་ན། གང་གིས་འབྲུ་རྣམས་རྒྱལ་བར་འགྱུར་བ་དེ་ལྟ་བུའི་དབང་ཆེན་གྱི་ཆར་དབབ་པར་བྱའོ་ཞེས་བྱས་སོ། །རྒྱལ་པོས་ཀྱང་དེ་བཞིན་དུ་བྱེད་དུ་ བཅུག་གོ། །བརྒྱ་བྱིན་གྱིས་ཀྱང་དེ་ལྟ་བུའི་དབང་ཆེན་གྱི་ཆར་ཕབ་སྟེ། དེས་ན་མུ་གེ་དེ་བཟློག་སྟེ་ལོ་ལེགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ ནི་ང་ཡིན་དེ། ངས་དེ་ལྟ་བུའི་མུ་གེ་བྱུང་ན་ཡང་རང་གི་སྲོག་ཡོངས་སུ་བཏང་སྟེ་དེ་ལྟ་བུའི་སྦྱིན་པ་དག་བྱིན་ནོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྦྱིན་པ་དག་སྦྱིན་ནོ། །བསོད་ནམས་དག་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆོས་སྐྱོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་ འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་ བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་ སྙུན་གསོས་དང་སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །གང་གི་ཚེ་མི་བླུན་པོ་ལྷས་སྦྱིན་གྱིས། བཅོམ་ལྡན་འདས་བགྲོངས་པའི་ཕྱིར། གླང་པོ་ཆེ་ནོར་སྐྱོང་ཡང་བཏང་། དུག་ གི་ཕྱེ་མས་ཀྱང་གཏོར། གཤེད་མའི་མི་ཡང་བཀྱེ་སྟེ། དེ་བཅོམ་ལྡན་འདས་ལ་ཡུན་རིང་པོ་ནས་གཤེད་མ་དང་དགྲ་དང་མི་མཛའ་བར་གྱུར་ལ། བཅོམ་ལྡན་འདས་ནི་དེ་ལ་བྱམས་པའི་དགོངས་པ་དང་ཕན་པའི་དགོངས་པ་དང་ཐུགས་བརྩེ་བའི་དགོངས་པ་ཉེ་བར་གནས་པར་གྱུར་པ་དེའི་ཚེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་འདི་ལྟར་ལྷ་སྦྱིན་འདི་ནི་བཅོམ་ལྡན་འདས་བགྲོངས་པའི་སླད་དུ་བརྩོན་པར་བགྱིད་ལ། བཅོམ་ལྡན་འདས་ནི་འདི་ལ་བྱམས་པའི་དགོངས་པ་དང་ཕན་པའི་དགོངས་པ་དང་ཐུགས་བརྩེ་བའི་དགོངས་པས་ཉེ་བར་གནས་པ་ ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་ བཅས་པ། གཏི་མུག་དང་བཅས་པ་ན། ན་སོ་གཞོན་པའི་ཚེ་གསོད་དུ་འོངས་པ་ན་ཡང་། ངས་འདི་ལ་སེམས་སྡང་བ་མ་བྱས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་ པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་ཡོངས་སུ་གང་བ་དང་། འཐབ་པ་དང་། རྩོད་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་བདག་ལ་ཕན་པ་དང་གཞན་ ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ་ཞིག་སྟེ་གཏོང་བ་ཆེན་པོ་ལ་གནས་སོ། །རྒྱལ་པོ་དེ་ལ་བཙུན་མོ་བློ་ངན་མ་ཞེས་བྱ་བ་གཏུམ་ ཞིང་ཁྲོ་ལ་གཟུ་ལུམས་ཅན་ཞིག་ཡོད་དེ། བུ་གཅིག་པ་ཆོས་སྐྱོང་ཞེས་བྱ་བ་ཡང་བློ་ངན་མ་དེ་ཉིད་ལས་བཙས་སོ། །གཞོན་ནུ་ཆོས་སྐྱོང་དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཞིག་སྟེ། དེ་ཡང་བཱ་རཱ་ཎ་སཱི་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ན་སྡུག་ཅིང་ཕངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་བྱ་བ་ཡིན་ནོ། །དེ་ནས་དེ་མཁན་པོའི་ཐད་དུ་སོང་ནས་བྱིས་པ་དག་དང་ལྷན་ཅིག་ཏུ་ཡི་གེ་སློབ་བོ། །ཕྱིས་ རེ་ཞིག་ན་རྒྱལ་པོ་དཔྱིད་ཀྱི་དུས་ཀྱི་ཚེ། ཤིང་རྣམས་མེ་ཏོག་རྒྱས་པ་དང་། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་དུ། བཙུན་མོ་དམ་པ་དང་བཅས་པའི་བཙུན་མོའི་འཁོར་གྱིས་ཞབས་ འབྲིང་བྱས་ཏེ་སྐྱེད་མོས་ཚལ་གྱི་སར་སོང་སྟེ། སྐྱེད་མོས་ཚལ་དེ་ན། རྒྱལ་པོ་བཙུན་མོའི་འཁོར་དང་ལྷན་ཅིག་རྩེ་བ་ལས་བཙུན་མོ་བློ་ངན་མ་ཕྲག་དོག་དང་ཁྲོ་བས་ནོན་ཏེ་འཁྲུགས་སོ། །རྒྱལ་པོས་ནི་དེ་ལ་སྐོམ་འཐུངས་པའི་ཕྱེད་བསྐུར་བ་དང་། དེ་འཁྲུགས་པས་རྒྱལ་པོ་ལ་ཕྲིན་སྤྲིང་ བ་གལ་ཏེ་བདག་ཁྱོད་ཀྱིས་འཐུངས་པའི་ཕྱེད་འཐུང་བར་གྱུར་ན། བདག་བུའི་ཁྲག་འཐུང་བར་གྱུར་ཅིག་ཅེས་བྱས་སོ། །འདོད་པ་སྟེན་པ་ལ་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་དེ། དེ་ནས་རྒྱལ་པོ་ཚངས་པས་བྱིན་ཆོས་ཅན་ཡིན་མོད་ཀྱི། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་ པ་མེད་པར་གྱུར་ནས། བཙུན་མོའི་འཁོར་གྱིས་ཕེའུ་བཏབ་ཀྱང་ཁྲོ་བའི་མེ་འབར་ཏེ། དེ་ཇེ་ཐུར་ཁྲོས་ནས། ཁྱེད་དེང་ལ་ཁྱེའུ་ཆོས་སྐྱོང་གི་མགུལ་བ་ཆོད་དེ་དེ་ལ་ཁྲག་ལུད་ཅིག་ཅེས་བསྒོའོ། །དེ་ནས་ཁྱེའུ་ཆོས་སྐྱོང་བྱིས་པའི་གྲྭ་ཁང་ན་འདུག་པས་ཐོས་ནས། ངུས་ཏེ་འདི་སྐད་ དུ་འཁོར་བ་ན་སེམས་ཅན་མི་འཐུན་པ་ནི་ཐ་ཆད་ཡིན་ཏེ་འདི་ལྟར་ཁྲོ་བའི་དབང་གིས་རང་གི་ལུས་ལས་བྱུང་བའི་བུ་ཡང་གསོད་པར་བྱེད་དོ་ཞེས་སྨྲས་སོ། །དེ་ནས་ཁྱེའུ་ཆོས་སྐྱོང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ཡབ་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་བ། ཡབ་ཅིག་ཕའོ་ འཚལ་ལ་ནི་བུ་སྡུག་ལ་བདག་གིས་ཀྱང་ནོངས་པ་མ་བགྱིས་ན་བདག་མི་དགུམ་པར་ཅི་གནང་། རྒྱལ་པོས་བཀའ་སྩལ་པ། བུ་སྡུག་གལ་ཏེ་ཁྱོད་ཀྱི་མས་བཟོད་ན་ནི་ངས་ཀྱང་བཟོད་པར་བྱའོ། །དེ་ནས་ཆོས་སྐྱོང་ངུ་ཞིང་མའི་ཐད་དུ་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་ ཏེ། ཡུམ་བཟོད་པ་མཛོད་ལ་བདག་གསོད་དུ་མ་སྩལ་ཅིག །ཅེས་སྨྲས་སོ། །དེ་སྐད་དུ་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ། གཏི་ཞིང་སྨྲ་བའི་ཚིག་ཐོས་ཀྱང་དེས་བཟོད་པ་མ་བྱས་སོ། །དེ་ནས་གཤེད་མ་རྣམས་ཀྱིས་མཚོན་རྣོན་པོས་ཁྱེའུ་ཆོས་སྐྱོང་གི་མགུལ་པ་ བཅད་དེ། བཙུན་མོ་བློ་ངན་མ་ལ་ཁྲག་བླུད་ན་འོན་ཀྱང་བློ་ངན་མ་འགྱོད་པ་ཡང་མེད་དོ། །ཁྱེའུ་ཆོས་སྐྱོང་ནི་ཕ་མ་དང་གཤེད་མ་རྣམས་ལ་སེམས་དགའ་བ་བསྐྱེད་ནས་ཤིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱེའུ་ ཆོས་སྐྱོང་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །བཙུན་མོ་བློ་ངན་མ་ནི་ལྷས་བྱིན་འདི་ཁོ་ན་ཡིན་ཏེ་དེའི་ཚེ་ང་གཤེད་མའི་ལག་ཏུ་སོང་བ་ན་ཡང་འདི་ལ་བྱམས་པའི་སེམས་བསྐྱེད་ལ། ད་ལྟར་ང་ལ་གསད་པར་བརྩོན་པ་ན་ཡང་ང་འདི་ལ་བྱམས་པར་སེམས། ཕན་པར་སེམས། སྙིང་བརྩེ་བར་སེམས་སོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཞི་ལྡན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་དགེ་སློང་དག་འདུས་པ་ཆེན་པོ་གཉིས་སུ་གྱུར་ཏེ། གཅིག་ནི་དབྱར་ཟླ་ འབྲིང་པོ་ལ་དབྱར་གནས་པར་དམ་འཆའོ། །གཅིག་ནི་སྟོན་ཟླ་ཐ་ཆུངས་ཉའི་བར་དུ་དབྱར་གནས་པར་དམ་འཆའ་སྟེ། དེར་དགེ་སློང་དག་ལྷུང་བཟེད་རྣམས་ཁ་དོག་སྒྱུར་བར་བྱེད་ཆོས་གོས་འཁྲུ་ཞིང་བཙོ་བླག་བྱེད་ཚེམ་བུ་རྣམས་འདྲུབ་པར་བྱེད་དོ། །དེ་ནས་རེ་ཞིག་ ན་དགེ་སློང་ཞིག་ཆོས་གོས་འདྲུབ་པར་འདོད་དེ་ཁབ་ཀྱི་མིག་ཏུ་སྐུད་པ་གཞུག་མ་ནུས་ནས་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་སྨྲ་སྟེ། འཇིག་རྟེན་ན་བསོད་ནམས་འདོད་པ་སུ་ཡོད། འཇིག་རྟེན་ན་བསོད་ནམས་འདོད་པ་སུ་ཡོད་ཅེས་ཟེར་རོ། །བཅོམ་ལྡན་འདས་ ཀྱང་དེ་དང་ཐག་མི་རིང་བ་ཞིག་ན་འཆག་ས་ན་འཆག་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་སྣ་ལྟ་བུའི་ཕྱག་བརྐྱང་ནས། གདངས་ཟབ་ཅིང་སྙན་ལ་ཟུར་ཕྱིན་པ་དང་བྱ་ཀ་ལ་པིང་ཀའི་སྐད་ལྟ་བུར་ཡིད་དུ་འོང་བ་རྔ་བོ་ཆེའི་སྒྲ་ལྟར་སྙན་པའི་གསུང་གིས་ བཀའ་སྩལ་པ། དགེ་སློང་ང་ནི་འཇིག་རྟེན་ན་བསོད་ནམས་འདོད་པའོ། །དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་གསུང་ཡན་ལག་ལྔ་དང་ལྡན་པ་ཐོས་ནས་གུས་པར་བསྒྲིམ་པས་ལ་གོར་དུ་བཅོམ་ལྡན་འདས་ཀྱི་ཕྱག་ནས་བཟུང་སྟེ་རང་གི་མགོ་བོ་ལ་བཞག་ནས་སྨྲས་པ། བཅོམ་ལྡན་འདས་ཁྱོད་ཀྱི་ཕྱག་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བསགས་ན། འོན་ཀྱང་ད་དུང་བཅོམ་ལྡན་འདས་འདི་སྐད་དུ་དགེ་སློང་ང་ནི་འཇིག་རྟེན་ན་བསོད་ ནམས་འདོད་པའོ་ཞེས་གསུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ང་ནི་བསོད་ནམས་ཀྱིས་ཆོག་མི་ཤེས་ཏེ། དགེ་སློང་ངས་ནི་བསོད་ནམས་ཀྱི་རོ་མྱོང་བས་ན་དེའི་ཕྱིར་བསོད་ནམས་ཀྱིས་ཆོག་མི་ཤེས་སོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཙོམ་ ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱིས་ཆོག་མི་མཁྱེན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་ བ། ཞེ་སྡང་དང་བྲལ་བ་གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཡེ་ཤེས་དང་ ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པ་འདི་ལྟ་བུ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བའི་ཚེ། ང་བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱིས་ཆོག་མི་ཤེས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོའི་ཕོ་བྲང་ཞི་བའི་ སྒྲ་ཆེན་ཞེས་བྱ་བ་ན། རྒྱལ་པོ་ཞི་ལྡན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་ དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་ བཟང་བ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཐམས་ཅད་སྦྱིན་པ་ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ། །དེ་ནས་ དེ་ནང་པར་སྔར་ལངས་ཏེ་མཆོད་སྦྱིན་གྱི་འདུན་ཁང་དུ་སོང་ནས་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པར་བྱེད་དོ། །སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་པར་བྱེད། གོས་འདོད་པ་རྣམས་ལ་ནི་གོས་སྦྱིན་པར་བྱེད་ཅིང་། ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་ དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་རྣམས་ཡོངས་སུ་གཏོང་བར་བྱེད་དོ། །འོན་ཀྱང་ད་བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱིས་ཆོག་མི་ཤེས་སོ། །དེ་བཙུན་མོའི་འཁོར་དུ་སོང་ནས་བཙུན་མོའི་འཁོར་ལ་ཟས་དང་སྐོམ་སྦྱིན་པར་བྱེད་དོ། །བུ་རྣམས་དང་། བློན་པོ་རྣམས་དང་། དཔའ་ བོ་དང་། རུ་མཆོག་དང་གྲོང་རྡལ་གྱི་མི་རྣམས་དང་། ཡུལ་མི་རྣམས་ལ་ཟས་དང་སྐོམ་སྦྱིན་པར་བྱེད་དོ། །དེ་ནས་རྒྱལ་པོ་ཞི་ལྡན་འདི་སྙམ་དུ་སེམས་ཏེ། བདག་གིས་མི་རྣམས་ནི་ཚིམ་པར་བྱས་ན་སྲོག་ཆགས་ཕྲ་མོ་རྣམས་ལུས་པ་དེ་དག་ཅི་ཞིག་གིས་ཚིམ་པར་བྱ་སྙམ་མོ། །དེས་བདོག་པ་ ཐམས་ཅད་ཡོངས་སུ་བཏང་བས་གོས་ཡ་གཅིག་ཙམ་གྱོན་པར་ཟད་དེ་ལུས་ཉི་ཚེ་ལས་པར་གྱུར་ནས་བསམས་པ། སྲོག་ཆགས་ཕྲ་མོ་རྣམས་ལ་ནི་རང་གི་ལུས་སྦྱིན་པར་བྱའོ་སྙམ་མོ། །དེས་ལུས་བཞོགས་ནས་གང་ན་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་ཡོད་པ་དེར་ལུས་བོར་ཏེ་འདུག་ ནས་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཁྲག་གིས་ཚིམ་པར་བྱས་སོ། །ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་སྟེ་དེ་འདི་སྙམ་དུ་སེམས་ཏེ། ཅི་རྒྱལ་པོ་ཞི་ལྡན་འདི་སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟར་བྱེད་དམ། འོན་ཏེ་སྙིང་རྗེས་བྱེད་ཅིག་གུ་སྙམ་ནས་ བདག་གིས་འདི་བགམ་པར་བྱའོ་སྙམ་མོ། །དེ་ནས་བྱ་རྒོད་སྟང་ཟིལ་བཅག་པའི་འཕྲོ་ལྟ་བུ་དང་སྣག་ཙའི་མདོག་ཅན་ལྟ་བུར་བདག་ཉིད་སྤྲུལ་ཏེ། རྒྱལ་པོ་ཞི་ལྡན་གྱི་ཐད་དུ་སོང་ནས་མཆུས་མིག་བྲུ་བར་གཟས་ན་ཡང་རྒྱལ་པོ་དེ་སྐྲག་པར་ནི་མ་གྱུར་གྱི། བྱམས་པའི་མིག་ཆེན་པོས་ བྱ་རྒོད་དེ་ལ་བལྟས་ནས་སྨྲས་པ། བུ་ངའི་ལུས་ལས་གང་འདོད་པ་ལས་ཅི་དགའ་མགུར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དགའ་བར་གྱུར་ཏེ། བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ནས་རྒྱལ་པོ་ཞི་ལྡན་གྱི་མདུན་དུ་བགྲེང་སྟེ་སྨྲས་པ། རྒྱལ་པོ་ལེགས་ཀྱིས་ཁྱོད་ཀྱི་ མིག་གཉིས་ང་ལ་བྱིན་ཅིག་རྒྱལ་པོས་སྨྲས་པ། ཀྱེ་བྲམ་ཟེ་ངའི་ལུས་འདི་ལ་འགོག་པ་སུ་ཡང་མེད་ཀྱིས་ཅི་འདོད་པ་ཁྱེར་ཅིག་ཅེས་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷག་པར་དགའ་བར་གྱུར་ནས་བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་འདུག་ནས་རྒྱལ་ པོ་ལ་སྤྲོ་བ་བསྐྱེད་དེ་སྨྲས་པ། ཀྱེ་རྒྱལ་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་བློ་ཤིན་ཏུ་ངེས་ས་ཁྱོད་ཀྱི་སྨོན་ལམ་བསྐྱོད་དུ་མེད་དོ། །སེམས་ཅན་རྣམས་ལ་ཁྱོད་ཀྱི་སྙིང་རྗེ་ཆེན་པོའི་རྒྱུན་འབབ་པར་གྱུར་ཏོ། །ཁྱོད་འཇིགས་པར་བྱ་བའི་ཆོས་རྣམས་ལ་འདི་ལྟར་འཇིགས་པ་མེད་པ་ ལས་ན་ཁྱོད་རིང་པོ་མི་ཐོགས་པར་བརྩོན་པ་འདིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཞི་ ལྡན་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། དེའི་ཚེ་ཡང་ང་བསོད་ནམས་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཆོག་མ་ཤེས་ན་ད་ལྟར་ལྟ་ཅི་སྨོས། དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྦྱིན་པ་དག་སྦྱིན་ནོ། །བསོད་ནམས་དག་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་ བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གཟུགས་བཟང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་ རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་བཤད་དོ། །འཁོར་བརྒྱ་ཕྲག་དུ་མས་ཀྱང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལ་ཆོས་རོ་དང་ལྡན་ནོ་ཅོག་མཉན་པ་དེའི་ཚེ་དགེ་སློང་དག་ཐེ་ ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སེམས་ཅན་འདི་རྣམས་ཆོས་རིན་པོ་ཆེའི་སྣོད་དུ་ཡང་གྱུར་ཏེ། གུས་པར་མཉན་པར་སེམས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་ གཤེགས་པས་ཇི་ལྟར་གུས་པ་བསྐྱེད་དེ་ཆོས་མཉན་པ་དང་བཟུང་བ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་གཟུགས་བཟང་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ་དེའི་རིང་ལ་འབྱོར་པ་ དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། འཐབ་པ་དང་། རྩོད་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ། །དེ་ནས་རྒྱལ་པོ་དེ་ལ་བཙུན་མོ་མཛེས་ལྡན་མ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་ཉིང་ ལག་ཐམས་ཅད་དང་ལྡན་པ་ཞིག་ཡོད་དོ། །བུ་གཅིག་པ་མཛེས་ལྡན་ཞེས་བྱ་བ་སྡུག་ཅིང་ཕོངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ། བཟོད་པ་དང་ལྡན་པ། མི་འཐུན་པ་མེད་པ་ཞིག་ཀྱང་ཡོད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་གཟུགས་བཟང་ཆོས་འདོད་པར་གྱུར་ནས་དེས་བློན་པོ་ཐམས་ ཅད་བསོགས་ཏེ་སྨྲས་པ། ཡུལ་གྱི་གཙོ་བོ་དག་ང་ཆོས་འདོད་ཀྱིས་ངའི་ཆོས་ཚོལ་ཅིག་ཅེས་བསྒོའོ། །དེ་ནས་བློན་པོ་དེ་དག་གིས་ཐལ་མོ་སྦྱར་ཏེ་གསོལ་པ། རྒྱལ་པོ་ཆེན་པོ་ཆོས་ནི་དཀོན་ཏེ་སངས་རྒྱས་འཇིག་རྟེན་དུ་བྱུང་ན་གདོད་ཆོས་འབྱུང་ངོ་ཞེས་གདའོ། །དེ་ནས་རྒྱལ་པོས་གསེར་འབུམ་ ཡོད་པའི་སྣོད་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ནས་ངའི་ཡུལ་ན་ཆོས་སྨྲ་བ་གང་ཡིན་པ་དེ་ལ་གསེར་འབུམ་ཡོད་པའི་སྣོད་འདི་སྦྱིན་ནོ། །བཀུར་སྟི་ཆེན་པོས་ཀྱང་བཀུར་ཞིང་བསྟོད་པར་བྱའོ་ཞེས་ཀྱང་བྱས་སོ། །དེ་ནས་ཡུན་རིང་པོ་ཞིག་ལོན་ཀྱང་ཆོས་སྨྲ་བ་ སུ་ཡང་མི་སྣང་ངོ་། །དེ་ནས་རྒྱལ་པོ་ཆོས་ཀྱི་ཕྱིར་གདུང་ཞིང་ཡི་ཆད་དོ། །ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་སྟེ། དེས་རྒྱལ་པོ་ཆོས་ཀྱི་ཕྱིར་ཕོངས་ཤིང་འདུག་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་པོ་གཟུགས་བཟང་བགམ་པར་བྱའོ་སྙམ་མོ། ། དེ་ནས་བདག་ཉིད་གནོད་སྦྱིན་རྐང་ལག་དང་མིག་མི་སྡུག་པ་ཞིག་ཏུ་སྤྲུལ་ནས། རྒྱལ་པོ་འཁོར་དུ་མའི་ནང་ན་འདུག་པ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱོད་ཆོས་འདོད་ཅེ་ན། ངས་ཁྱོད་ལ་ཆོས་བསྟན་ཏོ། །དེ་ནས་རྒྱལ་པོས་ཆོས་ཀྱི་སྒྲ་ཐོས་པས་དགའ་ཞིང་མཆོག་ ཏུ་དགའ་བ་སྐྱེས་ནས་གནོད་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པ་ཆོས་སྨྲོས་ཤིག་ངས་མཉན་པར་བྱའོ། །གནོད་སྦྱིན་གྱིས་སྨྲས་པ། ཀྱེ་མ་རྒྱལ་པོ་ཆེན་པོ་བདེ་ཞིང་འཁོད་པ་ནི་ཆོས་སྨྲ་བར་བྱེད་ཀྱི་ང་ནི་བཀྲེས་ཀྱིས་ཇེ་ཟན་བྱིན་ཅིག །དེ་ནས་རྒྱལ་པོས་དེ་ཐོས་ནས། ཞོ་ཤས་ འཚོ་བ་རྣམས་ལ་འདིའི་བཟའ་བ་དང་བཅའ་བའི་རྣམ་པ་དག་འོན་ཅིག་ཅེས་བསྒོའོ། །གནོད་སྦྱིན་གྱིས་སྨྲས་པ། ང་ནི་འཕྲལ་ལ་བསད་པའི་ཤ་དང་ཁྲག་ཟ་ཞིང་འཐུང་བ་ཡིན་གྱིས་བུ་གཅིག་པ་མཛེས་ལྡན་འདི་ང་ལ་བྱིན་ཅིག །དེ་ནས་རྒྱལ་པོས་དེ་ཐོས་ནས་མཆོག་ཏུ་མི་དགའ་བར་ གྱུར་ཏེ། བརྒྱ་ལམ་ན་ལན་ཅིག་དེང་ལྟ་ཞིག་ཆོས་ཀྱི་སྒྲ་དང་ཕྲད་ན་དེ་ཡང་རིན་ཐང་གདབ་ཏུ་མེད་པས་ཉོ་དགོས་སོ་སྙམ་མོ། །དེ་ནས་གཞོན་ནུ་མཛེས་ལྡན་གྱིས་དེ་ཐོས་ནས་ཡབ་ཀྱི་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། ལྷ་བཟོད་པ་མཛད་དེ་ལྷའི་དགོངས་པ་རྫོགས་པར་མཛད་ལ་ བདག་གསང་བ་པའི་ཟས་སུ་སྩལ་བར་གསོལ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་བུ་གཅིག་པ་སྡུག་ཅིང་ཕངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་བཟོད་པ་དང་ལྡན་པ་མི་འཐུན་པ་མེད་པ་དེ་ཆོས་ཀྱི་དོན་དུ་གནོད་སྦྱིན་ལ་བྱིན་ནོ། །དེ་ནས་གནོད་སྦྱིན་གྱིས་རང་གི་རྫུ་འཕྲུལ་གྱི་སྟོབས་ ཀྱིས་རྒྱལ་པོ་དང་འཁོར་རྣམས་ལ་ཁྱེའུའི་ཡན་ལག་དང་ཉིང་ལག་རྣམས་སོ་སོར་བཅད་ཅིང་བཅད་ཅིང་ཟོས་པ་དང་ཁྲག་ཀྱང་འཐུངས་པར་བསྟན་ཏོ། །རྒྱལ་པོ་དེས་མཐོང་ན་ཆོས་འདོད་པའི་ཕྱིར་མི་དགའ་བར་མ་གྱུར་ཏོ། །དེ་ནས་གནོད་སྦྱིན་གྱིས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ང་མ་ འགྲངས་ཀྱིས་ཡང་བྱིན་ཅིག་ཅེས་བྱས་སོ། །རྒྱལ་པོས་དེ་ལ་སྙིང་དུ་སྡུག་པའི་ཆུང་མ་ཡང་བྱིན་ནོ། །དེ་ནས་དེ་ཡང་ཐབས་དེ་ཁོ་ན་ལྟར་ཟོས་པར་བསྟན་ཏོ། །དེ་ནས་ཡང་རྒྱལ་པོ་ལ་སྨྲས་པ། ཀྱེ་རྒྱལ་པོ་ང་ད་དུང་མ་འགྲངས་སོ། །དེ་ནས་རྒྱལ་པོས་གནོད་སྦྱིན་ལ་སྨྲས་པ། བུ་ངས་ བུ་གཅིག་པ་དང་སྡུག་པའི་ཆུང་མ་ཡང་བྱིན་ཟིན་ན་ཡང་ཅི་འདོད། གནོད་སྦྱིན་གྱིས་སྨྲས་པ། རང་གི་ལུས་ང་ལ་བྱིན་ཅིག་དང་དེས་ན་ང་འགྲངས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། གལ་ཏེ་རང་གི་ལུས་ཁྱོད་ལ་བྱིན་ན་ངས་ཇི་ལྟར་ཆོས་མཉན་གྱིས། སྔར་ང་ལ་ཆོས་ཇེ་སྟོན་དང་ ངས་ཆོས་ཐོས་པའི་འོག་ཏུ་རང་གི་ལུས་ཡོངས་སུ་གཏང་བར་བྱའོ་ཞེས་བྱས་སོ། །དེ་ནས་གནོད་སྦྱིན་གྱིས་རྒྱལ་པོ་དམ་གྱི་འོག་ཏུ་བཅུག་ནས་འཁོར་བརྒྱ་ཕྲག་དུ་མའི་མདུན་དུ་ཆོས་བསྟན་པ། སྡུག་པ་དག་ལས་མྱ་ངན་སྐྱེ། །སྡུག་པ་དག་ལས་འཇིགས་པ་སྐྱེ། །འཇིགས་པ་དག་ ལས་རྣམ་གྲོལ་རྣམས། །མྱ་ངན་མེད་ན་ག་ལ་འཇིགས། །དེ་ནས་རྒྱལ་པོས་ཚིགས་སུ་བཅད་པ་འདི་ཐོས་མ་ཐག་ཏུ་ཡིད་རབ་ཏུ་སིམ་པར་གྱུར་ཏེ། དབང་པོ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས་གནོད་སྦྱིན་ལ་སྨྲས་པ། གནོད་སྦྱིན་ངའི་ལུས་འདི་ཇི་དགའ་བར་གྱིས་ཤིག་ཅེས་བྱས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྷུན་པོ་བཞིན་དུ་མི་གཡོ་བར་རིག་ནས། གནོད་སྦྱིན་གྱི་གཟུགས་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་འདུག་ནས་དགའ་ཞིང་མདངས་ཕྱུང་བའི་མིག་དང་ལྡན་པས་ལག་པ་ཡ་ གཅིག་གིས་ནི་བུ་བཟུང་ཡ་གཅིག་གིས་ནི་ཆུང་མ་བཟུང་ནས་རྒྱལ་པོ་སྤྲོ་བ་བསྐྱེད་དེ་སྨྲས་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་གོ་ཆ་བརྟན་གྱིས་བརྩོན་པ་འདིས་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ འགྱུར་རོ། །ཁྱོད་ཀྱི་སྡུག་པའི་མི་དང་ཕྲད་པ་ཡང་འདི་ཡིན་ནོ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་བདག་གི་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཟུགས་བཟང་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །གཞོན་ནུ་མཛེས་ལྡན་ནི་ཀུན་དགའ་བོ་ཡིན་ནོ། །མཛེས་ལྡན་མ་ནི་གྲགས་འཛིན་མ་ཡིན་ནོ། །དགེ་སློང་དག་དེའི་ཚེ་ཡང་ངས་ཆོས་ཀྱི་ཕྱིར་གཉེན་སྡུག་ པ་ཡོངས་སུ་གཏོང་བ་དང་རང་གི་སྲོག་ཡོངས་སུ་གཏོང་བ་བྱས་ན་ད་ལྟར་ལྟ་ཅི་སྨོས། དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཆོས་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །ཆོས་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་ པ་བརྗོད་པ་བརྒྱ་པ། བམ་པོ་དགུ་པ། མཛའ་བོའི་བུ་མོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་ རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པ་བྱེད་ པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་ པར་མཆོད་པ་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་ བྱེད་པ་དང་ལེགས་པར་མཆོད་པ་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པ་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མེ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མེ་དང་འདྲ་བའི་ ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་ལེགས་པར་མཆོད་པ་བྱེད་པ་དང་ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་ དང་འདྲ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོའི་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། ། མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང་། །རྐང་པ་དག་ཀྱང་བཀྲུ་བ་དང་། །ཡང་ན་ཟས་དང་སྐོམ་རྣམས་དང་། །གོས་དང་མལ་ཆ་སྟན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། ། དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པར་མི་འགྱུར་ལ། །ཤི་ནའང་མཐོ་རིས་དགའ་བར་འགྱུར། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་འདི་བཀའ་སྩལ་པ་དེའི་ཚེ། དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཕ་མ་ལ་སྲི་ཞུ་ཆེ་བའི་བསྔགས་པ་གསུངས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ ཟིན་པ་ན། ཕ་མ་ལ་སྲི་ཞུ་ཆེ་བའི་བསྔགས་པ་བརྗོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་ང་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་ བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བའི་ཚེ་མ་ལ་གནོད་པ་ཆུང་ངུ་བྱས་པས་ཀྱང་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ལ། བཀུར་སྟི་ཆུང་ངུ་བྱས་པས་ཀྱང་བདེ་བ་ཆེན་པོ་མྱོང་བར་གྱུར་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དེད་དཔོན་མཛའ་བོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་ པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བུ་དག་བྱུང་ཡང་ཤི་བར་གྱུར་ཏེ། དེ་ལག་པ་ལ་རྐོ་མ་ཚུགས་བཅས་ནས་བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་བདག་ལ་བུ་ཡང་མེད་བུ་ མོ་ཡང་མེད་པས་བདག་ཤི་བའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་དེ་ལ་ཁ་ཅིག་གིས་གདམས་ངག་བསྟན་པ། གལ་ཏེ་ཁྱོད་ཀྱི་བུ་བྱུང་བར་གྱུར་ན་དེ་ལ་བུ་མོའི་མིང་ཐོགས་ཤིག་དང་དེ་ལྟར་བྱས་ན་ དེ་ཡུན་རིང་དུ་འཚོ་བར་འགྱུར་རོ་ཞེས་བྱས་སོ། །དེ་བུ་མེད་དེ་བུ་འདོད་པའི་ཕྱིར་གུ་ལང་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་ གྱི