Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
ོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཚོང་དཔོན་འདིས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་འདི་ལྟ་བུའི་
བཀུར་སྟི་བྱས་པ་དང་སྐྱེ་བོ་ཕལ་པོ་ཆེ་དགེ་བ་ལ་བཙུད་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཚོང་དཔོན་འདིས་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་
བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་
རྫོགས་པའི་སངས་རྒྱས་མི་འཇིགས་སྦྱིན་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་

འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་རྫོགས་སྷོ།། །།སྡོམ་ནི། མཉན་པ་དང་ནི་ཀ་བ་ཁྲུས། །ཡམས་ཀྱི་ནད་དང་ཆོ་འཕྲུལ་
དང་། །ལོ་ལྔ་པ་དང་བསྟོད་མཆོག་སྦྱིན། །ཀ་ཤི་ཀ་དང་ལྷ་ཡི་ཟས། །མཉན་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་
དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་
དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་
དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་ཆུ་ཀླུང་ཁང་ལྡན་གྱི་འཇུག་ངོགས་མཉན་པའི་གྲོང་ན་བཞུགས་སོ། །དེ་ནས་མཉན་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་
ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་མཉན་པ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་
གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་མཉན་པ་དེ་དག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་

པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ། ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་བདག་ཅག་གི་དེར་སང་གདུགས་ཚོད་གསོལ་བར་ཅི་གནང་།
གྲུ་ཟམ་ལས་ཀྱང་བསྒྲལ་བར་འཚལ་ལོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་མཉན་པ་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མཉན་པ་དེ་དག་གིས་ཆུ་ཀླུང་ཁང་ལྡན་གྱི་འགྲམ་རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་བྱས་ཏེ་རྒྱལ་མཚན་དང་བ་དན་ནི་
བསྒྲེང་། མེ་ཏོག་སྣ་ཚོགས་ནི་གཏོར། སྤོས་ཀྱི་སྣོད་དག་གི་ནང་ནས་ནི་བདུག་པ་གསོལ། ཞལ་ཟས་བཟང་པོ་ནི་བཤམས། མེ་ཏོག་མང་པོ་ནི་སྟ་གོན་བྱས་སོ། །གྲུ་ཟམ་གྱི་སྟེང་ཡང་མེ་ཏོག་གི་ཁང་པ་དག་གིས་བརྒྱན་ནས། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་
ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་
གྱིས་མདུན་དུ་བདར་ནས། མཉན་པའི་གྲོང་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་མཉན་པ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་
ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་བཤོས་གསོལ་
ཟིན་ཏེ་བསྩང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས། སྟན་ཆེས་དམའ་བ་དག་ཁྱེར་ཏེ་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཉན་པ་དེ་དག་གི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་

བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་པས་མཉན་པ་དུ་མས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་
ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་
ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པ་ལ་བཀོད་དོ། །དེ་ནས་མཉན་པ་དེ་དག་གིས་བཅོམ་ལྡན་འདས་དགེ་
སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཀུར་སྟི་ཆེན་པོ་དང་ལྡན་པས་གྲུ་ཟམ་ལས་བསྒྲལ་ཏོ། །དགེ་སློང་དག་ཀྱང་སངས་རྒྱས་ཀྱི་མཆོད་པ་མཐོང་བས་སེམས་དགའ་བར་གྱུར་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་འདི་དག་གང་
དུ་མཛད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་ཏེ།
དེས་ན་དེ་བཞིན་གཤེགས་པ་ལ་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག་ཁྱེད་ཉན་པར་འདོད་དམ། བཅོམ་ལྡན་འདས་ཉན་པར་འཚལ་ལགས་སོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤིང་རྟ་སྐལ་ལྡན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་དགྲ་བཅོམ་པ་དྲུག་ཁྲི་

ཉིས་སྟོང་གིས་ཞབས་འབྲིང་བྱས་ཏེ། ལྗོངས་རྒྱུ་ཞིང་གཤེགས་པ་ལས་གང་གཱའི་འགྲམ་དུ་བྱོན་ནས། དེའི་ཚེ་དེད་དཔོན་ཞིག་འཁོར་བརྒྱ་ཕྲག་དུ་མ་དང་གང་གཱའི་ཀླུང་ལས་འགྲོན་པོ་དག་སྒྲོལ་ཞིང་འདུག་གོ། །ཕྱོགས་དེ་ན་ཆོམ་རྐུན་གྱི་འཇིགས་པ་ཆེན་པོ་ཡང་ཡོད་དོ། །དེ་ནས་
དེད་དཔོན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞམ་རིང་བྱས་པ་མཐོང་ངོ་། །མཐོང་ནས་ཀྱང་སེམས་དགའ་བར་གྱུར་ཏེ། སེམས་དགའ་བར་གྱུར་ནས་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་ཐོག་མ་ཁོ་ནར་བཅོམ་
ལྡན་འདས་བསྒྲལ་བར་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་གྱིས་ཀྱང་དེད་དཔོན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དེད་དཔོན་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞམ་རིང་བྱས་
པ་འབྱོར་པ་ཆེན་པོ་དང་ལྡན་པས་གྲུ་ཟམ་ལས་བསྒྲལ་ཏེ་ཞལ་ཟས་བཟང་པོས་ཀྱང་ཚིམ་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ན། དེད་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ་ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞབས་འབྲིང་བྱས་པ། གྲུ་ཟམ་ལས་བསྒྲལ་བ་དང་། ཞལ་ཟས་བཟང་པོས་ཚིམ་པར་བྱས་པ་དང་། སྨོན་ལམ་བཏབ་པའི་
ལས་དེའི་རྣམ་པར་སྨིན་པས་ངས་འཁོར་བ་ན་བདེ་བ་ཆེན་པོ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་། འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ།
སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས། བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་

བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཀ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་
བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་
མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་
དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཀུ་རུའི་ལྗོངས་རྒྱུ་ཞིང་གཤེགས་པ་ལས་ཀུ་རུའི་གྲོང་ཁྱེར་དུ་བྱོན་ཏེ། ཀུ་རུའི་སྐྱེ་བོའི་ཚོགས་དེ་དག་ཀྱང་སངས་རྒྱས་ཀྱིས་གདུལ་བར་འགྱུར་བར་
སེམས་རྒྱ་ཆེན་པོ་དང་ལྡན་པ། སྦྱིན་པ་ལ་སྲེད་པ་ཤ་སྟག་གོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངས་ལྷའི་དབང་པོ་བརྒྱ་བྱིན་ལྷའི་འཁོར་གྱིས་བསྐོར་བ་དགུག་གོ། །འོན་ཀྱང་དེ་མཐོང་བས་འདི་རྣམས་ཀྱི་དགེ་བ་འཕེལ་བར་འགྱུར་རོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་ལྷའི་ཚོགས་ཀྱིས་གཡོག་བྱས་པས། ཙན་དན་ས་མཆོག་པའི་ཀ་བ་ཁྱེར་ཏེ། འོངས་ན་ལེགས་སོ་སྙམ་དུ་དགོངས་ནས། དགོངས་པ་བསྐྱེད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་ལྷའི་ཚོགས་ཀྱིས་གཡོག་
བྱས་པ། གང་ན་ལས་ཐམས་ཅད་པ་དང་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། གྲུལ་བུམ་དུ་མས་གཡོག་བྱས་པ་དག་ལྷགས་ཏེ་ཙན་དན་ས་མཆོག་པའི་ཀ་བ་ཁྱེར་ཏེ་འོངས་ནས། ཧ་ཧ་ཞེས་ཅ་ཅོ་དང་ག་ཞ་བཏོན་ཏེ་སྐད་ཆེན་པོ་ཕྱུང་ནས། བཅོམ་

ལྡན་འདས་ཀྱི་ཕྱིར་ཙན་དན་ས་མཆོག་པའི་ཁང་བཟངས་ལེགས་པར་བྱས་སོ། །དེ་ནས་ཁང་བཟངས་དེར་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ། ལྷའི་ཞལ་ཟས་དང་། ལྷའི་གཟིམས་ཆ་དང་། གདན་དང་། ལྷའི་སྤོས་དང་། མེ་
ཏོག་ཕྲེང་བ་དག་གིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་སོ། །དེ་ནས་ཀུ་རུའི་སྐྱེ་བོའི་ཚོགས་རྣམས་ཀྱིས་ལྷའི་འབྱོར་པ་དེ་དག་མཐོང་བ་དང་། མཆོག་ཏུ་ཡ་མཚན་དུ་གྱུར་ནས་འདི་སྙམ་དུ་སེམས་ཏེ། འདི་ལྟར་བཅོམ་ལྡན་འདས་ལ་དབང་པོ་དང་བཅས་
པའི་ལྷ་རྣམས་ཀྱིས་མཆོད་པ་ལས་ན། འཇིག་རྟེན་ན་མཆོག་ཡིན་པ་ལྟ་སྙམ་སྟེ། སེམས་འདུན་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། ཀུ་རུའི་
སྐྱེ་བོའི་ཚོགས་རྣམས་ཁང་བཟངས་དེ་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁང་བཟངས་དེ་མི་སྣང་བར་མཛད་ནས། མི་རྟག་པ་ཉིད་དང་ལྡན་པའི་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཀུ་རུའི་མི་རྣམས་
ལས་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །
ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང་།
ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པ་ལ་བཀོད་དོ། །དགེ་སློང་རྣམས་ཀྱང་སངས་རྒྱས་ཀྱི་མཆོད་པ་མཐོང་བས་སེམས་དགའ་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་འདི་དག་གང་དུ་མཛད་ལགས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ། གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་ཏེ། དེས་ན་དེ་བཞིན་
གཤེགས་པ་ལ་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག་ཁྱེད་ཉན་པར་འདོད་དམ། བཅོམ་ལྡན་འདས་ཉན་པར་འཚལ་ལགས་སོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་
པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཚངས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་དགྲ་བཅོམ་པ་དྲུག་
ཁྲི་ཉིས་སྟོང་གིས་ཞབས་འབྲིང་བྱས་ཏེ། ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞབས་འབྲིང་བྱས་པ་
ལྗོངས་རྒྱུ་ཞིང་གཤེགས་པ་ལས། བདག་གི་ཡུལ་དུ་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་
པའི་སངས་རྒྱས་ཚངས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་འཐོབ་པར་བྱེད་པའི་ཆོས་རྣམས་ལ་ཡང་དག་པར་
བཙུད་དོ། །དེ་ནས་རྒྱལ་པོ་དེ་དགའ་བར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བདག་གིས་ན་བཟའ་དང་

ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་རྒྱལ་པོའི་ཕོ་བྲང་འཁོར་འདིར་ཟླ་བ་གསུམ་གྱི་བར་དུ་བཞུགས་པར་ཅི་གནང་། དེ་ནས་
ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པས་རྒྱལ་པོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས། བཅོམ་ལྡན་འདས་ཀྱི་ཕྱིར་ཙན་དན་ས་མཆོག་པའི་ཁང་བཟངས་བྱེད་དུ་བཅུག་གོ། །དེས་དེ་ལ་ན་བཟའ་དང་རྒྱན་རྣམ་པ་སྣ་
ཚོགས་ཀྱིས་བརྒྱན་ནས། མེ་ཏོག་སྣ་ཚོགས་ཀྱིས་ནི་གཏོར། པོག་ཕོར་དག་གིས་ནི་བདུགས་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ནས། ཟླ་བ་གསུམ་གྱི་བར་དུ་ཞལ་ཟས་བཟང་པོས་ཚིམ་པར་བྱས་ཏེ། ན་བཟའི་ཁྱད་པར་རྣམ་པ་སྣ་ཚོགས་ཕུལ་ནས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་
རྫོགས་པའི་སངས་རྒྱས་ཚངས་པ་ལ་དེ་ལྟ་བུའི་མཆོད་པ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ན། ངས་འཁོར་བ་ན་བདེ་བ་ཆེན་པོ་མཐའ་ཡས་པ་ཉམས་སུ་མྱོང་ལ་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ན་ཡང་འདི་ལྟ་བུའི་མཆོད་པ་བྱས་སོ། །
དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་
བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཞི་པ། ཁྲུས་ཞེས་བྱ་བ་ནི། སངས་

རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་
མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་
དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་
བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་པ་ལྔ་བརྒྱ་ཙམ་དགོན་པའི་ལམ་དུ་ཞུགས་པ་ལས་དེ་དག་ལམ་སྟོར་ནས། བྱེ་ལྟོངས་ཤིག་ཏུ་ཕྱིན་ཏེ། དེ་དག་
ལམ་གྱི་ངལ་བས་དཀོས་ཐག་ཅིང་རྒྱགས་ཟད་ལ། ཉི་མའི་གུང་ལ་ཉི་ཚན་གྱིས་གདུངས་ནས། ཉ་སྐམ་ལ་བཏོན་པ་བཞིན་དུ་ས་ལ་འགྲེ་ལྡོག་སྟེ་སྡུག་བསྔལ་དྲག་པ་དང་། མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བས། གུ་ལང་དང་། ཆུ་ལྷ་དང་། ཀུ་
བེ་ར་དང་། བརྒྱ་བྱིན་ལ་སོགས་པ་ལྷ་སྟོང་སྙེད་ལ་སོ་སོར་གསོལ་བ་འདེབས་ཀྱང་དེ་ལས་སྐྱོབ་པར་ནུས་པ་མེད་དོ། །དེའི་ནང་ན་དགེ་བསྙེན་སངས་རྒྱས་ཀྱི་བསྟན་པའི་རྒྱུས་ཤེས་པ་ཞིག་ཡོད་དེ། དེས་ཚོང་པ་དེ་དག་ལ་སྨྲས་པ། ཁྱེད་སངས་རྒྱས་ལ་སྐྱབས་སུ་སོང་ཤིག །དེ་ནས་
ཐམས་ཅད་ཀྱིས་སྐད་སྡོམས་ཏེ་སྐྱབས་སུ་སོང་ངོ་། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་

འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་
བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་
སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་
ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་དུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་
གསུམ་མཚན་དུས་གསུམ་དུ། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ་སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ།
སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་
ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །འདིར་སྨྲས་པ།

རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་རེ་ཞིག་ན། བཅོམ་ལྡན་འདས་ཀྱིས་ཚོང་པ་མང་པོ་ཕོངས་ཤིང་ཉམ་ང་བར་གྱུར་པ་གཟིགས་
སོ། །དེ་ནས་མིག་གིས་ཅེར་ཞེས་ལྟས་པ་ཙམ་གྱི་ཡུན་གྱིས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ནས། ཕྱོགས་དེར་གཤེགས་སོ། །ཚོང་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་
པ་མཐོང་ངོ་། །མཐོང་ནས་ཀྱང་སྐད་པོ་ཆེ་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དབང་ཆེན་གྱི་ཆར་ཕབ་ལ། སེར་བུ་བསིལ་བ་ཡང་བཏང་ན་ལེགས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་
འདས་ཀྱིས་དགོངས་པ་བསྐྱེད་པའི་མོད་ལ། བརྒྱ་བྱིན་གྱིས་དབང་ཆེན་གྱི་ཆར་ཡང་ཕབ། སེར་བུའི་བསིལ་བ་ཡང་བཏང་སྟེ་དེས་ན་ཚོང་པ་དེ་དག་མི་སྐོམ་པར་གྱུར་ལ། ཚ་བས་གདུངས་པ་ཡང་ཞི་བར་གྱུར་ཏོ། །དེ་ནས་ཚོང་པ་དེ་དག་སེམས་རྟས་ནས། བཅོམ་ལྡན་
འདས་ཀྱིས་དེ་དག་ལ་ལམ་ཡང་བསྟན་ཏེ། དེས་ན་མཉན་དུ་ཡོད་པར་ཕྱིན་ཏོ། །དེ་ནས་དེ་དག་ངལ་བས་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ཐོས་ནས་ཁ་ཅིག་གིས་
ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་
ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་

འབབ་པ་དང་དགེ་འདུན་ལ་བབ་པ་ལ་བཀོད་དོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ནས། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚོང་པ་འདི་དག་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགོན་པའི་ཤུལ་ནས་བསྐྱབས་པ་དང་། དགོངས་
པ་བསྐྱེད་པའི་མོད་ལ་དབང་ཆེན་གྱི་ཆར་ཕབ་སྟེ། སེར་བུ་བསིལ་བ་ཡང་ལངས་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་
རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་
ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་
འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཙན་དན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་
སངས་རྒྱས་ཙན་དན་ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་གྱི་

ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་འཐོབ་པར་བྱེད་པའི་ཆོས་རྣམས་ལ་ཡང་དག་པར་བཙུད་དོ། །དེ་ནས་
རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཡང་དག་པར་
རྫོགས་པའི་སངས་རྒྱས་ཙན་དན་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་རྒྱལ་པོའི་ཕོ་བྲང་འཁོར་འདིར་ཟླ་བ་གསུམ་གྱི་བར་དུ་བཞུགས་པར་ཅི་གནང་། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་གྱིས་རྒྱལ་པོ་དེ་ལ་
ཅང་མི་གསུང་བས་གནང་ངོ་། །དེའི་ཚེ་ཐན་ཆེན་བྱུང་ནས་དེས་ཆུ་ཀླུང་དང་ཁྲོན་པ་རྣམས་ཆུ་ཆུང་བར་གྱུར་ལ། ཤིང་རྣམས་ཀྱང་མེ་ཏོག་དང་འབྲས་བུ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་
འདས་གྲོང་ཁྱེར་འདིའི་ནང་དུ་རྫིང་སྤོས་ཆབ་ཀྱིས་བལྟམས་པ་བགྱིད་དུ་སྩོལ་བར་འཚལ་ན། དེར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་མཛད་པར་གསོལ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཁྲུས་མཛད་ན། བདག་གི་ཡུལ་འདིར་དགུང་ཆར་དབབ་ཏུ་གློ་བ་
རེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་གྱིས། རྒྱལ་པོ་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས། བློན་པོ་རྣམས་ལ་ཁྱེད་ཀྱིས་སྤོས་ཆབ་དང་རིན་པོ་ཆེའི་
བུམ་པ་དག་སྟ་གོན་གྱིས་ཤིག་དང་། དེ་དག་གིས་ངས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་གསོལ་བར་བྱའོ་ཞེས་བསྒོའོ། །དེ་ནས་རྒྱལ་པོ་དེས་བློན་པོའི་འཁོར་དང་བཅས་པས་གྲོང་ཁྱེར་དེ་རྡོ་དང་གསེག་མ་དང་གྱོ་མོ་མེད་པར་བྱས་ཏེ། རྒྱལ་མཚན་

དང་བ་དན་ནི་བསྒྲེང་། །མེ་ཏོག་སྣ་ཚོགས་ཀྱིས་ནི་གཏོར། །སྤོས་ཆབ་ཀྱིས་ནི་ཆག་ཆག་བཏབ། །བདུག་པ་སྣ་ཚོགས་ཀྱིས་ནི་བདུགས། །དབུས་སུ་ནི་རྫིང་བྱེད་དུ་བཅུག་གོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་གྱིས་སེམས་ཅན་ལ་ཕན་
གདགས་པའི་ཕྱིར་ཁྲུས་རས་གསོལ་ཏེ། རྫིང་བུའི་ནང་དུ་བཞུགས་སོ། །དེ་ནས་རྒྱལ་པོ་བློན་པོ་འཁོར་དང་བཅས་པས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། སྤོས་སྣ་ཚོགས་ཀྱིས་བསྒོས་པའི་ཆུས་ཁྲུས་གསོལ་
ཏོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་ཁྲུས་མཛད་པའི་མོད་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གང་གིས་ལོ་ཏོག་ཐམས་ཅད་རྒྱལ་བར་འགྱུར་བ་དེ་ལྟ་བུའི་དབང་ཆེན་གྱི་ཆར་ཕབ་བོ། །གཞི་དེ་ལས་སྐྱེ་བོ་ཕལ་པོ་ཆེ་ཡང་སངས་རྒྱས་བཅོམ་ལྡན་འདས་
ལ་དད་པ་རྙེད་ནས། སྤོས་ཀྱིས་བྱུགས་པའི་མཆོད་རྟེན་དུ་མ་བརྩིགས་ཏེ་ཞལ་བསྲོས་སོ། །དེར་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་ལ་སྐྱབས་སུ་སོང་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་དག་གི་ནང་ནས་ང་འབའ་ཞིག་ལུས་སོ། །དགེ་
སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བསྙེན་བཀུར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས། བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་
བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཡམས་ཀྱི་ནད་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་
ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་

འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་
བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་
ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་ཡུལ་འདམ་བུ་ཚལ་གྱི་སྐྱེ་བོ་མང་པོ་ལ་མི་ནད་བྱུང་སྟེ། དེར་སྐྱེ་བོ་ཕལ་པོ་ཆེ་དེ་དག་ནད་ཀྱིས་དཀོས་ཐག་ནས། གུ་ལང་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། བརྒྱ་བྱིན་ལ་སོགས་པ་ལྷ་སྟོང་སྙེད་ལ། སོ་སོར་གསོལ་བ་འདེབས་ཀྱང་ཡམས་
ཀྱི་ནད་དེ་ཞི་བར་མ་གྱུར་ཏོ། །དེ་ནས་ཡུལ་འདམ་བུ་ཚལ་ན་དགེ་བསྙེན་ཞིག་གནས་པ་དེས། འདམ་བུའི་ཚལ་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཚུར་ཤེག་སངས་རྒྱས་ལ་སྐྱབས་སུ་སོང་ལ། བཅོམ་ལྡན་འདས་དེ་འདིར་གཤེགས་པར་གསོལ་ཏེ།
བཅོམ་ལྡན་འདས་ཀྱིས་ཅི་ནས་ཚེགས་ཆུང་ངུས་ཡམས་ཀྱི་ནད་ཞི་བར་མཛད་དུ་གསོལ་ཞེས་ཀྱང་གསོལ་བ་ཐོབ་ཤིག །དེ་ནས་འདམ་བུའི་ཚལ་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་འདིར་གཤེགས་ལ། ཕོངས་
ཤིང་ཉམ་ཐག་པ་འདི་ལས་ཐར་བར་མཛད་དུ་གསོལ་ཞེས་བྱས་སོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་
པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ་སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ་གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ།

འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་
སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ་ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ།
ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་
གསུམ་མཚན་དུས་གསུམ་དུ། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་
ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་
བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་
འཇུག་གོ། །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་

བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། འདམ་བུའི་ཚལ་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་གྱི་མི་དེ་དག་ཐམས་ཅད་ལ་བྱམས་པས་
ཁྱབ་པར་མཛད་དེ། དེས་ན་མི་མ་ཡིན་པ་རྣམས་དོང་སྟེ། ཡམས་ཀྱི་ནད་ཞི་བར་གྱུར་ཏོ། །དེ་ནས་བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་བཅོམ་ལྡན་འདས་མཐོང་བས་དགའ་བ་ཆེན་པོ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་
ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ལས་ཅི་བཞེད་པའི་སྐབས་ཕྱེའོ། །དེ་ནས་དེ་དག་ལ་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་
བྲམ་ཟེ་དང་ཁྱིམ་བདག་དུ་མས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་
པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གྲོང་ཁྱེར་གྱི་མི་དེ་དག་
ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པ་ལ་བཀོད་དོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སེམས་ཅན་འདི་དག་འདི་ལྟར་བཅོམ་
ལྡན་འདས་ལ་དགའ་བ་སྐྱེས་པས། ཕོངས་པ་ལས་ཐར་བར་གྱུར་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་

འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་། བསགས་པས་ན་ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་
མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་
དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་
དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཟླ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་
ཟླ་བ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས། ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་བདག་གི་ཡུལ་དུ་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་
དང་རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས།
རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་བྱང་ཆུབ་འཐོབ་པར་བྱེད་པའི་ཆོས་རྣམས་ལ་ཡང་དག་པར་བཙུད་དོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་དགའ་བར་གྱུར་ནས་སྟན་ལས་ལངས་ཏེ། བླ་

གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་ལ་བདག་གིས་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཟླ་བ་གསུམ་གྱི་བར་དུ་འདིར་
བཞུགས་པར་ཅི་གནང་། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་རྒྱལ་པོ་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེའི་ཚེ་རྒྱལ་པོའི་གྲོང་ཁྱེར་དེ་ན་སྐྱེ་བོ་མང་པོ་ལ་མི་ནད་བྱུང་སྟེ། དེས་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་ཤིན་ཏུ་གནོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་ནད་
ཞི་བར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ཡམས་ཀྱི་ནད་འདི་ཞི་བར་འགྱུར་བའི་ཐབས་མཛད་པར་ཅི་གནང་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་རྒྱལ་
པོ་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སོང་ལ་ངའི་ཆོས་གོས་སྣམ་སྦྱར་འདི་རྒྱལ་མཚན་གྱི་རྩེ་མོ་ལ་ཐོགས་ལ། བཀུར་སྟི་ཆེན་པོ་དང་ལྡན་པས། བདག་གི་ཡུལ་སྐོར་དུ་ཆུག་ཤིག །འདི་ལ་དགའ་སྟོན་ཆེན་པོ་ཡང་གྱིས་ཤིག །སྐྱེ་བོ་ཕལ་པོ་ཆེ་ཐམས་ཅད་ཀྱང་སངས་
རྒྱས་རྗེས་སུ་དྲན་པ་ཡང་དག་པར་འཛིན་དུ་ཆུག་ཤིག་དང་། དེས་ན་ཁྱེད་བདེ་ལེགས་སུ་འགྱུར་རོ། །དེ་ནས་རྒྱལ་པོས་ཀྱང་ཇི་སྐད་བསྟན་པ་བཞིན་དུ་ཐམས་ཅད་དེ་ཁོ་ན་བཞིན་དུ་བྱས་ནས་དེའི་རྒྱུ་དང་དེའི་རྐྱེན་གྱིས་ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཏོ། །དེ་ནས་སྐྱེ་བོའི་
ཚོགས་དེ་དག་དགའ་བར་གྱུར་ཏེ། རྒྱལ་པོ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་

པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དེ་ལ་མཆོད་པ་ཆེན་པོ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ན། ངས་འཁོར་བ་ན་ལྷ་དང་མིར་སྐྱེ་བ་འཐོབ་པར་འགྱུར་བའི་བདེ་བ་ཆེན་པོ་ཉམས་སུ་མྱོང་ལ། ད་ལྟར་ཡང་ང་དེའི་རྒྱུ་ལས་
བྱུང་བའི་འབྱོར་པ་དང་ལྡན་པར་གྱུར་ཏེ། དེས་ན་ངས་ཅི་བསམས་པ་དང་། ཅི་འདོད་པ་དེ་དག་ཐམས་ཅད་དེ་བཞིན་དུ་གྲུབ་པར་གྱུར་ཏོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་
པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆོ་འཕྲུལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་
དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་
བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་།
གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །གང་གི་ཚེ་ལྷས་བྱིན་གྱིས་གཅུགས་བྱས་ཏེ། རྒྱལ་པོ་མ་

སྐྱེས་དགྲས་ཕ་ཆོས་ཅན་ཆོས་དང་ལྡན་པའི་རྒྱལ་པོ་བསད་ནས། རང་ཉིད་རྒྱལ་པོར་ཞུགས་པ་དེའི་ཚེ། སུ་མ་དད་པ་དེ་དག་ནི་མཐུ་དང་ལྡན་པར་གྱུར་ཏོ། །དད་པ་ཅན་རྣམས་ནི་མཐུ་ཆུང་བར་གྱུར་ཏོ། །དེ་ནས་རེ་ཞིག་ན་བློན་པོ་རྒན་པོ་མ་དད་པ། བཅོམ་
ལྡན་འདས་ཀྱི་བསྟན་པ་ལ་སྡང་བ་ཞིག་ཡོད་པ་དེས་བྲམ་ཟེ་རྣམས་ལ་མཆོད་སྦྱིན་བྱས་ཏེ། དེར་བྲམ་ཟེ་འབུམ་ཕྲག་དུ་མ་འདུས་ནས། དེ་དག་གིས་སུ་ཡང་དགེ་སྦྱོང་གཽ་ཏ་མ་ལ་བལྟར་མི་འགྲོ་བར་ནང་ཁྲིམས་བཅས་སོ། །དེ་ནས་བྲམ་ཟེ་རྣམས་ཀྱིས་ཁྲིམས་བཅས་ཏེ།
འདུས་ཤིང་འཐུན་ལ། ཀུན་ཏུ་དགའ་ནས་སྲང་གི་དབུས་སུ་རིག་བྱེད་ལས་འབྱུང་བའི་ཆོ་ག་བཞིན་དུ། བརྒྱ་བྱིན་ལ་གསོལ་བ་བཏབ་སྟེ། རུས་པ་མེད་མའི་སྐྱེས་བུ་གཤེགས་སུ་གསོལ། གཤེགས་སུ་གསོལ་ཞེས་བྱས་སོ། །དེའི་སྐབས་སུ་སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ་སྲུང་བ་གཅིག་དང་ལྡན་པ།
གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ་ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ་བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་
གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་
བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་

སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་
སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་
ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་
གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །འདིར་སྨྲས་པ། རྒྱ་མཚོ་ཆུ་
སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་སྔོན་དགེ་བའི་རྩ་བ་བསྐྱེད་བསྐྱེད་པ་ལས། ཐར་པའི་སྐལ་བ་ཅན་དུ་གྱུར་པ། བཙལ་
བར་བྱ་བ་རྙེད་པ། མྱ་ངན་འདས་པ་ལ་ནང་དུ་བལྟས་པ། འཁོར་བ་ལས་ཕྱི་རོལ་ཏུ་བལྟས་པ། དེ་དག་གཟིགས་ནས་ད་ལྟར་མི་དགེ་བའི་བཤེས་གཉེན་ལ་བསྟེན་པས། ངའི་བསྟན་པ་ལ་སྡང་བར་གྱུར་ཏེ། ངས་འདི་དག་གདུལ་བའི་ཕྱིར་བརྩོན་པར་བྱའོ་སྙམ་དུ་དགོངས་
སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་གྱི་ཆ་ལུགས་སུ་སྤྲུལ་ཏེ། མཆོད་སྦྱིན་གྱི་འདུན་ཁང་དེ་ལྷའི་འོད་ཀྱིས་སྣང་བར་མཛད་དེ། དེར་གཤེགས་སོ། །དེ་ནས་བྲམ་ཟེ་དེ་དག་དགའ་ཞིང་མགུ་ལ་རབ་ཏུ་དགའ་སྟེ་ཡི་རངས་ནས་དགའ་ཞིང་ཡིད་བདེ་བར་གྱུར་ཏེ། སྐད་བསྡམས་

ནས་སྨྲས་པ། བཅོམ་ལྡན་འདས་གཤེགས་སུ་གསོལ་གཤེགས་སུ་གསོལ། བཅོམ་ལྡན་འདས་གཤེགས་པ་ལེགས་སོ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་བརྒྱ་བྱིན་གྱི་ཆ་ལུགས་སུ་བཞུགས་པ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་རྒྱལ་
པོའི་ཁབ་ཀྱི་གྲོང་ཁྱེར་ཀུན་ཏུ་ལྷའི་དབང་པོ་བརྒྱ་བྱིན་མཆོད་སྦྱིན་ལ་གཤེགས་སོ་ཞེས་དེ་སྐད་ཀྱི་སྒྲ་ཡང་གྲགས་པར་གྱུར་ཏེ། དེ་ཐོས་ནས་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་རྣམས་དད་པར་གྱུར་པ་མཁྱེན་ནས། བརྒྱ་བྱིན་གྱི་ཆ་
ལུགས་མི་སྣང་བར་མཛད་དེ། སངས་རྒྱས་ཀྱི་ཆ་ལུགས་སུ་ཞུགས་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་བྲམ་ཟེ་དྲུག་ཁྲི་ཉིས་སྟོང་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་
དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །སྲོག་ཆགས་འབུམ་ཕྲག་དུ་མས་ཀྱང་། བཅོམ་ལྡན་འདས་ལ་དད་པ་རྙེད་དོ། །དེ་ནས་དགེ་སློང་དེ་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་འདི་རྣམས་
འདི་ལྟར་བཅོམ་ལྡན་འདས་དང་མཇལ་ནས། བདེན་པ་མཐོང་བར་གྱུར་པ་དང་། སྲོག་ཆགས་འབུམ་ཕྲག་དུ་མས་དགའ་བ་ཆེན་པོ་ཐོབ་པར་གྱུར་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་
གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་བྱུང་ལ། གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་པས་ན། ངས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་
བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་

དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དབང་
པོ་འདུལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏོ། །རྒྱལ་པོའི་ཕོ་བྲང་འཁོར་དེ་ཡང་མུ་སྟེགས་ཅན་གྱི་དབང་དུ་གྱུར་ཏོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་ཡང་
དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་བདག་གི་ཡུལ་དུ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་ག་ལ་བ་དེར་སོང་སྟེ་
ཕྱིན་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་
རྒྱས་དབང་པོ་འདུལ་གྱིས་བྱང་ཆུབ་འཐོབ་པར་བྱེད་པའི་ཆོས་རྣམས་ལ་བཙུད་དོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཡང་དག་པར་རྫོགས་
པའི་སངས་རྒྱས་དབང་པོ་འདུལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བདག་གིས་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་

གསོས་དང་། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཟླ་བ་གསུམ་གྱི་བར་དུ་འདིར་བཞུགས་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་
ཁྱོད་ཀྱི་ཡུལ་ན་དགེ་སློང་གློ་བུར་དུ་འོང་བ་དང་། འགྲོ་བ་དག་གི་གནས་སུ་རུང་བའི་གཙུག་ལག་ཁང་འགའ་ལྟ་ཡོད་དམ། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ད་ལྟར་མ་མཆིས་ཀྱིས་ཀྱང་། བཅོམ་ལྡན་འདས་བཞེས་སུ་གསོལ་དང་། བདག་གིས་དགེ་སློང་
གློ་བུར་དུ་འོང་བ་དང་། འགྲོ་བ་དག་གི་གནས་སུ་རུང་བའི་གཙུག་ལག་ཁང་བགྱིད་དུ་སྩལ་བར་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེས་དེ་བཞིན་གཤེགས་པའི་ཕྱིར་གཙུག་ལག་ཁང་བྱེད་དུ་བཅུག་སྟེ། ར་བ་དང་རྟ་བབས་དང་སྐར་ཁུང་དང་སྒོ་གང་ནི་བཅས། ཀེག་
ཙེ་དང་ཟླ་བ་ཚེས་པ་དང་ལན་ཀན་གྱིས་ནི་བརྒྱན། གདིང་བ་དང་ནི་ལྡན། རྫིང་བུས་ནི་ཀུན་ཏུ་གང་། ཤིང་ལྗོན་པ་མེ་ཏོག་དང་། འབྲས་བུ་དང་ལྡན་པ་མང་པོས་ནི་བསྐོར་བ་ཞིག་བྱས་སོ། །བྱས་ནས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །
དེ་ནས་བཅོམ་ལྡན་འདས་ལ་ཆོ་འཕྲུལ་ཆེན་པོ་མཛད་པར་གསོལ་བ་བཏབ་བོ། །དེ་ནས་རྒྱལ་པོས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་གྱིས། སངས་རྒྱས་ཕལ་པོ་ཆེའི་རྣམ་པར་རོལ་པའི་ཆོ་འཕྲུལ་ཆེན་པོ་
བསྟན་ཏེ། དེས་ན་རྒྱལ་པོ་དང་བློན་པོ་དང་གྲོང་རྡལ་གྱི་མི་དང་། ཡུལ་མི་དང་ཕོ་བྲང་འཁོར་གྱི་མི་ཐམས་ཅད་དགའ་བར་གྱུར་ཏེ། བསྟན་པ་སྲུང་བ་གཅེས་པར་འཛིན་པར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་
ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་དེ་ལ་དེ་ལྟ་བུའི་མཆོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས། ངས་འཁོར་བ་ན་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ན་ཡང་ངའི་བསྟན་པ་འདི་

མཛེས་པར་གྱུར་ཏོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་
བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡ་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ལོ་ལྔ་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་
ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་།
ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་
འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་
པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །གང་གི་ཚེ་མི་བླུན་པོ་ལྷས་བྱིན་གྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གནོད་པ་སྟོང་སྙེད་བྱས་ཀྱང་། བཅོམ་ལྡན་འདས་ཀྱི་བ་སྤུ་བསྐྱོད་པར་ཡང་མ་ནུས་པ་དེའི་ཚེ། རྒྱལ་པོ་མ་སྐྱེས་དགྲ་ལ་སྨྲས་
པ། རྒྱལ་པོ་ཆེན་པོ་རྒྱལ་པོའི་ཁབ་ནས་སུ་ཡང་དག་སྦྱོང་གཽ་ཏ་མའི་ཐད་དུ་མི་འགྲོ་བ་དང་། ཁ་ཟས་མི་སྦྱིན་པའི་ཁྲིམས་ཆོས་ཤིག །དེ་ལྟར་བྱས་ཀྱང་དེས་ཁེ་མི་རྙེད་ཅིང་བསྙེན་བཀུར་མི་རྙེད་པས་གདོན་མི་ཟ་བར་ཡུལ་གཞན་དུ་འཕོ་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་

དེ་བཞིན་དུ་བྱས་ནས། དེ་ན་དགེ་བསྙེན་བདེན་པ་མཐོང་བ་འཁོད་པ་དེ་དག་ངུ་སྟེ། ཀྱི་ཧུད་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འབྱུང་བ། ཨུ་དུམ་བ་རའི་མེ་ཏོག་ལྟར་དཀོན་པ་དང་ཕྲད་ཀྱང་། དེ་བསྟེན་ཀྱང་མ་ནུས་པ་ལས་ན། རྒྱལ་པོའི་ཁབ་ཀྱི་གྲོང་
ཁྱེར་གྱི་མི་རྣམས་མགོན་མེད་པར་གྱུར་ཏོ་ཞེས་འཛེར་ཏོ། །ཚིག་དེ་ཉིད་ཐོར་དགེ་སློང་དག་གིས་ཐོས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཇི་སྐད་ཐོས་པ་བཞིན་དུ། བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་
ལ་དེ་བཞིན་གཤེགས་པ་ཉིད་དུས་མཁྱེན་གྱིས་ཁྱོད་སྙིང་མ་ཆུང་ཤིག །གཞན་ཡང་ངའི་བསྟན་པ་ཇི་སྲིད་ཡོད་ཀྱི་བར་དུ་ཡང་། ཉན་ཐོས་རྣམས་ཀྱི་ཡོ་བྱད་མེད་པར་མི་འགྱུར་ན། ད་ལྟར་ལྟ་ཅི་སྨོས། དེའི་སྐབས་སུ་ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་པའི་མཐོང་
བ་འཇུག་སྟེ། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་དེ་ལྟ་བུར་གྱུར་པ་མཐོང་ནས། མཐོང་བའི་མོད་ཁོ་ན་ལ་སྦྱིན་བདག་དང་། སྦྱིན་པ་པོ་རྣམས་ཀྱི་སྤྲོ་བ་བསྐྱེད་པ་དང་། སངས་རྒྱས་འབྱུང་བའི་ཆེ་བ་ཉིད་ཡང་དག་པར་བསྟན་པ་དང་། མ་སྐྱེས་དགྲ་དང་ལྷས་བྱིན་གྱི་
རྒྱགས་ཤིང་དྲེགས་པ་གཅད་པ་དང་བདག་ཉིད་ཀྱི་དད་པ་བསྟན་པའི་ཕྱིར། རྒྱལ་པོའི་ཁབ་རིལ་གྱིས་འོད་ཆེན་པོས་སྣང་བར་བྱས་ནས་སྐད་པོ་ཆེ་ཕྱུང་སྟེ་བདག་གིས་དེང་ཕན་ཆད། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ། ལྷའི་ན་བཟའ་དང་།
ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བྱའོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་
འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ཇི་སྲིད་འཚོའི་བར་དུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདི་ཉིད་དུ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ། ལྷའི་ན་བཟའ་

དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འཇིག་
རྟེན་ན་བསོད་ནམས་འདོད་པ་མང་གིས་འདི་ལྟར་ང་ལ་སེམས་དད་པར་བྱས་པ་ཉིད་ཀྱིས་ཆོག་གོ། །བརྒྱ་བྱིན་གྱིས་གསོལ་པ། འོ་ན་དེ་བཞིན་གཤེགས་པའི་སླད་དུ་བདག་གིས་དགུང་ལོ་ལྔའི་བར་དུ། ལོ་ལྔ་པའི་དགའ་སྟོན་སྦྱར་བར་འཚལ་ན། བཅོམ་
ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འཇིག་རྟེན་ན་བསོད་ནམས་འདོད་པ་མང་གིས་འདི་ལྟར་ང་ལ་སེམས་དད་པར་བྱས་པ་ཉིད་ཀྱིས་ཆོག་གོ། །བརྒྱ་བྱིན་གྱིས་གསོལ་པ། འོ་ན་དགུང་ལྔའི་བར་
དུ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་བསོད་ནམས་ཀྱི་སྟོབས་མངོན་དུ་བསྟན་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་ཕན་གདགས་པ་དང་། མ་འོངས་པའི་དུས་སུ་ཞག་ལྔ་པའི་དགའ་སྟོན་རྒྱུན་མི་འཆད་པར་
བྱ་བའི་ཕྱིར་ཅང་མི་གསུང་བས་གནང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་འོད་མའི་ཚལ་དེ་ཁང་བཟངས་རྣམ་པར་རྒྱལ་བྱེད་འདྲ་བར་བསྟན་ཏེ། ལྷའི་གདན་ཆ་རྣམས་དང་། ལྷའི་རྫིང་བུ་རྣམས་
དང་། ལྷའི་བདུད་རྩིའི་ཞལ་ཟས་དག་ཀྱང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། ལྷ་འབུམ་ཕྲག་
དུ་མའི་གཡོག་དང་བཅས་པས་རང་གི་ལག་གིས་ཚིམ་པར་བྱེད་ཅིང་ཅི་བཞེད་པ་བསྟབས་སོ། །རྣམ་གྲངས་དུ་མར་རང་གི་ལག་གིས་ཚིམ་པར་བྱས་ཤིང་ཅི་བཞེད་པ་བསྟབས་ཏེ། བཅོམ་ལྡན་འདས་བཤོས་གསོལ་ཟིན་ནས་བསྩང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་

ནས། སྟན་ཆེས་དམའ་བ་ཁྱེར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །
ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ། །རྒྱལ་པོ་མ་སྐྱེས་དགྲ་ཁང་བཟངས་ཀྱི་སྟེང་ན་འདུག་པས་ཀྱང་འོད་མའི་ཚལ་ན་བཅོམ་ལྡན་འདས་ལ་དེ་ལྟ་བུར་མཆོད་པ་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་འགྱོད་པ་སྐྱེས་ཏེ་དད་པ་ཆེན་པོ་རྙེད་དོ། །རྒྱལ་པོའི་ཁབ་ན་འཁོད་
པའི་ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་ཀྱང་ཆོས་ཀྱི་ཤུགས་ཐོབ་ནས་རྒྱལ་པོའི་ཐད་དུ་དོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་རྒྱལ་པོ་ཆེན་པོ་འདི་ལྟར་ལྷ་རྒྱགས་ཤིང་བག་མ་མཆིས་པར་གནས་པ་རྣམས་ཀྱིས་ཀྱང་ལྷ་ཡུལ་བོར་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བགྱིད་པ་ལས་ན།
རྒྱལ་པོའི་ཁབ་ན་གནས་པའི་ཕོ་བྲང་འཁོར་གྱི་མི་རྣམས་སྒོར་ཕམ་པར་འགྱུར་གྱིས། ལྷ་ཁྲིམས་དེ་ནི་བཤིག་ན་ལེགས་ལགས་སོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཁྲིམས་དེ་བཤིག་ནས། རྒྱལ་པོའི་ཕོ་བྲང་འཁོར་གྱི་གྲོང་ཁྱེར་དུ་དྲིལ་བསྒྲགས་ཏེ།
བཅོམ་ལྡན་འདས་ལ་བཀུར་སྟི་ཅི་དགའ་བར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་ཕོ་བྲང་འཁོར་གྱི་མི་རྣམས་འཁོར་དང་བཅས་པ་དགའ་ཞིང་མགུ་ལ་རབ་ཏུ་དགའ་སྟེ་ཡི་རངས་ནས་དགའ་ཞིང་ཡིད་བདེ་བ་སྐྱེས་ཏེ། མེ་ཏོག་དང་། སྤོས་དང་། མེ་
ཏོག་ཕྲེང་རྣམས་ཁྱེར་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དོང་ངོ་། །དེ་ནས་ལྷ་རྣམས་དང་མི་རྣམས་ཀྱིས་བཅོམ་ལྡན་འདས་ལ་བཀུར་སྟི་ཆེན་པོ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གཞི་དེ་ལས་ལྷ་དང་མི་རྣམས་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་
འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷ་དང་མི་དུ་མས་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ཀྱི་མཆོད་པ་མཐོང་ནས་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་

ལྡན་འདས་ཀྱི་བསྟན་པ་ལ་འདི་ལྟ་བུའི་དགའ་སྟོན་བགྱིས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་
ལ་གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་
སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་
འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་རི་བོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་ལྗོངས་
རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ནས། རྒྱལ་པོའི་ཕོ་བྲང་འཁོར་དེ་ན་ཡམས་ཀྱི་ནད་བྱུང་ངོ་། །དེ་ནས་རྒྱལ་པོ་དེས་ཡམས་ཀྱི་ནད་ཞི་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་གདུགས་
ཚོད་ལ་སྤྱན་དྲངས་སོ། །ཟླ་བ་གསུམ་ལོན་ནས་ཡམས་ཀྱི་ནད་དེ་ཞི་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དང་གྲོང་ཁྱེར་གྱི་མི་སེམས་དད་པར་གྱུར་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལོ་ལྔ་པའི་དགའ་སྟོན་བྱས་སོ། །འདིར་གསུངས་པ། ཀུན་

དགའ་ང་ནི་རྒྱལ་གྱུར་ནས། །རིན་ཆེན་རི་བོ་འོད་ཆེན་ལ། །ཞི་བར་འདོད་ཕྱིར་གསོལ་བ་བཏབ། །ལོ་ལྔ་པ་ཡི་དགའ་སྟོན་བྱས། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་
རྫོགས་པའི་སངས་རྒྱས་རིན་པོ་ཆེའི་རི་བོ་དེ་ལ་ལོ་ལྔ་པའི་དགའ་སྟོན་བྱས་པའི་ལས་དེའི་རྣམ་པར་སྨིན་པས། ངས་འཁོར་བ་ན་བདེ་བ་ཆེན་པོ་ཉམས་སུ་མྱོང་ལ་ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ན་ཡང་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདས་
པའི་འོག་ཏུ་ཡང་ངའི་བསྟན་པ་ལ་ལོ་ལྔ་པའི་དགའ་སྟོན་བརྒྱ་ཕྲག་དུ་མ་བྱེད་པར་འགྱུར་རོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་
མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།
གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ལྔ་པ། བསྟོད་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་
དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་
ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་

དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་རོལ་མོ་མཁན་
མཛའ་སྡེ་གཅིག་པ་ལྔ་བརྒྱ་ཙམ་འཁོད་དོ། །དེའི་ཚེ་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་ཞེས་བྱ་བ་ཞིག་གསར་དུ་འོངས་པ་དེའི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། རྒྱུད་གཅིག་ལས་སྐད་སྣ་བདུན་དང་ཁོང་དུ་འཁྱིག་པ་སྣ་ཉི་ཤུ་རྩ་གཅིག་འབྱུང་བར་ཤེས་སོ། །དེས་གྲོང་ཁྱེར་
ཆེན་པོ་དྲུག་ཡུལ་པོ་ཆེ་མ་ཡིན་པར་བསྒྲགས་ཏེ་མཉན་དུ་ཡོད་པར་ཕྱིན་ནས། མཉན་དུ་ཡོད་པ་ན་རོལ་མོ་མཁན་གནས་པ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་པོས་སྨྲས་པ། འདིའི་དུས་ངས་ཤེས་ཀྱིས་ཁྱེད་སྙིང་མ་ཆུང་ཤིག །དེ་ནས་རོལ་མོ་མཁན་གྱི་རྒྱལ་པོ་
རབ་དགའ་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་གསལ་རྒྱལ་རོལ་མོ་ལ་ཤིན་ཏུ་མཁས་ཞེས་དེ་སྐད་གྲག་གིས་དེ་དང་འགྱེད་པར་བྱའོ་སྙམ་མོ། །དེ་ནས་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀོ་ས་ལའི་རྒྱལ་པོ་
གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཁྱོད་རོལ་མོ་ཤིན་ཏུ་མཁྱེན་ཏོ་ཞེས་བདག་གིས་ཐོས་ན། གལ་ཏེ་ཁྱོད་ལ་གནོད་པ་མ་མཆིས་ན་སད་པར་བགྱིའོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་དེ་ལ་བསྒྱངས་ཏེ་སྨྲས་པ། ཀྱེ་ལེགས་པ་ངའི་མཁན་པོ་རོལ་མོ་
མཁན་གྱི་རྒྱལ་པོ་བླ་ན་མེད་པ་ཡོད་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་ཀྱིས་ཚུར་ཤོག་དང་དེར་འདོང་ངོ་ཞེས་བྱས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རོལ་མོ་མཁན་ལྔ་བརྒྱ་ཙམ་གྱིས་ཞབས་འབྲིང་བྱས་པ་དང་། རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་དང་མི་འབུམ་
ཕྲག་དུ་མ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ངོ་། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་

ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་
ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་
འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་
གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་བརྒྱན་པ། བརྒྱ་ཕྲག་བཅུ་པ་ལ་
དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་འཕགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན།
སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་
བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་

སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་