Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། ། དེ་ནས་བཅོམ་ལྡན་འདས་ཀྱིས་གདུལ་བའི་སྐྱེ་བོ་ལ་ཕན་གདགས་པའི་ཕྱིར་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ཀྱེ་མ་དྲི་ཟའི་བུ་ཟུར་ཕུད་ལྔ་པ་དྲི་ཟ་བདུན་སྟོང་གིས་བསྐོར་བས་པི་བང་གཞི་བཻ་དཱུརྱ་ལས་བྱས་པ་ཁྱེར་ཏེ་ངའི་ཐད་དུ་འོངས་ན་ལེགས་སོ་སྙམ་དུ་དགོངས་སོ། །དེ་ནས་དགོངས་ པ་བསྐྱེད་པའི་མོད་ལ། དྲི་ཟའི་བུ་ཟུར་ཕུད་ལྔ་པ་དྲི་ཟ་བདུན་སྟོང་གིས་བསྐོར་བས། བཅོམ་ལྡན་འདས་ལ་ཚུལ་བཞིན་དུ་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་པི་བང་གཞི་བཻ་དཱུརྱ་ལས་བྱས་པ་ཕུལ་ལོ། །དེ་ནས་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའས། བཅོམ་ལྡན་ འདས་ཀྱི་སྤྱན་སྔར་པི་བང་བླངས་ཏེ། དེ་ལས་རྒྱུད་གཅིག་ལས་ཀྱང་སྐད་སྣ་བདུན་དང་ཁོང་ནས་འཁྱིག་པ་སྣ་ཉི་ཤུ་རྩ་གཅིག་འབྱུང་བ་བསྟན་ཏེ། དེ་ཐོས་པས་རྒྱལ་པོ་གསལ་རྒྱལ་དང་སྐྱེ་བོ་ཕལ་པོ་ཆེ་གཞན་དག་ཀྱང་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ཀྱང་པི་བང་གཞི་བཻ་དཱུརྱ་ལས་བྱས་པ་སྦྲེངས་ཏེ། དེ་ལས་རྒྱུད་གཅིག་ལས་ཀྱང་སྐད་ཀྱི་ཁྱད་པར་སྣ་དུ་མ་དང་ཁོང་དུ་འཁྱིག་པའི་སྣ་གྲངས་དུ་མ་འབྱུང་བ་བསྟན་ཏོ། །དེ་དག་ཀྱང་སྟོང་པའི་རྣམ་པ་དང་བདག་མེད་པའི་རྣམ་པར་གྲག་གོ། །ལུས་འདི་ཡང་པི་བང་ དང་འདྲ་བར་བསྟན་ཏོ། །སྐད་རྣམས་ནི་དབང་པོ་དང་འདྲ་བར་བསྟན་ཏོ། །ཁོང་དུ་འཁྱིག་པ་རྣམས་ནི་སེམས་ཀྱི་ཁམས་དང་འདྲ་བར་བསྟན་ཏེ། དེ་ཐོས་པས་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་དད་པ་སྐྱེས་ནས་པི་བང་དྲི་གཙང་ཁང་དུ་བུལ་ཏེ། བཅོམ་ལྡན་འདས་ཀྱི་ ཐད་དུ་རབ་ཏུ་བྱུང་ནས་དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་ མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་ སྦངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་ རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དད་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བར་བརྩམས་སོ། །རོལ་མོ་མཁན་ལྔ་བརྒྱ་པོ་རྣམས་ཀྱང་དགའ་ཞིང་ཡིད་བདེ་བར་གྱུར་ནས་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་ལས་ངན་པ་བྱེད་ཅིང་འདུག་སྟེ། དཀའ་བས་འཚོ་བ་ཡིན་གྱིས། བདག་ཅག་གིས་རྒྱལ་པོ་ལ་གསོལ་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་དུ་གཤེགས་པར་སྤྱན་དྲང་གོར་མ་ཆག་སྙམ་མོ། །རེ་ཞིག་ན་རོལ་མོ་མཁན་དེ་དག་གིས་གནང་བའི་ལུང་ཐོབ་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་དུ་གཤེགས་པར་སྤྱན་དྲངས་ སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རོལ་མོ་མཁན་དེ་དག་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རོལ་མོ་མཁན་དེ་དག་དང་། རྒྱལ་པོ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་གྱི་མི་རྣམས་བསྡོངས་ནས་མཉན་དུ་ཡོད་པའི་གྲོང་ཁྱེར་ཐམས་ཅད་རྡོ་དང་གསེག་མ་དང་། གྱོ་མོ་མེད་པར་བྱས་ནས་སྤོས་ཆབ་ཀྱིས་ཆག་ཆག་ནི་བཏབ། མེ་ཏོག་སྣ་ཚོགས་ཀྱིས་ནི་གཏོར། བདུག་པ་སྣ་ཚོགས་ཀྱིས་ནི་བདུགས། མེ་ཏོག་གི་བླ་རེས་ནི་བརྒྱན་ཏོ། །རོལ་མོ་མཁན་དེ་དག་གིས་ཀྱང་རང་རང་གི་པི་བང་ཁྱེར་ཏེ་རྫ་རྔ་དང་གླིང་བུ་དང་རྔ་ཟླུམ་དང་རོལ་མོའི་སྒྲའི་ཁྱད་པར་དག་ གིས་བསྙེན་བཀུར་བྱས་སོ། །ཞལ་ཟས་བཟང་པོས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཚིམ་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། འདུས་ འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་ གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། ། དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་ འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་ དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་ རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། ། དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་ འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་ སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་ རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། ། དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་ རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སློང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་ གིས་ཐེ་ཙོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་རོལ་མོ་མཁན་འདི་དག་གིས་ང་ལ་ བཀུར་སྟི་འདི་ལྟ་བུ་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་རོལ་མོ་མཁན་འདི་དག་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་དུས་ཇི་ལྟ་བ་བཞིན་དུ། རང་སངས་རྒྱས་ཀྱི་བྱང་ཆུབ་ ཡང་དག་པར་བསྒྲུབས་ནས་མ་འོངས་པའི་དུས་ན་སྐད་སྙན་ཞེས་བྱ་བའི་རང་སངས་རྒྱས་ཤ་སྟག་ཏུ་འགྱུར་ཏེ། སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུར་འགྱུར་རོ། །དེ་དག་གི་སྦྱིན་པར་བྱ་ བའི་ཆོས་ནི་གང་ང་ལ་སེམས་དགའ་བར་གྱུར་པ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་བའི་རྩ་བ་གང་དག་གིས་མཐུ་འདི་འདྲ་བར་འགྱུར་བ་དེ་དག་གང་དུ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་ བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་ པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་ དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་ གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྟོགས་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏོ། །དེ་ནས་རྒྱལ་པོའི་སྐྱེད་མོས་ ཚལ་དུས་ཚིགས་ཐམས་ཅད་དུ་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡོད་དེ། སྐྱེད་མོས་ཚལ་དེར་བཅོམ་ལྡན་འདས་གཤེགས་ནས་རྒྱལ་པོ་དེ་ལ་ཕན་གདགས་པའི་ཕྱིར་ཤིང་ལྗོན་པ་ཞིག་གི་དྲུང་ན་རྟེན་ཅིང་བཞུགས་སོ། །དེ་ནས་གདན་བཏིང་བ་ལ་བཞུགས་ ཏེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་བུད་མེད་ཀྱི་སིལ་སྙན་དང་རོལ་མོའི་སྒྲ་སྒྲོགས་པ་དག་དང་སྐྱེད་མོས་ཚལ་དུ་སོང་ངོ་། །དེ་ནས་རྒྱལ་པོ་དེ་སྐྱེད་མོས་ཚལ་དེ་ན་འཁྱམ་ཞིང་འགྲོ་བས། བཅོམ་ལྡན་འདས་ ཡང་དག་པར་རྫོགས་པའི་སངས་རྒྱས་རྟོགས་མཛད་མཛེས་ཤིང་དགའ་བར་མཛད་པ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་ཞིང་རྣམ་པར་ཞི་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་འབར་བ་མཐོང་ངོ་། །མཐོང་ནས་ཀྱང་རྒྱལ་པོ་དེ་དགའ་བར་ གྱུར་ནས་བཙུན་མོའི་འཁོར་དང་བཅས་པས་སིལ་སྙན་རྣམ་པ་སྣ་ཚོགས་བསྒྲགས་ཏེ། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་སུ་གསོལ་ཏོ། །ཞལ་ཟས་བཟང་པོ་ཡང་གསོལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ བོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་རྟོགས་མཛད་དེ་ལ་མཆོད་པ་བྱས་པ་དེ་ཉིད་ཀྱི་རྒྱུས་ད་ལྟར་ང་ལ་རོལ་མོ་མཁན་རྣམས་ཀྱིས་འདི་ལྟ་བུའི་བསྙེན་བཀུར་ བྱས་སོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་དག་ ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཆོག་སྦྱིན་ཞེས་བྱ་བ་ནི། སངས་ རྒྱས་བཅོམ་ལྡན་འདས་ལ། རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་ འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་ དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་མཉན་དུ་ཡོད་པ་ན་གཞན་གྱི་ཆུང་མ་ལ་བྱི་བ་བྱེད་པ་ལས་དྲི་མ་ཅན་ལ་གནས་པ་ཞིག་ཡོད་དེ། དེ་རྒྱལ་པོའི་མིས་བཟུང་ནས་ རྒྱལ་པོ་ལ་ཕུལ་ལོ། །དེ་ནས་དེ་ཉེས་པ་བྱེད་བྱེད་པའི་ཕྱིར་རྒྱལ་པོས་གཤེད་མ་ལ་གཏད་དོ། །དེ་ནས་དེ་རྒྱལ་པོའི་མི་གོས་སྔོན་པོ་བགོས་པ། མཚོན་ཆ་ཐོགས་པ། ཀ་ར་བཱི་རའི་མེ་ཏོག་གི་ཕྲེང་བ་མགུལ་ན་ཐོགས་པ་རྣམས་ཀྱིས་ལམ་པོ་ཆེ་དང་། སྲང་དང་། བཞི་ མདོ་དང་། སུམ་མདོ་རྣམས་སུ་འོ་དོད་བོས་ནས་གྲོང་ཁྱེར་གྱི་ལྷོ་སྒོར་ཁྲིད་དོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་ འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་ པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་ པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་ སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་མི་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་ བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དམ་པ་སྩལ་བའི་འོས་ལགས་ཀྱིས་བདག་ལ་སྲོག་ཕངས་པ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ། རྒྱལ་པོ་གསལ་ རྒྱལ་ལ་འདི་སྐད་དུ་རྒྱལ་པོ་ཆེན་པོ་མི་འདི་ང་ལ་བྱིན་ཅིག་དང་རབ་ཏུ་དབྱུང་བར་བྱའོ་ཞེས་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀོ་ས་ལའི་རྒྱལ་ པོ་གསལ་རྒྱལ་ལ་བཅོམ་ལྡན་འདས་ཀྱི་བཀའ་ཕྲིན་འདི་སྐད་དུ། རྒྱལ་པོ་ཆེན་པོ་མི་འདི་བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་གནང་བར་གྱིས་ཤིག་ཅེས་བྱས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཤིན་ཏུ་འོས་པར་རིག་ནས་གནང་སྟེ། དེ་བཅོམ་ལྡན་ འདས་ཀྱིས་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་མཛད་དེ། དེས་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་ འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་ མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲེད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་ འདས་ཀྱིས་དགོངས་པ་ཙམ་གྱིས་ཐམས་ཅད་འགྲུབ་པ་དེ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་པ། དབའ་རྒལ་བཞིན་དུ་འབྱུང་ལ་ གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཆུའི་ ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དབང་པོའི་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་དུ་ བྱུང་ངོ་། །དེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དེ་ན་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་མཐར་ཕྱིན་པ། རྒྱལ་པོའི་གྲོང་ན་འདུག་པ་ཞིག་ཡོད་དོ། །དེ་ནས་ཡང་དག་པར་རྫོགས་པའི་ སངས་རྒྱས་དབང་པོའི་རྒྱལ་མཚན་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་ཕོ་བྲང་འཁོར་དེར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་བྲམ་ཟེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ་འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་སྡོང་པོ་རྩ་བ་ ནས་བཅད་པ་བཞིན་དུ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བཅོམ་ལྡན་འདས་བདག་ནི་དམ་པ་སྩོལ་བའི་འོས་ལགས་སོ། །བདེ་བར་གཤེགས་པ་བདག་ནི་དམ་པ་སྩོལ་བའི་འོས་ལགས་ཀྱིས། བཅོམ་ལྡན་འདས་གང་དུ་ བཞུགས་སུ་གསོལ། དེ་ནས་དེ་ལ་ཕན་གདགས་པའི་ཕྱིར། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་གང་དུ་བཞུགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་བཞུགས་ནས་བྲམ་ཟེ་དེས་ཚིག་ བརྒྱས་བསྟོད་དོ། །ཞལ་ཟས་བཟང་པོ་ཡང་གསོལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །གཞི་དེ་ལས་རྒྱལ་པོ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་དད་པ་སྐྱེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ དེའི་དུས་ན་བྲམ་ཟེར་གྱུར་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་ལ་མཆོད་པ་བྱས་པ་དེའི་རྒྱུས་ན། ངས་འཁོར་བ་ན་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་ཡང་ངས་ཅི་བསམས་པ་དང་ཅི་འདོད་པ་དེ་དག་ ཐམས་ཅད་འགྲུབ་པ་ཡིན་ནོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་ གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཀ་ཤི་ཀའི་གོས་ ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ། རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་གཡོག་འཁོར་མི་འབུམ་ཕྲག་དུ་མ་དང་བཅས་པས་བདེན་པ་མཐོང་བར་གྱུར་པ་དེའི་ཚེ་དེས་ཕན་བཏགས་པ་ལ་དྲིན་ བསབ་པར་བསྟན་པ་དང་། སངས་རྒྱས་ཀྱི་མཆོད་པ་ལུགས་སུ་གཞུག་པ་དང་། ཁྱིམ་ཡངས་པར་བསྟན་པ་དང་། སངས་རྒྱས་འབྱུང་བ་གཅེས་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཕོ་ བྲང་འཁོར་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །དེ་ནས་མ་ག་དྷཱའི་ཕོ་བྲང་འཁོར་གྱི་མི་རྣམས་ལ་བསྒོ་བ། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ལ་མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་རྣམས་ཀྱིས་མཆོད་པ་གྱིས་ཤིག །རྒྱལ་ པོའི་ཁབ་ཀྱི་གྲོང་ཁྱེར་ཐམས་ཅད་ཀྱང་རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་གྱིས་ཤིག །མེ་ཏོག་སྣ་ཚོགས་ཀྱིས་གཏོར་ལ་རྒྱལ་མཚན་དང་བ་དན་སྒྲེང་ཤིག །འོད་མའི་ཚལ་ནས་རྒྱལ་པོའི་ཁབ་ཀྱི་བར་གྱི་ལམ་ཐམས་ཅད་ཀྱང་རས་ཀྱིས་ཁེབས་པར་གྱིས་ཤིག་ ཅེས་བྱས་སོ། །བློན་པོ་རྣམས་ཀྱིས་ཀྱང་ཐམས་ཅད་ཉམས་སུ་བླངས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་རང་གི་ལག་གིས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་གདུགས་རྩིབས་བརྒྱ་པ་བཟུང་ངོ་། །ཕོ་བྲང་འཁོར་གྱི་མི་གཞན་དག་གིས་ནི་དགེ་སློང་སྟོང་གི་ གདུགས་ཐོགས་སོ། །དེ་ནས་བཅོམ་ལྡན་འདས་དུལ་ལ་འཁོར་ཡང་དུལ་བ་དང་། ཞི་ལ་འཁོར་ཡང་ཞི་བ་དང་། གྲོལ་ལ་འཁོར་ཡང་གྲོལ་བ་དང་། དབུགས་ཕྱིན་ལ་འཁོར་ཡང་དབུགས་ཕྱིན་པ་དང་། བྱང་ལ་འཁོར་ཡང་བྱང་བ་དང་། དགྲ་བཅོམ་པར་གྱུར་ལ་ འཁོར་ཡང་དགྲ་བཅོམ་པར་གྱུར་པ་དང་། འདོད་ཆགས་དང་བྲལ་ལ་འཁོར་ཡང་འདོད་ཆགས་དང་བྲལ་བ་དང་། མཛེས་ལ་འཁོར་ཡང་མཛེས་པ་སྟེ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། སེང་ གེ་གཅན་གཟན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། དཔའ་བོ་དམག་མིའི་ཚོགས་ཀྱིས་བསྐོར་ བ་ལྟ་བུ་དང་། ས་མཁན་འགྲོན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཚོང་དཔོན་གྲོང་ཁྱེར་གྱི་མིས་བསྐོར་བ་ལྟ་བུ་དང་། རྒྱལ་ཕྲན་བློན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ བུ་སྟོང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཉི་མ་འོད་ཟེར་སྟོང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་ བསྐོར་བ་ལྟ་བུ་དང་། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ནོར་སྦྱིན་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཐགས་ཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷའི་ཚོགས་ཀྱིས་བསྐོར་བ་ ལྟ་བུ་དང་། ཚངས་པ་ཚངས་རིས་ཀྱིས་བསྐོར་བ་ལྟ་བུ་དང་། རྒྱ་མཚོ་ལྟར་ལྟེམ་མེ་འདུག་པ་དང་། སྤྲིན་བརླན་དང་ལྡན་པ་ལྟ་བུ་དང་། གླང་པོ་ཆེའི་རྒྱལ་པོ་རྒྱགས་པ་མེད་པ་ལྟ་བུར་དབང་པོ་ཤིན་ཏུ་དང་བ་དང་། སྤྱོད་ལམ་གྱི་ཚུལ་མ་འཆལ་བ་དང་། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་དུ་མས་བརྒྱན་པའི་བཅོམ་ལྡན་འདས་གྲོང་ཁྱེར་དེར་གཤེགས་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཀྱི་ཞབས་སྒོའི་ཐེམ་པ་ལ་བཞག་པ་དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་དུ་གཡོས་ཏེ་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པའི་ཚེ་རྨད་དུ་བྱུང་བ་དེ་ལྟ་བུ་དག་བྱུང་ ངོ་། །གཞན་ཡང་འདི་ལྟ་སྟེ་སྒོ་དོག་པ་རྣམས་ནི་ཡངས་པར་གྱུར་ཏོ། །དམའ་བ་རྣམས་ནི་མཐོན་པོར་གྱུར་ཏོ། །གླང་པོ་ཆེ་རྣམས་ཀྱང་སྐད་འབྱིན་ཏོ། །རྟ་རྣམས་ཀྱང་སྐད་འབྱིན་ཏོ། །ཁྱུ་མཆོག་རྣམས་ཀྱང་སྐད་འབྱིན་ཏོ། །རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་ཁྱིམ་ ཁྱིམ་ན་འདུག་པ་རྣམས་ཀྱང་རང་སྒྲ་འབྱིན་ཏོ། །ལོང་བ་རྣམས་ཀྱང་མིག་གིས་མཐོང་བར་གྱུར་ཏོ། །འོན་པ་རྣམས་ཀྱང་རྣ་བས་ཐོས་པར་གྱུར་ཏོ། །ལྐུགས་པ་རྣམས་ཀྱང་སྨྲ་ཤེས་པར་གྱུར་ཏོ། །དབང་པོ་ལྷག་མ་མ་ཚང་བ་རྣམས་ཀྱང་དབང་པོ་ཚང་བ་ཐོབ་པར་གྱུར་ ཏོ། །ཆང་གིས་ར་རོ་བ་རྣམས་ཀྱང་སངས་པར་གྱུར་ཏོ། །དུག་འཐུངས་པ་རྣམས་ཀྱང་དུག་མེད་པར་གྱུར་ཏོ། །ཕན་ཚུན་འཁོན་པ་རྣམས་ཀྱང་བྱམས་པའི་སེམས་ཐོབ་པར་གྱུར་ཏོ། །སྦྲུམ་པ་རྣམས་ཀྱང་བདེ་བར་བཙའ་བར་གྱུར་ཏོ། །བཅིངས་ པ་རྣམས་ཀྱང་གྲོལ་བར་གྱུར་ཏོ། །ནོར་མེད་པ་རྣམས་ཀྱང་ནོར་རྙེད་པར་གྱུར་ཏོ། །བར་སྣང་ལ་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་ལྷའི་མེ་ཏོག་གི་ཆར་འབེབས་སོ། །དེ་ ནས་བཅོམ་ལྡན་འདས་དེ་ལྟ་བུའི་འབྱོར་པས་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་བདག་ཉིད་ལག་དར་ཏེ་ཕྱི་རོལ་གྱི་སྒོ་ཁང་དུ་ཞབས་བསིལ་བའི་ཙན་དན་ས་མཆོག་པའི་ཆུ་ཐོགས་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱི་ཞབས་ བསིལ་ཏོ། །དེ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རོ་བརྒྱ་དང་ལྡན་པའི་ཞལ་ཟས་གསོལ་ཏོ། །བཤོས་གསོལ་ནས་ཀ་ཤི་ཀའི་ན་བཟའ་ཡང་ཕུལ་ལོ། །རྒྱུ་དེས་ན་མ་ག་དྷཱའི་ཕོ་བྲང་འཁོར་གྱི་མི་རྣམས་དད་པར་གྱུར་ཏོ། ། དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་བའི་རྩ་བ་གང་གིས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱིས་འདི་ལྟ་བུའི་མཆོད་པ་བརྙེས་པའི་དགེ་བའི་རྩ་བ་རྣམས་བཅོམ་ལྡན་འདས་ ཀྱིས་གང་དུ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་ པས་ན་ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་ པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བདེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏེ། རྒྱལ་རིགས་སྤྱི་བོ་ནས་དབང་ བསྐུར་བའི་རྒྱལ་པོ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་དེར་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས། བཅོམ་ལྡན་འདས་ཡང་ དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ཀྱིས་བྱང་ཆུབ་འཐོབ་པར་བྱེད་པའི་ཆོས་རྣམས་ཡང་དག་པར་འཛིན་དུ་བཅུག་གོ། །དེ་ནས་རྒྱལ་པོ་དགའ་བར་གྱུར་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་རྒྱལ་པོའི་ཕོ་བྲང་དུ་སྤྱན་ དྲངས་ནས་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ཏོ། །འབུམ་རི་བའི་ན་བཟའ་ཡང་ཕུལ་ལོ། །ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ཡང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་འཕང་དུ་རྒྱང་གྲགས་གཅིག་ཡོད་པ་བརྩིགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ལ་དེ་ལྟ་བུའི་མཆོད་པ་བྱས་ཏེ། དེས་ན་ངས་འཁོར་བ་ན་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་ལ། རྒྱུ་དེ་ཉིད་ཀྱིས་ད་ལྟར་དེ་བཞིན་གཤེགས་ པར་གྱུར་པ་ན་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག་དེ་ལྟར་ན་འདི་ལྟར་བསླབ་པར་བྱ་སྟེ་སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། ལྷའི་ཞལ་ཟས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་ དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ། མུ་སྟེགས་ཅན་ལ་དགའ་བ་ཞིག་གནས་ པ་དེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དད་པར་བྱས་ཏེ། བསྟན་པ་ལ་བཙུད་ནས་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །ཁྱིམ་བདག་དེ་ཡང་རྒྱ་ཆེན་པོ་ལ་མོས་པ་ཞིག་སྟེ། དེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་སྨྲས་པ། བདག་བཅོམ་ལྡན་འདས་ ལ་མཆོད་པ་བགྱིད་པར་འཚལ་གྱིས་གྲོགས་མཛོད་ཅིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཀྱང་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཁྱིམ་བདག་དེ་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཁྱིམ་བདག་འདི་ནི་བཅོམ་ལྡན་འདས་ ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་འདི་ལ་ཐུགས་བརྩེ་བའི་སླད་དུ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་ དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། རོ་བརྒྱ་དང་ལྡན་པའི་ཞལ་ཟས་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དག་བཤམས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ལྷའི་དབང་པོ་བརྒྱ་བྱིན་ལ་བསྐུལ་ཏེ། ཁྱིམ་ བདག་འདིའི་གྲོགས་གྱིས་ཤིག་ཅེས་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་དགའ་བྱེད་ཀྱི་ཚལ་དུ་སྤྲུལ་ཏོ། །ས་སྲུང་གི་བུ་དང་རབ་བརྟན་དང་འདྲ་བའི་གླང་པོ་ཆེ་སྟོང་ཕྲག་མང་པོ་དག་ཀྱང་ཁྲིད་དེ་འོངས་ཏེ། དེ་དག་ནི་སངས་རྒྱས་ལ་ སོགས་པ་དགེ་སློང་གི་དགེ་འདུན་གྱི་སྟེང་དུ་གདུགས་རྩིབས་བརྒྱ་དང་ལྡན་པ་འཛིན་ཏོ། །བདེ་སོགས་ལ་སོགས་པ་ལྷའི་བུ་མོ་སྟོང་ཕྲག་དུ་མ་ཡང་ཁྲིད་དེ་འོངས་ཏེ། དེ་དག་ནི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྔ་ཡབ་ནོར་བུའི་ཡུ་བ་ཅན་གྱིས་གཡོབ་པར་ བྱེད་དོ། །རབ་དགའ་དང་། ཟུར་ཕུད་ལྔ་པ་དང་། ཏུམ་བུ་རུ་ལ་སོགས་པ་དྲི་ཟ་སྟོང་ཕྲག་དུ་མ་ཡང་ཁྲིད་དེ་འོངས་ཏེ། དེ་དག་ནི་རོལ་མོའི་སྒྲའི་ཁྱད་པར་རྣམ་པ་སྣ་ཚོགས་ལེན་པར་བྱེད་དོ། །ལྷའི་བདུད་རྩིའི་ཞལ་ཟས་དག་ཀྱང་སྦྱར་ཏོ། །དེ་ནས་ཁྱིམ་བདག་དེས་ ལྷ་དང་མིའི་ཡོ་བྱད་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ནས། ལུས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་ འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་འགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་ རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་ པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། འདུས་འཇོམས་ དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་ སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་སྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་ མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་ འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་ དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་ སོང་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་ གཞོམ་པར་གྱིས། གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་ བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་ སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ ན་ནི་ཕྱག་གཡས་པའི་མཐིལ་ཏུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་ མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་ གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་ བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། ། དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། ། གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱིམ་བདག་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཁྱིམ་བདག་འདི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་ གཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷའི་ཟས་སྦྱིན་ཞེས་བྱ་བར་འགྱུར་ཏེ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །སྐབས་འདི་མ་ག་ དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་གཡོག་འཁོར་རྣམས་ཀྱིས་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཁྱིམ་བདག་འདིས་བཅོམ་ལྡན་འདས་ ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལྷ་དང་མིའི་འབྱོར་པ་དག་གིས་མཆོད་པ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་ འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་འདི་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་ རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་ པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གང་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་ཡང་དག་པར་རྫོགས་ པའི་སངས་རྒྱས་གང་པོ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས། ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་དེར་བྱོན་ ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས། ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོས་བྱང་ཆུབ་འཐོབ་པར་བྱེད་པའི་ཆོས་རྣམས་ཡང་དག་པར་འཛིན་དུ་བཅུག་གོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་ དབང་བསྐུར་བའི་རྒྱལ་པོ་དེས། ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ལ་སྤྱན་དྲངས་སོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོས་ཀྱང་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོས་ཅང་མི་གསུང་བས་གནང་བར་རིག་ནས་ཟླ་བ་གསུམ་གྱི་བར་དུ་ན་བཟའ་ དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བྱས་སོ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀྱང་རིན་པོ་ཆེ་ལས་བྱས་ཏེ། སངས་རྒྱས་ཀྱི་དགའ་སྟོན་བྱས་ནས་དེར་སྲོག་ཆགས་འབུམ་ཕྲག་ དུ་མ་དད་པ་ཆེན་པོ་ཐོབ་སྟེ། རྒྱུ་དེ་དང་རྐྱེན་དེས་དེ་དག་ཡོངས་སུ་མྱ་ངན་ལས་འདས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ལ་དེ་ལྟ་བུའི་ མཆོད་པ་བྱས་པ་དེས་ན། ངས་འཁོར་བ་ན་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་སྟེ། དེ་ཉིད་ཀྱི་རྒྱུས་ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ན་ཡང་ང་ལ་ཚོང་དཔོན་དང་བརྒྱ་བྱིན་གྱིས་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་ བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་རྫོགས་སོ།། །། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་བམ་པོ་དྲུག་པ། སྡོམ་ནི། ཙན་དན་དང་ནི་པད་མ་དང་། །དེ་བཞིན་འཁོར་ལོ་མགོ་བཅུ་པ། །མདོག་འཇམ་དང་ནི་འོད་བསིལ་དང་། །མཉན་པ་དང་ནི་སྤོས་ངད་ལྡང་། །དྲི་མེད་གདངས་སྙན་ཞེས་བྱ་བ། །སྡེ་ཚན་དག་ཏུ་བསྟན་ པ་ཡིན། །ཙན་དན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཡུལ་མ་ག་དྷཱ་ན་ལྗོངས་རྒྱུ་ཞིང་ གཤེགས་པ་ལས་གང་གཱའི་ཀླུང་གི་འགྲམ་དུ་བྱོན་ཏོ། །དེའི་ཚེ་གང་གཱའི་ཀླུང་གི་འགྲམ་ནས་ཐག་མི་རིང་བ་ཞིག་ན་མཆོད་རྟེན་ཞིག་རལ་དུ་གྱུར་པ་རླུང་དང་ཉི་ཚན་གྱིས་བཤིག་པ་ཞིག་འདུག་པ་དེ་དགེ་སློང་རྣམས་ཀྱིས་མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་མཆོད་ རྟེན་འདི་སུའི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་སངས་རྒྱས་ཙན་དན་ཞེས་བྱ་བ་ཞིག་བྱུང་སྟེ་དེའི་ཡིན་ནོ། །དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རང་སངས་རྒྱས་ཙན་དན་ག་ལས་བྱུང་ལགས། མིང་ནི་ཅི་ལས་བཏགས་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་རང་སངས་རྒྱས་ཙན་དན་ག་ལས་བྱུང་བ་དང་། མིང་ཅི་ལས་བཏགས་པ་ཉན་པར་འདོད་དམ། གསོལ་པ། བཙུན་པ་མཉན་པར་འཚལ་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་འཐབ་པ་ ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པ་འདུག་གོ། །རྒྱལ་པོ་དེ་ཡང་ཆོས་ཅན་ཆོས་དང་ལྡན་པའི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་བུ་མེད་ ནས་བུ་འདོད་དེ་གུ་ལང་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་། ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། ལམ་གྱི་བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་འཐུན་པ་དང་། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོང་བར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ་གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ ལངས་ཏེ་ཕྲད་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་འོངས་པ་སྟེ་གནས་འདི་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ་དེས་སྐྱེད་མོས་ཚལ་གྱི་རྫིང་ཆེན་པོ་ཞིག་ཡོད་པ་དེའི་ནང་ནས་ཀྱང་པད་མ་ཚད་ལས་ འདས་པར་ཆེ་བ་ཞིག་སྐྱེས་ཏེ། དེ་ཉིན་གཅིག་བཞིན་དུ་ཆེར་སྐྱེ་ལ་ཁ་ནི་མི་འབྱེ་བ་ཞིག་ཡོད་དོ། །དེ་ནས་ཀུན་དགའ་ར་བའི་སྲུང་མས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོས་ཀྱང་པད་མ་དེ་ལེགས་པར་སྲུངས་ཤིག་ཅེས་བསྒོའོ། །ཕྱིས་རེ་ཞིག་ན་ཉི་མ་འཆར་ཀར་པད་མ་དེ་ཁ་ བྱེ་ནས་པད་མ་དེའི་སྙིང་པོ་ལ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ལུས་སྐྱེས་བུ་ ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ་ཞིག་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་སྟེ། དེའི་ཁ་ནས་ནི་པད་མའི་དྲི་འབྱུང་ལ། ལུས་ལས་ནི་ཙན་དན་གྱི་དྲི་འབྱུང་ངོ་། །དེ་ནས་ཀུན་དགའ་ར་བའི་སྲུང་མས་ཀྱང་ རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་བློན་པོ་དང་བཙུན་མོ་དང་བཅས་པ་སྐྱེད་མོས་ཚལ་དུ་དོང་ནས། ཁྱེའུ་དེས་མཐོང་མ་ཐག་ཏུ་རྒྱལ་པོ་ལ་སྨྲས་པ། ཡབ་ཚུར་གཤེགས་བདག་ནི་ཁྱོད་སྲས་མི་མངའ་བའི་སྲས་ལགས་སོ། །དེ་ནས་རྒྱལ་པོ་དགའ་ཞིང་མགུ་ལ་ཡི་རངས་ནས་སྨྲས་པ། བུ་དེ་ནི་ཁྱོད་ཇི་སྐད་ཟེར་བ་བཞིན་ནོ། །དེ་ནས་རྒྱལ་པོ་རྫིང་གི་ནང་དུ་ཞུགས་ནས། པད་མའི་སྙིང་པོ་ལས་ཁྱེའུ་བླངས་ཏེ་ལག་པར་བཞག་གོ། །དེ་ནས་ཁྱེའུ་དེས་གང་དང་གང་དུ་རྐང་པ་བཞག་པ་དེ་དང་དེར་པད་མ་དག་བྱུང་ངོ་། དེ་ནས་དེའི་མིང་ཙན་དན་ཞེས་བཏགས་སོ། །གང་གི་ཚེ་ཁྱེའུ་ ཙན་དན་ཁད་ཀྱིས་ཆེར་སྐྱེས་པ་དེའི་ཚེ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་རྒྱལ་པོ་ལ་གསོལ་པ། ལྷ་བདག་ཅག་གི་གྲོང་ཁྱེར་འདིར་དུས་སྟོན་བྱུང་ན་ལྷ་སྲས་ཙན་དན་བཏང་བའི་རིགས་སོ། །འོན་ཀྱང་བདག་ཅག་དང་ལྷན་ཅིག་ཏུ་དུས་སྟོན་མྱོང་བར་འགྱུར་ལ་གནས་ཐམས་ཅད་ཀྱང་པད་མས་བརྒྱན་ པར་འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ་དེ་ལྟར་བྱའོ། །དེ་ནས་ཙན་དན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བློན་པོའི་བུ་རྣམས་ཀྱིས་གཡོག་འཁོར་དང་བཅས་པ། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་བྱེད་ཅིང་གྲོང་ཁྱེར་གྱི་དུས་སྟོན་མྱོང་བར་བྱ་བའི་ཕྱིར་རྒྱལ་པོའི་ཕོ་བྲང་ནས་ཕྱི་རོལ་དུ་ བྱུང་ངོ་། །དེ་ནས་དེ་དེར་འགྲོ་བ་ན་གོམ་པ་རེ་རེ་ལ་པད་མ་བལྟ་ན་སྡུག་ཅིང་ཡིད་འཕྲོག་པ་དག་བྱུང་སྟེ། དེ་དག་ལ་ཉི་མའི་འོད་ཟེར་གྱིས་ཕོག་མ་ཐག་ཏུ་རྙིས་ཤིང་སྐམས་སོ། །དེ་ནས་སེམས་ཅན་དག་པ་བསམ་པ་དགེ་བ་སྔོན་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་བསྐྱེད་པ་དེས་དེ་མཐོང་ནས་ ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་ཏེ། ཇི་ལྟར་པད་མ་འདི་དག་སྐྱེས་པའི་མོད་ལ་ནི་མཛེས་པར་འདུག་ལ་ཉི་མའི་འོད་ཟེར་གྱིས་གདུངས་པས་ནི། རྙིས་ཤིང་སྐམ་པར་འགྱུར་བ་དེ་བཞིན་དུ་ལུས་འདི་ཡང་དེ་དང་འདྲའོ་སྙམ་མོ། །དེ་དེ་ལྟར་སེམས་ཤིང་འཇལ་ལ་ཉེ་བར་རྟོག་པ་ན། བྱང་ཆུབ་ ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་གྱུར་ཏེ། དེས་སྐྱེ་བོའི་ཚོགས་ཀྱི་ནང་ན། འདུག་བཞིན་དུ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་ནས་རེ་ཞིག་ན་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་དེ་ལ་གོས་ཚོན་ཅན་དག་ཕུལ་ཏེ་དེ་དག་བགོས་ནས། ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བྱས་ནས། དེ་མཐོང་བས་རྒྱལ་པོ་དང་བློན་པོ་དང་གྲོང་རྡལ་གྱི་མི་རྣམས་དང་བཅས་པར་དགའ་བ་ཆེན་པོ་ཐོབ་སྟེ། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ཀྱང་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ རང་སངས་རྒྱས་ཙན་དན་ནི་དེ་ལས་བྱུང་སྟེ། མིང་ཡང་དེ་ལས་བཏགས་སོ། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རང་སངས་རྒྱས་ཙན་དན་གྱིས་ལས་གང་དག་བགྱིས་ཤིང་བསགས་ན། དེས་དེའི་ལུས་ཀྱང་དྲི་བདའ་ལ་དབང་པོ་ལྔ་ཡང་རྣོ་བར་ གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་དེར་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སྤོས་ཆུའི་དབང་བསྐུར་བ་ཡང་ཕུལ། མེ་ཏོག་དག་ཀྱང་བཏགས་ཏེ། དེར་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་ཡང་ བསྒོམས་སོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོ་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་ བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།པད་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་ དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་ དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ ཡུལ་དབུས་ན་འཁོད་པ་རྣམས་ཀྱི་ལུགས་ཀྱིས་ན། ཀུན་དགའ་ར་བའི་སྲུང་མ་རྣམས་ཀྱིས་པད་མ་དག་བླངས་ཏེ་སྲང་དུ་སོང་ཞིང་འཚོང་ངོ་། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། ། བུད་མེད་ཅིག་ཀྱང་ཁྱེའུ་ཞིག་པང་ན་ཐོགས་ཏེ་སྲང་དུ་སོང་བ་ལས་ཁྱེའུ་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་ འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། མཐོང་ནས་ཀྱང་དགའ་བ་སྐྱེས་ཏེ་བློ་ཐོར་དུ་ལག་པ་བརྐྱང་ནས་ཀུན་དགའ་ར་བའི་སྲུང་མ་ལས་པད་མ་བླངས་ཏེ། དེ་བཞིན་གཤེགས་པའི་དབུ་ལ་བོར་རོ། །དེ་ནས་པད་མ་དེ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ་སྟེང་གི་ ནམ་མཁའ་ལ་འདུག་ནས་བཅོམ་ལྡན་འདས་གཤེགས་ན་ནི་འགྲོ་ལ་གཞེས་ན་ནི་སྡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་པད་མ་ར་གའི་མདོག་འདྲ་བའི་འོད་ཟེར་དག་བཀྱེ་ནས། དེས་མཉན་དུ་ཡོད་པར་རིལ་གྱིས་སྣང་བར་བྱས་སོ། །རྒྱུ་དེས་ན་རྒྱལ་པོ་དང་བློན་པོ་དང་ཕོ་བྲང་འཁོར་གྱི་མི་ རྣམས་དད་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། འདུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་ གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་ དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་ བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ་ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་ བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་ འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་ དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་ འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཉིད་ཀྱི་ ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་ སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་ པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་ མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་ འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་ གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། ། ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་ རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱེའུ་འདི་དད་པ་སྐྱེས་པས་དེ་བཞིན་གཤེགས་པ་ལ་པད་མ་འཐོར་བ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཁྱེའུ་འདི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་ དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བསྐལ་པ་བཅྭ་ལྔའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། ལྷ་དང་མིའི་བདེ་བ་ཉམས་སུ་མྱོང