Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ

Văn bản gốc(Tây Tạng)

Trang 7 / 19 (50.000 ký tự/trang)
་ལྷ་དང་། ལམ་གྱི་བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པའི་ལྷ་དང་། ཆོས་འཐུན་པ་པ་དང་། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ལ། འཇིག་རྟེན་ན་ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་
བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་
ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ་གསུམ་གང་ཞེ་ན་ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང་མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་དྲི་ཟ་འོངས་པ་སྟེ་གནས་འདི་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་
འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས་ཤི་འཕོས་ནས་དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པ་ཡང་ཤེས་ལ། མ་ཆགས་པ་ཡང་ཤེས་
པ་དང་། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང་། བུ་ཆགས་པ་ཡང་ཤེས་པ་དང་། གང་ལས་བུ་ཆགས་པ་ཤེས་པ་དང་། ཁྱེའུ་ཡང་ཤེས་ལ་བུ་མོ་ཡང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི་ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི་ལྟོ་གཡོན་
ལོགས་སུ་རྟེན་ཅིང་གནས་སོ། །དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྦྲན་པ་ཇོ་བོ་བདག་ལ་སྲས་ཆགས་ཏེ། བདག་གི་རུམ་གཡས་ལོགས་ན་རྟེན་ཅིང་གནས་པ་ལས་ན་ཁྱེའུར་འགྱུར་བར་ངེས་ཀྱིས་དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་སོ། །དེ་ཡང་དགའ་ཆེས་ཏེ་རོ་སྟོད་ནི་བཏེག་ལག་

པ་གཡས་པ་ནི་བརྐྱང་ནས་བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ་། །བདག་གི་བུ་རུང་བར་གྱུར་ཅིག །མི་རུང་བར་མ་གྱུར་ཅིག །གསོས་ན་བདག་གི་བྱ་བ་དག་བྱེད་པར་ཤོག་ཤིག །གསོས་པའི་ལན་ཕྱིར་གསོ་བར་ཤོག་
ཤིག །ནོར་སྐལ་ལ་སྤྱོད་པར་ཤོག་ཤིག །བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཤིག །བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ་སྦྱིན་པ་དག་བྱིན་ལ། བསོད་ནམས་དག་བྱས་ནས། དེ་གཉིས་གང་དང་གང་དུ་
སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཤིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར། ཁང་བཟངས་ཀྱི་སྟེང་དུ་ཉམ་རངས་སུ་བཞག་སྟེ་གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང་། ཚ་བའི་ཚེ་ཚ་
བའི་ཡོ་བྱད་རྣམས་དང་། སྨན་པས་བསྟན་པའི་ཟས་རྣམས་དང་། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང་། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང་། ཧ་ཅང་ལན་ཚྭ་ཆེ་བ་མ་ཡིན་པ་རྣམས་དང་། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང་། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང་། ཧ་ཅང་
བསྐ་བ་མ་ཡིན་པ་རྣམས་ཏེ་ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བརྟེན་ཅིང་། དོ་ཤལ་དང་སེ་མོ་དོས་ལུས་རྣམ་པར་བཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང་
ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང་། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །དེ་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་གསེར་གྱི་ཁ་
དོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས། དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་

པར་བྱེད་དེ། ཉེ་དུ་རྣམས་ན་རེ་ཁྱེའུ་འདི་མཛའ་བོའི་བུ་ཡིན་ལ་བུ་མོའང་ཡིན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ནི་མཛའ་བོའི་བུ་མོ་ཞེས་བྱའོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་མཛའ་བོའི་བུ་མོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་
གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་
ཏོ། །དེའི་ཕ་ནི་རྒྱ་མཚོ་ཆེན་པོར་སོང་ནས་དེ་ཉིད་དུ་ཤིའོ། །དེ་ནས་གང་གི་ཚེ་མཛའ་བོའི་བུ་མོ་ཆེར་སྐྱེས་པ་དེའི་ཚེ་མ་ལ་སྨྲས་པ། ཡུམ་བདག་གི་ཕ་སྔོན་ལས་ཇི་ལྟ་བུ་ཞིག་གིས་འཚོ་བར་གྱུར། བདག་གིས་ཀྱང་དེའི་རྗེས་སུ་དེ་དང་འདྲ་བར་བགྱི་འཚལ་ལོ། །དེ་ནས་མས་བསམས་
པ། གལ་ཏེ་བདག་གིས་འདི་ལ་རྒྱ་མཚོ་ཆེན་པོའི་ཚོང་པ་བྱེད་བྱེད་དོ་ཞེས་བྱས་ན་ནི། འདི་ཡང་བརྒྱ་ལ་རྒྱ་མཚོ་ཆེན་པོར་སོང་ནས་དེ་ཉིད་དུ་འཆི་བར་འོང་ངོ་སྙམ་ནས་སྨྲས་པ། བུ་ཁྱོད་ཀྱི་ཕ་ནི་སྔོན་ཡུལ་ཚོང་པ་བྱེད་བྱེད་ཀྱིས་ཁྱོད་ཀྱང་འདོད་ན་ཡུལ་ཚོང་པ་གྱིས་ཤིག་ཅེས་བྱས་སོ། །
དེ་ནས་དེས་ཡུལ་ཚོང་པའི་ལས་བྱས་ན་དང་པོའི་ཉིན་པར་ཀཱར་ཥཱ་པ་ཎ་བཞི་རྙེད་དེ། དེ་མ་ལ་བྱིན་ནས་ཡུམ་འདིས་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྦྱིན་པ་མཛོད་ཅིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་གཞན་ཞིག་ན་རེ་ཁྱོད་ཀྱི་ཕ་སྤོས་ཀྱི་ཚོང་
པ་བྱེད་བྱེད་དོ་ཞེས་བྱས་པ་དང་། དེས་ཡུལ་ཚོང་པའི་ལས་བཏང་སྟེ་སྤོས་ཀྱི་ཚོང་བྱས་སོ། །དེ་ནས་ཀཱར་ཥཱ་པ་ཎ་བརྒྱད་རྙེད་དེ། དེ་དག་ཀྱང་དེས་མ་ལ་བྱིན་ནོ། །དེ་ནས་རེ་ཞིག་ན་གཞན་ཞིག་ན་རེ་ཁྱོད་ཀྱི་ཕ་གསེར་དངུལ་གྱི་ཚོང་པ་བྱེད་བྱེད་དོ་ཞེས་བྱས་པ་དང་། དེས་
སྤོས་འཚོང་བ་བཏང་སྟེ། གསེར་དང་དངུལ་གྱི་ཚོང་བྱས་སོ། །དེ་ནས་དང་པོའི་ཉིན་པར་ཀཱར་ཥཱ་པ་ཎ་བཅུ་དྲུག་རྙེད་དེ། དེ་དག་ཀྱང་དེས་མ་ལ་བྱིན་ནོ། །དེ་ནས་ཕྱི་དེ་ཉིན་པར་ཀཱར་ཥཱ་པ་ཎ་སུམ་ཅུ་རྩ་གཉིས་རྙེད་དེ་དེ་དག་ཀྱང་དེས་མ་ལ་བྱིན་ནོ། །དེ་ནས་རེ་ཞིག་ན་གསེར་

དངུལ་གྱི་ཚོང་པ་ཕྲག་དོག་གི་རང་བཞིན་ཅན་དག་གིས་ཁྱེའུ་དེ་གནས་ཐམས་ཅད་ཀྱི་ཉོ་ཚོང་གི་རྒྱུས་ཤེས་པར་རིག་ནས་སྨྲས་པ། མཛའ་བོའི་བུ་མོ་ཁྱོད་ཀྱི་ཕ་ནི་རྒྱ་མཚོ་ཆེན་པོའི་ཚོང་པ་བྱེད་བྱེད་ན། ཅི་ཁྱོད་ལ་ཆོས་མ་ཡིན་པའི་འཚོ་བ་འདི་ཅི་དགོས་ཁྱོད་སུས་
སེམས་ཅན་ངན་པའི་ཉོ་ཚོང་གི་ལས་བྱེད་དུ་བཅུག་ཅེས་བྱས་སོ། །དེ་ནས་དེ་གསེར་དངུལ་གྱི་ཚོང་པའི་ཚིག་གིས་བསྐུལ་ནས་མའི་ཐད་དུ་སོང་སྟེ་སྨྲས་པ། ཡུམ་བདག་གི་ཕ་སྔོན་རྒྱ་མཚོ་ཆེན་པོའི་ཚོང་པ་བྱེད་བྱེད་ཅེས་དེ་སྐད་གྲགས་པས། བདག་ཀྱང་རྒྱ་མཚོ་ཆེན་པོའི་ནང་དུ་མཆི་
འཚལ་གྱིས་གནང་བར་མཛོད་ཅིག །མས་སྨྲས་པ་བུ་གཅིག་དེ་ནི་བདེན་མོད་ཀྱི། འོན་ཀྱང་ཁྱོད་བྱིས་པ་ཡིན་ལ་བུ་གཅིག་པ་ཡང་ཡིན་གྱིས་ང་བོར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་མ་འགྲོ་ཤིག །དེ་ནས་དེ་མི་དགེ་བའི་བཤེས་གཉེན་ཕྲག་དོག་གི་རང་བཞིན་ཅན་དག་གིས་བྲིད་པས་ལྡོག་ཏུ་
མ་བཏུབ་ནས། དེས་མའི་ཚིག་མ་མཉན་ཏེ་གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲིལ་བསྒྲགས་ནས། ཀྱེ་བཱ་རཱ་ཎ་སཱི་ན་གནས་པའི་ཚོང་པ་རྣམས་ཁྱེད་ཉོན་ཅིག །དེད་དཔོན་མཛའ་བོའི་བུ་མོ་རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་བར་ཆད་ཀྱིས་ཁྱེད་ཀྱི་ནང་ནས་དེད་དཔོན་མཛའ་བོའི་བུ་མོ་དང་ལྷན་ཅིག་ཏུ་ཤོ་
གམ་མི་དགོས་པ་དང་ལ་གཅན་གྱི་བཙས་མི་དགོས་པ་དང་གྲུ་བཙས་མི་དགོས་པར་རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་འདོད་པ་དེ་དག་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་གྱིས་ཤིག་ཅེས་བྱས་ནས་དགེ་མཚན་དང་བཀྲ་ཤིས་དང་བདེ་ལེགས་སུ་འགྱུར་བ་རྣམས་བྱས་ཏེ། གཡོག་
འཁོར་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཆས་ཏེ། ཤིང་རྟ་དང་། ཁུར་དང་། སྒྱེ་དང་། སྐོན་པ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དག་གིས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་བསྐྱས་སོ། །དེའི་མ་ནི་སྙིང་བྱམས་པས་ཅི་བྱ་གཏོལ་མེད་ནས་མཆི་མ་འཛག་ཅིང་ངུ་བཞིན་ཕྱུང་སྟེ་རྐང་པ་
ལ་འཇུས་ནས་བུ་གཅིག་ང་བོར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་མ་འགྲོ་ཤིག་ཅེས་བྱས་སོ། །དེ་ལྟར་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་སྨྲེ་བའི་སྐད་ཕྱུང་ཡང་དེས་བརྟུལ་ཏེ་མའི་མགོ་བོ་ལ་རྡོག་པས་བསྣུན་ནས་འགྲོན་པོ་རྣམས་དང་ཆས་སོ། །དེ་ནས་མས་སྨྲས་པ།

བུ་ཁྱོད་ཀྱིས་ལས་འདིའི་རྣམ་པར་སྨིན་པ་མྱོང་བར་མ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་དེས་གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། ཡུལ་པོ་ཆེ་དེ་དག་མཐོང་ནས། རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ཏོ། །དེ་ནས་དེས་ཀཱར་ཥཱ་པ་ཎ་ལྔ་བརྒྱས་གྲུ་
ཉོས་ནས་ཞོ་ཤས་འཚོ་བ་རྣམ་པ་ལྔ་སྟེ་གྲུ་པ་དང་། ཆུ་འཕྱག་པ་དང་། མཉན་པ་དང་། བྱིའུ་ཟུལ་མཁན་དང་། རུ་སྐྱ་འཛིན་པ་རྣམས་ཀྱང་ཁྲིད་དེ་ལན་གསུམ་དྲིལ་བསྒྲགས་ནས་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་སོ། །དེ་ནས་རེ་ཞིག་ན་གྲུ་དེ་ཉའི་རིགས་ཆུ་སྲིན་མ་ཀ་རས་མ་རུང་
བར་བྱས་ཏེ་བུབ་པར་བྱས་སོ། །དེ་ནས་མཛའ་བོའི་བུ་མོས་སྤང་ལེབ་གཅིག་ལ་ཟིན་ནས་སྐམ་ལ་ཕྱིན་ཏོ། །དེ་ནས་སྐམ་ལ་སོང་སོང་ནས་ཐག་རིང་པོ་ཞིག་ནས་གྲོང་ཁྱེར་ལོངས་སྤྱོད་བྱེད་ཅེས་བྱ་བ་མཐོང་ནས། དེ་དེའི་ལོགས་སུ་སོང་བ་དང་རེ་ཞིག་ན་དེའི་ནང་ནས་ལྷའི་བུ་མོ་
གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་བཞི་ཞིག་བྱུང་ནས། དེ་དག་ན་རེ་མཛའ་བོའི་བུ་མོ་ཚུར་སྤྱོན་ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་ཅག་གི་ཟས་གཞག་པའི་ཁང་པ་དང་། སྐོམ་གཞག་པའི་ཁང་པ་དང་། གོས་གཞག་པའི་ཁང་པ་དང་། གཟིམས་ཁང་ལགས་
ཏེ། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ལགས་ཀྱིས་ཚུར་སྤྱོན་དང་ལོངས་སྤྱད་པར་བགྱིའོ་ཞེས་ཟེར་ནས། དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་
ནམས་བྱེད་བྱེད་པ་དང་དགེ་བ་བྱེད་བྱེད་པ་དང་། རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ལས་འགྲོར་མི་སྟེར་ནས། དེ་ལྷོ་ཕྱོགས་ཀྱི་ལམ་དེར་འགྲོར་མི་སྟེར་བ་དང་ལྷག་པར་ཡང་དེར་འགྲོ་འདོད་པར་གྱུར་ནས་རེ་ཞིག་ན་ཡང་ལྷོ་ཕྱོགས་
སུ་སོང་བ་དང་གྲོང་ཁྱེར་རྟག་ཏུ་མྱོས་ཞེས་བྱ་བ་མཐོང་སྟེ་དེ་དེའི་སྒོར་ཕྱིན་པ་དང་རེ་ཞིག་ན་དེའི་ནང་ནས་ཀྱང་ལྷའི་བུ་མོ་ཆེས་གཟུགས་བཟང་ཞིང་ཆེས་བལྟ་ན་སྡུག་ལ་ཆེས་མཛེས་པ་བརྒྱད་བྱུང་ནས་དེ་དག་ན་རེ་མཛའ་བོའི་བུ་མོ་ཚུར་སྤྱོན་ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་

ཅག་གི་ཟས་གཞག་པའི་ཁང་པ་དང་། སྐོམ་གཞག་པའི་ཁང་པ་དང་། གོས་གཞག་པའི་ཁང་པ་དང་གཟིམས་ཁང་ལགས་ཏེ། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་གང་བ་
ལགས་ཀྱིས་ཚུར་སྤྱོན་དང་ལོངས་སྤྱད་པར་བགྱིའོ་ཞེས་ཟེར་ནས། དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་ནམས་བྱེད་བྱེད་པ་དང་དགེ་བ་བྱེད་བྱེད་པ་དང་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ཡང་ལྷོ་ཕྱོགས་ཀྱི་ལམ་དུ་སོང་
བ་ལས་འགྲོར་མི་སྟེར་ནས། དེ་ལྷོ་ཕྱོགས་ཀྱི་ལམ་དེར་འགྲོར་མི་སྟེར་བ་དང་ལྷག་པར་ཡང་དེར་འགྲོ་འདོད་པར་གྱུར་ནས་རེ་ཞིག་ན་ཡང་ལྷོ་ཕྱོགས་སུ་སོང་བ་དང་གྲོང་ཁྱེར་དགའ་བྱེད་ཅེས་བྱ་བ་མཐོང་སྟེ། དེ་དེའི་སྒོར་ཕྱིན་པ་དང་རེ་ཞིག་ན་དེའི་ནང་ནས་ཀྱང་ལྷའི་བུ་མོ་ཆེས་གཟུགས་བཟང་
ཞིང་བལྟ་ན་སྡུག་ལ་ཆེས་མཛེས་པ་བཅུ་དྲུག་བྱུང་ནས་དེ་དག་ན་རེ་མཛའ་བོའི་བུ་མོ་ཚུར་སྤྱོན་ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་ཅག་གི་ཟས་གཞག་པའི་ཁང་པ་དང་། སྐོམ་གཞག་པའི་ཁང་པ་དང་། གོས་གཞག་པའི་ཁང་པ་དང་། གཟིམས་ཁང་ལགས་ཏེ། ནོར་བུ་དང་།
མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ལགས་ཀྱིས་ཚུར་སྤྱོན་དང་ལོངས་སྤྱད་པར་བགྱིའོ། །ཞེས་ཟེར་ནས། དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་ནམས་བྱེད་བྱེད་
པ་དང་དགེ་བ་བྱེད་བྱེད་པ་དང་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ཡང་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ལས་འགྲོར་མི་སྟེར་ནས་དེ་ལྷོ་ཕྱོགས་ཀྱི་ལམ་དེར་འགྲོར་མི་སྟེར་བ་དང་ལྷག་པར་ཡང་དེ་འགྲོ་འདོད་པར་གྱུར་ནས། རེ་ཞིག་ན་ཡང་ལྷོ་ཕྱོགས་སུ་སོང་བ་
དང་ཁང་བཟངས་ཚངས་པའི་བླ་མ་ཞེས་བྱ་བ་མཐོང་སྟེ། དེ་དེའི་སྒོར་ཕྱིན་པ་དང་རེ་ཞིག་ན་དེའི་ནང་ནས་ཀྱང་ལྷའི་བུ་མོ་ཆེས་གཟུགས་བཟང་ཞིང་ཆེས་བལྟ་ན་སྡུག་ལ་ཆེས་མཛེས་པ་སུམ་ཅུ་རྩ་གཉིས་བྱུང་སྟེ། དེ་དག་ན་རེ་མཛའ་བོའི་བུ་མོ་ཚུར་སྤྱོན་ཁྱོད་བྱོན་པ་ལེགས་སོ། །འདི་དག་

ནི་བདག་ཅག་གི་ཟས་གཞག་པའི་ཁང་པ་དང་། སྐོམ་གཞག་པའི་ཁང་པ་དང་། གོས་གཞག་པའི་ཁང་པ་དང་གཟིམས་ཁང་ལགས་ཏེ། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་
གང་བ་ལགས་ཀྱིས་ཚུར་སྤྱོན་དང་ལོངས་སྤྱད་པར་བགྱིའོ་ཞེས་ཟེར་ནས། དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་ནམས་བྱེད་བྱེད་པ་དང་དགེ་བ་བྱེད་བྱེད་པ་དང་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ཡང་ལྷོ་ཕྱོགས་སུ་སོང་བ་
ལས་འགྲོར་མི་སྟེར་ནས། དེ་ལྷོ་ཕྱོགས་ཀྱི་ལམ་དེར་འགྲོར་མི་སྟེར་བ་དང་། ལྷག་པར་ཡང་དེར་འགྲོ་འདོད་དེ་ཇི་ཙམ་དུ་ལྷོ་ཕྱོགས་སུ་སོང་བ་དེ་ཙམ་དུ་དེའི་འདོད་པ་སྐྱེའོ། །རེ་ཞིག་ན་ཡང་ལྷོ་ཕྱོགས་སུ་སོང་བ་དང་ལྕགས་ཀྱི་མཁར་ཞིག་མཐོང་སྟེ། དེ་དེའི་ནང་དུ་སོང་བ་དང་ནང་
དུ་སོང་མ་ཐག་ཏུ་དེའི་སྒོ་བཅད་དོ། །དེ་ནས་དེ་བས་ཀྱང་ནང་དུ་སོང་བ་དང་དེའི་སྒོ་ཡང་བཅད་དོ། །དེ་བས་ཀྱང་ནང་དུ་སོང་བ་དང་རེ་ཞིག་ན་མི་བོ་ཆེ་ཞིག་མཐོང་ན། དེའི་མགོ་བོ་ལ་ལྕགས་ཀྱི་འཁོར་ལོ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་འབར་བ་གཅིག་ཏུ་གྱུར་པ་
ཞིག་འཁོར་ཞིང་འདུག་ལ་དེའི་མགོ་བོ་ལས་རྣག་ཁྲག་ཅི་འཛག་པ་རྣམས་དེའི་ཟས་སུ་ཟའོ། །དེ་ནས་མཛའ་བོའི་བུ་མོས་མི་དེ་ལ་དྲིས་པ། ཀྭའི་མི་ཁྱོད་སུ་ཡིན། དེ་ན་རེ་ང་ནི་མ་ལ་གནོད་པ་བྱེད་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །མི་དེས་སྨྲས་མ་ཐག་ཏུ་མཛའ་བོའི་བུ་མོས་ལས་དེ་
དྲན་ནས་ང་ཡང་མ་ལ་གནོད་པ་བྱེད་བྱེད་པ་ཡིན་པ་སྙམ་གྱིས། ང་ཡང་ལས་དེ་ཁོ་ནས་འདིར་ཁྲིད་པ་ལྟ་སྙམ་མོ། །དེ་ནས་དེའི་སྐབས་སུ་ནམ་མཁའ་ལས་སྒྲ་བྱུང་སྟེ། བཅིངས་པ་གང་ཡིན་པ་དེ་དག་ནི་གྲོལ་བར་གྱུར་ཏོ། །གྲོལ་བ་གང་ཡིན་པ་དེ་དག་ནི་བཅིངས་སོ་ཞེས་ཟེར་ཏེ་དེ་སྐད་ཟེར་
མ་ཐག་ཏུ་མི་དེའི་མགོ་བོ་ལ་འཁོར་ལོ་མི་སྣང་བར་གྱུར་ནས་མཛའ་བོའི་བུ་མོའི་མགོ་བོ་ལ་བྱུང་ངོ་། །དེ་ནས་མི་དེས་མཛའ་བོའི་བུ་མོ་སྡུག་བསྔལ་གྱིས་དཀོས་ཐག་པ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱེད་ནི་ལོངས་བྱེད་རྟག་ཏུ་མྱོས། །དགའ་བྱེད་ཚངས་པའི་བླ་མ་ཡི། །

ཁང་བཟངས་ལས་ནི་ཐལ་ནས་ཀྱང་། །ཅི་ཡི་ཕྱིར་ན་འདི་རུ་འོངས། །མཛའ་བོའི་བུ་མོས་སྨྲས་པ། བདག་ནི་ལོངས་བྱེད་རྟག་ཏུ་མྱོས། །དགའ་བྱེད་ཚངས་པའི་བླ་མ་ཡི། །ཁང་བཟངས་ལས་ནི་ཐལ་ནས་ཀྱང་། །འདོད་ཆེན་གྱིས་ནི་འདིར་འོངས་སོ། །ལས་
ཀྱིས་རིང་དུ་ཁྲིད་པར་བྱེད། །རིང་པོ་ནས་ཀྱང་ལས་ཀྱིས་ཁྲིད། །གང་དུ་ལས་ཀྱི་རྣམ་པར་སྨིན། །དེར་ནི་ལས་ཀྱིས་ཁྲིད་པར་བྱེད། །ལས་ཀྱི་རྣམ་སྨིན་གང་ཞིག་གིས། །བདག་གི་སྲོག་ནི་གཅོད་བྱེད་པ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །འཁོར་ལོ་མགོ་ལ་འཁོར་བར་གྱུར། །
མི་དེས་སྨྲས་པ། ཁྱོད་ཀྱིས་རབ་ཏུ་སྡང་སེམས་ཀྱིས། །མ་ཅིག་དཀའ་བ་བྱེད་བྱེད་པའི། །མགོ་བོར་རྡོག་པས་བསྣུན་པས་ན། །དེ་ཡི་ལས་ཀྱི་འབྲས་བུ་ཡིན། །མཛའ་བོའི་བུ་མོས་སྨྲས་པ། ལོ་གྲངས་སྟོང་ཕྲག་དུ་ཡི་བར། །བདག་གི་སྲོག་ནི་གཅོད་བྱེད་པ། །ཀུན་ཏུ་འབར་ཞིང་
རབ་འབར་བའི། །འཁོར་ལོ་མགོ་ལ་འཁོར་བར་འགྱུར། །མི་དེས་སྨྲས་པ། ལོ་ནི་སྟོང་ཕྲག་དྲུག་ཅུ་དང་། །བརྒྱ་ཕྲག་དྲུག་ཅུའི་བར་སྲིད་དུ། །ལྕགས་ཀྱི་འཁོར་ལོ་འབར་བ་ནི། །ཁྱོད་ཀྱི་མགོ་ལ་འཁོར་བར་འགྱུར། །མཛའ་བོའི་བུ་མོས་སྨྲས་པ། ཀྱེ་གཞན་ཡང་འདིར་འོང་བ་
འགའ་ལྟ་ཡོད་དམ། མི་དེས་སྨྲས་པ། སུ་འདི་ལྟ་བུའི་ལས་བྱེད་བྱེད་པ་འོང་བར་འགྱུར་རོ། །དེ་ནས་མཛའ་བོའི་བུ་མོ་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ། མི་དེ་ལ་སྨྲས་པ། ཀྱེ་ང་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་འཁོར་ལོ་འདི་མགོ་བོའི་སྟེང་
དུ་འཛིན་པར་འདོད་ཀྱིས། འདི་ལྟ་བུའི་ལས་བྱེད་བྱེད་པ་གཞན་སུ་ཡང་འདིར་འོང་བར་མ་གྱུར་ཅིག་ཅེས་བྱས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་མཛའ་བོའི་བུ་མོའི་འཁོར་ལོ་དེ། མགོ་བོ་ལས་གྱེན་དུ་འཕགས་ནས་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་
ལ་འདུག་གོ། །དེ་ནི་ཤི་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མཛའ་བོའི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཉོ་ཚོང་བྱས་ནས་མ་ལ་ཀཱར་ཥཱ་པ་ཎ་ཕུལ་བའི་ལས་

དེའི་རྣམ་པར་སྨིན་པས་ནི་གྲོང་ཁྱེར་ཆེན་པོ་བཞིར་བདེ་བ་ཆེན་པོ་མྱོང་ངོ་། །ངས་མ་ལ་གནོད་པ་ཆུང་ངུ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་དེ་ལྟ་བུའི་སྡུག་བསྔལ་མྱོང་ངོ་། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་ཕ་མ་ལ་བཀུར་སྟི་བྱའོ། །གནོད་པ་མི་བྱའོ། །
འོན་ཀྱང་མཛའ་བོའི་བུ་མོ་སོ་སོའི་སྐྱེ་བོར་གྱུར་པའི་ཚེ་ཉེས་པ་དེ་དག་ལྟ་བུ་འབྱུང་བར་མི་འགྱུར་ལ། དེ་ཉིད་དུ་ལྷའི་བུར་གྱུར་པའི་ཡོན་ཏན་གང་ཡིན་པ་དེ་ལྟ་བུ་ནི་ཐོབ་པར་འགྱུར་རོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་བུའི་ཕ་མ་གཉིས་
ནི་དཀའ་བ་བྱེད་བྱེད་པ་དང་སྐོམ་ལྡུད་པ་དང་གསོ་བ་དང་སྐྱེད་པ་དང་ནུ་མ་སྣུན་པ་དང་འཛམ་བུའི་གླིང་བཀྲ་བ་སྟོན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བུས་ཕ་མ་གཉིས་ཕྲག་པ་གཡས་གཡོན་དུ་བཞག་སྟེ། ལོ་བརྒྱའི་བར་དུ་ཁྱེར་རམ། ཡང་ན་ས་ཆེན་པོ་འདི་ནོར་བུ་དང་། མུ་ཏིག་དང་།
བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། པད་མ་རཱ་ག་དང་། གཡས་སུ་འཁྱིལ་བ་དང་། དེ་ལྟ་བུ་དག་གིས་བཀང་བའི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ཀྱང་། དེ་ཙམ་གྱིས་ནི་བུས་ཕ་མ་གཉིས་ལ་དྲིན་སོབས་པ་
འམ། ཕན་གདགས་པར་མི་འགྱུར་གྱི། གང་གི་ཕ་མ་དེ་གཉིས་དད་པ་མེད་པ་ལས་དད་པ་ཕུན་སུམ་ཚོགས་པ་ལ་འཛུད་པ་དང་། འདུལ་བ་དང་། གནས་པར་བྱེད་པ་དང་། འཇོག་པར་བྱེད་པ་དང་། ཚུལ་ཁྲིམས་འཆལ་པ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སེར་
སྣ་ཅན་ལས་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་པ་ལས་ཤེས་རབ་ཕུན་སུམ་ཚོགས་པ་ལ་འཛུད་པ་དང་། འདུལ་བ་དང་གནས་པར་བྱེད་པ་དང་། འཇོག་པར་བྱེད་པ་དེ་ཙམ་གྱིས་ན། བུས་ཕ་མ་གཉིས་ལ་དྲིན་བསབས་པའམ་ཕན་བཏགས་པར་འགྱུར་རོ། །
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རི་བོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་

དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་
བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་།
ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་
དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་ཡོད་དེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །
དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་ཞིག་བཙས་ནས་དེ་བསྐྱེད་བསྲིངས་ཏེ་ཆེར་གྱུར་ཏོ། །དེའི་ཕ་ནི་ནོར་ཡང་ཟད་པར་གྱུར་ལོངས་སྤྱོད་ཀྱང་ཟད་པར་གྱུར་ཏོ། །དེ་ཡང་མཛའ་བོ་དང་།
ཉེ་དུ་དང་རྩ་ལག་གི་འདབ་ཆེ་བ་ཞིག་སྟེ། བུ་དེ་དུས་དུས་སུ་ཉེ་དུ་རྣམས་ཀྱི་ཐད་དུ་གཏོང་ངོ་། །དེ་ནས་དེ་ཉེ་དུ་དེ་དག་གིས་ཅི་ནས་དེ་དག་ཀྱང་ཕྱིར་ཞིང་མཛའ་བར་གྱུར་པ་དེ་ལྟ་བུར་བཞེན་ཏོ། །ཕྱིས་རེ་ཞིག་ན་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་དེས་སངས་རྒྱས་བཅོམ་ལྡན་
འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ཏུ་བཟང་བ་མཐོང་ངོ་། །མཐོང་

ནས་ཀྱང་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་བསྟན་ཏེ། དེ་ཐོས་པས་འཁོར་བ་ལ་ཉེས་
པར་ལྟ་བ་དང་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་འགྱུར་ཏེ། ཕ་མ་གཉིས་ཀྱིས་གནང་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་དེ་ལྟར་རབ་ཏུ་བྱུང་ནས་ཉེ་དུ་དེ་དག་དང་ལྷན་ཅིག་ཏུ་འདུ་ཞིང་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཁྱིམ་པ་དང་འདུ་བ་ལས་
བཟློག་ནས་དགོན་པར་གནས་པ་ལ་འཛུད་པར་མཛད་ན་དེ་དེར་མི་དགའོ། །དེ་ནས་དེ་བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་ཁྱིམ་པ་དང་འདུ་བ་ལས་བཟློག་པར་མཛད་དེ། བུ་ཁྱིམ་པ་དང་འདུ་བ་འདི་ནི་ཉེས་པ་དུ་མ་དང་ལྡན་ཏེ། མིག་གིས་ཤེས་པར་བྱ་བའི་གཟུགས་སྡུག་པ་དང་།
ཕངས་པ་དང་། སྙིང་དུ་སྡུག་པ་དང་། ཡིད་དུ་འོང་བ་དང་། འདོད་པ་དང་ལྡན་པ་དང་། ཆགས་པར་འགྱུར་བ་དང་། ཚེར་མ་དང་འདྲ་བ་དང་། རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣས་ཤེས་པར་བྱ་བའི་དྲི་རྣམས་དང་། ལྕེས་ཤེས་པར་བྱ་བའི་རོ་རྣམས་དང་། ལུས་ཀྱིས་ཤེས་པར་བྱ་བའི་
རེག་བྱ་རྣམས་དང་། སྡུག་པ་དང་། ཕངས་པ་དང་། སྙིང་དུ་སྡུག་པ་དང་། ཡིད་དུ་འོང་བ་དང་། འདོད་པ་དང་ལྡན་པ་དང་། ཆགས་པར་འགྱུར་བ་དང་། ཚེར་མ་དང་འདྲ་བ་དག་ཡོད་དོ་ཞེས་གསུངས་སོ། །གང་དུ་གནས་བཅས་ན། དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་བའི་དགོན་པའི་
ཡོན་ཏན་དག་ཀྱང་རྣམ་གྲངས་དུ་མར་བསྔགས་སོ། །དེ་ནས་རེ་ཞིག་ན་རིགས་ཀྱི་བུ་དེས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས་དགོན་པར་གནས་པ་ལ་ཡང་རྟག་ཏུ་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་
པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་རྙིལ་བ་དང་། ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་

དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་
པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དེས་སྔོན་གྱི་གནས་རྗེས་སུ་དྲན་ལ་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་དཀའ་བ་སྤྱོད་པ་ཡང་མཐོང་ནས།
བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་གུས་པ་དང་བཅས་པས་བསྟོད་ཅིང་རི་མོ་བྱས་སོ། །དེ་ནས་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་འདི་ལན་གསུམ་གྱི་བར་དུ་གྲོང་ནས་
བཟློག་སྟེ། དགོན་པའི་གནས་ལ་བཙུད་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དུ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་།
ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པའི་ཚེ། རིགས་ཀྱི་བུ་འདི་ལན་གསུམ་
གྱི་བར་དུ་གྲོང་ནས་བཟློག་སྟེ། དགོན་པའི་གནས་ལ་བཙུད་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དུ་བཞག་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་
དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བའི་ཚེ་ཡང་ངས་རང་གི་སྲོག་ཡོངས་སུ་བཏང་ནས། རིགས་ཀྱི་བུ་འདི་གྲོང་ནས་བཟློག་སྟེ་དགོན་པའི་གནས་ལ་བཙུད་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་

དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རིའི་སུལ་ཆུ་འབབ་ཅིང་མེ་ཏོག་དང་འབྲས་བུ་དང་རྡོ་གུ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པོ་སྤྱོད་པ་ཟས་སུ་འབྲས་བུ་དང་རྩ་བ་དང་ཆུས་འཚོ་བ། རི་དགས་ཀྱི་གཡང་གཞི་དང་། ཤིང་ཤུན་གྱོན་པ་མེའི་སྦྱིན་སྲེག་
བྱེད་པ་ཞིག་འདུག་གོ། །དྲང་སྲོང་དེའི་མཛའ་བོ་ཡང་རི་བོང་མིའི་སྐད་ཤེས་པ་ཞིག་ཡོད་དེ། དེ་ཉིན་གཅིག་བཞིན་དུ་དྲང་སྲོང་གི་ཐད་དུ་དུས་གསུམ་དུ་འགྲོའོ། །དེར་སོང་ནས་གུས་པར་སྨྲ་བ་བྱས་ཏེ། གཏམ་རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་དགའ་བར་བྱས་ནས་དེ་གཉིས་ཕྱིར་ཞིང་མཛའ་
བར་གྱུར་ཏེ་ཕ་སྤད་དང་འདྲ་བར་འདུག་གོ། །ཕྱིས་རེ་ཞིག་ན་ཐན་ཆེན་བྱུང་ནས་དེས་ཆུ་ཀླུང་དང་ཁྲོན་པ་རྣམས་ཆུ་ཆུང་བར་གྱུར་ལ་ཤིང་རྣམས་ཀྱང་མེ་ཏོག་དང་འབྲས་བུ་མེད་པར་གྱུར་ཏོ། །དེ་ནས་དྲང་སྲོང་དེ་གནས་དེ་ན་བཟའ་བ་མེད་པས་མི་དགའ་ནས་དེས་རི་དགས་ཀྱི་གཡང་གཞི་དང་ཤིང་
ཤུན་རྣམས་ཀྱང་བརྟུལ་ཏོ། །དེ་ནས་རི་བོང་དེས་དེ་ལྟ་བུར་གྱུར་པ་མཐོང་ནས་དྲང་སྲོང་ཆེན་པོ་གར་བཞུད་ཅེས་དྲིས་སོ། །དྲང་སྲོང་ན་རེ་ད་ནི་གྲོང་དུ་འགྲོ་སྟེ་དེར་བཙོས་པའི་སློངས་མོས་འཚོ་བར་བྱའོ་ཞེས་ཟེར་རོ། །དེ་ནས་དེས་དྲང་སྲོང་གི་ཚིག་ཐོས་ནས་གདུང་བར་གྱུར་ཏེ་ཕ་དང་བྲལ་བ་ཙམ་དུ་
བསམས་ནས། དྲང་སྲོང་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། བདག་མི་དོར་བར་གསོལ། གཅིག་ཏུ་ན་ཁྱིམ་གྱི་གནས་ནི་ཉེས་པ་དུ་མས་གང་ལ་དགོན་པའི་གནས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ལགས་སོ་ཞེས་བྱས་སོ། །དེ་སྐད་ལན་དུ་མ་བྱས་ཀྱང་དེ་ལྡོག་ཏུ་མ་བཏུབ་བོ། །
དེ་ནས་རི་བོང་གིས་སྨྲས་པ། གལ་ཏེ་མི་འགྲོར་མི་རུང་ན་ཡང་དེང་ཙམ་གཞེས་ལ། སང་གར་དགྱེས་པར་བཞུད་ཅིག་ཅེས་བྱས་སོ། །དེ་ནས་དྲང་སྲོང་དེ་འདི་སྙམ་དུ་སེམས་ཏེ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་འདི་དག་ནི་སྡུག་ཅིང་སོགས་པ་ལ་སྲེད་པས་ན། འདིས་ནི་བདག་དེང་ཁ་ཟས་
སྣ་འགའ་ཞིག་ལ་གཡར་འདྲེན་པར་འདོད་གོར་མ་ཆག་སྙམ་སྟེ་དེས་དེ་ལ་ཁས་བླངས་སོ། །དེ་ནས་ཉིན་པར་གྱི་བྱ་བ་བྱས་ཟིན་ཏེ། དྲོ་ལ་བབ་པ་ན་རི་བོང་འོངས་ནས་དྲང་སྲོང་དེ་ལ་བསྐོར་བ་བྱས་ཏེ་བཟོད་པ་གསོལ་བ། དྲང་སྲོང་ཆེན་པོ་གང་བདག་གིས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པས་བྱ་མི་

བྱ་མི་ཤེས་ནས་ཁྱོད་ལ་ཅུང་ཟད་ནོངས་པ་ཅི་མཆིས་པ་བདག་ལ་ཁྱོད་ཀྱིས་བཟོད་པ་མཛོད་ཅིག་ཅེས་སྨྲས་ནས། ཚམ་ཚོམ་མེད་པར་མེའི་ནང་དུ་མཆོངས་སོ། །དེ་ནས་དྲང་སྲོང་དེ་མི་དགའ་བར་གྱུར་ནས་ངུ་བཞིན་ཕྱུང་ནས་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ལ་
གོར་དུ་བླངས་ནས་བུ་འདི་ཅི་བྱེད་ཅེས་བྱས་སོ། །རི་བོང་ན་རེ་དྲང་སྲོང་ཆེན་པོ་དགོན་པའི་གནས་ལ་དགའ་བས་བདག་གི་ཤ་གསོལ་ལ་ཞག་གཅིག་གི་བར་དུ་འཚོ་བར་མཛོད་ཅིག །ང་གཅིག་ཏུ་ན། ནགས་ཁུང་དག་ཏུ་སྐྱེས་པའི་རི་བོང་ལ། སྲན་སྡེའུ་ཏིལ་དང་འབྲས་རྣམས་ཅི་མ་
མཆིས། །བདག་གི་ལུས་འདི་ཞུགས་ལ་སྒྲོལ་མཛོད་ལ། །གསོལ་ཏེ་དེང་ཙམ་དཀའ་ཐུབ་ཚལ་དུ་བཞུགས། །དེ་ནས་དྲང་སྲོང་དེས་རི་བོང་གི་ཚིག་ཐོས་ནས་མི་དགའ་བར་གྱུར་ཏེ། སྨྲས་པ། གལ་ཏེ་དེ་ལྟ་ན་ཁྱོད་སྙིང་དུ་སྡུག་པ་དང་དགོན་པ་སྙིང་དུ་སྡུག་པའི་ཕྱིར་འདི་ཉིད་དུ་སྲོག་
བོར་ཡང་སླའི་གྲོང་དུ་ནི་བདག་མི་འགྲོའོ་ཞེས་བྱས་སོ། །དེ་ནས་རི་བོང་གིས་ཚིག་དེ་ཐོས་ནས་སེམས་དགའ་བར་གྱུར་ཏེ་ནམ་མཁའ་ལ་གྱེན་དུ་བལྟས་ནས་གསོལ་བ་བཏབ་སྟེ། བདག་ནི་དགོན་པར་སོང་ནས་ཀྱང་། །དབེན་པ་ལ་ནི་ཡིད་དགའ་ན། །དེ་ཡི་བདེན་པའི་ཚིག་གིས་ན། །
དབང་ཆེན་ཆར་ནི་འབབ་པར་ཤོག །ཅེས་ཀྱང་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་མཐུས་དབང་ཆེན་གྱི་གནས་ཀུན་ཏུ་གཡོས་སོ། །ལྷ་རྣམས་ནི་འོག་ཏུ་ཤེས་པའི་མཐོང་བ་འཇུག་སྟེ། ཅི་ལས་གྱུར་སྙམ་པ་དང་བྱང་ཆུབ་སེམས་དཔའི་མཐུ་ཡིན་པར་
མཐོང་ངོ་། །དེ་ནས་རེ་ཞིག་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་མལ་དེར་དབང་ཆེན་གྱི་ཆར་ཕབ་ནས་ཕྱིར་ཡང་རྩྭ་དང་། གེལ་པ་དང་། སྨན་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ནས་དྲང་སྲོང་དེས་དགེ་བའི་བཤེས་གཉེན་རི་བོང་ལ་བརྟེན་ནས།
དེ་ན་གནས་བཞིན་དུ་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་དྲང་སྲོང་དེས་རི་བོང་ལ་སྨྲས་པ། ཀྱེ་རི་བོང་དཀའ་བ་བྱེད་པ་དང་བརྩོན་པ་དང་སྙིང་རྗེ་བའི་རང་བཞིན་འདིས་ཅི་ཞིག་བསྒྲུབ་པར་སེམས་དེས་སྨྲས་པ། འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་

པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་འགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དྲང་སྲོང་
དེས་ཚིག་དེ་ཐོས་ནས་རི་བོང་ལ་སྨྲས་པ། གང་གི་ཚེ་ཁྱོད་སངས་རྒྱས་སུ་གྱུར་པ་དེའི་ཚེ་བདག་ཀྱང་དྲན་པར་གྱིས་ཤིག །རི་བོང་གིས་སྨྲས་པ་དེ་ལྟར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་པ་གང་ཡིན་
པ་དེ་ནི་ང་ཡིན་ནོ། །དྲང་སྲོང་ནི་རིགས་ཀྱི་བུ་འདི་ཁོ་ན་ཉིད་ཡིན་ནོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་དང་གནས་པར་བྱའི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་
རྟེན་དང་གནས་པར་མི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན། སེམས་ལ་འདི་
ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་བྱུང་སྟེ། འདི་ལྟ་སྟེ་དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་བྱེད་ལགས་ཀྱི་སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་ནི་དེ་ལྟ་མ་ལགས་སོ་སྙམ་བགྱིད་དོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ། །
ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པ་རིལ་པོ་དང་མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་

བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བ་དང་། སེམས་ཅན་རྒ་
བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་
ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ་དེ་བས་ན་རྣམ་གྲངས་འདི་ཁོ་ནས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པ་རིལ་པོ་དང་མ་འདྲེས་པ་
དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་
བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆོས་ཚོལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་
རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས།
མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་

དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་ལུགས་ཀྱིས་
ནང་པར་སྔར་ལངས་ཏེ། བཅོམ་ལྡན་འདས་བལྟ་བའི་ཕྱིར་སོང་ནས་རང་གིས་ལག་དར་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འཕྱག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བྲེལ་བ་ཞིག་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་བསོད་ནམས་
འདོད་པ་རྣམས་ལ་བསོད་ནམས་ཀྱི་གནས་བསྟན་པའི་ཕྱིར་ཉིད་ཀྱིས་ཕྱག་དར་ཏེ་ཕྱགས་མ་བསྣམས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འཕྱག་པར་མཛད་དོ། །ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་དང་། ནམ་གྲུ་ལ་སོགས་པས་ཀྱང་
བཅོམ་ལྡན་འདས་མཐོང་ནས་ཕྱག་དར་བྱེད་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕྱགས་ནས་འདུན་ཁང་དུ་གཤེགས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་
ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྔ་པོ་འདི་དག་ནི་ཕྱག་དར་བྱས་པའི་ཕན་ཡོན་ཡིན་ཏེ། ལྔ་གང་ཞེ་ན། བདག་ཉིད་སེམས་དགའ་བར་འགྱུར་བ་དང་། གཞན་སེམས་དགའ་བར་འགྱུར་བ་དང་། ལྷ་རྣམས་མགུ་བར་འགྱུར་བ་དང་།
མཛེས་པར་འགྱུར་བའི་དགེ་བའི་རྩ་བ་སོགས་པ་དང་། ལུས་དང་བྲལ་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བའོ། །དེ་ནས་མགོན་མེད་ཟས་སྦྱིན་ཡང་ཕྱོགས་དེར་ཕྱིན་ནས་དེས་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དག་དང་ཐབས་ཅིག་ཏུ་ཕྱག་དར་ཏེ། རྒྱལ་
བུ་རྒྱལ་བྱེད་ཀྱི་ཚལ་ཕྱགས་སོ་ཞེས་དེ་སྐད་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། གང་དུ་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དག་དང་ཐབས་ཅིག་ཏུ་ཕྱག་དར་དེ་ཕྱག་དར་མཛད་པ་དེའི་སྟེང་དུ་བདག་ཇི་ལྟར་འགྲོ་སྙམ་མོ། །དེ་ནས་མགོན་མེད་ཟས་སྦྱིན་ཤིན་ཏུ་འཛེམ་ཞིང་ངོ་ཚ་དང་ལྡན་པའི་

སེམས་ཀྱིས་དེ་ཁོ་ནའི་གནས་ན་སྡོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་འདྲི་བ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདི་སུ་ཞིག་ཅེས་སྨྲས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ་མགོན་མེད་ཟས་སྦྱིན་ལགས་
ཏེ། བཅོམ་ལྡན་འདས་ལ་ཤིན་ཏུ་འཛེམ་ཞིང་ངོ་ཚ་བ་དང་ལྡན་པའི་སེམས་ཀྱིས་འདི་ལྟར་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དག་དང་ཐབས་ཅིག་ཏུ་ཕྱག་དར་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕྱག་དར་མཛད་པས་དེའི་སྟེང་དུ་སུག་པས་བརྫིས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་མཆི་བར་མི་འཚལ་
ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཁྱིམ་བདག་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ལ་གུས་ལ། དགྲ་བཅོམ་པ་རྣམས་ཀྱི་བླ་མ་ནི་ཆོས་ཡིན་པས་ན། སངས་རྒྱས་ཀྱི་བཀའ་ཁ་ཏོན་གྱིས་ལ་ནང་དུ་ཤོག་ཤིག །དེ་ནས་མགོན་མེད་ཟས་
སྦྱིན་ཚིགས་སུ་བཅད་དེ་བརྗོད་ཅིང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །
ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས། བཅོམ་ལྡན་
འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཆོས་ལ་ཞེ་ས་སྐྱེས་ཤིང་གུས་པ་སྐྱེས་ཏེ། ཆོས་ཀྱི་བསྔགས་པ་འབའ་ཞིག་གསུང་བ་ངོ་མཚར་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་

དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པའི་ཚེ་ཆོས་ལ་ཞེ་ས་སྐྱེས་ཤིང་གུས་པ་སྐྱེས་ཏེ། ཆོས་ཀྱི་བསྔགས་པ་འབའ་ཞིག་བརྗོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་
ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་
གྲོལ་བའི་ཚེ་ཡང་ངས་ཆོས་ཀྱི་ཕྱིར་རང་གི་སྲོག་ཡོངས་སུ་གཏོང་བ་བྱས་པ་དེ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་།
རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་
འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང་། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་
ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ། །དེ་ནས་དེ་ཕྱི་ཞིག་ན་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་
ལས་ཕྱི་ཞིག་ན་བཙུན་མོ་དེ་ལ་བུ་ཆགས་ནས་ལེགས་པར་གསུངས་པ་མཉན་པར་བྱའོ་སྙམ་དུ་ཡིད་ལ་འདོད་པ་སྐྱེས་ཏེ་དེས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་པོས་ཀྱང་ལྟས་མཁན་རྣམས་བཀུག་སྟེ། སྨྲས་ན་དེ་དག་གིས་ཀྱང་ལྷ་སེམས་ཅན་དེའི་མཐུ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་

རྒྱལ་པོ་དེས་ལེགས་པར་གསུངས་པ་སྨྲ་བ་བཙལ་བའི་ཕྱིར། གསེར་བྱེ་བ་ཐོགས་ཏེ་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་བསྐོར་ན་འོན་ཀྱང་ལེགས་པར་གསུངས་པ་དེ་མ་རྙེད་ནས། རེ་ཞིག་ན་ཟླ་བ་དགུ་ཚང་བ་དང་བུ་
བྱུང་སྟེ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ་གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་
བཙས་སོ། །དེ་བཙས་པའི་ཚེ་བཙས་སྟོན་བྱས་ནས་ཁྱེའུའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བློན་པོ་རྣམས་ན་རེ་ཁྱེའུ་འདི་མ་བཙས་བཞིན་དུ་ལེགས་པར་གསུངས་པ་ཚོལ་བས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ལེགས་པར་གསུངས་པ་ཚོལ་བ་ཞེས་བྱའོ་ཞེས་
ཟེར་ནས། དེའི་མིང་ལེགས་པར་གསུངས་པ་ཚོལ་བ་ཞེས་བཏགས་སོ། །དེ་ནས་ཁྱེའུ་ལེགས་པར་གསུངས་པ་ཚོལ་བ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། མ་
མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡང་ལེགས་པར་གསུངས་པ་བཙལ་ཏེ་
མ་རྙེད་དོ། །དེ་ནས་དེ་ཕ་ཤི་བའི་འོག་ཏུ་རྒྱལ་པོར་བཅུག་ནས་བློན་པོ་རྣམས་ལ་བསྒོ་བ། ཡུལ་གྱི་གཙོ་བོ་དག་ང་ལ་ལེགས་པར་གསུངས་པ་དགོས་ཀྱིས། ངའི་ལེགས་པར་གསུངས་པ་ཚོལ་ཅིག་ཅེས་བྱས་སོ། །དེ་ནས་བློན་པོ་དེ་དག་གིས་ལེགས་པར་གསུངས་པ་བཙལ་
བའི་ཕྱིར། འཛམ་བུའི་གླིང་ཐམས་ཅད་དུ་གསེར་བྱེ་བ་བསྟན་ཀྱང་ལེགས་པར་གསུངས་པ་མ་རྙེད་དོ། །དེ་ནས་དེ་དག་གིས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་དེ་ལེགས་པར་གསུངས་པ་ཉན་འདོད་པའི་ཕྱིར་གདུངས་ཤིང་ཡི་ཆད་དོ། །ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་

པའི་མཐོང་བ་འཇུག་སྟེ། དེས་རྒྱལ་པོ་ལེགས་པར་གསུངས་པ་ཐོས་པས་ཕོངས་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ་བདག་གིས་རྒྱལ་པོ་བགམ་པར་བྱའོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གནོད་སྦྱིན་གྱི་ཆ་ལུགས་རྐང་ལག་དང་མིག་མི་སྡུག་པ་ཞིག་ཏུ་བསྒྱུར་ནས་རྒྱལ་
པོའི་མདུན་དུ་ཚིགས་སུ་བཅད་པ་སྨྲས་པ། ལེགས་སྤྱོད་ཆོས་ནི་སྤྱད་པར་བྱ། །ཉེས་པར་སྤྱོད་པ་དེ་མི་བྱ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་བདེ་ལ་རྟེན་པར་འགྱུར། །དེ་ནས་རྒྱལ་པོ་ཡ་མཚན་དུ་གྱུར་ནས་མདངས་ཕྱུང་སྟེ་གནོད་སྦྱིན་ལ་སྨྲས་པ། གསང་བ་པ་ཚིགས་སུ་
བཅད་པ་དེ་བདག་གིས་མཉན་གྱིས་གསུངས་གསུངས། དེ་ནས་གནོད་སྦྱིན་གྱིས་རྒྱལ་པོ་ལ་སྨྲས་པ། གལ་ཏེ་བདག་ཇི་སྐད་མཆི་བ་བཞིན་དུ་ཁྱོད་ཀྱིས་མཛད་ན་ནི། དེའི་འོག་ཏུ་བདག་གིས་ཀྱང་བཀའ་ཅི་སྩལ་པ་བཞིན་དུ་བགྱིའོ། །རྒྱལ་པོས་སྨྲས་པ། བདག་ལ་བཀའ་སྩལ་པ་ཅི་
མཆིས། གནོད་སྦྱིན་གྱིས་སྨྲས་པ། ཉིན་མཚན་བདུན་གྱི་བར་དུ་མེ་དོང་དུ་སེང་ལྡེང་གི་ཤིང་གིས་མེ་སྤར་ནས། གལ་ཏེ་དེར་བདག་ཉིད་ཀྱིས་མཆོང་སྤྱོད་ན་ནི་དེའི་འོག་ཏུ་ཁྱོད་ལ་བདག་གིས་ཚིགས་སུ་བཅད་པ་ཡང་བཟླས་པར་བགྱིའོ། །རྒྱལ་པོས་དེ་སྐད་ཅེས་ཐོས་ནས་སེམས་དགའ་
བར་གྱུར་ཏེ་གནོད་སྦྱིན་དེ་ལ་སྨྲས་པ་དེ་ལྟར་བགྱིའོ། །དེ་ནས་རྒྱལ་པོས་གནོད་སྦྱིན་དམ་གྱི་འོག་ཏུ་བཅུག་ནས་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། དེང་ནས་ཞག་བདུན་ན་རྒྱལ་པོ་ལེགས་པར་གསུངས་པ་མཉན་པའི་ཕྱིར་མེ་དོང་དུ་བདག་ཉིད་མཆོང་བར་ཆད་ཀྱིས། ཁྱེད་ཀྱི་ནང་ནས་
གང་རྨད་དུ་བྱུང་བ་མཐོང་འདོད་པ་དེ་དག་འདིར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་དག་པ་ཁོང་དུ་ཆུད་པར་འདོད་པ་དང་། རྨད་དུ་བྱུང་བ་བལྟ་བའི་ཕྱིར་མི་འབུམ་ཕྲག་དུ་མ་འདུས་པ་དང་། ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་མ་འདུས་
ཏེ་འཁོད་པའི་ནང་དུ་གནོད་སྦྱིན་དེ་ནམ་མཁའ་ལ་འཕགས་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཇི་ལྟར་དམ་བཅས་པ་བཞིན་དུ་མཛོད་ཅིག །དེ་ནས་རྒྱལ་པོས་བུ་ཐུ་བོ་རྒྱལ་པོར་དབང་བསྐུར་ནས་བློན་པོ་རྣམས་དང་གྲོང་རྡལ་གྱི་མི་རྣམས་དང་ཡུལ་གྱི་མི་རྣམས་

ལ་ཉེས་པ་བཤགས་ཏེ། སྐྱེ་བོའི་ཚོགས་རྣམས་དབུགས་ཕྱུང་ནས་མེ་དོང་གི་དྲུང་དུ་སོང་སྟེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ང་ནི་ཆོས་ཕྱིར་མེ་འབར་ཉི་མ་ཁྲག་མདོག་འདྲ་བའི་མདག་མའི་དོང་། །ཤས་ཆེར་འཇིགས་བྱེད་ནང་དུ་མཆོང་བར་སེམས་ངེས་སྲོག་ཕྱིར་
འཇིགས་པ་མེད། །མེ་དོང་འདི་ནི་བདག་གི་བསོད་ནམས་མཐུ་ཡིས་རྫིང་བུ་རབ་བཟང་བ། །ཙན་དན་འདམ་གྱིས་བསྒོས་པའི་ཆུ་བསིལ་པད་མས་གང་བར་འགྱུར་ཡང་དག །བྱང་ཆུབ་སེམས་དཔས་དེ་སྐད་ཅེས་སྨྲས་ནས་མེ་དོང་དེའི་ནང་དུ་མཆོངས་སོ། །མཆོངས་མ་ཐག་ཏུ་
དེའི་མེ་དོང་དེ་རྫིང་བུ་ཞིག་ཏུ་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མི་དད་པར་བྱེད་པའི་ཆོ་འཕྲུལ་རྨད་དུ་བྱུང་བ་དེ་མཐོང་ནས་གནོད་སྦྱིན་གྱི་གཟུགས་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་འདུག་ནས་ཚིགས་སུ་བཅད་པ་སྨྲས་པ། ལེགས་སྤྱོད་ཆོས་ནི་སྤྱད་པར་བྱ། །
ཉེས་པར་སྤྱོད་པ་དེ་མི་བྱ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་བདེ་ལ་རྟེན་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པ་དེ་ཡིད་ལ་བཟུང་ནས་གསེར་གྱི་གླེགས་བམ་ལ་བྲིས་ཏེ། འཛམ་བུའི་གླིང་ཐོག་ཐག་ཏུ་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་
པོའི་ཕོ་བྲང་འཁོར་ཀུན་ཏུ་བསྐོར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། དེའི་ཚེ་ཡང་ངས་ལེགས་པར་གསུངས་པ་མཉན་པའི་ཕྱིར། རང་གི་སྲོག་ཡོངས་སུ་བཏང་ན་ད་ལྟར་
ལྟ་ཅི་སྨོས། དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཆོས་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །ཆོས་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས། བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་
བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མགོན་མེད་ཟས་སྦྱིན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་

ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་
པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་
ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་
བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་རེ་ཞིག་ན་མཐར་གྱིས་གཤེགས་ཏེ་ལམ་པོ་ཆེར་ཞུགས་པ་དང་། བྲམ་ཟེ་ཞིག་ཀྱང་ལམ་པོ་ཆེ་དེར་
འོངས་སོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། །རིན་པོ་ཆེའི་
རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་ཤིན་ཏུ་ཡུན་རིང་དུ་བརྟགས་ནས་ས་ལ་རི་མོ་བྲིས་ཏེ་བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་གཽ་ཏ་མ་བདག་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཙམ་མ་སྩལ་གྱི་བར་དུ་ཁྱོད་ཀྱིས་རི་མོ་འདི་མི་འདའ་བར་གསོལ། དེ་ནས་བཅོམ་ལྡན་འདས་
ཀྱིས་ལས་ཆུད་མི་ཟ་བར་བསྟན་པ་དང་། མ་བྱིན་པར་ལེན་པ་ལས་བཟློག་པའི་ཕྱིར་སྒོ་སྐྱེས་བཙུགས་པ་བཞིན་དུ་གཞེས་སོ། །དེ་ནས་མཉན་དུ་ཡོད་པ་ཐོག་ཐག་ཏུ་བཅོམ་ལྡན་འདས་ལམ་པོ་ཆེར་བྲམ་ཟེ་ཞིག་གིས་ཀཱར་ཥཱ་པ་ཎ་ལྔ་བརྒྱའི་ཕྱིར་འགྲོར་མི་སྟེར་རོ་ཞེས་དེ་སྐད་དུ་གཏམ་གྲག་

པར་གྱུར་ཏོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་མ་ཐག་ཏུ་བློན་པོའི་ཚོགས་ཀྱིས་ཞབས་འབྲིང་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་སྩལ་གྱིས་བཅོམ་
ལྡན་འདས་གཤེགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་དག་ནི་ཁྱོད་ཀྱིས་སྦྱིན་པར་བྱ་བ་མ་ཡིན་གྱི། དེ་དག་ནི་གཞན་ཞིག་གིས་སྦྱིན་དགོས་སོ། །དེ་བཞིན་དུ་རི་དགས་འཛིན་གྱི་མ་ས་ག་དང་བཙུན་མོའི་འཁོར་གྱི་བླ་དྲང་སྲོང་སྦྱིན་དང་གནའ་མི་དང་བརྒྱ་
བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་དང་། རྣམ་ཐོས་ཀྱི་བུ་ལ་སོགས་པས་ཀྱང་གསེར་དངུལ་ཁྱེར་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ན་དེ་དག་ལ་ཡང་བཅོམ་ལྡན་འདས་ཀྱིས་དེ་དག་ནི་ཁྱེད་ཀྱིས་ཀྱང་སྦྱིན་པར་བྱ་བ་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་
མགོན་མེད་ཟས་སྦྱིན་གྱིས་ཐོས་ནས། གསེར་གྱི་གཞོང་པ་གསེར་དངུལ་གྱིས་བཀང་བའི་སྟེང་དུ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བཞག་སྟེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། བཅོམ་ལྡན་འདས་འདི་བཞེས་སུ་གསོལ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་འདི་
དག་ནི་ཁྱེད་ཀྱིས་སྦྱིན་པར་བྱ་བ་ཡིན་གྱིས་བྲམ་ཟེ་ལ་བྱིན་ཅིག །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསེར་གྱི་གཞོང་པ་གང་བ་དེ་བྲམ་ཟེ་ལ་བྱིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་
འདས་བྲམ་ཟེ་འདིས་བཅོམ་ལྡན་འདས་ཀྱང་གཤེགས་སུ་མ་སྟེར་ནས། མགོན་མེད་ཟས་སྦྱིན་གྱིས་ཀཱར་ཥཱ་པ་ཎ་སྩལ་བ་ལ་གཟིགས། བཅོམ་ལྡན་འདས་ཅི་སྲིད་ཅིག་ནས་འདིའི་བུ་ལོན་ཆགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཉན་པར་འདོད་
དམ། བཙུན་པ་ཉན་པར་འཚལ་ལགས་སོ། །དགེ་སློང་དག་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་

དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་
དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེའི་ཕྱི་ཞིག་ན་དེའི་བུ་རབ་རྒྱལ་ཚབ་བྱེད་པ་དེའི་དཔྱིད་ཀྱི་དུས་ཀྱི་ཚེ། ཤིང་རྣམས་མེ་ཏོག་རྒྱས་ཤིང་ངང་པ་དང་། ངུར་པ་དང་། རྨ་བྱ་དང་། ནེ་ཙོ་དང་། རི་
སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་ན། བློན་པོའི་བུ་རྣམས་ཀྱིས་གཡོག་བྱས་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེའི་གྲོགས་པོ་བློན་པོའི་བུ་ཞིག་ཡོད་པ་དེ་རྒྱན་པོ་བྱེད་པའི་མི་གཞན་ཞིག་དང་ལྷན་ཅིག་ཏུ་ཆོ་ལོས་རྩེས་པ་ལས་
བློན་པོའི་བུ་དེ་མི་དེས་ཀཱར་ཥཱ་པ་ཎ་ལྔ་བརྒྱས་ཕམ་པར་བྱས་ནས། རྒྱལ་པོའི་བུས་ཀྱང་དེའི་གཉའ་བྱས་པ་ལས་དེ་མཐུ་དང་ལྡན་ཏེ། ང་ནི་རྒྱལ་པོའི་བུའོ་སྙམ་ནས་མ་བྱིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་
ནོ། །བློན་པོའི་བུ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡིན་ནོ། །རྒྱན་པོ་བྱེད་པ་ནི་བྲམ་ཟེ་འདི་ཁོ་ན་ཡིན་ཏེ། ངས་གཉའ་བྱས་པ་ལས་ང་ནི་རྒྱལ་པོའི་བུ་ཡིན་ནོ་སྙམ་ནས་རྒྱན་པོ་བྱེད་པ་དེ་ལ་ཀཱར་ཥཱ་པ་ཎ་མ་བྱིན་པ་དེས་ན་ང་འཁོར་བ་ན་ལོངས་སྤྱོད་ཀྱིས་ཕོངས་པ་མཐའ་ཡས་པ་
མྱོང་ལ་ད་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་འདིས་བུ་ལོན་བདས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་
རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ལ་ལས་གཅིག་ཏུ་ངེས་པར་དཀར་བ་

རྣམས་འབའ་ཞིག་ལ་གཏད་པར་བྱའོ། །མ་བྱིན་པར་ལེན་པ་སྤང་བ་ལ་ཡང་འབད་པར་བྱ་སྟེ། ཅི་ནས་དེ་ལྟ་བུའི་ཉེས་པར་མི་འགྱུར་བར་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་
རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་པ། རབ་བཟང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་
པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས།
བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་
ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་ཀུ་ཤི་ན་གྱད་ཀྱི་ཉེན་ཀོར་ཤིང་ས་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནའི་དུས་
ཀྱི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་དོ་ནུབ་ནམ་ཕྱེད་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། ཤིང་ས་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་གཟིམས་
ཁྲི་ཤོམས་ལ། སྔས་བྱང་ཕྱོགས་སུ་སྟོན་ཅིག །དེ་ནས་བཙུན་པ་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ནས། ས་ལ་ཟུང་གི་བར་དུ་གཟིམས་ཁྲི་བཤམས་ཏེ་སྔས་བྱང་ཕྱོགས་སུ་བསྟན་ནས། བཅོམ་ལྡན་འདས་ག་ལ་

བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་བཞིན་གཤེགས་པའི་གཟིམས་ཁྲི་
ས་ལ་ཟུང་གི་བར་དུ་བཤམས་ཏེ། སྔས་བྱང་ཕྱོགས་སུ་བསྟན་ལགས་སོ། །དེ་ནས་བཅོམ་ལྡན་འདས་གཟིམས་ཁྲི་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གློ་གཡས་ཕྱོགས་ཀྱིས་གཟིམས་ཏེ། ཞབས་གཤིབས་ནས་སྣང་བའི་འདུ་ཤེས་དང་དྲན་པ་དང་། ཤེས་བཞིན་དང་ལྡན་ཞིང་
མྱ་ངན་ལས་འདས་པའི་འདུ་ཤེས་འབའ་ཞིག་ཐུགས་ལ་དགོངས་སོ། །དེའི་ཚེ་གྲོང་ཁྱེར་ཀུ་ཤི་ན་ཀུན་ཏུ་རྒྱུ་རབ་བཟང་ཞེས་བྱ་བ་ཞིག་འདུག་སྟེ། དེ་རྒས་ཏེ་རྙིས་ཤིང་འཁོགས་ལ་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་དང་གྲོང་ཁྱེར་ཀུ་ཤི་ན་འཁོད་པའི་གྱད་ཡུལ་པ་རྣམས་ཀྱིས་བཀུར་སྟི་བྱས།
བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ་དགྲ་བཅོམ་པར་འཛིན་ཏོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་གིས་དགེ་སྦྱོང་གཽ་ཏ་མ་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ཐོས་ནས་དེ་འདི་སྙམ་
དུ་སེམས་ཏེ། བདག་ཆོས་རྣམས་ལ་སོམ་ཉི་ཡང་ཡོད། ཐེ་ཙོམ་ཡང་ཡོད་ལ། གཽ་ཏ་མ་དེས་བདག་གི་སོམ་ཉ་དེ་བསལ་བར་ནུས་པའི་རེ་བ་ཡང་བདག་ལ་ཡོད་དོ་སྙམ་ནས། ཐོས་མ་ཐག་ཏུ་གྲོང་ཁྱེར་ཀུ་ཤིར་སོང་སྟེ་སཱ་ལ་ཟུང་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ཚེ་དང་
ལྡན་པ་ཀུན་དགའ་བོ་གཙུག་ལག་ཁང་གི་ཕྱི་རོལ་གྱི་ཐང་གི་འཆག་ས་ན་འཆག་ཅིང་འདུག་པ་ཀུན་ཏུ་རྒྱུ་རབ་བཟང་གིས་མཐོང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་ནས་མཐོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་
མངོན་སུམ་དུ་ཡང་དག་པར་མགུ་བར་འགྱུར་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་འདྲེས་ནས་ཕྱོགས་གཅིག་ཏུ་སྡོད་དོ། །ཕྱོགས་གཅིག་ཏུ་བསྡད་ནས་ཀུན་ཏུ་རྒྱུ་རབ་བཟང་གིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །

ཀྱེ་ཀུན་དགའ་བོ་དགེ་སྦྱོང་གཽ་ཏ་མ་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བདག་གིས་ཐོས་ཏེ་བདག་ཆོས་རྣམས་ལ་སོམ་ཉི་ཡང་མཆིས་ཏེ། ཐེ་ཙོམ་ཡང་མཆིས་ལ། གཽ་
ཏ་མ་དེས་བདག་གི་སོམ་ཉི་དེ་བསལ་བར་ནུས་པའི་རེ་བ་ཡང་བདག་ལ་མཆིས་ན། ཀུན་དགའ་བོ་གལ་ཏེ་ཁྱོད་ལ་ཡང་གནོད་པ་མ་མཆིས་ལ་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་འབྱེད་པ་ལྟ་ན་བདག་ནང་དུ་མཆིས་ཏེ་ཕྱོགས་འགའ་ཞིག་ཞུའོ། །ཀུན་དགའ་བོས་སྨྲས་པ།
རབ་བཟང་བཅོམ་ལྡན་འདས་སྐུ་མཉེལ་ཏེ་བདེ་བར་གཤེགས་པ་སྐུ་འོ་བརྒྱལ་གྱིས་རབ་བཟང་ཐོང་ལ་བཅོམ་ལྡན་འདས་ལ་གནོད་པ་མ་བྱེད་ཅིག །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་ཀུན་ཏུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀུན་དགའ་
བོ་དགེ་སྦྱོང་གཽ་ཏ་མ་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བདག་གིས་ཐོས་ཏེ་བདག་ཆོས་རྣམས་ལ་སོམ་ཉི་ཡང་མཆིས་ཐེ་ཙོམ་ཡང་མཆིས་ལ། གཽ་ཏ་མ་དེས་བདག་གི་སོམ་ཉི་དེ་བསལ་བར་
ནུས་པའི་རེ་བ་ཡང་བདག་ལ་མཆིས་ན། ཀུན་དགའ་བོ་གལ་ཏེ་ཁྱོད་ལ་ཡང་གནོད་པ་མ་མཆིས་ལ་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་འབྱེད་པ་ལྟ་ན་བདག་ནང་དུ་མཆིས་ཏེ་ཕྱོགས་འགའ་ཞིག་ཞུའོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་
ཀུན་ཏུ་རྒྱུ་རབ་བཟང་ལ་འདི་སྐད་ཅེས་སྨྲས་སོ། །རབ་བཟང་བཅོམ་ལྡན་འདས་སྐུ་མཉེལ་ཏེ་བདེ་བར་གཤེགས་པ་སྐུ་འོ་བརྒྱལ་གྱིས། རབ་བཟང་ཐོང་ལ་བཅོམ་ལྡན་འདས་ལ་གནོད་པ་མ་བྱེད་ཅིག་ཅེས་བྱས་ཀྱང་ཀུན་ཏུ་རྒྱུ་རབ་བཟང་གིས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་
ཅེས་སྨྲས་སོ། །ཀྱེ་ཀུན་དགའ་བོ་གནའི་ཀུན་ཏུ་རྒྱུ་རྒས་ཤིང་འཁོགས་པའི་སྡེ་ཚན་གྱི་སློབ་དཔོན་ཆེན་པོ་དག་ལས་བདག་གིས་ཐོས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བརྒྱ་ལམ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་ཟད་དེ།

དཔེར་ན་ཨུ་དུམ་བ་རའི་མེ་ཏོག་དང་འདྲའོ་ཞེས་གྲགས་ལ། གཽ་ཏ་མ་དེ་ཡང་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན། བདག་ཆོས་རྣམས་ལ་སོམ་ཉི་ཡང་མཆིས་ཐེ་ཙོམ་ཡང་མཆིས་ལ། གཽ་ཏ་མ་དེས་
བདག་གི་སོམ་ཉི་དེ་བསལ་བར་ནུས་པའི་རེ་བ་ཡང་བདག་ལ་མཆིས་ན་ཀུན་དགའ་བོ་གལ་ཏེ་ཁྱོད་ལ་ཡང་གནོད་པ་མ་མཆིས་ལ། གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་འབྱེད་པ་ལྟ་ན་བདག་ནང་དུ་མཆིས་ཏེ་ཕྱོགས་འགའ་ཞིག་ཞུའོ། །དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་
བོས་ཀུན་ཏུ་རྒྱུ་རབ་བཟང་ལ་འདི་སྐད་ཅེས་སྨྲས་སོ། །རབ་བཟང་བཅོམ་ལྡན་འདས་སྐུ་མཉེལ་ཏེ་བདེ་བར་གཤེགས་པ་སྐུ་འོ་བརྒྱལ་གྱིས་རབ་བཟང་ཐོང་ལ། བཅོམ་ལྡན་འདས་ལ་གནོད་པ་མ་བྱེད་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཀུན་ཏུ་རྒྱུ་རབ་བཟང་དང་སྐབས་སུ་
གཏམ་གླེངས་པ་དེ། བཅོམ་ལྡན་འདས་ཀྱིས་ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་གསན་ཏོ། །གསན་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་སྐད་མ་ཟེར་བར་ཀུན་ཏུ་རྒྱུ་རབ་བཟང་མ་དགག་པར་ནང་དུ་ཐོང་ལ་ཅི་དང་
ཅི་འདོད་པ་འདྲིར་ཆུག་ཅིག །འདི་ནི་ངའི་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དག་དང་སྐབས་སུ་གཏམ་གླེང་བའི་ཐ་མ་ཡིན་ནོ། །འདི་ལྟ་སྟེ་ཀུན་ཏུ་རྒྱུ་རབ་བཟང་འདི་ནི་ངའི་མངོན་སུམ་གྱི་ཉན་ཐོས་རྣམས་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བྱ་བའི་ཐ་མ་ཡང་ཡིན་ནོ། །དེ་
ནས་ཀུན་ཏུ་རྒྱུ་རབ་བཟང་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་དགའ་ཞིང་མགུ་ལ་རབ་ཏུ་དགའ་སྟེ་ཡི་རངས་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་པས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་མངོན་སུམ་དུ་ཡང་དག་པར་མགུ་བར་འགྱུར་བ་དང་། ཡང་
དག་པར་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་འདྲེས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀུན་ཏུ་རྒྱུ་རབ་བཟང་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་འཇིག་རྟེན་ན་མུ་སྟེགས་ཅན་གྱི་གནས་ཐ་དད་པ་འདི་

ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། ཐུབ་མེད་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་དང་འདི་རྣམས་རང་རང་གི་དམ་བཅས་པ་རྟོགས་པ་
ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་གསུངས་པ། ང་ནི་ལོ་གྲངས་ཉི་ཤུ་དགུ་ལོན་ན། །དགེ་བ་གང་ཡིན་ཚོལ་ཕྱིར་རབ་ཏུ་བྱུང་། །རབ་བཟང་ང་ནི་རབ་ཏུ་བྱུང་ནས་ཀྱང་། །དེ་ཡི་ཕྱིན་ཅད་ལོ་ནི་ལྔ་བཅུ་གཅིག །ཚུལ་ཁྲིམས་ཏིང་འཛིན་རྐང་
པ་རེག་པ་རྣམས། །ངས་ནི་རྩེ་གཅིག་སེམས་ཀྱིས་རབ་ཏུ་བསྒོམས། །རིགས་པའི་ཆོས་ཀྱི་ཕྱོགས་ཙམ་སྨྲ་བ་ཡང་། །འདི་ལས་ཕྱི་རོལ་དགེ་སྦྱོང་གཞན་ལའང་མེད། །རབ་བཟང་ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མེད་པ་དེ་ལ་ནི་དགེ་སྦྱོང་དང་པོ་ཡང་
མེད་དོ། །དེ་ལ་ནི་དགེ་སྦྱོང་གཉིས་པ་དང་། གསུམ་པ་དང་། བཞི་པ་ཡང་མེད་དོ། །རབ་བཟང་ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ལ་ནི་དགེ་སྦྱོང་དང་པོ་ཡང་ཡོད་དོ། །དགེ་སྦྱོང་གཉིས་པ་དང་། གསུམ་པ་དང་། བཞི་པ་ཡང་ཡོད་དོ། །རབ་བཟང་
ཆོས་འདུལ་བ་འདི་ལ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པས་ན། དགེ་སྦྱོང་དང་པོ་ཡང་འདི་ལ་ཡོད་དོ། །གཉིས་པ་ཡང་འདི་ལ་ཡོད་དོ། །གསུམ་པ་ཡང་འདི་ལ་ཡོད་དོ། །བཞི་པ་ཡང་འདི་ལ་ཡོད་དོ། །འདི་ལས་ཕྱི་རོལ་པ་ལ་ནི་དགེ་སྦྱོང་དང་བྲམ་ཟེ་མེད་ལ། ཕས་
ཀྱི་རྒོལ་བ་དག་ནི་དགེ་སྦྱོང་རྣམས་དང་བྲམ་ཟེ་རྣམས་ཀྱིས་སྟོང་སྟེ། ང་ནི་འདིར་འཁོར་གྱི་ནང་དུ་དེ་སྐད་ཅེས་ཡང་དག་པར་སེང་གེའི་སྒྲ་སྒྲོགས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་ཏུ་རྒྱུ་རབ་བཟང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། ཀུན་ཏུ་རྒྱུ་
རབ་བཟང་གིས་ཆོས་མཐོང་། ཆོས་རྙེད། ཆོས་རྟོགས། ཆོས་ཀྱི་གཏིང་སླེབས། སོམ་ཉི་ལས་རྒལ་ཐེ་ཙོམ་ལས་རྒལ་ནས། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་ཅིང་གཞན་གྱིས་བཀྲི་བ་མེད་དེ། ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་

པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་སློབ་དཔོན་ཆེན་པོས། སློབ་དཔོན་ཆེན་པོའི་ཉེ་གནས་ཀྱི་དབང་བསྐུར་བས་དབང་བསྐུར་བ་དེ་ནི་བཙུན་
པ་ཀུན་དགའ་བོས་རྙེད་པ་ལེགས་པར་རྙེད་དོ། །གཅིག་ཏུ་ན་བདག་གིས་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་པར་འགྱུར་བ་དེ་ནི་རྙེད་པ་ལེགས་པར་རྙེད་པ་ལགས་སོ། །དེ་ནས་བཅོམ་ལྡན་
འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀུན་ཏུ་རྒྱུ་རབ་བཟང་འདི་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོར་འགྱུར་བར་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
ཀུན་ཏུ་རྒྱུ་རབ་བཟང་ལ་བཀའ་སྩལ་པ། དགེ་སློང་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག །དེ་ནས་དེ་ཉིད་ཀྱིས་ཚེ་དང་ལྡན་པ་དེ་རབ་ཏུ་བྱུང་བར་གྱུར་ཏེ་བསྙེན་པར་རྫོགས་པ་ཡང་དེ་ཡིན་ལ་དགེ་སློང་གི་དངོས་པོ་ཡང་དེ་ཡིན་ནོ། །དེ་ལྟར་རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེ་
གཅིག་པུ་དབེན་པར་འདུག་སྟེ། བག་ཡོད་ཅིང་བརྟུན་ལ་བཅུམ་ནས་གནས་ཏེ་གང་གི་ཕྱིར་རིགས་ཀྱི་བུ་དག་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ཚོན་ཅན་བགོས་ཏེ། ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པའི་ཚངས་པར་སྤྱོད་པ་བླ་ན་མེད་པའི་
མཐར་ཐུག་པ་དེ་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་ཁོང་དུ་ཆུད་ལ་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་ཟིན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཀུན་ཤེས་པར་གྱུར་ནས། ཚེ་
དང་ལྡན་པ་དེ་དགྲ་བཅོམ་པར་གྱུར་ཏེ་སེམས་རྣམ་པར་གྲོལ་ལོ། །དེ་ནས་ཚེ་དང་ལྡན་པ་རབ་བཟང་དགྲ་བཅོམ་པ་ཐོབ་སྟེ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་ནས་འདི་སྙམ་དུ་སེམས་ཏེ། བདག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་བྱ་

བ་ནི་བདག་གི་ཆ་མ་ཡིན་གྱིས། དེ་བས་ཆེས་སྔར་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་གོར་མ་ཆག་སྙམ་ནས། དེར་ཚེ་དང་ལྡན་པ་རབ་བཟང་ཆེས་སྔར་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་འོག་ཏུ་བཅོམ་ལྡན་འདས་མྱ་ངན་ལས་འདས་སོ། །གང་གི་
ཚེ་བཅོམ་ལྡན་འདས་གཟིམས་མལ་གྱི་ཐ་མར་བཞུགས་ཏེ་གནད་ལ་གནོད་པའི་ཚོར་བ་མྱོང་ཞིང་གནད་རྣམས་འཆད་ལ་ཚིགས་རྣམས་འབྱེ་བ་ན། རབ་བཟང་དགྲ་བཅོམ་པ་ཉིད་ལ་བཞག་པ་དང་། གྲོང་ཁྱེར་ཀུ་ཤིའི་གྱད་ཡུལ་བ་མང་པོ་ཆོས་ལ་བཙུད་པ་དེའི་ཚེ་དགེ་སློང་དག་ཐེ་ཙོམ་
སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་ཀུན་ཏུ་རྒྱུ་རབ་བཟང་འདི་བཅོམ་ལྡན་འདས་གནད་རྣམས་འཆད་ཅིང་ཚིགས་རྣམས་འབྱེ་བ་ན། འཁོར་བའི་འགུག་ལས་བཀྲོལ་ཏེ་གཞའ་གསང་གི་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་
ངན་ལས་འདས་པ་ལ་བཞག་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་
འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བའི་ཚེ། ངས་ཀུན་ཏུ་རྒྱུ་རབ་བཟང་འཁོར་བའི་འགུག་ལས་བཀྲོལ་ནས། གཞའ་གསང་གི་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཞག་པ་འདི་ལྟ་ལ་ངོ་
མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་
ལས་ཡོངས་སུ་མ་གྲོལ་བ་ན་བྱ་མི་བྱ་མི་ཤེས་པའི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་ཚེ་ཡང་ངས་རང་གི་སྲོག་ཡོངས་སུ་བཏང་སྟེ། ཀུན་ཏུ་རྒྱུ་རབ་བཟང་དང་གྲོང་ཁྱེར་ཀུ་ཤིའི་གྱད་ཡུལ་པ་རྣམས་འཇིགས་པ་ལས་འཇིགས་པ་མེད་པ་ལ་བཀོད་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་

ལ་ཟུང་ཤིག་ད
Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ | Tra cứu Kinh điển | Tàng Kinh Việt