Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ

Văn bản gốc(Tây Tạng)

Trang 16 / 19 (50.000 ký tự/trang)
ནས་རྒྱལ་པོ་ཟས་གཙང་གིས་སྲས་
ཀྱི་ལེགས་པ་དེ་དག་མཐོང་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ་དེའི་བློ་སྐྱེས་པ། གལ་ཏེ་བདག་གི་བུ་རབ་ཏུ་མ་བྱུང་དུ་ཟིན་ན་ནི་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོར་འགྱུར་བ་ཞིག་ན། ད་ནི་འདི་ཐོར་ཚུགས་
ཅན་རབ་ཏུ་བྱུང་བའི་གཡོག་བྱས་པ་ནི་རབ་ཏུ་མི་མཛེས་ཀྱིས་བདག་གིས་ཤཱཀྱ་རྣམས་ལས་ཁྱིམ་རེ་མི་རེ་རབ་ཏུ་འབྱུང་དུ་གཞུག་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཤཱཀྱ་ཐམས་ཅད་བསྡུ་བའི་ཕྱིར་གྲོང་ཁྱེར་དུ་དྲིལ་བསྒྲགས་སོ། །དེ་ནས་ཤཱཀྱ་ཐམས་
ཅད་འདུས་པའི་ནང་དུ་རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཀྱེ་ཤཱཀྱ་ཁྱེད་རྣམས་ཉོན་ཅིག །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་མ་བྱུང་དུ་ཟིན་ན་ཡང་ཁྱེད་ཁོ་ནས་འདི་ལ་བསྙེན་བཀུར་བྱ་དགོས་ན། ད་འདི་རབ་ཏུ་བྱུང་གིས་ཤཱཀྱ་ཁྱིམ་རེ་མི་རེ་བསྙེན་བཀུར་
བྱ་བའི་ཕྱིར་རབ་ཏུ་ཕྱུང་ཤིག་ཅེས་བྱས་སོ། །དེ་ནས་བཟང་ལྡན་དང་། མ་འགགས་པ་དང་། ནམ་གྲུ་དང་། ལྷ་སྦྱིན་ལ་སོགས་པ་ཤཱཀྱའི་བུ་ལྔ་བརྒྱ་རབ་ཏུ་འབྱུང་བར་ཆས་སོ། །དེ་ནས་དེ་དག་གི་འབྲེག་མཁན་བསྙེན་བཀུར་བྱེད་པ་ཉེ་བར་འཁོར་དེས་དེ་དག་རབ་
ཏུ་འབྱུང་བ་མཐོང་ནས་ངུས་སོ། །དེ་ནས་ཤཱཀྱ་རྣམས་ཀྱིས་ཉེ་བར་འཁོར་ཁྱོད་ཅིའི་ཕྱིར་ངུ་ཞེས་དྲིས་སོ། །དེ་ནས་དེས་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་སྨྲ་སྟེ། ཁྱོད་རབ་ཏུ་བྱུང་ན་ད་བདག་ལ་ཟས་དང་གོས་ཀྱིས་སྐྱོང་བ་སུ་ཞིག་མཆིས། དེ་ནས་

ཤཱཀྱ་རྣམས་ཀྱིས་སྨྲས་པ། ཉེ་བར་འཁོར་འོ་ན་རས་ཐིང་ཤིག་ཅེས་བྱས་སོ། །དེ་ནས་དེས་རས་བཏིང་ནས་ཤཱཀྱ་རྣམས་ཀྱིས་ལུས་ལ་ཐོགས་པའི་དོ་ཤལ་དང་། སེ་མོ་དོ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དཔུང་རྒྱན་དང་། སོར་གདུབ་
རྣམས་ཕུང་པོ་ཆེན་པོར་སྤུངས་ཏེ་བྱིན་ནོ། །དེ་ནས་འབྲེག་མཁན་ཉེ་བར་འཁོར་གྱིས་རབ་ཏུ་འབྱུང་བ་དེ་དག་ཀྱང་མཐོང་ལ་རྒྱན་རྣམ་པ་སྣ་ཚོགས་ལ་ཡང་བལྟས་ནས་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་ཏེ། ཤཱཀྱ་འདི་དག་ནི་ཆོ་རིགས་དང་། བྱད་གཟུགས་དང་། ལང་
ཚོ་དང་། འབྱོར་པ་དང་ལྡན་པ་ཡིན་ན། འོན་ཀྱང་བཙུན་མོ་རྣམས་དང་། རྒྱན་འདི་དག་མཆིལ་མ་བཞིན་དུ་བོར་ནས་རབ་ཏུ་བྱུང་ན་བདག་ཅི་ཡང་མི་བདོག་པ་ཞིག་གིས་ད་རྒྱན་འདི་དག་ཁྱིམ་དུ་བསྐུར་དུ་ཅི་ཡོད་དེ། འདི་དག་བཏང་ལ་བདག་ཀྱང་འདི་དག་གི་རྗེས་སུ་
རབ་ཏུ་འབྱུང་གོར་མ་ཆག་སྙམ་མོ། །དེ་ནས་འབྲེག་མཁན་ཉེ་བར་འཁོར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་
ལྟ་བུ་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་མཆིས་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱས་པས་རབ་ཏུ་ཕྱུང་ངོ་། །དེ་ནས་བཟང་ལྡན་ལ་སོགས་པ་ཤཱཀྱ་ལྔ་བརྒྱ་དགེ་སློང་གི་ཆ་ལུགས་ཅན་རྣམས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕྱག་འཚལ་བར་བྱས་པ་ལས་དེ་དག་གིས་ཉེ་བར་འཁོར་གྱི་རྐང་
པ་ངོ་ཤེས་ནས་ཆོ་རིགས་དང་། བྱད་གཟུགས་དང་། འབྱོར་པ་དང་ལྡན་པའི་ཕྱིར་ཉེ་བར་འཁོར་ལ་ཕྱག་འཚལ་དུ་མ་བཏུབ་ནས། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བཟང་ལྡན་ལ་བཀའ་སྩལ་པ། བཟང་ལྡན་གང་གི་ཕྱིར་ངའི་བསྟན་པ་འདི་ལ་ནི་ཆོ་རིགས་དང་།

བྱད་གཟུགས་དང་། ལང་ཚོ་དང་། དབང་ཕྱུག་དང་། རིགས་བཞི་རྣམ་པར་དག་པ་དང་སྦྱར་བ་མེད་ཀྱིས་འདི་ལ་ཕྱག་འཚོལ་ཅིག །དེ་ནས་བཟང་ལྡན་ལ་སོགས་པ་ཤཱཀྱ་ལྔ་བརྒྱས་ཆོས་ཉིད་བཙན་པར་བྱས་ནས་སྡོང་པོ་རྩ་བ་ནས་བཅད་
པ་བཞིན་དུ་རྐང་པ་ལ་ཕྱག་བྱས་སོ། །དེ་དག་གིས་རྐང་པ་ལ་ཕྱག་བྱས་པའི་མོད་ལ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་དེར་ཚེ་དང་ལྡན་པ་བཟང་ལྡན་གྱིས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་
ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་
བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་།
མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ཡང་བདག་
ཉིད་ཆེ་བ། སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་ཞིག་སྟེ། ཕྱི་ཞིག་ན་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་སྤྱོད་ཡུལ་ལ་ཆས་སོ། །དེ་ནས་རེ་ཞིག་ན་རིགས་ངན་ཞིག་གི་ཁྱིམ་དུ་བསོད་སྙོམས་ལ་སོང་ངོ་། །དེའི་ཚེ་ཀོ་
ས་ལའི་རྒྱལ་པོ་གསལ་རྒྱལ་གླང་པོ་ཆེའི་གཙོ་བོ་པད་མ་དཀར་པོ་གཅིག་པུ་ཞེས་བྱ་བ་ལ་ཞོན་ཏེ། ཁ་ལོ་པ་རྒྱུ་བའི་བུ་རིང་པོ་དང་། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཆས་པ་ལས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཟང་ལྡན་དབང་པོ་ཞི་བ། ཡིད་ཞི་བ། སེམས་

མཆོག་ཏུ་དུལ་ཞིང་ཉེ་བར་ཞི་བ་དང་ལྡན་ལ་ཕྱག་དར་ཁྲོད་ཀྱི་གོས་གྱོན་ཞིང་ཁ་ཟས་ངན་པ་ཁྱེར་ཏེ་རིགས་ངན་གྱི་ཁྱིམ་དེ་ནས་ཕྱིར་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཁ་ལོ་པ་རྒྱུ་བའི་བུ་རིང་པོ་ལ་དྲིས་པ། འདི་དགེ་སློང་བཟང་ལྡན་མ་ཡིན་ནམ། ཁ་ལོ་པས་སྨྲས་པ། ལྷ་
བཀའ་སྩལ་པ་བཞིན་ཏེ་དེ་ལགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འཁམས་ནས་བརྒྱལ་ཏེ་ས་ལ་ལྷུང་ངོ་། །དེ་ནས་ཆུས་གཏོར་བ་དང་ཕྱིར་སངས་ཏེ་སེམས་རྟས་ནས་ཁ་ལོ་པ་རྒྱུ་བའི་བུ་རིང་པོས་བསླང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་
ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་རྨད་དུ་བྱུང་བ་ཞིག་མཐོང་སྟེ། ཤཱཀྱའི་རྒྱལ་པོ་བཟང་ལྡན་དེ་ཕྱག་དར་ཁྲོད་ཀྱི་གོས་གྱོན་ཞིང་ཁ་ཟས་ངན་པ་ཐོགས་ཏེ་ལྷ་དང་མི་
དད་པར་བགྱིས་པའི་སྤྱོད་ལམ་ཤིན་དུ་ཞི་བས་བསོད་སྙོམས་བླངས་ཏེ་རིགས་ངན་གྱི་ཁྱིམ་ནས་སླར་བྱུང་བ་དེ་ལ་བདག་འདི་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ནི་ཤིན་ཏུ་དུལ་བར་བགྱིད་པ་ལགས་ཏེ། དེ་ལ་བསྟེན་ན་འདི་ལྟ་བུར་སྐྱིད་དེ་བར་མཆིས་ལ་བདེ་
བས་བསྐྱེད་པ་དག་ཀྱང་འདི་ལྟར་ཚུལ་དུལ་བར་གྱུར་པ་ནི་ངོ་མཚར་ཆེའོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བཟང་ལྡན་འདི་ལ་ནི་ངོ་མཚར་ཆེ་བ་གཞན་ཡང་ཡོད་ཀྱིས་ཉོན་ཅིག །རྒྱལ་པོ་ཆེན་པོ་བཟང་ལྡན་འདི་ནི་དགོན་པ་ན་གནས་
སམ། ཤིང་དྲུང་ན་གནས་སམ། ཁང་སྟོང་ན་གནས་ཀྱང་རུང་སྟེ། ཀྱེ་མ་རེ་སྐྱིད། ཀྱེ་མ་རེ་སྐྱིད། བདག་རབ་ཏུ་མ་བྱུང་བ་ཙམ་ན་རྒྱལ་པོའི་ཕོ་བྲང་གི་ནང་ན་འདུག་སྟེ། བློན་པོ་ཆེན་པོ་དང་། གྲོང་རྡལ་གྱི་མི་དང་ཡུལ་གྱི་མི་རྣམས་ཀྱིས་ཤིན་ཏུ་ལེགས་པར་བསྲུངས་
ལ། ར་བ་དང་། འོབས་དང་། སྒོ་དང་། གཅན་རྣམས་ཀྱིས་བསྐྱབས་ཀྱང་སྙིང་གཞན་ལ་དོགས་ཤིང་མི་དགའ་ལ་ཀུན་ལ་ཡང་ཁུ་འཕྲིག་ཟ་བཞིན་ཏེ། གཉིད་ཀྱང་མི་འོང་བ་ལས་ད་ནི་བདག་ལུས་དང་སྲོག་ལ་ཡང་མི་ལྟ་བས། གནས་གང་དང་གང་དུ་ཡང་བདེ་བར་

འདུག་ཏུ་ཡོད་དོ་ཞེས་དགའ་བའི་ཚིག་ལན་གསུམ་དུ་རྗོད་པར་བྱེད་དོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཟང་ལྡན་གྱིས་སྔོན་ཚེ་རབས་གཞན་
དག་ཏུ་ལས་གང་དག་བགྱིས་ཤིང་བསགས་ན་དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། རྒྱལ་པོའི་རིགས་ཕྱུག་པོར་སྐྱེས་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་དག་བཟང་ལྡན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། བཟང་ལྡན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་
དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ།
ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་
པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་སྤྲང་པོ་ཞིག་གནས་ལ་ལུས་བཀྲེས་ཤིང་ཉམ་ཆུང་བས་ནོན་ནས་ཕན་ཚུན་དུ་འཁོར་འཁོར་བ་ལས་བུ་མོ་ཁུར་བ་ཁྱེར་བ་ཞིག་མཐོང་ངོ་། །དེ་ནས་སྤྲང་པོ་དེས་
ཁུར་བ་འདོད་པའི་ཕྱིར་བུ་མོ་དེ་བསྙགས་ཏེ་ནན་གྱིས་ཁུར་བ་ཅིག་ཕྲོགས་ནས་ཕན་ཚུན་དུ་བྲོས་སོ། །བུ་མོ་དེ་ཡང་དེའི་ཕྱི་བཞིན་དུ་འབྲང་བཞིན་ནོ། །དེ་ནས་སྤྲང་པོ་དེས་ཚམ་ཚོམ་མེད་པར་ཆུ་ཀླུང་ཟློག་བྱེད་ལ་འབོགས་སོ། །སངས་རྒྱས་རྣམས་མི་འབྱུང་བའི་ཚེ་ན་

རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་བྱུང་སྟེ། རེ་ཞིག་ན་རང་སངས་རྒྱས་ཤིག་སྤྲང་པོ་དེའི་མདུན་དུ་འོངས་སོ། །དེ་ནས་སྤྲང་པོ་དེས་རང་
སངས་རྒྱས་སྤྱོད་ལམ་ཞི་བ་དེ་མཐོང་ནས་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དགའ་བ་ཆེན་པོས་རང་གི་སྡུག་བསྔལ་དང་བསྔོས་ཏེ་རང་སངས་རྒྱས་ལ་ཁུར་བ་དེ་ཕུལ་ལོ། །དེ་ནས་རང་སངས་རྒྱས་དེས་དེའི་དགའ་བ་རྒྱ་ཆེན་པོ་བསྐྱེད་པའི་ཕྱིར། ངང་པའི་རྒྱལ་པོ་འདབ་
མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ནས། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་སྤྲང་པོ་དེས་ལྷ་དང་མི་དད་པར་བྱེད་པའི་ཆོ་འཕྲུལ་ཤིན་དུ་རྨད་དུ་བྱུང་བ་དེ་མཐོང་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ།
བདག་གིས་ཡོན་གནས་བརྟུལ་ཞུགས་གྲུབ་པ་ལ་ཕུལ་བའི་དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་རིགས་མཐོན་པོར་སྐྱེ་བ་དང་། འདི་ལྟ་བུའི་ཆོས་དག་ཐོབ་
པར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་དག་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་
སྤྲང་པོར་གྱུར་པ་གང་ཡིན་པ་དེ་ནི་བཟང་ལྡན་འདི་ཡིན་ཏེ། དེས་རང་སངས་རྒྱས་ལ་ཁུར་བ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ནི་ཤཱཀྱའི་རིགས་ཕྱུག་པོར་སྐྱེས་སོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་ལོ་ཁྲིའི་བར་དུ་ཚངས་
པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་

ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ།
ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་
མངོན་པར་བསྟོད་དོ།། །།ཡུལ་འཁོར་སྐྱོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་
རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་
ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་།
གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་གསུས་པོ་ཆེ་ཞེས་བྱ་བ་ན་གསུས་པོ་ཆེའི་ནགས་ཁྲོད་ན་བཞུགས་སོ། །དེའི་ཚེ་ཡུལ་གསུས་པོ་ཆེ་ན་རྒྱལ་པོ་སྒྲ་མི་སྙན་ཞེས་བྱ་བ་རྒྱལ་པོ་
བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་

དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་དེའི་ནུ་བོའི་བུ་ཡུལ་འཁོར་སྐྱོང་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་
ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་ཡོད་པ་དེ་གདུལ་བའི་དུས་ལ་བབ་པར་བཅོམ་ལྡན་འདས་ཀྱིས་གཟིགས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཅིང་དགེ་སློང་གི་ཚོགས་ཀྱིས་ཞབས་
འབྲིང་བྱས་ཏེ་ཡུལ་གསུས་པོ་ཆེར་བསོད་སྙོམས་ལ་གཤེགས་པ་དང་། ཡུལ་འཁོར་སྐྱོང་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་
གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་
རབ་ཏུ་འབྱུང་བར་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། བུ་ཁྱོད་ཕ་མས་གནང་ངམ། ཡུལ་འཁོར་སྐྱོང་གིས་གསོལ་པ། བཙུན་པ་མ་གནང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་དེ་བཞིན་གཤེགས་པ་
རྣམས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་ཕ་མས་མ་གནང་བར་རབ་ཏུ་འབྱུང་བའམ། བསྙེན་པར་རྫོགས་པར་མི་མཛད་དོ། །དེ་ནས་ཡུལ་འཁོར་སྐྱོང་ཕ་མའི་ཐད་དུ་སོང་སྟེ་ཕྱིན་ནས་སངས་རྒྱས་ཀྱི་བསྔགས་པ་བརྗོད་དེ། བདག་གིས་ནི་བཅོམ་ལྡན་འདས་
ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རྒྱས་པ་དང་། བཙུན་མོ་དྲུག་ཁྲི་སྤངས་ནས་དབུ་སྐྲ་བྲེགས་ཏེ་ཆོས་གོས་སྣམ་སྦྱར་གསོལ་ནས་ཡུལ་གསུས་པོ་ཆེ་འདི་ཉིད་ན་བསོད་སྙོམས་ལ་རྒྱུ་ཞིང་བཞུགས་པ་མཐོང་གིས། བདག་བཅོམ་

ལྡན་འདས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་གནང་བར་མཛད་པའི་རིགས་སོ། །དེ་ནས་དེའི་ཕ་མ་གཉིས་ཀྱིས་མ་གནང་ངོ་། །དེ་ནས་དེ་ཞག་གཅིག་དང་། གཉིས་དང་། གསུམ་ནས་དྲུག་གི་བར་དུ་ཁ་འཚོས་སོ། །དེ་
ནས་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང་ཤེས་པར་གྱིས་ཤིག །ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ཀྱིས་སྡུག་མ་མྱོང་
བ་ཡིན་ལ་ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་པུ་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང་། ནགས་ཁུང་དང་། བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀས། བུ་
ཡུལ་འཁོར་སྐྱོང་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱད་པར་གྱིས་ཤིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་དེ་སྐད་བྱས་ན་ཡང་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་
འཁོར་སྐྱོང་གི་ཕ་མ་གཉིས་ཀྱིས་ཉེ་དུ་རྣམས་ལ་བསྐུལ་ཏེ། ཀྱེ་ཉེ་དུ་རྣམས་བུ་ཡུལ་འཁོར་སྐྱོང་སློང་ཤིག་ཅེས་བྱས་སོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཉེ་དུ་རྣམས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཁྱིམ་བདག་གི་བུ་ཡུལ་
འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང་ཤེས་པར་གྱིས་ཤིག །ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ནི་སྡུག་མ་མྱོང་བ་ཡིན་ལ་ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་
པུ་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང་། ནགས་ཁུང་དང་། བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀས། བུ་ཡུལ་འཁོར་སྐྱོང་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱད་པར་གྱིས་ཤིག །སྦྱིན་པ་

དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་དེ་སྐད་བྱས་ན་ཡང་། ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ཀྱིས་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ལ་བསྐུལ་ཏེ། ཀྱེ་བྱིས་པ་
དག་བུ་ཡུལ་འཁོར་སྐྱོང་སློང་ཤིག་ཅེས་བྱས་སོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཡུལ་འཁོར་སྐྱོང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་ཡུལ་འཁོར་སྐྱོང་ཤེས་པར་
གྱིས་ཤིག །ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ནི་སྡུག་མ་མྱོང་བ་ཡིན་ལ་ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་པུ་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང་། ནགས་ཁུང་
དང་། བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀས། དེས་པ་ཡུལ་འཁོར་སྐྱོང་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱད་པར་གྱིས་ཤིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་
དེ་སྐད་བྱས་ན་ཡང་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ལ་འདི་སྐད་ཅེས་
སྨྲས་སོ། །ཡབ་ཡུམ་གཉིས་མཁྱེན་པར་མཛོད་ཅིག །དེས་པ་ཡུལ་འཁོར་སྐྱོང་གུམ་ན་ཅི་རུང་གིས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་དུ་སྩོལ་ཅིག་དང་། གལ་ཏེ་རབ་ཏུ་འབྱུང་བ་ལ་དགའ་བར་གྱུར་ན་ནི་གསོན་པོར་མཆིས་ན་ནི་ཁྱོད་
ཀྱིས་གཟིགས་པར་འགྱུར་གྲང་། གལ་ཏེ་དགའ་བར་མ་གྱུར་ན་ནི་བུ་འགྲོ་བའི་ས་ཕ་མ་མ་གཏོགས་པ་གཞན་མ་མཆིས་སོ། །ཕ་མ་གཉིས་ཀྱིས་སྨྲས་པ། བྱིས་པ་དག་གལ་ཏེ་བུ་ཡུལ་འཁོར་སྐྱོང་རབ་ཏུ་བྱུང་བའི་འོག་ཏུ་ངེད་དང་ཕྲད་དུ་འོང་ན་ནི་དེ་

བཞིན་དུ་གནང་ངོ་། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཡུལ་འཁོར་སྐྱོང་ཁྱེད་རབ་ཏུ་འབྱུང་
བར་ནི་ཕ་མ་གཉིས་ཀྱིས་གནང་མོད་ཀྱི། གལ་ཏེ་རབ་ཏུ་བྱུང་བའི་འོག་ཏུ་ཕྲད་དུ་འོང་ན་གདོད་གནང་ངོ་ཞེས་ཟེར་རོ། །ཡུལ་འཁོར་སྐྱོང་གིས་སྨྲས་པ། ཀྱེ་ཕྲད་པར་བགྱིའོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཁད་ཀྱིས་ལུས་ཀྱི་མཐུ་དང་སྟོབས་བསྐྱེད་ནས།
བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་
བདག་ནི་ཕ་མས་གནང་ལགས་ན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་། བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ་ཞེས་གསོལ་ནས།
རིགས་ཀྱི་བུ་ཡུལ་འཁོར་སྐྱོང་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་
བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་
སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་

བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་
བའི་གནས་སུ་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་དགོན་པ་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་ཡུལ་འཁོར་སྐྱོང་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ།
ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཡུལ་འཁོར་སྐྱོང་གིས་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་
ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཡུལ་འཁོར་སྐྱོང་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་
བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཡུལ་འཁོར་སྐྱོང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་
པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་
འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློན་དག་སྔོན་བྱུང་བ་འདས་པའི་དུས་ན་ལུས་འཕགས་

ཀྱི་རྒྱལ་པོ་ཕོ་བྲང་འཁོར་གྱི་མི་དང་བཅས་པ་ཕ་རོལ་གྱི་དམག་ཚོགས་བྱུང་སྟེ། ཅི་བྱ་གཏོལ་མེད་ནས་ནགས་ཁུང་དུ་ཞུགས་ཏེ། དེ་ཉི་མ་གུང་ལ་ཉི་མའི་འོད་ཟེར་ཚ་བས་གདུངས་ནས་དཔུང་གི་ཚོགས་དང་བཅས་ཏེ་ཕན་ཚུན་འཁོར་འཁོར་ནས་ལམ་
ཡང་མ་རྙེད་དོ། །སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་ན་རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རེ་ཞིག་ན་རང་
སངས་རྒྱས་ཤིག་དགོན་པའི་ལམ་དེ་ན་གནས་པ་དེས་སྙིང་རྗེ་བསྐྱེད་ནས་ལུས་འཕགས་ཀྱི་རྒྱལ་པོ་དེ་ལ་ལམ་ཡང་བསྟན། ཆུའི་ལྟེང་ཀ་ཡང་བསྟན་ནས་དེས་རྒྱལ་པོ་དེ་འཁོར་དང་བཅས་པའི་སྲོག་ཕངས་པ་བསྐྱངས་སོ། །དེ་ནས་རྒྱལ་པོ་དེ་དད་པ་སྐྱེས་ནས་རང་
གི་གྲོང་ཁྱེར་དུ་ཁྲིད་དེ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །མྱ་ངན་ལས་འདས་པའི་འོག་ཏུ་ཡང་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་
བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཡིན་ནོ། །དགེ་སློང་དག་ཡུལ་འཁོར་སྐྱོང་གིས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། བསྐལ་པ་བཟང་པོ་
འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་

མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཀྲྀ་ཀཱི་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་
པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་
དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་དེའི་བུ་ཐ་ཆུངས་དྲང་སྲོང་སྨྲ་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་
གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་
འདས་ལ་སེམས་དགའ་བར་གྱུར་ཏོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་འོད་སྲུང་གིས་དེ་ལ་ཆོས་བསྟན་ཏེ། དེ་དད་པ་སྐྱེས་
པས་བཅོམ་ལྡན་འདས་འོད་སྲུང་འཁོར་དང་བཅས་པ་ལ་བསྙེན་བཀུར་བྱས་ཏེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་སོ། །ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་མཆོད་རྟེན་ལ་གདུགས་བུ་ཆུང་བཏགས་སོ། །དགེ་སློང་དག་ཇི་སྙམ་དུ་
སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ནོ། །ཡུལ་འཁོར་སྐྱོང་གིས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་བྲམ་ཟེ་ལས་

སུ་རྩ་བ་རྐོ་བ་ཞིག་གནས་པ་དེ། རེ་ཞིག་ལ་རྩ་བ་རྐོར་སོང་སྟེ་ནགས་ཁྲོད་དུ་འཁོར་འཁོར་བ་ལས་དེས་དེར་རང་སངས་རྒྱས་ནད་པ་ཞིག་མཐོང་ངོ་། །དེ་ནས་དེ་དད་པ་སྐྱེས་ཏེ་དེ་ལ་བསྙེན་བཀུར་བྱས་ནས་གང་གི་ཚེ་ནད་སོས་པ་དེའི་ཚེ་ཡང་བཤོས་
གསོལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྩ་བ་རྐོ་བའི་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་འཁོར་བ་ན་ནམས་ཀྱང་སྡུག་བསྔལ་མྱོང་བ་མེད་པར་གྱུར་ལ་ད་ལྟར་ཡང་
རྒྱལ་པོའི་རིགས་ཕྱུག་པོར་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །རྒྱུ་དེ་ཁོ་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་
པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་
དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ་རྫོགས་སྷོ།། །།སྡོམ་ནི། །རབ་འབྱོར་དང་ནི་རྒན་པོ་དང་། །ལག་པ་ཅན་དང་འདེ་གུས་གསོས། །འཁོར་

བ་དང་ནི་སྦེད་པ་དང་། །མི་སྡུག་པ་དང་གང་གཱ་པ། །སེན་རིངས་དང་ནི་ཡང་དག་སྡུག །སྡེ་ཚན་དག་ཏུ་བསྟན་པ་ཡིན། །རབ་འབྱོར་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་།
ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་
བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་
ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་
ར་བ་ན་བཞུགས་སོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྗོངས་སོ་སོར་གདུལ་བའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་ཉན་ཐོས་རྣམས་བསྐོས་པ་དེའི་ཚེ། བསམ་གཏན་
པ་གང་ཡིན་པ་དེ་དག་ནི་རི་རབ་ཀྱི་བང་རིམ་ལ་བསམ་གཏན་ལྷུར་བྱེད་ཅིང་འཁོད་དོ། །དེ་ནས་རེ་ཞིག་ན་བྱའི་རྒྱལ་པོ་འདབ་བཟངས་ཀྱིས་རྒྱ་མཚོ་ཆེན་པོའི་ནང་ནས་ཀླུའི་ཕྲུ་གུ་ཞིག་བླངས་ཏེ། དེས་དེ་རི་རབ་ཀྱི་བང་རིམ་གྱི་སྟེང་དུ་ཕྱུང་ནས་བཟའ་བར་བརྩམས་སོ། །དེ་ནས་
ཀླུའི་ཕྲུ་གུ་དེ་འཆི་བའི་ཚེ་ཉན་ཐོས་ཆེན་པོ་རྣམས་ལ་སེམས་དགའ་བར་བྱས་ཏེ་ཤིའོ། །དེ་ནས་དེ་ཤི་ནས་མཉན་དུ་ཡོད་པར་བྲམ་ཟེ་འབྱོར་པ་ཞེས་བྱ་བ་དེའི་ཆུང་མ་ཆེན་མོའི་ལྟོར་ཞུགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་

བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་ཁྱེའུ་འདིའི་ཕ་འབྱོར་པ་ཡིན་པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་རབ་འབྱོར་ཞེས་གདགས་སོ་ཞེས་
ཟེར་རོ། །དེ་ནས་ཁྱེའུ་རབ་འབྱོར་བསྐྱེད་བསྲིངས་ཏེ་ཆེར་སྐྱེས་ནས་དེ་སྔོན་གྱི་རྒྱུའི་སྟོབས་དང་ཤུགས་ཀྱིས་སྤྲོ་ཐུང་བ་དང་ཁྲོ་བ་དང་། ཞེ་གནག་པའི་ཤས་ཆེ་བར་གྱུར་ཏེ། དེ་ནས་ཕ་མ་གཉིས་ཀྱིས་སྲིད་སྲུང་ལས་ཕྱུང་སྟེ། དྲང་སྲོང་གི་ནང་དུ་རབ་
ཏུ་ཕྱུང་ནས་དེ་ཡང་དེ་ན་བསམ་གཏན་ལྷུར་བྱེད་པར་གྱུར་ཏེ་ནགས་ཁྲོད་ཅིག་ན་རྟེན་ཅིང་འདུག་གོ། །ནགས་ཁྲོད་དེ་ན་ལྷ་བདེན་པ་མཐོང་བ་ཞིག་ཀྱང་གནས་ཏེ། དེས་དེ་ལ་སྙིང་རྗེ་བསྐྱེད་ནས་རིགས་ཀྱི་བུ་འདི་ནི་ཁྲོ་བ་དང་ཞེ་གནག་པའི་ཤས་ཆེ་བས་ཁྱད་པར་ཐོབ་པར་
མི་འགྱུར་གྱིས། བདག་གིས་འདི་བཅོམ་ལྡན་འདས་ལ་བལྟར་གཞུག་གོ་སྙམ་མོ། །དེ་ནས་ལྷ་དེས་རབ་འབྱོར་གྱི་མདུན་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་དོ། །དེ་ནས་རབ་འབྱོར་བཅོམ་ལྡན་འདས་བལྟ་བའི་འདོད་པ་སྐྱེས་ནས་ལྷ་
དེའི་རྫུ་འཕྲུལ་གྱི་མཐུས་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྲིད་དོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་
སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེའི་སེམས་ཅན་རྣམས་ལ་ཞེ་ནོན་པའི་སེམས་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་དགའ་བ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཆོས་
མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་

རིགས་ཀྱི་བུ་རབ་འབྱོར་གྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་
དང་། འབད་པས་བྱམས་པ་བསྒོམ་པས་སེམས་བཏུལ་ནས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་
ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་
སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་
ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་སྐྱེས་པ་བསམས་པ་
དང་། དེས་ཚེ་རབས་ལྔ་བརྒྱའི་བར་དུ་ཀླུ་ལས་ཤི་འཕོས་ཏེ་ཀླུ་འབའ་ཞིག་ཏུ་སྐྱེས་པར་མཐོང་ངོ་། །དེ་ནས་དེའི་བློ་སྐྱེས་པ། བདག་གིས་འདི་ལྟར་ཞེ་སྡང་གི་རྐྱེན་བསྒྲུབས་པ་དེས་ན་བདག་ཚེ་རབས་ལྔ་བརྒྱར་ཀླུ་འབའ་ཞིག་ཏུ་སྐྱེས་ཏེ། དེ་ཁོ་ནའི་ཕྱིར་སྡུག་
བསྔལ་ཆེན་པོ་མྱོང་བར་གྱུར་གྱིས། ད་ནི་ཅི་ནས་བདག་ལ་གཞན་དག་གི་ཞེ་སྡང་སྐྱེ་བར་འགྱུར་ཞིང་དེ་དང་ལྡན་པས་ལུས་དང་བྲལ་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དེ་ལྟ་བུ་མི་འགྱུར་བར་བྱའོ་སྙམ་ནས་དེ་

ཉོན་མོངས་པ་མེད་པ་ལ་གནས་པའི་ལམ་ཡང་དག་པར་བླངས་ཏེ་གནས་སོ། །དེ་གང་གི་ཚེ་དགེ་འདུན་གྱི་ནང་ངམ། གྲོང་ངམ། ཡུལ་ལམ། ལྗོངས་སུ་བསོད་སྙོམས་ཀྱི་ཕྱིར་གནས་པར་འདོད་པ་དེའི་ཚེ། ཐོག་མ་ཁོ་ནར་སྤྱོད་ཡུལ་ལ་ལྟ་བར་བྱེད་
དེ། བདག་མཐོང་ན་ཐ་ན་གྲོག་སྦུར་ཡན་ཆད་སུ་ཡང་སྣ་འགའ་ཞིག་གི་ཕྱིར་སེམས་སྡང་བར་མི་འགྱུར་གྲང་སྙམ་ནས་དེས་སྤྱོད་ལམ་དེ་བཏང་སྟེ་གཞན་དུ་བསྒྱུར་ནས། དེས་སེམས་ཅན་དེ་དག་གི་སེམས་དགའ་བར་གྱུར་ཏེ། དེ་དགྲ་བཅོམ་པ་ཡིན་དུ་ཟིན་ཀྱང་དེ་
ལྟ་བུའི་ཉམ་ང་བ་མྱོང་ངོ་། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱི་བློ་སྐྱེས་པ། མ་ལ་བདག་གིས་ད་ནི་སྐྱེ་བོ་མང་པོ་ལ་ཕན་གདགས་སོ་སྙམ་མོ། །དེ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལྡིང་ལྔ་བརྒྱ་སྤྲུལ་ཏེ། དེ་དག་མཐོང་ནས་ཀླུ་རྣམས་སྐྲག་ཅིང་དངངས་ཏེ་མི་དགའ་
ནས་ཕན་ཚུན་དུ་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་རབ་འབྱོར་གྱིས་ཡང་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡོངས་སུ་བསྐྱབས་སོ། །དེ་ནས་དེ་དག་སེམས་དགའ་བར་གྱུར་ནས་བྱམས་པའི་ལུང་ཕོག་གོ། །དེ་ནས་ཡང་ཀླུ་ཆེན་པོའི་གཟུགས་སུ་སྤྲུལ་ནས་ནམ་མཁའ་
ལྡིང་ལྔ་བརྒྱ་གཙེས་ཏེ་དེ་དག་ཀྱང་སྐྲག་ནས་བྱམས་པའི་ལུང་ཕོག་སྟེ། དེས་དེ་ལྟར་ཀླུ་དང་ནམ་མཁའ་ལྡིང་གི་རིགས་ལྔ་བརྒྱ་ལྔ་བརྒྱ་བཏུལ་ཏོ། །དེ་ནས་དེས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་
སློང་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། རིགས་ཀྱི་བུ་རབ་འབྱོར་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་རབ་འབྱོར་
གྱིས་ལས་གང་དག་བགྱིས་ན་དེས་ཉོན་མོངས་པ་མ་མཆིས་པར་གནས་པའི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རབ་འབྱོར་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་

བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རབ་འབྱོར་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་
ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་།
སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་
དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་
བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་དེར་འདི་རབ་
ཏུ་བྱུང་སྟེ། འདིས་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་ནས་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་མ་འོངས་
པའི་དུས་སུ་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་

ཡིན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་ཅིག་ཅེས་བྱས་སོ། །ལས་གང་དག་གིས་ཀླུར་སྐྱེས་ཞེ་ན། ཉོན་མོངས་པ་རྣམས་མ་སྤངས་པ་དང་། དབང་པོ་རྣམས་འཁྲུལ་བ་དང་། ལས་
ཀྱི་ལམ་རྣམས་མཐར་ཐུག་པར་མ་བྱས་པ་དང་། སློབ་པ་དང་མི་སློབ་པའི་དགེ་སློང་རྣམས་ལ་སྡང་བའི་སེམས་བསྐྱེད་ནས་སྦྲུལ་གདུག་པ་ཞེས་བྱ་བའི་ཚིག་བརྗོད་དེ་དེས་ན་ཀླུར་སྐྱེས་སོ། །དེས་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་ནས་ཚངས་པར་སྤྱོད་པའི་གནས་བསྲུངས་
པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་
ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་
ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་
ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། རྒན་པོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་
རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་

འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་
སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་
བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་
པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་དེ་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་བུ་མ་བྱུང་བར་རེ་ཞིག་ན་ཡང་དེ་ཉིད་དང་རྩེ་ཞིང་དགའ་ལ་དགའ་མགུར་
སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་མངལ་ན་བུ་སྔ་མ་དེ་འདུག་བཞིན་དུ་རེ་ཞིག་ན་མའི་ལྟོར་དེའི་བུ་སྔ་ཕྱིར་བཅུ་བྱུང་ཡང་བུ་དང་པོ་དེ་ནི་མངལ་ཉིད་ན་འདུག་བཞིན་ནོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་དེའི་ཆུང་མ་དེ་ན་བར་གྱུར་ནས་དེ་ལ་རྩ་བ་དང་།
སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་ནད་དེ་ཞི་བར་མ་གྱུར་ནས། གང་གི་ཚེ་དེ་ཤི་ལ་ཐུག་པའི་ནད་ཀྱིས་ཐེབས་ཏེ་འཆིར་ཉེ་བ་དེའི་ཚེ་དེས་ཁྱིམ་ཐབ་ལ་སྨྲས་པ། ཇོ་བོ་མཁྱེན་པར་མཛོད་ཅིག །འདིའི་
ནང་ན་བདག་གི་བུ་དང་པོ་མཆིས་ཀྱིས་ནམ་བདག་གུམ་པ་ན་གློ་གཡས་རོལ་མཚོན་གྱིས་དྲལ་ཏེ་ཁྱེའུ་དང་པོ་ནས་མཆིས་པ་དེ་ཕྱུང་ཤིག་ཅེས་དེ་སྐད་སྨྲས་ནས། བསགས་པ་ཀུན་ནི་ཐ་མར་ཟད། །མཐོན་པོ་རྣམས་ནི་ཐ་མར་ཉིལ། །ཕྲད་པ་རྣམས་ནི་ཐ་མར་འབྲལ། །

གསོན་པོ་རྣམས་ནི་ཐ་མར་འཆི། །ཞེས་སྨྲས་ཏེ་ཤིའོ། །དེ་ནས་དེ་ཤི་ནས་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གིས་ཁྱོགས་བརྒྱན་ཏེ་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་ཁྱེར་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་བོས་སོ། །རྒྱལ་
པོའི་ཁབ་ཀྱི་གྲོང་ཁྱེར་ཐོག་ཐག་ཏུ་ཡང་འདི་ལྟར་བུད་མེད་ཆེ་གེ་མོ་ཞིག་ལ་ལོ་འདི་སྙེད་ཅིག་གི་བར་དུ་བུ་མངལ་ན་འདུག་འདུག་སྟེ། དེའི་བུ་གཞན་བཅུ་བྱུང་ཡང་ཐོག་མའི་བུ་མངལ་ན་འདུག་པ་དེ་མ་བྱུང་ནས། དེང་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་ཤི་བ་དེའི་ལྟ་མཚོན་
གྱིས་དྲལ་ཏེ། དང་པོའི་ཁྱེའུ་མངལ་དུ་འདུག་པ་དེ་དབྱུང་བར་འཚལ་ལོ་ཞེས་དེ་སྐད་དུ་སྒྲ་གྲག་གོ། །སྒྲ་གྲག་ནས་ཀྱང་སྲོག་ཆགས་འབུམ་ཕྲག་དུ་མ་དང་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་རྣམས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་ལྟད་མོ་ལ་འདུས་སོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་འདི་སྐད་དུ་བཅོམ་ལྡན་འདས་དུར་ཁྲོད་རྒྱུ་ཞིང་གཤེགས་པར་བཞེད་ཀྱིས་ཁྱེད་ལས་གང་རྨད་དུ་བྱུང་བ་ལྟ་འདོད་པ་དེ་དག་གཤེགས་ཤིག་ཅེས་བསྒོ་ཤིག །
དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་དང་། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ཀྱིས་
ཞབས་འབྲིང་བྱས་ཏེ་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་གཤེགས་སོ། །སྐྱེ་བོའི་ཚོགས་ཀྱིས་ཀྱང་བཅོམ་ལྡན་འདས་མཐོང་ནས་གོ་ཕྱེའོ། །དེ་ནས་སྨན་པ་འཚོ་བྱེད་ཀྱིས་བུད་མེད་དེའི་གློ་གཡས་པ་དྲལ་ཏོ། །དེ་ནས་ཁྱེའུ་དེ་རང་བྱུང་ནས་སྐྲ་དཀར་ཞིང་ཡན་ལག་གཉེར་
མས་གང་བ། ལུས་ཀྱི་ཕྱོགས་ཆ་རྣམས་རྒན་ཤར་གྱུར་པ། དབང་པོ་རྙིས་པ། རིད་དེ་བ། ཉམ་སྟོབས་ཆུང་ངུ་ཞིག་བྱུང་ངོ་། །དེ་ནས་བྱུང་མ་ཐག་ཏུ་སྐྱེ་བོའི་ཚོགས་དེ་དག་ལ་བལྟས་ནས་ཚིག་ཏུ་སྨྲས་པ། ཀྱེ་བླ་མ་རྣམས་སམ། བླ་མ་ལྟ་བུ་རྣམས་སམ། ཕ་མའམ། མཁན་

པོའམ། སློབ་དཔོན་རྣམས་ལ་ཚིག་རྩུབ་པོ་མ་ཟེར་ཅིག །ཇི་ལྟར་བདག་མའི་ལྟོར་ཕོ་བ་དང་ལོང་ཀ་གཉིས་ཀྱི་བར་དུ་ལོ་དྲུག་ཅུ་འདུག་འདུག་པ་དེ་ལྟ་བུའི་ཉམས་མྱོང་བར་གྱུར་ཏ་རེ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་
ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟར་སྲིད་པ་ཐ་མ་པའི་སེམས་ཅན་གྱིས་ཀྱང་ཉམས་འདི་ལྟ་བུ་མྱོང་བར་འགྱུར་གྱིས་སྲིད་པར་སྐྱེ་བ་ཐམས་ཅད་ཀྱིས་ཆོག་པར་གྱིས་ཤིག །སྲིད་པར་སྐྱེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཆོག་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་
ཀྱིས་ཁྱེའུ་དེ་ལ་བཀའ་སྩལ་པ། ཁྱེའུ་ཁྱོད་རྒན་པོ་ཡིན་ནམ། བཅོམ་ལྡན་འདས་བདག་ནི་རྒན་པོ་ལགས་སོ། །ཁྱེའུ་ཁྱོད་རྒན་པོ་ཡིན་ནམ། བདེ་བར་གཤེགས་པ་བདག་ནི་རྒན་པོ་ལགས་སོ། །དེ་ནས་གཞི་དེ་ལས་དེའི་མིང་རྒན་པོ་ཞེས་བཏགས་སོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་གཞི་དེ་ལས་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་དེས་སེམས་ཅན་བརྒྱ་ཕྲག་མང་པོ་སྐྱོ་བར་གྱུར་ནས་ཁྱད་པར་ཆེན་པོ་ཐོབ་བོ། །རྒན་པོ་དེ་ཡང་ལོ་བཅུའི་བར་དུ་ཁྱིམ་པའི་གནས་ན་འདུག་འདུག་ནས་ལོ་བདུན་ཅུ་ལོན་ཏེ་བཅོམ་
ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ཉི་ཤུ་རྩ་ལྔ་དང་ཐབས་ཅིག་ཏུ་དབྱར་གནས་པར་དམ་བཅས་སོ། །དེ་ནས་དེར་དགེ་འདུན་གྱི་གནས་བརྟན་གྱིས་སོ་སོ་སྐྱེ་བོར་འདུག་བཞིན་དུ་གང་གིས་ཀྱང་སྐབས་དབྱེ་བར་མི་བྱའོ་ཞེས་
ཁྲིམས་བཅས་སོ། །དེ་ནས་རེ་ཞིག་ན་ཟླ་བ་གསུམ་ལོན་པ་དང་དགེ་སློང་ཉི་ཤུ་རྩ་བཞིས་དགྲ་བཅོམ་པ་ཉིད་ཐོབ་ན་རྒན་པོ་གཅིག་པུ་སོ་སོ་སྐྱེ་བོའི་སོ་ན་འདུག་གོ། །དེ་ནས་དགེ་འདུན་གྱི་གནས་བརྟན་གྱིས་སྐབས་འབྱེད་པ་བྱེད་པའི་ནང་དུ་ཤིན་ཏུ་མང་དུ་བརྒྱད་བཀག་ནས་
ཚོགས་ཀྱི་ནང་ནས་བསྐྲད་དེ་བཏང་ངོ་། །དེ་ནས་དེས་མཚོན་ཆ་བླངས་ཏེ་ཁང་ཕུགས་སུ་ཞུགས་ནས་ངུ་ཞིང་རྣམ་པ་དུ་མར་སྨྲེ་སྔགས་བཏོན་ཏེ་སྨྲས་པ། ནགས་ཚལ་ཐམས་ཅད་འབར་གྱུར་ཏེ། །རི་རྣམས་སེར་པོར་གྱུར་ཟིན་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །

རྣམ་པར་གྲོལ་བར་མ་གྱུར་ཏོ། །ཕུ་ཆུ་དག་གི་སྒྲ་ཡང་ཞི། །འབབ་ཆུ་དག་ཀྱང་བྲི་བཞིན་དུ། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །སྒོ་ང་ལས་སྐྱེས་བྱ་འདི་དག །སྒྲ་སྐད་གཅམ་ཡང་ཆུང་གྱུར་ན། །འོན་ཀྱང་ད་
དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །ནགས་ཚལ་འདི་དག་ལོ་མ་སེར། །ཤིང་རྣམས་འདབ་མ་ལྷགས་གྱུར་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །ལུང་འབོགས་པ་ཡི་གནས་བརྟན་རྣམས། །ཕྱོགས་ཕྱོགས་
དག་ཏུ་དོང་ཟིན་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །སོ་སོ་སྐྱེ་བོར་འདུག་བཞིན་དུ། །སྟོན་པའི་ཐད་དུ་ཇི་ལྟར་འགྲོ། །དོན་མེད་གསོན་པ་ཅི་དགོས་ཀྱིས། །བདག་ནི་མཚོན་གྱིས་ལྕེབས་ཏེ་བཏང་ཞེས་ཟེར་རོ། །དེའི་སྐབས་སུ་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་
ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་
ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་
པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་

པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་
གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་
སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་
ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་
དུ་ཡེ་ཤེས་གཟིགས་པ་འཇུག་གོ། །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་རེ་ཞིག་ན་སངས་རྒྱས་བཅོམ་ལྡན་འདས་
ཀྱིས་དགོངས་ཏེ་རྫུ་འཕྲུལ་གྱིས་ཀྱང་དེའི་ཐད་དུ་གཤེགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཚེ་དང་ལྡན་པ་རྒན་པོས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་།
རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་

མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་།
ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་རྒན་པོས་དགྲ་བཅོམ་པ་ཉིད་ཐོབ་ནས་བདག་གིས་ཀྱང་གདུལ་བར་བྱ་བ་འགའ་ལྟ་ཡོད་དམ་སྙམ་དུ་བསམས་པ་དང་།
དེས་ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོའི་ནང་ན་སྲིན་པོ་ནག་པོའི་རླུང་གིས་བསྐོར་ཅིང་འདུག་པ་མཐོང་ནས་སྡུག་བསྔལ་དང་ཕྲད་པ་འདི་དག་བདག་གིས་སྡུག་བསྔལ་དེ་ལས་ཡོངས་སུ་བསྐྱབ་པར་བྱའོ། །འོན་ཏང་དེ་དག་བདག་གིས་འདུལ་བར་འགྱུར་རོ་སྙམ་མོ། །དེ་ནས་རྒན་པོ་རྫུ་
འཕྲུལ་གྱིས་སོང་ནས་འཇིགས་པ་དེ་ལས་ཡོངས་སུ་བསྐྱབས་སོ། །དེ་ནས་དེ་དག་དད་པ་སྐྱེས་ཏེ་ཐམས་ཅད་རབ་ཏུ་བྱུང་ནས་དེ་དག་ལ་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེ་དག་ཐམས་ཅད་ཀྱིས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་
ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དེ་དག་གི་ཡོན་ཏན་རྣམས་སུས་ཀྱང་མི་ཤེས་ནས་དྲུག་སྡེ་རྣམས་འཕྱ་བར་གྱུར་ཏེ། རྒན་བླུན་དུ་འདུག་ལ་མི་ལྔ་བརྒྱ་དང་ལྷན་ཅིག་འཁོད་ཅིང་དྲུང་དུ་བཞག་པས་འདི་དག་ཀྱང་དེ་དང་འདྲ་བར་དུལ་བར་མི་འགྱུར་རོ་ཞེས་འཛེར་
ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚངས་པ་མཚུངས་པར་སྤྱོད་པ་ལ་མཉེས་གཤིན་པ། གཞན་ལ་ཕན་འདོགས་པ་ལ་ཞུགས་པས། ཚེ་དང་ལྡན་པ་གནས་བརྟན་གླེང་བར་འདོད་ནས། ཚེ་དང་ལྡན་པ་གནས་བརྟན་རྒན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་
ལྡན་པ་གནས་བརྟན་རྒན་པོ་དང་ལྷན་ཅིག་ཏུ་མངོན་སུམ་དུ་ཡང་དག་པར་མགུ་བར་འགྱུར་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་འདྲེས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་

གནས་བརྟན་རྒན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་དྲིས་ནས་དྲི་བ་ལུང་བསྟན་པའི་ཕྱིར་སྐབས་ཕྱེ་ན་ཚེ་དང་ལྡན་པ་གནས་བརྟན་རྒན་པོ་ལ་བདག་ཕྱོགས་འགའ་ཞིག་འདྲིའོ། །ཚེ་དང་ལྡན་པ་ཀུན་དགའ་བོ་དྲིས་ཤིག་དང་ཐོས་ནས་ཁྱོད་ལ་བསྙད་པར་བྱའོ། །ཚེ་དང་
ལྡན་པ་གནས་བརྟན་རྒན་པོ་དགེ་སློང་དགོན་པ་ན་གནས་པ་དང་། ཤིང་དྲུང་ན་གནས་པ་དང་། ཁང་སྟོང་ན་གནས་པས་ཆོས་གང་དག་རྒྱུན་མི་འཆད་པར་ཡིད་ལ་བྱ། ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་དགོན་པ་ན་གནས་པ་དང་། ཤིང་དྲུང་ན་གནས་པ་
དང་། ཁང་སྟོང་ན་གནས་པས་ཆོས་གཉིས་རྒྱུན་མི་འཆད་པར་ཡིད་ལ་བྱ་སྟེ། ཞི་གནས་དང་ལྷག་མཐོང་ངོ་། །གནས་བརྟན་ཞི་གནས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དོན་གང་དག་ཉམས་སུ་མྱོང་བར་འགྱུར། ལྷག་མཐོང་ཀུན་དུ་བསྟེན་
ཅིང་བསྒོམས་ཏེ་མང་དུ་བྱས་པས་དོན་གང་ཉམས་སུ་མྱོང་བར་འགྱུར། ཚེ་དང་ལྡན་པ་ཀུན་དགའ་བོ་ཞི་གནས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ལྷག་མཐོང་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །ལྷག་མཐོང་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་
དུ་བྱས་པས་ནི་ཞི་གནས་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཞི་གནས་དང་ལྷག་མཐོང་ཡོངས་སུ་བསྒོམས་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པའི་སེམས་ནི་ཁམས་ཀྱི་སྒོ་ནས་རྣམ་པར་གྲོལ་བར་འགྱུར་རོ། །གནས་
བརྟན་ཁམས་རྣམས་གང་དག་ཡིན། ཚེ་དང་ལྡན་པ་ཀུན་དགའ་བོ་སྤོང་བའི་ཁམས་གང་ཡིན་པ་དང་། འདོད་ཆགས་དང་བྲལ་བའི་ཁམས་གང་ཡིན་པ་དང་། འགོག་པའི་ཁམས་གང་ཡིན་པའོ། །གནས་བརྟན་གང་སྤངས་པ་ལ་སྤོང་བའི་ཁམས་ཞེས་བྱ།
གང་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱ། གང་འགགས་པ་ལ་འགོག་པའི་ཁམས་ཞེས་བྱ། ཚེ་དང་ལྡན་པ་ཀུན་དགའ་བོ་འདུ་བྱེད་ཐམས་ཅད་སྤངས་པ་ལ་སྤོང་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་ལས་འདོད་ཆགས་

དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་འགགས་པ་ལ་འགོག་པའི་ཁམས་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གནས་བརྟན་རྒན་པོས་བཤད་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་དགེ་སློང་
ལྔ་བརྒྱ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་ལྔ་བརྒྱ་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་དགེ་སློང་དགོན་པ་ན་གནས་པ་དང་། ཤིང་དྲུང་ན་གནས་པ་དང་། ཁང་སྟོང་ན་གནས་པས་ཆོས་གང་དག་རྒྱུན་མི་འཆད་པར་ཡིད་ལ་བྱ། ཚེ་དང་ལྡན་པ་
ཀུན་དགའ་བོ་དགེ་སློང་དགོན་པ་ན་གནས་པ་དང་། ཤིང་དྲུང་ན་གནས་པ་དང་། ཁང་སྟོང་ན་གནས་པས་ཆོས་གཉིས་རྒྱུན་མི་འཆད་པར་ཡིད་ལ་བྱ་སྟེ་ཞི་གནས་དང་། ལྷག་མཐོང་ངོ་། །ཚེ་དང་ལྡན་པ་དག་ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དོན་
གང་ཉམས་སུ་མྱོང་བར་འགྱུར། ལྷག་མཐོང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དོན་གང་ཉམས་སུ་མྱོང་བར་འགྱུར། ཚེ་དང་ལྡན་པ་ཀུན་དགའ་བོ་ཞི་གནས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ལྷག་མཐོང་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །
ལྷག་མཐོང་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ཞི་གནས་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཞི་གནས་དང་ལྷག་མཐོང་ཡོངས་སུ་བསྒོམས་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པའི་སེམས་ནི་ཁམས་ཀྱི་སྒོ་ནས་རྣམ་པར་གྲོལ་བར་འགྱུར་
རོ། །ཚེ་དང་ལྡན་པ་དག་ཁམས་རྣམས་གང་དག་ཡིན། ཚེ་དང་ལྡན་པ་ཀུན་དགའ་བོ་སྤོང་བའི་ཁམས་གང་ཡིན་པ་དང་། འདོད་ཆགས་དང་བྲལ་བའི་ཁམས་གང་ཡིན་པ་དང་། འགོག་པའི་ཁམས་གང་ཡིན་པའོ། །ཚེ་དང་ལྡན་པ་དག་གང་སྤངས་པ་ལ་སྤོང་བའི་
ཁམས་ཞེས་བྱ། གང་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱ། གང་འགགས་པ་ལ་འགོག་པའི་ཁམས་ཞེས་བྱ། ཚེ་དང་ལྡན་པ་ཀུན་དགའ་བོ་འདུ་བྱེད་ཐམས་ཅད་སྤངས་པ་ལ་སྤོང་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་

ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་འགགས་པ་ལ་འགོག་པའི་ཁམས་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་ལྔ་བརྒྱ་པོ་རྣམས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་
བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་
སློང་དགོན་པ་ན་གནས་པ་དང་། ཤིང་དྲུང་ན་གནས་པ་དང་། ཁང་སྟོང་ན་གནས་པས་ཆོས་གང་དག་རྒྱུན་མི་འཆད་པར་ཡིད་ལ་བགྱི། ཀུན་དགའ་བོ་དགེ་སློང་དགོན་པ་ན་གནས་པ་དང་། ཤིང་དྲུང་ན་གནས་པ་དང་། ཁང་སྟོང་ན་གནས་པས་ཆོས་གཉིས་
རྒྱུན་མི་འཆད་པར་ཡིད་ལ་བྱ་སྟེ། ཞི་གནས་དང་། ལྷག་མཐོང་ངོ་། །བཙུན་པ་ཞི་གནས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བགྱིས་པས་དོན་གང་ཉམས་སུ་མྱོང་བར་འགྱུར་ལགས། ལྷག་མཐོང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བགྱིས་པས་དོན་གང་ཉམས་
སུ་མྱོང་བར་འགྱུར་ལགས། ཀུན་དགའ་བོ་ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ལྷག་མཐོང་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །ལྷག་མཐོང་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ཞི་གནས་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །
ཀུན་དགའ་བོ་ཞི་གནས་དང་ལྷག་མཐོང་ཡོངས་སུ་བསྒོམས་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པའི་སེམས་ནི་ཁམས་ཀྱི་སྒོ་ནས་རྣམ་པར་གྲོལ་བར་འགྱུར་རོ། །བཙུན་པ་ཁམས་རྣམས་གང་དག་ལགས། ཀུན་དགའ་བོ་སྤོང་བའི་ཁམས་གང་ཡིན་པ་དང་།
འདོད་ཆགས་དང་བྲལ་བའི་ཁམས་གང་ཡིན་པ་དང་། འགོག་པའི་ཁམས་གང་ཡིན་པའོ། །བཙུན་པ་གང་སྤངས་པ་ལ་སྤོང་བའི་ཁམས་ཞེས་བགྱི། གང་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བགྱི། གང་འགགས་པ་ལ་

འགོག་པའི་ཁམས་ཞེས་བགྱི། ཀུན་དགའ་བོ་འདུ་བྱེད་ཐམས་ཅད་སྤངས་པ་ལ་སྤོང་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་འགགས་
པ་ལ་འགོག་པའི་ཁམས་ཞེས་བྱའོ། །བཙུན་པ་སྟོན་པ་དང་ཉན་ཐོས་རྣམས་འདི་ལྟ་སྟེ། ཚིག་གི་མཆོག་གིས་འདི་ཁོ་ན་ལྟར་དོན་དང་དོན་དུ་འཐུན་ཞིང་འདྲ་བ་དང་། ཚིག་དང་ཚིག་ཏུ་འཐུན་ཞིང་འདྲ་བ་དང་། ཡི་གེ་དང་ཡི་གེར་འཐུན་ཞིང་འདྲ་བ་ནི་ངོ་མཚར་
ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་འདིར་བདག་གནས་བརྟན་དགེ་སློང་རྒན་པོ་ག་ལ་བ་དེར་མཆིས་ནས། གནས་བརྟན་དགེ་སློང་རྒན་པོ་ལ་དོན་འདི་ཉིད་ཚིག་འདི་རྣམས་དང་། ཡི་གེ་འདི་རྣམས་ཀྱིས་སྨྲས་ན་ཡང་། དེ་ལྟར་བཅོམ་ལྡན་འདས་
ཀྱིས་ཇི་སྐད་བཀའ་སྩལ་པ་ཁོ་ན་བཞིན་དུ་དེས་བདག་ལ་དོན་འདི་ཉིད་ཚིག་འདི་རྣམས་དང་། ཡི་གེ་འདི་རྣམས་ཀྱིས་སྨྲས་པའི་ལན་བཏབ་སྟེ། བདག་གནས་བརྟན་དགེ་སློང་རྒན་པོས་བཤད་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས། དགེ་སློང་ལྔ་བརྒྱ་པོ་
རྣམས་ག་ལ་བ་དེར་མཆིས་ཏེ། དགེ་སློང་ལྔ་བརྒྱ་པོ་རྣམས་ལ་དོན་འདི་ཉིད་ཚིག་འདི་རྣམས་དང་། ཡི་གེ་འདི་རྣམས་ཀྱིས་སྨྲས་ན་ཡང་། ད་ལྟར་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་ཁོ་ན་བཞིན་དུ་དེ་དག་གིས་ཀྱང་བདག་ལ་དོན་འདི་ཉིད་ཚིག་འདི་
རྣམས་དང་། ཡི་གེ་འདི་རྣམས་ཀྱིས་སྨྲས་པའི་ལན་བཏབ་སྟེ། བཙུན་པ་སྟོན་པ་དང་ཉན་ཐོས་རྣམས་འདི་ལྟ་སྟེ། ཚིག་གི་མཆོག་གིས་འདི་ཁོ་ན་ལྟར་དོན་དང་དོན་དུ་འཐུན་ཞིང་འདྲ་བ་དང་། ཚིག་དང་ཚིག་ཏུ་འཐུན་ཞིང་འདྲ་བ་དང་། ཡི་གེ་དང་ཡི་གེར་འཐུན་ཞིང་འདྲ་
བ་དེ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དགེ་སློང་རྒན་པོ་སུ་ཡིན་ཤེས་སམ། གསོལ་པ་བཙུན་པ་དགེ་སློང་རྒན་པོ་ནི་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ།

སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ལགས་སོ། །དགེ་སློང་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་
གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་ལགས་སོ། །གང་གི་ཚེ་བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྒན་པོ་དང་། དགེ་སློང་ལྔ་བརྒྱ་པོ་
དེ་དག་གླེངས་ཤིང་བསྒྲགས་པ་དེའི་ཚེ་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒན་པོས་ལས་གང་དག་བགྱིས་ན་དེས་ལོ་དྲུག་ཅུའི་བར་དུ་མའི་ལྟོ་ན་མཆིས་པར་གྱུར་ལགས། བཙུན་པ་ལས་གང་དག་
བགྱིས་ན་དེས་ཡིད་རྟུལ་བར་གྱུར་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒན་པོ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་
འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རྒན་པོ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་
ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་
འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་

ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་
མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ན་ཚོང་དཔོན་གྱི་བུ་ཞིག་གནས་བརྟན་ཞིག་ལས་རབ་ཏུ་བྱུང་ངོ་། །གནས་བརྟན་དེ་ནི་དགྲ་
བཅོམ་པ་འདོད་ཆགས་སྤངས་པ་ཞིག་གོ། །དེ་ནས་རེ་ཞིག་ན་ཡུལ་དེར་དུས་སྟོན་ཞིག་བྱུང་ནས་དགེ་སློང་གཞོན་ནུ་དེས་གནས་བརྟན་དེ་བསླང་སྟེ། བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་དོ་ཞེས་བྱས་སོ། །གནས་བརྟན་གྱིས་སྨྲས་པ། བུ་ད་དུང་སྔས་ཀྱིས་རེ་ཞིག་སོང་
ལ་དགེ་བའི་ཕྱོགས་གྱིས་ཤིག །ལན་གཉིས་ལན་གསུམ་གྱི་བར་དུ་དགེ་སློང་གཞོན་ནུ་དེས་གནས་བརྟན་དེ་བསླང་སྟེ། བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་ཅེས་བྱས་ན་ཡང་ལན་གཉིས་ལན་གསུམ་གྱི་བར་དུ་གནས་བརྟན་གྱིས་བུ་ད་དུང་སྔས་ཀྱིས་སོང་ལ་དགེ་བའི་
ཕྱོགས་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དགེ་སློང་གཞོན་ནུ་ལྟོ་འདུན་ཅན་དེས་ངག་གི་ལས་རྩུབ་པོ་སྨྲས་ཏེ། ཁྱོད་ལོ་དྲུག་ཅུའི་བར་དུ་ཡང་ཁྱིམ་ནས་མ་བྱུང་ཤིག །ང་ནི་སོང་ཟིན་ནོ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་
དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་གཞོན་ནུར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་རྒན་པོ་འདི་ཡིན་ཏེ། དེས་དགྲ་བཅོམ་པ་ལ་སེམས་སྡང་བར་བྱས་ནས་ངག་གི་ལས་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ལོ་དྲུག་ཅུའི་བར་དུ་མའི་ལྟ་ན་འདུག་འདུག་གོ། །
གཞན་ཡང་སྔོན་ཆོས་ལ་སེར་སྣ་བྱས་པ་དེས་ནི་ཤེས་རབ་འཆལ་པར་གྱུར་ཏོ། དབང་པོ་རྣམས་ཚེགས་ཆེན་པོས་ཡོངས་སུ་སྨིན་པར་གྱུར་ཏོ། །དེས་དེར་བསླབས་པ་དང་། ཁ་ཏོན་བྱས་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་

མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ནི་ད་ལྟར་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་བས་
ན་ངག་གི་ཉེས་པ་སྤང་བའི་ཕྱིར་འབད་པར་བྱ་སྟེ། ཅི་ནས་རྒན་པོ་དེ་སོ་སོའི་སྐྱེ་བོར་གྱུར་པའི་ཚེའི་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱའོ། །དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་པའི་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ནི་ཐོབ་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ལག་པ་ཅན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་
དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་
ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་
བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་
གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་

ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་
ལ་མཛེས་པ། མདོག་བཟང་བ། གསེར་གྱི་ཁ་དོག་ཅན། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། རང་བཞིན་གྱིས་ཚེ་རབས་དྲན་པ་ཞིག་བཙས་སོ། །དེ་ནས་དེས་རང་གི་ལག་པ་བཟུང་སྟེ། འོ་བྱེད་ཅིང་མཐང་ལ་འཇོར་བར་བྱེད་ལ་འཁྱུད་པར་བྱེད་དེ་
ཚིག་ཏུ་སྨྲས་པ། ཀྱེ་མ་བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ། །ཀྱེ་མ་བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཟེར་རོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་
མིང་འདོགས་པར་བྱེད་དེ། དེའི་ཉེ་དུ་རྣམས་ན་རེ་འདི་བཙས་མ་ཐག་ཏུ་ལག་པ་བཟུང་སྟེ་འོ་བྱེད་ཅིང་མཐང་ལ་འཇོར་ལ་འཁྱུད་པར་བྱེད་པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་ལག་པ་ཅན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ལག་པ་ཅན་པང་ན་འཚོ་བའི་མ་མ་གཉིས་
དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུ