Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
ཡང་
དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།
དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ཀྲྀ་ཀཱིའི་བུ་དྲང་སྲོང་སྨྲ་བར་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་
བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས་མཐོང་མ་ཐག་ཏུ་དེ་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་
ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་དེ་ལྟ་བུ་བསྟན་ཏེ། དེ་ཐོས་ནས་འཁོར་བ་ལ་ཉེས་
པར་ལྟ་བ་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ལ་གསོལ་ཏེ། ཡབ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་འཚལ་ན་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །རྒྱལ་པོས་སྨྲས་པ། ཁྱོད་རིང་པོ་མི་ཐོགས་པར་
རྒྱལ་ཚབ་ཏུ་དབང་བསྐུར་དགོས་པས་འདི་ནི་ངས་བཅོས་སུ་མེད་དོ། །བུས་སྨྲས་པ། རྒྱལ་སྲིད་ཉེས་པ་མང་པོ་དང་ལྡན་པ་ཆོས་ཀྱི་དགྲར་གྱུར་པ་བདག་ལ་མི་འཚལ་གྱིས། བདག་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་མི་འབྱུང་དུ་མི་གནང་ངོ་། །དེ་ནས་ཡབ་ཀྱིས་མ་གནང་

ནས་དེས་ཞག་གཅིག་དང་གཉིས་དང་། གསུམ་ནས་ཞག་དྲུག་གི་བར་དུ་ཁ་འཚོས་སོ། །དེ་ནས་དེའི་ཟླ་གྲོགས་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏེ། ལྷ་མཁྱེན་པར་མཛད་དུ་གསོལ། སྲས་འདི་ནི་རབ་ཏུ་བྱུང་ན་ལེགས་ཀྱི་དེའུ་རེ་འདིར་འགུམ་ན་མ་ལེགས་སོ། །དེ་ནས་
རྒྱལ་པོས་གནང་ནས་དམ་འཆར་བཅུག་སྟེ། ནམ་ཁྱོད་སྡེ་སྣོད་གསུམ་མ་ལོབས་ཀྱི་བར་དུ་ང་དང་ཕྲད་དུ་མ་འོང་ཅིག་ཅེས་བསྒོའོ། །དེ་ནས་རེ་ཞིག་ན་དེ་ཡབ་ཀྱིས་གནང་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་
པས་རིང་པོ་མ་ལོན་པར་སྡེ་སྣོད་གསུམ་ལོབས་ཏེ། རིག་པ་དང་གྲོལ་བར་སྨྲ་བར་ཆོས་སྟོན་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་སྔོན་དམ་བཅས་པ་གཉེར་དགུམ་གོར་མ་ཆག་སྙམ་ནས་དེ་ཡབ་ཀྱི་ཐད་དུ་སོང་སྟེ་ཕྲད་ནས་དྲིས་པ། བུ་ཅུང་ཟད་ལོབས་
པ་ལྟ་ཡོད་དམ། དེས་སྨྲས་པ། སྡེ་སྣོད་གསུམ་ལོབས་ལགས་སོ། །དེ་ནས་དེས་ཡབ་ལ་ཆོས་དེ་ལྟ་བུ་བསྟན་ཏེ་དེ་ཐོས་ནས་རྒྱལ་པོ་མགུ་བར་གྱུར་ཏོ། །དེ་ནས་དགའ་བ་སྐྱེས་ཏེ་སྨྲས་པ། བུ་གཅིག་ཁྱོད་ལ་ཅི་དགོས། དེས་སྨྲས་པ། བདག་ནི་བཅོམ་ལྡན་འདས་ཉན་ཐོས་ཀྱི་
དགེ་འདུན་དང་བཅས་པ་སྤྱན་དྲངས་ལ་ཡོ་བྱད་དྲུག་དབུལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། རྒྱལ་པོའི་ཕོ་བྲང་ནི་རྒྱ་ཆེས་ཅི་དགའ་བ་གྱིས་ཤིག །དེ་ནས་སྡེ་སྣོད་གསུམ་པས་བཅོམ་ལྡན་འདས་ཞབས་འབྲིང་འཁོར་དགེ་སློང་ཉི་ཁྲི་དང་བཅས་ཏེ་ཞལ་ཟས་བཟང་པོས་ཚིམ་པར་
བྱས་ནས་དགེ་སློང་རེ་རེ་ལ་ཡང་ཡོ་བྱད་དྲུག་དྲུག་ཕུལ་ལོ། །དེ་ནས་ཞབས་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། བདག་ད་ལྟར་དཀའ་བས་རབ་ཏུ་བྱུང་བ་ཐོབ་ནས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་བྱས་པའི་དགེ་བའི་རྩ་བ་དང་། སེམས་
བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་གོས་སུ་ཆོས་གོས་ཚོན་ཅན་གྱོན་ལ་དགེ་སྦྱོང་གི་ཆ་ལུགས་འདི་དང་ལྡན་ཏེ་ཚེ་རབས་དྲན་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཀྲྀ་ཀཱིའི་བུར་གྱུར་པ་གང་ཡིན་པ་དེ་ནི་སྡེ་སྣོད་གསུམ་པ་འདི་ཡིན་ཏེ། རྒྱུ་དེ་ཉིད་ཀྱིས་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་ཚེ་རབས་དྲན་པར་གྱུར་ཏོ། །དགེ་སློང་
དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་
མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་
འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གྲགས་བཤེས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་
པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གདོན་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་
ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་
ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་དེད་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་
གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེའི་ཚེ་མུ་གེ་མི་བཟད་པས་གནོད་པ་བྱུང་སྟེ་སློང་བས་ཀྱང་ཟས་མི་རྙེད་དོ། །ལྟས་མཁན་རྣམས་ཀྱིས་ཀྱང་ཆར་མི་འབབ་པར་བསྟན་པ་ལས་རེ་
ཞིག་ན་དེད་དཔོན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས་གང་གི་ཉིན་པར་ཁྱེའུ་དེ་བཙས་པ་དེ་ཁོ་ནའི་ཉིན་
པར་ནས་ཐན་པ་མེད་པར་གྱུར་ཏོ། །དེ་ནས་དེའི་གྲགས་པས་མཉན་དུ་ཡོད་པ་མཐའ་དག་ཏུ་རྒྱས་པར་གྱུར་ཏོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་འདིའི་གྲགས་པ་ཀུན་དུ་རྒྱས་
པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་གྲགས་བཤེས་ཞེས་གདགས་ས་ཞེས་ཟེར་རོ། །དེ་ནས་ཁྱེའུ་གྲགས་བཤེས་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་
མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཁྱེའུ་གྲགས་བཤེས་ཆེར་སྐྱེས་པ་དེའི་
ཚེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོན་ཞིག་ལ་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་

ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏེ་ཕ་མ་ལ་གསོལ་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་
དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ།
ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་
བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་
མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེའི་མཆེ་བ་གཉིས་ལས་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་སྟེ། དེས་ན་དེ་ལ་སྐོམ་པའི་གནོད་པ་མེད་དེ། གང་གི་ཚེ་ཚ་བའི་དུས་སུ་དགེ་སློང་སྐོམ་པ་རྣམས་གུང་སྐྱེམས་ལ་དགེ་འདུན་གྱི་ནང་དུ་འདུ་བ་དེའི་
ཚེ་ཡང་དེ་མི་འོང་ངོ་། །དེ་ནས་དེ་དང་བཤེས་པའི་དགེ་སློང་རྣམས་ཀྱིས་དྲིས་པ། ཅིའི་ཕྱིར་ཁྱོད་ལ་སྐོམ་པའི་གནོད་པ་མེད་ཅེས་བྱས་སོ། །དེས་སྨྲས་པ། བདག་གི་མཆེ་བ་གཉིས་ལས་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་སྟེ། དེས་ན་བདག་ལ་སྐོམ་པའི་གནོད་

པ་མེད་དོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གྲགས་བཤེས་འདིས་ལས་གང་དག་བགྱིས་ན་དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། མཆེ་བ་གཉིས་ལས་ཆབ་
ཡན་ལག་བརྒྱད་དང་ལྡན་པ་འབྱུང་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྲགས་བཤེས་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་
དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། གྲགས་བཤེས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་
ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་
འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་
སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་
ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་བུ་ཞིག་དགེ་སློང་རྒན་པོ་ཞིག་ལ་རབ་ཏུ་བྱུང་བ་ལས། དེ་ཡང་ལེ་ལོ་ཅན་ཞིག་སྟེ་གཞན་ལ་བསྙེན་བཀུར་བྱེད་མི་འདོད་དོ། །

དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གནས་བརྟན་དེ་ཉིད་ཀྱིས་བསྙེན་བཀུར་བྱེད་པར་བསྐོས་པ་དང་དེ་བདག་ནི་བསྙེན་བཀུར་བྱེད་པ་ཡིན་ནོ་སྙམ་དུ་རྒྱ་ཆེར་འཛིན་ཏེ། དགེ་སློང་ཆེས་རྒན་པ་རྣམས་ཀྱི་བསྙེན་བཀུར་ལེན་པར་བྱེད་པས་ན། དེའི་དགེ་
བའི་རྩ་བ་རྣམས་ཟད་དེ་ཕྱིས་རེ་ཞིག་ན་ནད་ཀྱིས་བཏབ་པ་དང་། གནས་བརྟན་གྱིས་སྨན་པའི་ལུང་བཞིན་དུ་སྨན་མར་བླུད་ནས་དེ་མཚན་མོ་སྐོམ་སྟེ་ཅི་བྱ་གཏོལ་མེད་ནས་ཆུ་བཏུང་སྙམ་སྟེ་བདག་གི་ཆུ་སྣོད་ཀྱི་དྲུང་དུ་སོང་ན་ཆུ་མེད་པར་མཐོང་ངོ་། །དེ་བཞིན་དུ་མཁན་པོ་དང་། སློབ་
དཔོན་དང་། དགེ་འདུན་གྱི་དྲུང་ཚང་དུ་སོང་ན་དེ་དག་ཀྱང་ཆུ་མེད་པར་མཐོང་ངོ་། །དེ་ནས་རེ་ཞིག་ན་ཆུ་ཀླུང་ཟློག་བྱེད་ཀྱི་འགྲམ་དུ་སོང་ན་དེ་ཡང་ཆུ་མེད་པར་གྱུར་ཏེ། དེ་མི་དགའ་བར་གྱུར་ནས་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སྐྱོ་བ་སྐྱེད་པ་དང་། དད་
པས་བྱིན་པ་ལྕི་བར་བསྟན་པའི་ཕྱིར་ཆུ་ཀླུང་ཟློག་བྱེད་ཀྱི་ཕ་རོལ་ན་ཤིང་ཞིག་ཡོད་པ་ལ་འཛེགས་ཏེ། རས་ཞིག་དེར་བཏགས་ནས་རང་གི་ལས་རྣམས་ལས་བསམས་ཏེ་ལས་ལ་རྟེན་ཅིང་འདུག་གོ། །དེ་ནས་རེ་ཞིག་ན་ཕྱི་དེ་ཉིན་པར་ནམ་ནངས་པ་དང་གཏམ་དེ་ཚངས་པ་
མཚུངས་པར་སྤྱོད་པ་རྣམས་ལ་བསྙད་དོ། །དེ་ནས་དེའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྐབས་དེ་ཐོས་ནས་མི་དགའ་བར་གྱུར་ཏེ་ཕན་ཚུན་དུ་བསྙད་དོ། །དེ་ནས་དེའི་མཁན་པོས་ཆུ་བྱིན་ན་དེ་ཡང་མ་མཐོང་ངོ་། །དེ་ནས་དེ་མི་དགའ་བར་གྱུར་ནས་བཅོམ་ལྡན་
འདས་འོད་སྲུང་ལ་གསོལ་ཏེ། བཅོམ་ལྡན་འདས་འོད་སྲུང་གིས་གཎྜཱི་རྡུངས་ཤིག །ཅེས་བཀའ་སྩལ་ཏོ། །དེ་ནས་ཁང་སྐྱོང་གིས་གཎྜཱི་བརྡུངས་པ་དང་། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་འདུས་སོ། །གྲོང་ཁྱེར་བཱ་རཱ་ཎ་སཱི་ཐོག་ཐག་ཏུ་ཡང་
གཏམ་དེ་གྲགས་ཏེ་སེམས་ཅན་འབུམ་ཕྲག་དུ་མ་འདུས་སོ། །དེ་ནས་རེ་ཞིག་ན་དེའི་མཁན་པོས་གྲལ་དཔོན་གྱི་མདུན་དུ་འདུག་ཏུ་བཅུག་ནས་རིལ་བ་སྤྱི་བླུགས་ཆུས་བཀང་སྟེ་བྱིན་ནས། བུ་ཆུ་འདི་དགེ་འདུན་ལ་བྲིམས་ཤིག་ཅེས་བྱས་སོ། །དེ་ནས་འབྲས་བུ་མངོན་

སུམ་དུ་མཐོང་བ་དེས་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་དང་ཉན་ཐོས་རྣམས་ལ་དད་པ་བསྐྱེད་ནས་བསམ་པ་དྲག་པོས་ཆུ་དེ་དགེ་འདུན་ལ་བྲིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཕན་གདགས་པའི་ཕྱིར་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་ནས་འཇིགས་
པ་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ཕྱག་གིས་ཆུ་དེ་བཞེས་ཏེ། ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་བླངས་ན་འོན་ཀྱང་ཟད་པར་མ་གྱུར་ཏོ། །དགེ་འདུན་ཐམས་ཅད་ལ་བྲིམས་ན་ཡང་ཟད་པར་མ་གྱུར་ཏོ། །དེ་ནས་ལྷ་དང་མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་ཡ་མཚན་
ཅན་དེ་མཐོང་ནས་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་གྱུར་ཏོ། །དེའི་རྒྱུད་ལ་ཡང་དགེ་བའི་རྩ་བ་རྣམས་སོར་ཆུད་པར་གྱུར་ཏོ། །གང་གི་ཚེ་ནད་སོས་པ་དེའི་ཚེ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆུས་མི་བྲེལ་བར་བྱས་ཏེ། ལོ་ཁྲི་ཉིས་
སྟོང་གི་བར་དུ་དེས་དགེ་འདུན་ལ་ཆུ་བྲིམས་སོ། །དེ་ནས་ཕྱིས་རེ་ཞིག་ན་འཆི་བའི་དུས་ལ་བབ་པའི་ཚེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་
ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་
བྱེད་པར་མ་གྱུར་ཅིག །བདག་གི་མཆེ་བའི་ཕྲག་ནས་ཀྱང་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་
གྲགས་བཤེས་འདི་ཡིན་ཏེ། དེས་ལོ་ཁྲི་ཉིས་སྟོང་གི་བར་དུ་དགེ་འདུན་ལ་ཆུ་བྲིམས་ཏེ་སྨོན་ལམ་བཏབ་པ་དེས་ན་ཚེ་འདི་ལ་མཆེ་བའི་ཕྲག་ནས་ཆུ་འབྱུང་ལ། རྒྱུ་དེ་ཉིད་ཀྱིས་ན་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་

ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་
འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་
ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྫུས་ཏེ་སྐྱེས་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་།
ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་།
ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་
རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ན་ཤིང་
གི་རྒྱལ་པོ་ཡོངས་འདུ་ས་བརྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་རྡོ་ལེབ་སྣམ་བུ་དཀར་པོ་ལྟ་བུའི་སྟེང་དུ་དབྱར་གནས་པར་དམ་བཞེས་ཏེ། སྐུ་སྐྲུན་པའི་ཡུམ་དང་སུམ་ཅུ་རྩ་གསུམ་པའི་ལྷ་གཞན་དག་ལ་ཡང་ཆོས་སྟོན་ཏོ། །དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་

ཆེན་པོ་ནི་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དབྱར་གནས་པར་དམ་བཅས་སོ། །དེ་ནས་འཁོར་བཞི་པོ་རྣམས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་
བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་
དག་པར་དགའ་བར་བྱེད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་ཅང་མི་ཟེར་བར་འདུག་གོ། །དེ་ནས་འཁོར་བཞི་པོ་རྣམས་སྟན་
ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ཁྱོད་ཀྱིས་ད་ལྟར་བཅོམ་
ལྡན་འདས་གང་དུ་དབྱར་གནས་པར་དམ་བཞེས་པ་ཆུང་ཟད་གསན་ཏམ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། ཀྱེ་བདག་གིས་ནི་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ན་ཤིང་གི་རྒྱལ་པོ་ཡོངས་འདུ་ས་བརྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་རྡོ་
ལེབ་སྣམ་བུ་དཀར་པོ་ལྟ་བུའི་སྟེང་དུ་དབྱར་གནས་པར་དམ་བཞེས་ཏེ། སྐུ་སྐྲུན་པའི་ཡུམ་དང་སུམ་ཅུ་རྩ་གསུམ་པའི་ལྷ་གཞན་དག་ལ་ཡང་ཆོས་སྟོན་ཅིང་བཞུགས་སོ་ཞེས་ཐོས་སོ། །དེ་ནས་འཁོར་བཞི་པོ་རྣམས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ་ལ་མངོན་
པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ་རྐང་པ་ལ་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་འཁོར་བཞི་པོ་རྣམས་དབྱར་ཟླ་བ་གསུམ་འདས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་རྐང་

པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་
བར་བྱེད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱས་ནས་ཅང་མི་ཟེར་བར་འདུག་གོ། །དེ་ནས་འཁོར་བཞི་པོ་རྣམས་སྟན་ལས་ལངས་ཏེ་བླ་གོས་
ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་མཁྱེན་པར་མཛད་དུ་གསོལ། བདག་ཅག་གིས་བཅོམ་
ལྡན་འདས་ཀྱི་ཞལ་མ་མཐོང་ནས་རིང་མོ་ཞིག་ལགས་ཏེ། བདག་ཅག་ནི་བཅོམ་ལྡན་འདས་མཐོང་བས་སྐོམ་ལགས་སོ། །བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ཏེ། གལ་ཏེ་བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ལ་གནོད་པ་མ་མཆིས་ན་བཙུན་པ་མཽད་གལ་གྱི་
བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ཞབས་ལ་ཕྱག་བཞེས་ཏེ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་འམ། བདེ་བ་ལ་རེག་
པར་གནས་སམ་ཞེས་གསོལ་ལ་འདི་སྐད་ཅེས་ཀྱང་གསུངས་ཤིག །བཙུན་པ་འཛམ་བུའི་གླིང་པའི་འཁོར་བཞི་པོ་རྣམས་བཅོམ་ལྡན་འདས་མཐོང་བར་འཚལ་ཏེ། འདི་སྐད་དུ་བཙུན་པ་འཛམ་བུའི་གླིང་པའི་མི་རྣམས་ལ་ནི་གང་གིས་འཛམ་བུའི་གླིང་པའི་མི་རྣམས་
བཅོམ་ལྡན་འདས་ལ་བལྟ་བ་དང་། ཐད་དུ་མཆི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་མ་མཆིས་ལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ནི་གང་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་

བཅོམ་ལྡན་འདས་ལ་བལྟ་བ་དང་ཐད་དུ་མཆི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཛམ་བུའི་གླིང་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་མཆིས་ན་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གཤེགས་སུ་
གསོལ་ཞེས་མཆིའོ་ཞེས་མོལ་དུ་གསོལ། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་འཁོར་བཞི་པོ་རྣམས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཅང་མི་སྨྲ་བར་ཁས་བླངས་པར་རིག་ནས།
ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་དོང་ནས་རིང་པོ་མ་ལོན་པར་རིག་ནས་ཇི་ལྟར་སེམས་མཉམ་པར་བཞག་ན་དཔེར་ན་མི་སྟོབས་
པོ་ཆེའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་བཞིན་དུ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་ན་ཤིང་གི་རྒྱལ་པོ་ཡོངས་འདུས་བརྟོལ་གྱི་དྲུང་ནས་ཐག་མི་རིང་
བ་ཞིག་ན་རྡོ་ལེབ་སྣམ་བུ་དཀར་པོ་ལྟ་བུ་འདུག་པ་དེར་སོན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ནི་ལྷའི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་
བཅོམ་ལྡན་འདས་ལྷའི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་པ་མཐོང་ངོ་། །མཐོང་ནས་ཀྱང་འཛུམ་དམུལ་ཏེ་བཅོམ་ལྡན་འདས་ནི་ཇི་ལྟར་འཛམ་བུའི་གླིང་ན་འཁོར་བཞི་པོ་རྣམས་ཀྱིས་གང་བ་བཞིན་དུ་འདི་ན་ཡང་འཁོར་མང་པོ་དང་བཞུགས་སོ་
སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་སེམས་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་འདི་དག་ལ་ནི་རང་དབང་མེད་དེ། གང་གི་ཚེ་ངས་དེང་

ཤིག་ཅེས་བསམས་ན་ནི་དེའི་ཚེ་འདོང་བར་འགྱུར་རོ། །གང་གི་ཚེ་ངས་ཤོག་ཤིག་ཅེས་བསམས་ན་ནི་དེའི་ཚེ་འོང་བར་འགྱུར་ཏེ། སེམས་ཀྱིས་ངའི་བསམ་པ་ཤེས་ནས་འོང་བ་དང་འདོང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་
ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ལྷའི་འཁོར་ཐམས་ཅད་ལ་བལྟས་ཏེ། བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་ལགས་སོ། །ལྷའི་འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་མཆིས་སོ། །ཆོས་དང་དགེ་འདུན་
དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པ་དག་ཀྱང་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ་ལ་འཐུན་པར་དགོངས་ཏེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་
ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཆེན་པོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་
དག་ཀྱང་ཡོད་དོ། །ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། ཚེ་དང་
ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ་ལ་འཐུན་པར་བསམས་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་

འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ན་ས་འདིར་སྐྱེས་པ་དེ་ལྟ་བུ་དག་
ཀྱང་ཡོད་དོ། །དེ་ནས་ལྷའི་བུ་གཞན་ཞིག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ་ལ་འཐུན་པར་བསམས་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་
ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་
ཡོད་དོ། །ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་ནས་ལྷ་ཁ་ཅིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་
ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ནི་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་ལགས་སོ། །ལྷ་གཞན་དག་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བདག་ཅག་ནི་ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་ལགས་སོ། །དེ་ནས་དེར་ལྷ་བརྒྱ་ཕྲག་དུ་མ་དང་། ལྷ་སྟོང་ཕྲག་དུ་མ་དང་། ལྷ་འབུམ་ཕྲག་དུ་མ་བཅོམ་ལྡན་
འདས་ཀྱི་སྤྱན་སྔར་སོ་སོའི་རྒྱུན་དུ་ཞུགས་པའི་འབྲས་བུ་བརྡ་སྤྲོད་པ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ལྷ་རྣམས་དོང་བར་རིག་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་

མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཛམ་བུའི་གླིང་ན་འཁོར་བཞི་པོ་མཆིས་པ་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་
ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་འམ། བདེ་བ་ལ་རེག་པ་ལ་གནས་སམ་ཞེས་ཀྱང་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་དང་འཛམ་བུའི་གླིང་ན་འཁོར་
བཞི་པོ་འཁོད་པ་རྣམས་བདེ་བར་གྱུར་ཅིག་མཽད་གལ་གྱི་བུས་གསོལ་པ། བཙུན་པ་འཛམ་བུའི་གླིང་ན་འཁོར་བཞི་པོ་མཆིས་པ་རྣམས་ནི་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་འཚལ་ཏེ་འདི་སྐད་ཅེས་ཀྱང་མཆིའོ། །བཙུན་པ་འཛམ་བུའི་གླིང་པའི་མི་རྣམས་
བཅོམ་ལྡན་འདས་ལ་བལྟ་བ་དང་། ཐད་དུ་མཆི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་མ་མཆིས་ལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ནི་གང་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་
བཅོམ་ལྡན་འདས་ལ་བལྟ་བ་དང་། ཐད་དུ་མཆི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཛམ་བུའི་གླིང་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་མཆིས་ན། ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་
གླིང་དུ་གཤེགས་སུ་གསོལ་ཞེས་ཀྱང་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་འོ་ན་ཁྱོད་འཛམ་བུའི་གླིང་དུ་སོང་ལ་འཁོར་བཞི་པོ་རྣམས་ལ། ཀྱེ་བཅོམ་ལྡན་འདས་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་
ནས་འཛམ་བུའི་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་པད་ཛ་རའི་ནགས་སུ་ཤིང་ཨུ་དུམ་བ་རའི་དྲུང་དུ་གཤེགས་སོ་ཞེས་སྦྲོན་ཅིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ཏེ། བཅོམ་ལྡན་འདས་

ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཇི་ལྟར་སེམས་མཉམ་པར་བཞག་ན། དཔེར་ན་མི་སྟོབས་པོ་ཆེའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་བཞིན་དུ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་མི་སྣང་
བར་གྱུར་ཏེ་འཛམ་བུའི་གླིང་དུ་སོན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འཛམ་བུའི་གླིང་དུ་འོངས་ནས་འཁོར་བཞི་པོ་རྣམས་ལ་སྦྲན་པ། ཀྱེ་བཅོམ་ལྡན་འདས་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་
གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་པད་ཛ་རའི་ནགས་སུ་ཤིང་ཨུ་དུམ་བ་རའི་དྲུང་དུ་གཤེགས་སོ་ཞེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་དང་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་
གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་པད་ཛ་རའི་ནགས་སུ་ཤིང་ཨུ་དུམ་བཱ་རའི་དྲུང་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་སྣང་ལྡན་དུ་གཤེགས་པ་དེའི་ཚེ་སྲོག་ཆགས་འབུམ་ཕྲག་དུ་མ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདུས་སོ། །དེ་ནས་དེར་
དགེ་སློང་རྫུས་ཏེ་སྐྱེས་པ་ཞིག་བྱུང་སྟེ། དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་བཤོས་ལ་སྤྱན་དྲངས་ནས། རེ་ཞིག་ན་གདུགས་
ཚོད་ལ་བབ་པ་དང་སེམས་བསྐྱེད་མ་ཐག་ཏུ་ལྷའི་གདན་དར་ཡུག་ཁྱིམ་ཆེན་པོས་གཡོགས་པ་དག་དང་། ལྷའི་ཞལ་ཟས་བཟའ་བ་དང་བཅའ་བ་དག་བྱུང་བར་གྱུར་ཏོ། །དེ་ནས་དགེ་སློང་རྫུས་ཏེ་སྐྱེས་པ་དེས་བཅོམ་ལྡན་འདས་ལྷའི་ཞལ་ཟས་ཀྱིས་ཚིམ་པར་བྱས་ཏེ།
ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ལ་ཡང་བཀུར་སྟི་ལེགས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་

ནས་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་དགེ་སློང་རྫུས་ཏེ་སྐྱེས་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་།
རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་
མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་།
བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྫུས་
ཏེ་སྐྱེས་པས་ལས་གང་དག་བགྱིས་ན་དེ་རྫུས་ཏེ་སྐྱེས་པར་གྱུར་ལ། འདིས་སེམས་བསྐྱེད་པའི་མོད་ལ་ཅི་བསམས་པ་དང་། ཅི་འཚལ་བ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྫུས་ཏེ་
སྐྱེས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རྫུས་ཏེ་སྐྱེས་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་
གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་

དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་
བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་
གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་གཉེན་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་
ནས་རེ་ཞིག་ན་གྲོང་མེད་པ་དགོན་པའི་གནས་ཤིག་ན་དགེ་སློང་ལྔ་དབྱར་གནས་པར་དམ་བཅས་པ་ལས་དེའི་ནང་ནས་དགེ་སློང་གཅིག་གིས་དགེ་སློང་བཞིའི་ཞལ་ཏ་བྱས་ནས། དེ་དག་གིས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་
ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་ཅིག་ཤོས་ཀྱིས་ནི་དེ་དག་གི་རྐང་པ་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། འདི་ལྟར་འདི་རྣམས་ཀྱིས་བདག་ལས་བརྟེན་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པའི་དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་
དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་རབ་ཏུ་བྱུང་སྟེ་ཡོ་བྱད་ཀྱི་ཁྱད་པར་དག་གིས་བྲེལ་བར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་རྫུས་
ཏེ་སྐྱེས་པ་འདི་ཡིན་ནོ། །གསོལ་པ། བཙུན་པ་རྫུས་ཏེ་སྐྱེས་པས་ལས་གང་དག་བགྱིས་ན་དེས་རྫུས་ཏེ་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་

པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ།
སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་དེ་ན་ཚོང་དཔོན་ཞིག་གནས་པ་དེའི་ཆུང་མ་བུ་བཙའ་བའི་ཚེ་སྡུག་བསྔལ་གྱི་ཚོར་བས་ཉེན་ཏེ་ཉམ་ཐག་
པའི་སྐད་འབྱིན་ཅིང་ངུ་བ་དང་། དེས་དེའི་སྒྲ་ཐོས་ནས་མཆོག་ཏུ་མི་དགའ་བར་གྱུར་ཏེ། མྱ་ངན་གྱི་ཁང་བུར་ཞུགས་ནས་ལག་པ་ལ་རྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས་དེའི་བློ་སྐྱེས་པ། མ་ལ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་
ཏུ་བྱུང་ལ། ཅི་ནས་བདག་གིས་ནམས་ཀྱང་མངལ་དུ་གནས་པ་ཉམས་སུ་མྱོང་བར་མ་གྱུར་ཅིག་ཅེས་སྨོན་ལམ་གདབ་གོར་མ་ཆག་སྙམ་སྟེ། དེ་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་དེས་སྨོན་ལམ་བཏབ་པ། དགེ་
བའི་རྩ་བ་དང་སེམས་བསྐྱེད་པ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་རྫུས་ཏེ་སྐྱེ་བར་གྱུར་ཅིག །ནམས་ཀྱང་མངལ་དུ་གནས་པ་ཉམས་སུ་མྱོང་བར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་
ཚེ་དེའི་དུས་ན་ཚོང་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་རྫུས་ཏེ་སྐྱེས་པ་འདི་ཡིན་ཏེ། སྨོན་ལམ་བཏབ་པ་དེས་ན་རྫུས་ཏེ་སྐྱེས་པར་གྱུར་ཏོ། །དེས་དེར་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་
ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་

སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་
བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཛེས་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་།
བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་
དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་
རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་
གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་
རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་

ཞིང་བལྟ་ན་སྡུག་ལ་མཛེས་པ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ནས། དེ་བཙས་པའི་ཚེ་ཤིན་ཏུ་རྨད་དུ་བྱུང་བ་དུ་མ་བྱུང་བར་གྱུར་ཏེ། དེ་དག་གིས་གྲོང་ཁྱེར་སེར་སྐྱའི་གནས་ཐོག་ཐག་མཛེས་པར་
བྱས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་འདི་བཙས་པ་ན་གྲོང་ཁྱེར་སེར་སྐྱའི་གནས་མཛེས་པར་བྱས་པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་མཛེས་པ་ཞེས་གདགས་སོ་ཞེས་ཟེར་རོ། །
དེ་ནས་ཁྱེའུ་མཛེས་པ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་།
མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་སོང་ངོ་། །དེ་
ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་
འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་མཛེས་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་

མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་
མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་
ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་
བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་
ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མཛེས་པས་ལས་གང་དག་བགྱིས་ན་དེ་གཟུགས་བཟང་ཞིང་། བལྟ་
ན་སྡུག་ལ་མཛེས་ཏེ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པར་གྱུར་ལ། འདི་བཙས་པའི་ཚེ་ཡང་ཤིན་ཏུ་རྨད་དུ་བྱུང་བ་དུ་མ་བྱུང་བར་གྱུར་ཏེ། དེ་དག་གིས་གྲོང་ཁྱེར་སེར་སྐྱའི་གནས་ཀུན་ཏུ་མཛེས་པར་བགྱིས་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དགེ་སློང་དག་མཛེས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མཛེས་པ་ཉིད་ཀྱིས་ལས་བྱས་

ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་
ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་
མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་
པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་
ཕོ་བྲང་གྲོང་ཁྱེར་མཛེས་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རྒྱལ་པོ་མཛེས་པས་དེའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་སོ། །དེ་ནས་རེ་ཞིག་ན་དེའི་དུས་སྟོན་ཞིག་བྱུང་བའི་ཚེ་མཛའ་སྡེ་དག་ཅིག་མཆོད་རྟེན་གྱི་དྲུང་དུ་དོང་བ་ལས། དེ་དག་གིས་མཆོད་རྟེན་
དེ་མཐོང་ནས་དད་པ་སྐྱེས་ཏེ་མེ་ཏོག་བཏགས་སོ། །དེ་དག་གི་ནང་ནས་མཛའ་སྡེ་བོ་གཅིག་ན་རེ་བདག་ལ་ནི་ཅི་ཡང་མེད་ཀྱིས། བདག་ནི་ཅི་ཡང་མི་བྱེད་དོ་ཞེས་ཟེར་ནས་དེ་མཛའ་སྡེ་དེ་དག་གི་ནང་ནས་ཕྱིར་བྱུང་བ་ལས་དེ་འགྱོད་པ་སྐྱེས་ཏེ། དེས་མེ་ཏོག་རྣམ་པ་
སྣ་ཚོགས་བཏུས་ནས་མཆོད་རྟེན་དེ་ཉིད་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མཛའ་སྡེ་བོ་འགྱོད་པ་སྐྱེས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་དབུ་སྐྲ་དང་སེན་མོའི་

མཆོད་རྟེན་ལ་མེ་ཏོག་འབུལ་བ་གང་ཡིན་པ་དེ་ནི་མཛེས་པ་འདི་ཡིན་ནོ། །དགེ་སློང་དག་མཛེས་པས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཚོང་དཔོན་ཞིག་གནས་པ་དེས་རང་སངས་རྒྱས་ནད་
པ་ཞིག་མཐོང་ངོ་། །དེ་ནས་དད་པ་སྐྱེས་ཏེ་རྐང་པ་ལ་ཕྱག་འཚལ་ནས་བསོད་སྙོམས་ཀྱང་ཕུལ། གོས་ཀྱང་ཕུལ་ལོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་མཛེས་པ་འདི་ཡིན་ནོ། །གཞན་ཡང་བཅོམ་
ལྡན་འདས་འོད་སྲུང་གི་རིང་ལ་མི་དབུལ་པོ་ཤིང་ཐུན་ཞིག་ཏུ་གྱུར་ཏེ། དེ་རིའི་སུལ་ཞིག་ཏུ་ཤིང་ཐུར་སོང་བ་དང་། དེས་མཆོད་རྟེན་ཞིག་མཐོང་ན་མཆོད་རྟེན་དེའི་འཁོར་ས་ན་རྩྭ་དག་ཀྱང་སྐྱེས་སོ། །དེ་ནས་དེ་དད་པ་སྐྱེས་ནས་དེས་རྩྭ་རྣམས་ཀྱང་ཕྱུང་སྟེ་ཕྱགས་མ་ཐོགས་
ནས་མཆོད་རྟེན་དང་མཆོད་རྟེན་གྱི་འཁོར་ས་ཕྱགས་སོ། །དེ་ནས་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་འདིས་ན་བདག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཅིག །མ་འོངས་པའི་དུས་ན་ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དབུལ་པོ་ཤིང་ཐུན་དུ་གྱུར་པ་གང་ཡིན་
པ་དེ་ནི་མཛེས་པ་འདི་ཉིད་ཡིན་ཏེ། དེས་མཆོད་རྟེན་དང་མཆོད་རྟེན་གྱི་འཁོར་ས་ཕྱགས་པ་དེས་ན་གང་དང་གང་དུ་སྐྱེས་པ་དེ་དང་དེར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །རྒྱུ་དེ་ཉིད་ཀྱིས་ན་ད་ལྟར་ཡང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་
དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་

པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་
བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ཉི་ཤུ་པ། ཀ་པི་ན་ཞེས་
བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་
སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་
རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ལྷོ་ཕྱོགས་ན་རྒྱལ་པོ་རྟོག་ལྡན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་།
རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་

ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་ཕྱིས་རེ་ཞིག་ན་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་
རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་
པའི་བཙས་སྟོན་བྱས་ནས་ཀ་པི་ན་ཞེས་མིང་བཏགས་སོ། །དེ་ནས་ཁྱེའུ་ཀ་པི་ན་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་
མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །གང་གི་ཉིན་པར་རྒྱལ་པོའི་བུ་ཀ་པི་ན་བཙས་པ་དེ་ཁོ་ནའི་
ཉིན་པར་བློན་པོ་ཁྲི་བརྒྱད་སྟོང་གི་བུ་ཡང་བཙས་ཏེ། ཐམས་ཅད་ཀྱང་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་གོ། །དེ་དག་གི་མིང་ཡང་སོ་སོའི་རྐྱེན་རྐྱེན་དུ་འཚམ་པར་བཏགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་རྟོག་ལྡན་ཤི་ནས་དེའི་འོག་ཏུ་བུ་ཀ་པི་ན་རྒྱལ་པོར་
བཅུག་གོ། །བློན་པོའི་བུ་ཁྲི་བརྒྱད་སྟོང་པོ་དེ་དག་ཐམས་ཅད་ཀྱང་རྒྱལ་པོའི་བློན་པོར་བསྐོས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གིས་ཞབས་འབྲིང་བྱས་ཏེ་རི་དགས་ཤོར་དུ་སོང་བ་དང་དེས་མདུན་ལོགས་དང་རྒྱབ་ལོགས་སུ་དཔུང་
ཆེན་པོ་ཐམས་ཅད་བལྟས་ནས་བློན་པོ་རྣམས་ལ་དྲིས་པ། ཀྭའེ་ད་ལྟར་ངའི་དཔུང་ཆེན་པོ་འདི་ལྟ་བུ་དག་གཞན་སུ་ལ་ཡོད་ཅེས་བྱས་སོ། །དེ་ནས་བློན་པོ་སྙན་པར་སྨྲ་བ་རྣམས་ཀྱིས་ལྷ་སུ་ལ་ཡང་མ་མཆིས་སོ་ཞེས་བྱས་སོ། །དེ་ནས་ཡུལ་དབུས་ནས་ཚོང་པ་དག་ཅིག་

ལྷོ་ཕྱོགས་སུ་སོང་བ་དེ་དག་གིས་རྒྱལ་པོ་ཀ་པི་ན་ཆེན་པོ་ལ་སྐྱེས་ཕུལ་ལོ། །དེ་ནས་རྒྱལ་པོས་སྨྲས་པ། ཀྱེ་ཚོང་པ་དག་ཡུལ་དེའི་རྒྱལ་པོ་སུ་ཡིན། ཚོང་པ་རྣམས་ཀྱིས་གསོལ་པ། ལྷ་ཡུལ་ཁ་ཅིག་ན་ནི་མང་པོ་ཚོགས་པ་དབང་བགྱིད་དོ། །ཡུལ་ཁ་ཅིག་
ན་ནི་རྒྱལ་པོ་དབང་བགྱིད་དོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ཀ་པི་ན་ཆེན་པོས་མཉན་དུ་ཡོད་པ་ལ་སོགས་པ་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཕོ་ཉ་བཏང་སྟེ། གལ་ཏེ་ཁྱོད་འགྲེང་བ་ལ་བབ་པ་ན་ཡང་མ་འདུག་པར་མྱུར་དུ་ཤེག་ཤིག །དེ་ལྟར་མ་བྱས་ན་ཆད་པས་ཆེར་གཅོད་དོ་ཞེས་བྱས་སོ། །
དེ་ནས་ཚིག་དེ་ཐོས་ནས་གྲོང་ཁྱེར་ཆེན་པོ་དྲུག་ན་གནས་པའི་རྒྱལ་པོ་རྣམས་འཇིགས་ཤིང་སྐྲག་ལ་མི་དགའ་སྟེ་སྐྱི་བུང་ཞེས་བྱས་ནས་འདུས་ཤིང་ཚོགས་ཏེ་གྲོས་འཐུན་པར་བྱས་ནས་མཉན་དུ་ཡོད་པར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ་གཏམ་དེ་བཅོམ་ལྡན་
འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་དབུགས་ཕྱུང་སྟེ་ཕོ་ཉ་དེ་ངའི་ཐད་དུ་ཁུག་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་དེ་དག་གིས་ཕོ་ཉ་ལ་ཁོ་བོ་ཅག་གི་རྒྱལ་པོའི་ཡང་རྒྱལ་པོ་ཡོད་ཀྱིས་རེ་ཞིག་དེའི་སྤྱན་སྔར་མཆི་ཤིག་ཅེས་བསྒོའོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཕོ་ཉ་འོང་བར་ཐུགས་སུ་ཆུད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལྷའི་གྲོང་ཁྱེར་བལྟ་ན་སྡུག་དང་འདྲ་བར་རིན་པོ་ཆེ་སྣ་བཞིར་སྤྲུལ་ཏོ། །རྒྱལ་པོ་ཆེན་པོ་བཞི་ནི་དེའི་སྒོ་དཔོན་ལྟ་བུར་བཀོད་དོ། །གླང་པོ་ཆེ་ས་སྲུང་གི་བུ་ལྟ་བུ་དག་དང་། རྟ་སྤྲིན་
གྱི་ཤུགས་ཅན་ལྟ་བུ་དག་དང་། ཤིང་རྟ་དགའ་བྱེད་སྒྲ་ལྟ་བུ་དག་དང་། མི་གནོད་སྦྱིན་མི་བཟད་པ་ལྟ་བུ་དག་ཀྱང་བཀོད་དོ། །བཅོམ་ལྡན་འདས་ཉིད་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་སྤྲུལ་ཏོ། །སེང་གེའི་ཁྲི་འཕང་དུ་ཏ་ལ་བདུན་ཙམ་ཡོད་པ་
ཡང་སྤྲུལ་ཏེ། དེ་ལ་བཅོམ་ལྡན་འདས་བཞུགས་སོ། །དེ་ནས་ཕོ་ཉས་དེ་ལྟ་བུར་མཛེས་པ་དག་མཐོང་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲིན་ཡིག་བྲིས་ནས་ཕོ་ཉ་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཀ་པི་ན་ལ་ང་ན་རེ་ཕྲིན་ཡིག་

མཐོང་བ་ཁོ་ནའི་ཚེ་གལ་ཏེ་ཁྱོད་འགྲེང་བ་ལ་བབ་ན་ཡང་མ་འདུག་པར་མྱུར་དུ་ཤོག་ཤིག །གལ་ཏེ་མ་འོངས་ན་ང་དཔུང་གི་ཚོགས་ཆེན་པོ་དང་འོང་ངོ་ཞེས་གྱིས་ཤིག །དེ་ནས་ཕོ་ཉ་སོང་སྟེ་རྒྱལ་པོ་ཀ་པི་ན་ཆེན་པོ་ལ་ཕྲིན་ཡིག་དང་ཁ་ཐན་དུ་བཏབ་པ་དེ་དག་ཐམས་ཅད་བྱས་
སོ། །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གིས་ཞབས་འབྲིང་བྱས་ཏེ་མཐར་གྱིས་སོང་སོང་ནས་མཉན་དུ་ཡོད་པར་ཕྱིན་པ་དང་། ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོ་བསུ་ནས་དེ་དག་གིས་བཀུར་སྟི་ཆེན་པོས་གྲོང་ཁྱེར་དུ་གཤེགས་སུ་
གསོལ་ཏེ་མཉེལ་བསོ་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་འོང་བར་ཐུགས་སུ་ཆུད་ནས་ཐམས་ཅད་སྔ་མ་བཞིན་དུ་སྤྲུལ་ཏོ། །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་མཐོང་མ་ཐག་ཏུ་དེའི་གཟུགས་ལ་
གཟུགས་ཀྱི་རྒྱགས་པ་དང་། དབང་ཕྱུག་ལ་དབང་ཕྱུག་གི་རྒྱགས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །སྟོབས་ཀྱི་དྲེགས་པ་ནི་ད་དུང་ཡོད་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དབང་པོའི་གཞུ་
ཁྱེར་ཏེ་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་བསྐྱེད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁ་ལོ་པའི་ཆ་ལུགས་ཀྱིས་དབང་པོའི་གཞུ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོ་ལ་བྱིན་ན། དེ་རྒྱལ་པོ་ཀ་པི་
ན་ཆེན་པོས་བཏེག་པར་ཡང་མ་ནུས་ན་བདུང་བར་ལྟ་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྕགས་ཀྱི་རྔ་བོ་ཆེ་བདུན་སྤྲུལ་ཏེ་ཉིད་ཀྱིས་གཞུ་དེ་ཟླ་གམ་བཞིན་དུ་བདུངས་ནས་གནམ་མདའ་འཕངས་ཏེ། དེས་ལྕགས་ཀྱི་རྔ་བོ་ཆེ་བདུན་ཆར་ཐལ་ཕྱུང་ནས་དེ་ལས་སྒྲ་བྱུང་
བ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་

ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་བྱ་བའི་སྒྲ་བྱུང་ནས་སྒྲ་དེ་ཡང་འོག་མིན་གྱི་ལྷའི་ཡུལ་མན་ཆད་དུ་གྲག་གོ། །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོའི་སྟོབས་ཀྱི་དྲེགས་པ་དེ་ཡང་མེད་པར་གྱུར་ཏེ་དེའི་བློ་སྐྱེས་པ། ཨེ་མ་དེ་ཅི་ཞིག་སྙམ་མོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོའི་སེམས་ཀྱི་རྒྱུ་བ་ཐུགས་སུ་ཆུད་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་མི་སྣང་བར་མཛད་དེ་མདོ་འདི་གསུངས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་
སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་གནས་རྒྱ་ཆེན་པོ་ལ་དམ་བཅས་པ། ཚངས་པའི་འཁོར་ལོ་བསྐོར་བ། འཁོར་གྱི་ནང་དུ་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་སྟེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ལ། འདི་
སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་
པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་།
ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་
འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་

པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ། གསལ་བར་རྣམ་པར་ཕྱེ་བ། རྒྱུ་བ་གཅོད་
པ། ལྷ་དང་མི་མན་ཅད་ལ་ཡང་དག་པར་ལེགས་པར་བསྟན་པ་ཡིན་ཏེ། དེ་ལྟར་ཆོས་ནི་ལེགས་པར་གསུངས་པ། གསལ་བར་རྣམ་པར་ཕྱེ་བ། རྒྱུ་བ་གཅོད་པ། ལྷ་དང་མི་མན་ཅད་ལ་ཡང་དག་པར་ལེགས་པར་བསྟན་པ་ལ་ནི་རིགས་ཀྱི་བུ་དད་པས་རབ་ཏུ་
བྱུང་བས་སྟོན་པའི་བསྟན་པ་ལ་བརྩོན་པར་བྱ་བའི་རིགས་པ་ཁོ་ནའོ། །སྦྱོར་བར་བྱ་བའི་རིགས་སོ། །བག་ཡོད་པར་བྱ་བའི་རིགས་སོ། །ལུས་ཀྱི་ཤ་ཁྲག་ཀུན་སྐམས་ཏེ། པགས་པ་དང་། ཆུ་བ་དང་། རུས་པ་འབབ་ཞིག་ལུས་པ་ནི་སླའི། ཆོས་རྣམས་ལ་བརྩོན་
འགྲུས་བརྩམས་པ། མཐུ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། སྤྲོ་བ་དང་ལྡན་པ། མཐུ་རྩལ་དང་ལྡན་པ། བརྩོན་པ་མི་འདོར་བས་ཐོབ་པར་བྱ་བ་གང་ཡིན་པ་དེ་མ་ཐོབ་ཀྱི་བར་དུ་བར་མ་དོར་བརྩོན་འགྲུས་གཏང་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་
ཅན་ནི་སྡུག་བསྔལ་བཞིན་དུ་གནས་པ་སྟེ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་སྐྱེ་བར་བྱེད་པ། རིམས་ནད་དང་བཅས་པ། སྡུག་བསྔལ་གྱི་རྣམ་པར་སྨིན་པ་དང་ལྡན་པ། ཕྱི་མ་ལ་སྐྱེ་བ་དང་། རྒ་ཤིར་འགྱུར་བ་རྣམས་
དང་འདྲེས་པ་ཡིན་ཏེ། དེའི་ནི་དོན་ཆེན་པོ་ཡང་ཡོངས་སུ་ཉམས་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པ་ནི་བདེ་བར་གནས་པ་སྟེ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་སྐྱེ་བར་བྱེད་པ་རིམས་ནད་དང་བཅས་པ། སྡུག་བསྔལ་

གྱི་རྣམ་པར་སྨིན་པ་དང་ལྡན་པ། ཕྱི་མ་ལ་སྐྱེ་བ་དང་རྒ་ཤིར་འགྱུར་བ་རྣམས་དང་མ་འདྲེས་པ་ཡིན་ཏེ། དེའི་ནི་དོན་ཆེན་པོ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་སློང་དག་འདི་ལྟ་སྟེ། སྟོན་པ་ཡང་མངོན་སུམ་དུ་བཞུགས་ལ་ཆོས་
ཀྱང་སྟོན་ཏེ་ཉེ་བར་ཞི་བར་བྱེད་པ། ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་གསུངས་པའི་གསུང་རབ་འདི་ནི་སྙིང་ཁུ་བཏུང་བར་འོས་པ་ཡིན་ནོ། །དགེ་སློང་དག་དེ་བས་ན་བདག་གི་དོན་དང་།
གཞན་གྱི་དོན་དང་། གཉི་གའི་དོན་ཡང་དག་པར་མཐོང་བ་རྣམས་ཀྱིས་ནི་འདི་ལ་སོ་སོ་ནས་ལེགས་པར་བསླབ་པར་བྱ་སྟེ། ཇི་ལྟར་བྱས་ན་བདག་ཅག་རབ་ཏུ་བྱུང་བ་དོན་ཡོད་པ་དང་། འབྲས་བུ་དང་བཅས་པ་དང་། བདེ་བ་སྐྱེད་པ་དང་། བདེ་བའི་རྣམ་པར་སྨིན་པར་
འགྱུར་ལ། གང་དག་གི་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་བདག་ཅག་གིས་ལོངས་སྤྱོད་པ་དེ་དག་གི་བཀུར་སྟི་དེ་དག་ཀྱང་ཇི་ལྟར་བྱས་ན་འབྲས་བུ་ཤིན་ཏུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། བྱིན་ཆེ་བ་དང་། རྒྱ་
ཆེ་བར་འགྱུར་བ་ཞིག་གུ་སྙམ་དུ་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གི་འཁོར་དང་བཅས་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་
འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་
ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་

ནས་གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་
པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་
འདས་ལ་ཞུས་པ། བཙུན་པ་ཀ་པི་ནས་ལས་གང་དག་བགྱིས་ན་དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། བློན་པོ་ཁྲི་བརྒྱད་སྟོང་གི་འཁོར་དང་བཅས་པར་ཚན་པོ་ཆེའི་སྟོབས་དང་ལྡན་པར་གྱུར་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་
སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀ་པི་ན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་
ན་ཀ་པི་ན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་
ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་
ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་
འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་དེད་དཔོན་ཞིག་གིས་རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་མང་པོ་ཁྱེར་ཏེ་འོངས་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་
དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་བཤོས་ལ་སྤྱན་དྲངས་སོ། །གཙུག་ལག་ཁང་ཡང་བརྩིགས་ནས་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་ལོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་ཀ་པི་ན་འདི་ཡིན་ནོ། །དགེ་སློང་དག་
ཀ་པི་ནས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་
མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ།
ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ཕྱི་ཞིག་ན་བློན་པོ་ཁྲི་བརྒྱད་སྟོང་གིས་ཞབས་འབྲིང་བྱས་ཏེ། སྐྱེད་མོས་ཚལ་གྱི་ཤིང་རྣམས་མེ་ཏོག་རྒྱས་ལ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་
དང་། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་དུ་སོང་བ་ལས་དེས་སྐྱེད་མོས་ཚལ་དེར་རང་སངས་རྒྱས་ནད་པ་ཞིག་མཐོང་ནས། དེས་དེ་ལ་ཟླ་བ་གསུམ་གྱི་བར་དུ་ཕན་པའི་ཟས་ཀྱིས་བསྙེན་བཀུར་བྱས་སོ། །ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དེའི་སྐུ་

གདུང་གི་མཆོད་རྟེན་བརྩིགས་ནས་བློན་པོའི་ཚོགས་དང་བཅས་པས་ཏིལ་མར་གྱིས་བསྐུས་ཏེ། དེས་ན་འཁོར་དང་བཅས་པ་ཚན་པོ་ཆེའི་སྟོབས་དང་ལྡན་པར་གྱུར་ཏོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་དབང་པོ་ཡོངས་སུ་སྨིན་པར་
བྱས་པ་དེས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་
ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་
གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བཟང་ལྡན་ཞེས་བྱ་བ་ནི། སངས་
རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་
ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།
མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་

ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་གཉིས་
ལོན་ཏེ། ལོ་བཅུ་གཉིས་འདས་ནས་གྲོང་ཁྱེར་སེར་སྐྱའི་གནས་སུ་བྱོན་པ་དེའི་ཚེ་བྲེ་བོ་ཟས་དང་། བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་སྟོང་ཕྲག་དུ་མས་བདེན་པ་མཐོང་སྟེ། རྒྱལ་པོ་ཟས་གཙང་མ་ནི་མ་གཏོགས་སོ། །དེ་