Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 075_མདོ་སྡེ།_ཨཾ

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། གང་གཱ་པ་
ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་

པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་
ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རིགས་ངན་དུར་ཁྲོད་ཀྱི་རྫས་ལ་རྐུ་བ་ཞིག་གནས་པ་དེས་རེ་ཞིག་ན་འགྲོན་པོ་དག་བཅོམ་སྟེ་རྫས་ཐོབ་པ་དང་། དེའི་ཕྱི་བཞིན་དུ་མི་རྒོད་དག་གིས་
བསྙགས་པ་ལས་རེ་ཞིག་ན་དུར་ཁྲོད་ཀྱིས་ཕྱོགས་ཤིག་ཏུ་རང་སངས་རྒྱས་ཤིག་འགོག་པའི་སྙོམས་པར་ཞུགས་པ་དེའི་མདུན་དུ་རིགས་ངན་དུར་ཁྲོད་ཀྱི་རྫས་ལ་རྐུ་བ་དེས་རྫས་དེ་བོར་ནས་དེ་ཉིད་དུ་ཡིབ་བོ། །དེ་ནས་མི་རྒོད་དེ་དག་གིས་རང་སངས་རྒྱས་མཐོང་ནས་བོང་རྡོ་དག་གིས་
ཀྱང་བསྣུན། མཚོན་གྱིས་ཀྱང་བཏབ། མེས་ཀྱང་བསྲེགས་ན་འོན་ཀྱང་དེ་འགོག་པའི་སྙོམས་པར་ཞུགས་པས་ན་དེས་ཆོས་གོས་ཀྱི་གྲྭ་ཙམ་ཡང་བསྐྱོད་མ་ནུས་སོ། །དེ་ནས་གང་གི་ཚེ་མི་རྒོད་དེ་དག་ངལ་བར་གྱུར་ཏེ་ཕྱིར་དོང་བ་དེའི་ཚེ་རང་སངས་རྒྱས་དེ་ཁད་ཀྱིས་ཏིང་ངེ་
འཛིན་ལས་ལངས་སོ། །དེ་ནས་རིགས་ངན་དུར་ཁྲོད་ཀྱི་རྫས་ལ་རྐུ་བ་དེས་རང་སངས་རྒྱས་དེ་ལ་བཤོས་གསོལ་ནས་སྨོན་ལམ་བཏབ་པ། བདག་གིས་ཀྱང་འདི་ལྟ་བུའི་ཡོན་ཏན་དག་ཐོབ་པར་གྱུར་ཅིག །འདི་ཇི་ལྟར་གཞན་གྱིས་མི་ཚུགས་པ་དེ་བཞིན་དུ་བདག་ཀྱང་གང་དང་
གང་དུ་སྐྱེས་པ་དེ་དང་དེར་གཞན་གྱིས་མི་ཚུགས་པར་ཤོག་ཤིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ཇི་
སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རིགས་ངན་དུར་ཁྲོད་ཀྱི་རྫས་ལ་རྐུ་བར་གྱུར་པ་གང་ཡིན་པ་དེ་ནི་གང་ག་པ་འདི་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེར་འདིས་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་

པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །
ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་
བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སེན་རིངས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་
པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་།
ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་
ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་
རྟེན་ཅིང་བཞུགས་སོ། །དེའི་ཚེ་སྤང་སྤོས་ཅན་གྱི་གྲོང་ན་བྲམ་ཟེ་རྒྱལ་ཞེས་བྱ་བ་ཞིག་གནས་པ་དེས། བྲམ་ཟེ་མ་ཐ་རའི་བུ་མོ་ཤཱ་རི་ཞེས་བྱ་བ་ཐོབ་ནས་གང་གི་ཚེ་ཤཱ་རིའི་ལྟོར་ཤཱ་རིའི་བུ་ཞུགས་པ་དེའི་ཚེ་བུད་མེད་དེ་མིང་པོ་སེན་རིངས་དང་གཞུང་གིས་བརྒྱབ་ན་མིང་པོ་ཆད་པ་ལ་ཐུག་

པར་བྱེད་དེ། དེ་ནས་སེན་རིངས་ཀྱི་བློ་སྐྱེས་པ། འདིའི་ལྟོར་སེམས་ཅན་བསོད་ནམས་ཆེ་བར་གྲགས་པ་ཞིག་གིས་ཉིང་མཚམས་སྦྱར་བ་འདྲ་སྟེ་དེའི་མཐུ་ཡིན་གྱིས། མ་ལ་བདག་གིས་སྔ་ནས་ཕྱོགས་འགའ་ཞིག་ལ་བརྟེན་པར་བྱའོ་སྙམ་མོ། །དེ་ནས་སེན་རིངས་ལྷོ་ཕྱོགས་སུ་སོང་
ནས་བསྟན་བཅོས་མང་པོ་བསླབས་སོ། །དེ་ནས་རེ་ཞིག་ན་མཐར་གྱིས་ཤཱ་རིའི་བུ་བཙས་ཏེ། དེས་ལོ་བཅུ་དྲུག་ལོན་པ་དང་། དབང་པོའི་བརྡ་སྤྲོད་པ་ལོབས་ནས་གཞུང་གིས་རྩོད་པ་ཐམས་ཅད་ཚར་བཅད་དོ། །དེ་ནས་དེ་མཐར་གྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །
དེ་ནས་རེ་ཞིག་ན་ཀུན་དུ་རྒྱུ་སེན་རིངས་ཀྱིས་མུ་སྟེགས་པ་དེ་དག་ཐམས་ཅད་ཚ་བོས་ཚར་བཅད་ནས་ད་ལྟར་དགེ་སྦྱོང་གཽ་ཏ་མའི་སློབ་མར་ཁས་བླངས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་ཤས་ཆེར་ཆད་པའི་འདུ་ཤེས་སྐྱེས་ལ། བསྟན་བཅོས་ཐམས་ཅད་ལ་ཡང་མུ་ཐུག་པ་མེད་པའི་འདུ་
ཤེས་སྐྱེས་སོ། །དེ་ནས་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏོ། །ཤཱ་རིའི་བུ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་
སྔ་ན་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ། །དེ་ནས་ཀུན་དུ་རྒྱུ་སེན་རིངས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀུན་དུ་རྒྱུ་སེན་རིངས་ཀྱིས་བཅོམ་ལྡན་འདས་ཟླ་བ་ཚེས་པའི་དབྱིབས་ལྟ་བུར་འཁོར་གྱིས་བསྐོར་ཅིང་བཞུགས་ཏེ་ཆོས་སྟོན་པ་
དང་ཤཱ་རིའི་བུ་ཡང་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེའི་ཆ་ལུགས་
ཅན་གྱི་བུ་བདག་ནི་ཐམས་ཅད་མི་འདོད་དོ་ཞེས་ལྟ་བ་གང་ཡིན་པ་འདི་ཡང་ཁྱོད་མི་འདོད་དམ། ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་འཚལ་ཞེས་བགྱི་བའི་ལྟ་བ་གང་ལགས་པ་འདི་ཡང་བདག་མི་འཚལ་ལོ། །མེའི་ཆ་ལུགས་ཅན་གྱི་བུ་འོ་ན་ནི་ཁྱོད་དེ་ལྟར་ཤེས་ཤིང་དེ་ལྟར་ལྟ་བར་གྱུར་

ན་ལྟ་བ་འདི་ཡང་སྤངས་པ་དང་། བོར་བ་དང་། བསྩལ་བར་འགྱུར་ལ། ལྟ་བ་གཞན་ཡང་ཉིང་མཚམས་སྦྱོར་བ་མེད་པ་དང་། ལེན་པ་མེད་པ་དང་། འབྱུང་བ་མེད་པར་འགྱུར་རོ། །གཽ་ཏ་མ་བདག་ནི་དེ་ལྟར་ཤེས་ཤིང་དེ་ལྟར་ལྟ་བས་ན་ལྟ་བ་འདི་ཡང་སྤངས་
པ་དང་། བོར་བ་དང་། བསྩལ་བར་འགྱུར་ལ། ལྟ་བ་གཞན་ཡང་ཉིང་མཚམས་སྦྱོར་བ་མ་མཆིས་པ་དང་། འབྱུང་བ་མ་མཆིས་པར་འགྱུར་ལགས་སོ། །མེའི་ཆ་ལུགས་ཅན་གྱི་བུ་འོ་ན་ནི་ཁྱོད་སྐྱེ་བོ་མང་པོ་དང་འཐུན་པར་འགྱུར་ཞིང་མཚུངས་པར་འགྱུར་ཏེ། སྐྱེ་བོ་མང་པོ་ཡང་
དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བས་ན་ཁྱོད་ཀྱང་དེ་ཁོ་ན་དང་འདྲའོ། །མེའི་ཆ་ལུགས་ཅན་གྱི་བུ་དགེ་སྦྱོང་ངམ་བྲམ་ཟེ་སུ་ཡང་རུང་སྟེ། ལྟ་བ་དེ་ངེས་པར་སྤོང་ལ་ལྟ་བ་གཞན་ཡང་ལེན་པར་མི་བྱེད་པ་དེ་དག་ནི་འཇིག་རྟེན་ན་ཉུང་བ་བས་ཀྱང་ཆེས་ཉུང་ཞེས་བྱའོ། །མེའི་ཆ་ལུགས་ཅན་གྱི་བུ་ལྟ་བའི་
གནས་ནི་འདི་གསུམ་ཡིན་ཏེ། གསུམ་གང་ཞེ་ན། མེའི་ཆ་ལུགས་ཅན་གྱི་བུ་འདི་ན་ཁ་ཅིག་ནི་བདག་ནི་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །གཞན་ཡང་འདི་ན་ཁ་ཅིག་ནི་བདག་ནི་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །གཞན་ཡང་འདི་ན་ཁ་ཅིག་
ནི་བདག་ནི་གཅིག་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །མེའི་ཆ་ལུགས་ཅན་གྱི་བུ་དེ་ལ་བདག་ནི་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་བ་གང་ཡིན་པའི་ལྟ་བ་འདི་ནི་ཀུན་ཏུ་འདོད་ཆགས་པར་འགྱུར་གྱི་ཀུན་ཏུ་འདོད་ཆགས་པ་མེད་པར་མི་འགྱུར་རོ། །ཀུན་ཏུ་ཞེ་སྡང་
བར་འགྱུར་གྱི་ཀུན་ཏུ་ཞེ་སྡང་བ་མེད་པར་མི་འགྱུར་རོ། །ཀུན་ཏུ་གཏི་མུག་པར་འགྱུར་གྱི་ཀུན་ཏུ་གཏི་མུག་པ་མེད་པར་མི་འགྱུར་རོ། །ཀུན་ཏུ་སྦྱོར་བར་འགྱུར་གྱི་ཀུན་ཏུ་འབྲལ་བར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པར་འགྱུར་གྱི་རྣམ་པར་བྱང་བར་མི་འགྱུར་རོ། །ཀུན་ཏུ་འཕེལ་བར་
འགྱུར་གྱི་ཀུན་ཏུ་འབྲི་བར་མི་འགྱུར་ཏེ། མངོན་པར་དགའ་བ་དང་། ཉེ་བར་ལེན་པ་དང་། ལྷག་པར་ཞེན་པར་འགྱུར་རོ། །མེའི་ཆ་ལུགས་ཅན་གྱི་བུ་དེ་ལ་བདག་ནི་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ནི་ཀུན་ཏུ་འདོད་ཆགས་པ་མེད་པར་འགྱུར་གྱི་ཀུན་ཏུ་

འདོད་ཆགས་པར་མི་འགྱུར་རོ། །ཀུན་ཏུ་ཞེ་སྡང་བ་མེད་པར་འགྱུར་གྱི་ཀུན་ཏུ་ཞེ་སྡང་བར་མི་འགྱུར་རོ། །ཀུན་ཏུ་གཏི་མུག་པ་མེད་པར་འགྱུར་གྱི་ཀུན་ཏུ་གཏི་མུག་པར་མི་འགྱུར་རོ། །འབྲལ་བར་འགྱུར་གྱི་ཀུན་ཏུ་སྦྱོར་བར་མི་འགྱུར་རོ། །རྣམ་པར་བྱང་བར་འགྱུར་གྱི་ཀུན་ནས་ཉོན་
མོངས་པར་མི་འགྱུར་རོ། །ཀུན་ཏུ་འབྲི་བར་འགྱུར་གྱི་ཀུན་ཏུ་འཕེལ་བར་མི་འགྱུར་ཏེ། མངོན་པར་དགའ་བ་མེད་པ་དང་། ཉེ་བར་ལེན་པ་མེད་པ་དང་། ལྷག་པར་ཞེན་པ་མེད་པར་འགྱུར་རོ། །མེའི་ཆ་ལུགས་ཅན་གྱི་བུ་དེ་ལ་བདག་ནི་གཅིག་ནི་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་
ལྟར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ལ་རེ་ཞིག་དེས་འདོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་འདོད་ཆགས་པར་འགྱུར་གྱི་ཀུན་ཏུ་འདོད་ཆགས་པ་མེད་པར་མི་འགྱུར་རོ། །ཀུན་ཏུ་ཞེ་སྡང་བར་འགྱུར་གྱི་ཀུན་ཏུ་ཞེ་སྡང་བ་མེད་པར་མི་འགྱུར་རོ། །ཀུན་ཏུ་གཏི་མུག་པར་འགྱུར་གྱི་ཀུན་ཏུ་གཏི་མུག་པ་མེད་
པར་མི་འགྱུར་རོ། །ཀུན་ཏུ་སྦྱོར་བར་འགྱུར་གྱི་ཀུན་ཏུ་འབྲལ་བར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པར་འགྱུར་གྱི་རྣམ་པར་བྱང་བར་མི་འགྱུར་རོ། །ཀུན་ཏུ་འཕེལ་བར་འགྱུར་གྱི་ཀུན་ཏུ་འབྲི་བར་མི་འགྱུར་ཏེ། མངོན་པར་དགའ་བ་དང་། ཉེ་བར་ལེན་པ་དང་། ལྷག་པར་ཞེན་
པར་འགྱུར་རོ། །དེས་མི་འདོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་འདོད་ཆགས་པ་མེད་པར་འགྱུར་གྱི་ཀུན་ཏུ་འདོད་ཆགས་པར་མི་འགྱུར་རོ། །ཀུན་ཏུ་ཞེ་སྡང་བ་མེད་པར་འགྱུར་གྱི་ཀུན་ཏུ་ཞེ་སྡང་བར་མི་འགྱུར་རོ། །ཀུན་ཏུ་གཏི་མུག་པ་མེད་པར་འགྱུར་གྱི་ཀུན་ཏུ་གཏི་མུག་པར་མི་འགྱུར་
རོ། །ཀུན་ཏུ་འབྲལ་བར་འགྱུར་གྱི་ཀུན་ཏུ་སྦྱོར་བར་མི་འགྱུར་རོ། །རྣམ་པར་བྱང་བར་འགྱུར་གྱི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཀུན་ཏུ་འབྲི་བར་འགྱུར་གྱི་ཀུན་ཏུ་འཕེལ་བར་མི་འགྱུར་ཏེ། མངོན་པར་དགའ་བ་མེད་པ་དང་། ཉེ་བར་ལེན་པ་མེད་པ་དང་། ལྷག་པར་
ཞེན་པ་མེད་པར་འགྱུར་རོ། །དེ་ལ་ཐོས་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་ནི་འདི་ལྟར་སོ་སོར་ཡང་དག་པར་རིག་པར་སློབ་པར་བྱེད་དེ། གལ་ཏེ་བདག་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ནི་བདག་ནི་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་

ཡིན་པ་དང་། བདག་ནི་གཅིག་ནི་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དེ་གཉིས་དང་བདག་འགྱེད་པར་འགྱུར་རོ། །འགྱེད་པར་གྱུར་ན་རྩོད་པར་འགྱུར་རོ། །རྩོད་པར་གྱུར་ན་རྣམ་པར་འཚེ་བར་འགྱུར་རོ་སྙམ་སྟེ། འགྱེད་པ་དང་
བཅས་པ་དང་། རྩོད་པ་དང་བཅས་པ་དང་། རྣམ་པར་འཚེ་བ་དང་བཅས་པར་ཡང་དག་པར་མཐོང་ནས་ལྟ་བ་དེ་ཡང་སྤོང་ལ་ལྟ་བ་གཞན་ཡང་མི་ལེན་ཏོ། །དེ་ལྟར་ན་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། སེལ་བར་འགྱུར་ལ་ལྟ་བ་གཞན་ཡང་ཉིང་མཚམས་སྦྱོར་བར་མི་འགྱུར་
ཉེ་བར་ལེན་པར་མི་འགྱུར། འབྱུང་བར་མི་འགྱུར་རོ། །དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་འདི་ལྟར་སོ་སོར་ཡང་དག་པར་སློབ་པར་བྱེད་དེ། གལ་ཏེ་བདག་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ནི་བདག་ནི་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་
སྨྲ་བ་གང་ཡིན་པ་དང་། བདག་ནི་གཅིག་ནི་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དེ་གཉིས་དང་བདག་འགྱེད་པར་འགྱུར་རོ། །འགྱེད་པར་གྱུར་ན་རྩོད་པར་འགྱུར་རོ། །རྩོད་པར་གྱུར་ན་རྣམ་པར་འཚེ་བར་འགྱུར་རོ་སྙམ་སྟེ། འགྱེད་པ་དང་
བཅས་པ་དང་། རྩོད་པ་དང་བཅས་པ་དང་། རྣམ་པར་འཚེ་བ་དང་བཅས་པར་ཡང་དག་པར་མཐོང་ནས་ལྟ་བ་དེ་ཡང་སྤོང་ལ་ལྟ་བ་གཞན་ཡང་མི་ལེན་ཏོ། །དེ་ལྟར་ན་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། སེལ་བར་འགྱུར་ལ་ལྟ་བ་གཞན་ཡང་ཉིང་མཚམས་སྦྱོར་བར་མི་
འགྱུར། ཉེ་བར་ལེན་པར་མི་འགྱུར། འབྱུང་བར་མི་འགྱུར་རོ། །དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་འདི་ལྟར་སོ་སོར་ཡང་དག་པར་སློབ་པར་བྱེད་དེ། །གལ་ཏེ་བདག་གཅིག་ནི་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ནི་གཅིག་ནི་ཐམས་ཅད་
འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དང་། བདག་ནི་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དེ་གཉིས་དང་བདག་འགྱེད་པར་འགྱུར་རོ། །འགྱེད་པར་གྱུར་ན་རྩོད་པར་འགྱུར་རོ། །རྩོད་པར་གྱུར་ན་རྣམ་པར་འཚེ་བར་འགྱུར་རོ་སྙམ་སྟེ། འགྱེད་

པ་དང་བཅས་པ་དང་། རྩོད་པ་དང་བཅས་པ་དང་། རྣམ་པར་འཚེ་བ་དང་བཅས་པར་ཡང་དག་པར་མཐོང་ནས་ལྟ་བ་དེ་ཡང་སྤོང་ལ་ལྟ་བ་གཞན་ཡང་མི་ལེན་ཏོ། །དེ་ལྟར་ན་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། སེལ་བར་འགྱུར་ལ་ལྟ་བ་གཞན་ཡང་ཉིང་མཚམས་སྦྱོར་བར་མི་
འགྱུར། ཉེ་བར་ལེན་པར་མི་འགྱུར། འབྱུང་བར་མི་འགྱུར་རོ། །མེའི་ཆ་ལུགས་ཅན་གྱི་བུ་ལུས་འདི་ནི་གཟུགས་ཅན། རགས་པ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་སྟེ། དེ་ལ་ནི་འཕགས་པ་ཉན་ཐོས་ཀྱིས་རྒྱུན་མི་འཆད་པར་སྐྱེ་བ་དང་། འཇིག་པར་རྗེས་སུ་ལྟ་བས་གནས་
པར་བྱའོ། །འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། སྤངས་པར་རྗེས་སུ་ལྟ་བས་གནས་པར་བྱའོ། །འཕགས་པ་ཉན་ཐོས་ཀྱིས་དེ་ལ་རྒྱུན་མི་འཆད་པར་སྐྱེ་བ་དང་། འཇིག་པར་ལྟ་བས་གནས་ན་དེའི་ལུས་ལ་འདུན་པ་དང་། ལུས་ལ་བྱམས་
པ་དང་། ལུས་ལ་ཕངས་པ་དང་། ལུས་ལ་གནས་པ་དང་། ལུས་ལ་ཞེན་པ་དང་། ལུས་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་ལ་དེའི་སེམས་ཟིལ་གྱིས་ནོན་ཅིང་འདུག་པར་མི་འགྱུར་རོ། །མེའི་ཆ་ལུགས་ཅན་གྱི་བུ་ཚོར་བ་འདི་ནི་འདི་གསུམ་ཡིན་ཏེ། གསུམ་གང་ཞེ་ན། བདེ་བ་
དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་སྟེ། ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་གང་གི་ཚེ་བདེ་བའི་ཚོར་བ་མྱོང་བ་དེའི་ཚེ་དེའི་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གཉིས་འགག་པར་འགྱུར་ཏེ།
དེའི་ཚེ་འཕགས་པ་ཉན་ཐོས་ཀྱིས་བདེ་བའི་ཚོར་བ་ཉི་ཚེ་མྱོང་བར་འགྱུར་ལ། བདེ་བའི་ཚོར་བ་དེ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ནོ། །འཕགས་པ་ཉན་ཐོས་ནི་གང་གི་ཚེ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེའི་ཚེ་དེའི་བདེ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་
ཡང་མ་ཡིན་པའི་ཚོར་བ་གཉིས་འགག་པར་འགྱུར་ཏེ། དེའི་ཚེ་འཕགས་པ་ཉན་ཐོས་ཀྱིས་སྡུག་བསྔལ་གྱི་ཚོར་བ་ཉི་ཚེ་མྱོང་བར་འགྱུར་ལ་སྡུག་བསྔལ་གྱི་ཚོར་བ་དེ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ནོ། །འཕགས་པ་ཉན་ཐོས་ནི་གང་གི་ཚེ་སྡུག་བསྔལ་ཡང་མ་ཡིན་

བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་དེའི་ཚེ་དེའི་བདེ་བ་དང་། སྡུག་བསྔལ་གྱི་ཚོར་བ་གཉིས་འགག་པར་འགྱུར་ཏེ། དེའི་ཚེ་འཕགས་པ་ཉན་ཐོས་ཀྱིས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཉི་ཚེ་མྱོང་བར་འགྱུར་ལ། སྡུག་བསྔལ་ཡང་མ་ཡིན་
བདེ་བ་ཡང་མ་ཡིན་པའི་ཚོར་བ་དེ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ཚོར་བ་འདི་རྣམས་ཀྱི་གཞི་ནི་གང་ཡིན། སྐྱེད་པ་ནི་གང་ཡིན། རིགས་ནི་གང་ཡིན། འབྱུང་བར་བྱེད་པ་ནི་གང་ཡིན་ཞེ་ན། ཚོར་བ་འདི་རྣམས་ཀྱི་གཞི་ནི་རེག་
པའོ། །སྐྱེད་པ་ནི་རེག་པའོ། །རིགས་ནི་རེག་པའོ། །འབྱུང་བར་བྱེད་པ་ནི་རེག་པ་སྟེ། རེག་པ་དེ་དང་དེ་སྐྱེས་ན་ཚོར་བ་དེ་དང་དེ་དག་སྐྱེ་བར་འགྱུར་ལ། རེག་པ་དེ་དང་དེ་དག་འགགས་ན་ཚོར་བ་དེ་དང་དེ་དག་འགག་པར་འགྱུར། ཉེ་བར་ཞི་བར་འགྱུར། བསིལ་བར་འགྱུར།
མེད་པར་འགྱུར་རོ་སྙམ་ནས་དེས་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་འགའ་ཞིག་མྱོང་ན་ཚོར་བ་དེ་དག་གི་སྐྱེ་བ་དང་། མེད་པར་འགྱུར་བ་དང་། ཉམས་པ་དང་། ཉེས་དམིགས་དང་། ངེས་པར་འགྱུར་བ་ཡང་དག་པ་
ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེས་ཚོར་བ་དེ་དག་གི་སྐྱེ་བ་དང་། མེད་པར་འགྱུར་བ་དང་། ཉམས་པ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཚོར་བ་སྐྱེས་སོ་ཅོག་ལ་མི་རྟག་པར་རྗེས་སུ་ལྟ་བ་དང་། འཇིག་པར་རྗེས་
སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། སྤང་བར་རྗེས་སུ་ལྟ་བས་གནས་སོ། །དེ་ལུས་དང་དུས་མཉམ་པའི་ཚོར་བ་མྱོང་བ་ན་ལུས་དང་དུས་མཉམ་པའི་ཚོར་བ་མྱོང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲོག་དང་དུས་མཉམ་པའི་ཚོར་བ་མྱོང་བ་ན་སྲོག་
དང་དུས་མཉམ་པའི་ཚོར་བ་མྱོང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སྲོག་གི་མཐར་ཐུག་ནས་ལུས་དང་བྲལ་བའི་འོག་ཏུ་དེའི་ཚོར་བ་ཐམས་ཅད་མ་ལུས་པར་འདི་ཉིད་དུ་འགག་པར་འགྱུར། མ་ལུས་པར་མེད་པ་དང་། ཡོངས་སུ་ཟད་པ་དང་གཏུགས་པར་

འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། ལུས་དང་བྲལ་བའི་ཚེ་བདེ་བའི་ཚོར་བ་མྱོང་ན་ཡང་སྡུག་བསྔལ་གྱི་མཐའ་ནི་དེ་ཁོ་ནར་ཟད་དོ། །ལུས་དང་བྲལ་བའི་ཚེ་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་ན་ཡང་སྡུག་བསྔལ་གྱི་མཐའ་ནི་དེ་
ཁོ་ནར་ཟད་དོ་སྙམ་མོ། །དེ་བདེ་བའི་ཚོར་བ་མྱོང་ན་ཡང་མི་ལྡན་པ་མྱོང་གི་ལྡན་པ་ནི་མ་ཡིན་ནོ། །སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་ན་ཡང་མི་ལྡན་པ་མྱོང་གི་ལྡན་པ་ནི་མ་ཡིན་ནོ། །མི་ལྡན་པ་ཅི་དང་མི་ལྡན་ཞེ་ན། འདོད་
ཆགས་དང་། ཞེ་སྡང་དང་། གཏི་མུག་དང་མི་ལྡན་ནོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་དང་། སྡུག་བསྔལ་དང་མི་ལྡན་ནོ་ཞེས་ང་སྨྲའོ། །
དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་བསྙེན་པར་རྫོགས་ནས་ཟླ་བ་ཕྱེད་ལོན་པ་དང་། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་འགྲེང་སྟེ་བསིལ་ཡབ་ཐོགས་ནས་བཅོམ་ལྡན་འདས་ལ་གཡོབ་པར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ནི་ཆོས་
དེ་དང་དེ་དག་གི་མྱོང་བ་འབའ་ཞིག་བརྗོད་པར་མཛད། འདོད་ཆགས་དང་བྲལ་བ་འབའ་ཞིག་དང་། འགོག་པ་འབའ་ཞིག་དང་། དོར་བ་འབའ་ཞིག་བརྗོད་པར་མཛད་ཀྱིས། མ་ལ་བདག་ཀྱང་ཆོས་དེ་དང་དེ་དག་སྤོང་བར་རྗེས་སུ་ལྟ་བས་གནས་པར་བྱ་གོར་མ་ཆག །འདོད་
ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། དོར་བར་རྗེས་སུ་ལྟ་བས་གནས་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་དེ་དང་དེ་དག་ལ་མི་རྟག་པར་རྗེས་སུ་ལྟ་བས་གནས་པ་དང་། འཇིག་པར་རྗེས་སུ་ལྟ་བ་དང་།
འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། དོར་བར་རྗེས་སུ་ལྟ་བས་གནས་ནས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཀུན་དུ་རྒྱུ་སེན་རིངས་ཀྱང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་

སྐྱེས་སོ། །དེ་ནས་ཀུན་དུ་རྒྱུ་སེན་རིངས་ཀྱིས་ཆོས་མཐོང་། ཆོས་ཐོས། ཆོས་རྟོགས། ཆོས་ཀྱི་གཏིང་སླེབས་ཏེ། སོམ་ཉི་ལས་རྒལ། ཐེ་ཙོམ་ལས་རྒལ་ནས་གཞན་གྱི་དྲིང་མི་འཇོག་ཅིང་གཞན་གྱིས་བཀྲི་བ་མེད་ལ། སྟོན་པའི་བསྟན་པའི་ཆོས་རྣམས་ལ་
མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་།
བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཀུན་དུ་རྒྱུ་སེན་རིངས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་
སློང་གི་དངོས་པོ་ཐོབ་བོ། །དེ་ལྟར་རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེ་གཅིག་པུ་དབེན་པ་དང་། བག་ཡོད་པ་དང་། བརྟུན་པ་དང་། སྤོང་བའི་བདག་ཉིད་དུ་གནས་སོ། །གཅིག་པུ་དབེན་པ་དང་། བག་ཡོད་པ་དང་། བརྟུན་པ་དང་། སྤོང་བའི་བདག་ཉིད་དུ་
གནས་ནས་རིགས་ཀྱི་བུ་རྣམས་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པའི་ཚངས་པར་སྤྱོད་པ་བླ་ན་མེད་པའི་མཐར་ཐུག་པ་དེ་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་
སུམ་དུ་བྱས་ཏེ་བསྒྲུབས་ནས་ཉམས་སུ་མྱོང་སྟེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་ཟིན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཀུན་ཤེས་པར་གྱུར་ནས་ཚེ་དང་ལྡན་པ་དེ་དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་
ཏོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་སོ་སོར་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་གསུས་པོ་ཆེ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ།

ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་གསུས་པོ་ཆེས་ལས་གང་དག་བགྱིས་ན་དེས་གཞུང་གི་སྨྲ་བ་ཆེན་པོར་གྱུར་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
གསུས་པོ་ཆེ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། གསུས་པོ་ཆེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་
སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་
པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་
དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་སྡེ་དཔོན་ཞིག་ལ་སོགས་པ་མི་རྒོད་ལྔ་བརྒྱ་རྐུན་པོ་ལ་ཆས་སོ། །རེ་ཞིག་ན་དེ་དག་སོང་སོང་བ་དང་། སེང་ལྡེང་གི་ནགས་ཤིག་ཏུ་ཕྱིན་ནས་དེད་དཔོན་གྱིས་སྨྲས་པ་པད་མ་ལྟ་བུའི་མིག་དང་ལྡན་པ་དག་ཁྱེད་ཀྱིས་འདི་ན་
གཞན་གྱི་མི་འགའ་ལྟ་ཡོད་དམ་ལྟོས་དང་། དེས་བདག་ཅག་གིས་གནོད་སྦྱིན་ལ་མཆོད་པ་གསོལ་ཏེ་འདོང་ངོ་ཞེས་བྱས་སོ། །དེ་ནས་མི་རྒོད་དེ་དག་འཁོར་འཁོར་ཏེ་སེང་ལྡེང་གི་ནགས་དེ་ན་རང་སངས་རྒྱས་ཤིག་འདུག་པ་དེ་མཐོང་ནས་བཟུང་སྟེ་སྡེ་དཔོན་གྱི་ཐད་དུ་ཁྲིད་དོ། །དེ་ནས་མི་
རྒོད་ཀྱི་སྡེ་དཔོན་གྱིས་སོད་ཅིག་ཅེས་བསྒོའོ། །དེ་ནས་རང་སངས་རྒྱས་དེས་དེ་དག་ལ་ཕན་གདགས་པའི་ཕྱིར་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་མི་རྒོད་ཀྱི་སྡེ་དཔོན་སྡོང་པོ་རྩ་བ་ནས་བཅད་པ་

བཞིན་དུ་རྐང་པ་ལ་ཕྱག་འཚལ་ནས་ཉེས་པ་བཤགས་ཏེ་བཤོས་ཀྱང་གསོལ་ནས་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་
མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མི་རྒོད་ཀྱི་སྡེ་དཔོན་དུ་གྱུར་པ་དེ་ནི་གསུས་པོ་ཆེ་ཆེན་པོ་འདི་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་
ཏུ་བྱུང་ནས་དེས་དེར་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་ཏེ། དེས་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་
གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ།
ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་
དོ།། །།ཡང་དག་སྡུག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་།
གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་

མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་
ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་ཀུ་ཤི་ན་གྱད་ཀྱི་ཉེ་འཁོར་ཤིང་ས་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་པ་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་དོ་ནུབ་
ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་གཟིམས་ཁྲི་ཤོམས་ལ་སྔས་བྱང་ཕྱོགས་སུ་སྟོན་ཅིག །དེ་ནས་བཙུན་པ་དེ་ལྟར་འཚལ་ལོ་ཞེས་གསོལ་
ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་ཤིང་སཱ་ལ་ཟུང་གི་བར་དུ་གཟིམས་ཁྲི་བཤམས་ཏེ་སྔས་བྱང་ཕྱོགས་སུ་བསྟན་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་
འཚལ་ཏེ་ཕྱོགས་གཅིག་ཏུ་འགྲེང་ངོ་། །ཕྱོགས་གཅིག་ཏུ་འགྲེང་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་གཟིམས་ཁྲི་བཤམས་ཏེ་སྔས་བྱང་ཕྱོགས་སུ་བསྟན་ལགས་སོ། །དེ་
ནས་བཅོམ་ལྡན་འདས་གཟིམས་ཁྲི་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གློ་གཡས་ཕྱོགས་ཀྱིས་གཟིམས་ཏེ་ཞབས་གཤིབས་ཏེ། ཞབས་གཤིབས་ནས་སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དུ་ལྡན་ཞིང་མྱ་ངན་ལས་འདའ་བའི་འདུ་ཤེས་འབའ་ཞིག་ཐུགས་ལ་
དགོངས་ནས། དེར་བཅོམ་ལྡན་འདས་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་མོད་ལ་ས་ཆེན་པོ་ནི་ཤིན་ཏུ་གཡོས། སྐར་མདའ་

ནི་ལྟུང་། མཐའ་ནས་ནི་ལྗིབ་ལམ་ལམ། བར་སྣང་ལས་ནི་ལྷའི་རྔ་སྒྲ་དག་བརྡུངས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་མོད་ལ་ནགས་ཀྱི་ཤིང་ལྗོན་པའི་མཆོག་ཤིང་སཱ་ལ་ཟུང་འདུད་པར་གྱུར་ཏེ། དེ་བཞིན་གཤེགས་པ་སེང་གེའི་
ཐབས་སུ་གཟིམས་པ་ལ་མེ་ཏོག་དག་གིས་གཏོར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་ཚེ་དགེ་སློང་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། །སཱ་ལའི་ཚལ་གྱི་ལྗོན་པའི་མཆོག །འདི་གཉིས་མཛེས་པར་ལྡན་པ་སྟེ། །སྟོན་པ་མྱ་ངན་
འདས་པ་ལ། །མེ་ཏོག་དག་གིས་ཡོངས་སུ་གཏོར། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་
པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་ཚེ་མི་མཇེད་ཀྱི་བདག་པོ་ཚངས་པས་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་འདི་ན་སེམས་ཅན་ཀུན། །ལུས་རྣམས་ངེས་པར་འདོར་བར་བྱེད། །འཇིག་
རྟེན་འདི་ན་ཟླ་མེད་པའི། །སྟོན་པ་པོ་ནི་འདི་འདྲ་བ། །དེ་བཞིན་གཤེགས་པ་སྟོབས་བརྙེས་པ། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་ཚེ་ཚེ་དང་ལྡན་པ་མ་འགགས་པས་ཚིགས་སུ་བཅད་དེ་སྨྲས་པ། བརྟན་
པའི་ཐུགས་ལྡན་སྐྱོབ་པ་པོ། །ཕྱི་ནང་རྒྱུ་བའི་དབུགས་ཆད་དེ། །མི་གཡོ་ཞི་ལ་བརྟེན་ནས་ཀྱང་། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོན་པ་གང་ཚེ་འདས་གྱུར་པ། །དེ་ཚེ་འཇིག་པ་ཆེན་པོ་བྱུང་། །དེ་ཚེ་སྐྱི་ཡང་བུང་ཞེས་བྱེད། །ཞུམ་པ་
མེད་པའི་ཐུགས་ཀྱིས་ནི། །ཚོར་བ་དང་དུ་ལེན་པར་མཛད། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་ཐུགས་ནི་རྣམ་པར་གྲོལ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཞག་བདུན་ལོན་པ་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་པུར་

ཞུ་གསལ་བཞེན་པ་སྐོར་བཞིན་དུ་ཚིགས་སུ་བཅད་དེ་སྨྲས་པ། འདྲེན་པ་རྫུ་འཕྲུལ་ཆེན་པོའི་རིན་ཆེན་སྐུ། །ཚངས་པའི་འཇིག་རྟེན་གཤེགས་པ་གང་ཡིན་ཏེ། །ཉིད་ཀྱི་སྐུ་ལས་བྱུང་བའི་མེ་ལྕེས་བསྲེགས། །དེ་ནི་ན་བཟའ་ལྔ་བརྒྱ་ཕྲུགས་ཀྱིས་དཀྲིས། །ན་བཟའ་ཆོས་གོས་
སྟོང་དུ་ཚང་བ་ཡིས། །སངས་རྒྱས་སྐུ་ནི་ཡོངས་སུ་དཀྲིས་པར་གྱུར། །དེར་ནི་བཟའ་ཤིང་ནང་དང་ཕྱི་རོལ་གྱི། །རྣམ་པ་གཉིས་ནི་ཚིག་པར་ཡོང་མ་གྱུར། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་ཚེ་གྲོང་ཁྱེར་པ་ཏྲ་ལིའི་བུ་ཞེས་བྱ་བ་ན་
རྒྱལ་པོ་མྱ་ངན་མེད་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་
མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ་དང་། ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་ཕྱིས་རེ་ཞིག་ན་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་
མགུར་སྤྱོད་པ་ལས་ཕྱིས་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མིག་བྱ་ཀུན་ལའི་མིག་འདྲ་བ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་
གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་འདི་བཙས་མ་ཐག་ཏུ་མིག་བྱ་ཀུན་ལའི་མིག་འདྲ་བས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་ཀུན་ལ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ཀུན་ལ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་
འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་

དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྒྱལ་པོའི་པང་དུ་བླངས་ཏེ་ཡང་དང་ཡང་དུ་བལྟས་ནས་དེའི་བྱད་གཟུགས་ཕུན་སུམ་ཚོགས་པས་ངོམས་པར་གྱུར་ཏེ། འཇིག་རྟེན་ན་ངའི་བུ་དང་བྱད་གཟུགས་མཚུངས་པ་མེད་དོ་ཞེས་ཟེར་རོ། །
དེ་ནས་དེའི་ཚེ་ཡུལ་ས་འཛིན་ན་གྲོང་མེ་ཏོག་ཁུར་ཆེན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་ཁྱིམ་བདག་ཅིག་གི་བུ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ། དེ་བཙས་པ་ན་རིན་པོ་ཆེའི་རྫིང་ལྷའི་སྤོས་ཆུས་གང་བ་དང་། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང་
འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་འགྲོ་ཤེས་པ་ཞིག་བྱུང་སྟེ། ཁྱེའུ་དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་རྫིང་དང་སྐྱེད་མོས་ཚལ་དེ་འབྱུང་བར་འགྱུར་རོ། །དེ་ནས་ཁྱེའུ་དེའི་མིང་མཛེས་ལྡན་ཞེས་བཏགས་སོ། །དེ་ནས་རེ་ཞིག་ན་ཁྱེའུ་དེ་ཆེར་སྐྱེས་པ་དང་མེ་ཏོག་ཁུར་ཆེན་གྱི་
གྲོང་ནས་ཚོང་པ་ཁ་ཅིག་དོན་དག་ཅིག་ལ་ཡུལ་པ་ཏྲ་ལིའི་བུར་དོང་སྟེ། དེ་དག་གིས་སྐྱེས་ཁྱེར་ནས་རྒྱལ་པོ་མྱ་ངན་མེད་ཀྱི་ཐད་དུ་དོང་ངོ་། །དེ་ནས་དེ་དག་གིས་རྒྱལ་པོའི་རྐང་པ་ལ་ཕྱག་འཚལ་ཏེ་སྐྱེས་ཕུལ་ནས་མདུན་དུ་འཁོད་དོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་དེ་དག་ལ་བུ་
ཀུན་ལ་བསྟན་ཏེ། ཀྱེ་ཚོང་པ་དག་ཁྱེད་འབྱམ་པ་ན་བྱད་གཟུགས་ཀྱི་ཁྱད་པར་དང་ལྡན་པ་འདི་ལྟ་བུ་སྔན་ཆད་གང་དུ་ཡང་རུང་སྟེ་རེས་འགའ་མཐོང་ངམ་ཞེས་དྲིས་སོ། །དེ་ནས་ཚོང་པ་དེ་དག་གིས་ཐལ་མོ་སྦྱར་བ་བཏུད་དེ་རྐང་པ་ལ་ཕྱག་འཚལ་ཏེ་གྱོད་མི་རྨ་བར་གསོལ་ནས་རྒྱལ་
པོ་ལ་གསོལ་པ། ལྷ་བདག་ཅག་གི་ཡུལ་ན་ཁྱེའུ་མཛེས་ལྡན་ཞེས་བགྱི་བ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་མཆིས་ཏེ། དེ་བཙས་པ་ན་རིན་པོ་ཆེའི་རྫིང་བུ་ལྷའི་སྤོས་ཆུས་གང་བ་དང་། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་
པ་དང་ལྡན་པ་འགྲོ་ཤེས་པ་ཞིག་བྱུང་སྟེ། ཁྱེའུ་དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་རྫིང་དང་སྐྱེད་མོས་ཚལ་དེ་འབྱུང་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་དེ་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ་ལྟ་འདོད་པར་གྱུར་ནས་ཕོ་ཉ་བཏང་སྟེ། རྒྱལ་པོ་མྱ་ངན་

མེད་ཁྱེའུ་མཛེས་ལྡན་བལྟ་བའི་ཕྱིར་འོང་བར་འདོད་ཀྱིས། ཁྱེད་ཀྱིས་བྱ་བའམ་བཤམ་པ་གང་ཡིན་པ་དེ་གྱིས་ཤིག་ཅེས་སྤྲིང་ངོ་། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་སྐྲག་སྟེ། གལ་ཏེ་རྒྱལ་པོ་དམག་གི་དཔུང་ཆེན་པོ་དང་འདིར་འོངས་སུ་ཟིན་ན་གནོད་པ་ཆེན་པོ་ཞིག་ཏུ་མི་འགྱུར་རམ་སྙམ་མོ། །
དེ་ནས་ཁྱེའུ་དེའི་བཞོན་པ་བཟང་པོ་བཤམས་ཏེ་སྐྱེས་སུ་མུ་ཏིག་གི་དོ་ཤལ་འབུམ་བརྫངས་ནས་རྒྱལ་པོ་མྱ་ངན་མེད་ཀྱི་ཐད་དུ་བཏང་སྟེ། དེ་མཐར་གྱིས་སོང་སོང་བ་དང་། གྲོང་ཁྱེར་པ་ཏྲ་ལིའི་བུར་ཕྱིན་ནས་མུ་ཏིག་གི་དོ་ཤལ་འབུམ་ཁྱེར་ཏེ་རྒྱལ་པོ་མྱ་ངན་མེད་ཀྱི་ཐད་དུ་ཕྱིན་ཏོ། །དེ་ནས་རྒྱལ་
པོ་མྱ་ངན་མེད་ཀྱིས་ཁྱེའུ་མཛེས་ལྡན་གྱི་བྱད་གཟུགས་མཛེས་པ་དང་ཁ་དོག་རྒྱས་པ་དང་། ལྷའི་རྫིང་བུ་དང་། སྐྱེད་མོས་ཚལ་མཐོང་ནས། མཐོང་མ་ཐག་ཏུ་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་གནས་བརྟན་ཉེ་བར་སྲུང་ལ་ཡ་མཚན་དུ་བསྟན་པའི་
ཕྱིར་ཁྱེའུ་མཛེས་ལྡན་ཁྲིད་དེ་ཁྱིམ་བྱའི་ཀུན་དགའི་ར་བར་སོང་ངོ་། །ཀུན་དགའི་ར་བ་དེ་ན་དགྲ་བཅོམ་པ་ཉེ་བར་སྲུང་ལ་སོགས་པ་ཁྲི་བརྒྱད་སྟོང་གནས་སོ། །སློབ་པ་དང་། སོ་སོའི་སྐྱེ་བོ་དགེ་བ་ནི་དེའི་ཉིས་འགྱུར་དུ་གནས་སོ། །དེ་ནས་དེས་གནས་བརྟན་གྱི་རྐང་པ་ལ་ཕྱག་འཚལ་ནས་
ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །གནས་བརྟན་ཉེ་བར་སྲུང་གིས་ཀྱང་དེ་ལ་ཆོས་བསྟན་ཏོ། །ཁྱེའུ་དེ་ཡང་རྒྱུད་ཡོངས་སུ་སྨིན་པ་ཞིག་སྟེ། ཆོས་ཐོས་ནས་རབ་ཏུ་འབྱུང་འདོད་པར་གྱུར་ཏེ། དེས་རྒྱལ་པོ་མྱ་ངན་མེད་ལ་གསོལ་ནས་གནས་བརྟན་ཉེ་བར་སྲུང་གི་ཐད་དུ་རབ་ཏུ་བྱུང་
སྟེ། དེས་སྦྱོར་བ་དང་བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་
ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་

སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་
སུ་གྱུར་ཏོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཐེ་ཙོམ་སྐྱེས་ཏེ་གནས་བརྟན་ཉེ་བར་སྲུང་ལ་དྲིས་པ། བཙུན་པ་མཛེས་ལྡན་གྱིས་ལས་གང་དག་བགྱིས་ན་དེས་བྱད་གཟུགས་འདི་ལྟ་བུ་ལྡན་པར་གྱུར་ལགས། ལས་གང་དག་བགྱིས་ན་དེས་རིན་པོ་ཆེའི་རྫིང་ལྷའི་སྤོས་ཆུས་གང་བ་དང་། སྐྱེད་
མོས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་འགྲོ་ཤེས་པ་བྱུང་བར་གྱུར་ལགས། གནས་བརྟན་ཉེ་བར་སྲུང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་མཛེས་ལྡན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་
མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མཛེས་ལྡན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་
དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་
བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །རྒྱལ་པོ་ཆེན་པོ་སྔོན་གང་གི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་། ཡུལ་མ་ག་དྷཱར་ལྗོངས་རྒྱུ་ཞིང་དོང་སྟེ། ཆོས་ཡང་དག་པར་བསྡུ་
བར་འདོད་པ་ལས་རེ་ཞིག་ན་ཚོང་པ་དབུལ་པོ་ཞིག་གིས་དགེ་སློང་གི་དགེ་འདུན་ཕལ་ཆེར་སྟོན་པ་དང་བྲལ་བའི་མྱ་ངན་གྱིས་ནོན་པར་གྱུར་ལ་འགྲོ་འགྲོ་བས་དུབ་ཅིང་ལུས་རྡུལ་གྱིས་ཡོག་པར་མཐོང་ངོ་། །དེ་ནས་དེ་སྙིང་རྗེ་སྐྱེས་ནས་དེས་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་ལྔ་བརྒྱ་ཆོ་ག་དང་ལྡན་པའི་

ཁྲུས་ལ་སྤྱན་དྲངས་སོ། །དེ་ནས་དེས་ཆུ་དྲོན་སྤོས་སྣ་ཚོགས་ཀྱིས་བསྒོས་པ་ཕུལ་ཏེ་དགེ་སློང་རྣམས་ཀྱི་ལུས་བཀྲུས་ཏེ། ཆོས་གོས་རྣམས་ཀྱང་བཀྲུས་སོ། །ཁ་ཟས་བཟང་པོས་ཀྱང་ཚིམ་པར་བྱས་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ཀྱང་བླངས་ཏེ་སྨོན་ལམ་བཏབ་པ།
བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མཛེས་ལྡན་འདི་ཡིན་ཏེ། དེས་དགེ་
སློང་དག་ལ་ཆོ་ག་དང་ལྡན་པའི་ཁྲུས་བྱས་པ་དེས་ན་འདི་འདི་ལྟ་བུར་བྱད་གཟུགས་ཁྱད་པར་ཅན་དུ་གྱུར་ལ། རིན་པོ་ཆེའི་རྫིང་ལྷའི་སྤོས་ཆུས་གང་བ་དང་། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པའི་འགྲོ་ཤེས་པ་བྱུང་བར་གྱུར་ཏོ། །དེས་སྐྱབས་སུ་
འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་པ་དེས་ནི་ཚེ་འདི་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་
རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་
བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་རྒྱལ་པོ་མྱ་ངན་མེད་གནས་བརྟན་ཉེ་བར་སྲུང་གིས་བཤད་པ་ལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རངས་ནས་སྟན་ལས་ལངས་ཏེ་སོང་ངོ་། །རྟོགས་པ་བརྗོད་པ་བརྒྱ་པ་ལས་སྡོམ་གྱི་
ཚིགས་སུ་བཅད་པ་བཅུ་པ་རྫོགས་ཏེ། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དེ་བ་ཙན་དྲས་བསྒྱུར་ཏེ་གཏན་ལ་ཕབ་པ།། །།

༄༅། །རྒྱ་གར་སྐད་དུ། ཨཱརྱ་ཛྙཱ་ན་ཀ་སཱུ་ཏྲ་བུད་དྷ་ཨ་བ་དཱ་ན། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
བཅོམ་ལྡན་འདས་ཡུམ་གྱི་དོན་དུ་ལྷ་རྣམས་ཀྱི་གནས་སུམ་ཅུ་རྩ་གསུམ་ན་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་སོ། །དེར་ལྷའི་བུ་ཞིག་ལ་འཆི་བའི་སྔ་ལྟས་ངན་པ་ལྔ་བྱུང་སྟེ། ཕྲེང་རྒྱན་རྙིངས་པ་དང་། གོས་རྙིངས་པ་དང་། ལུས་དྲི་ང་བར་
གྱུར་པ་དང་། མཆན་ཁུང་ནས་རྔུལ་འཛག་པ་དང་། རང་གི་སྟན་ལ་དགའ་བ་མེད་པར་གྱུར་ཏོ། །སྐྱེ་བ་ཡང་མཐོང་སྟེ། ཡངས་པའི་ཕག་གི་མངལ་དུ་སྐྱེ་བར་མཐོང་ངོ་། །དེས་དེ་མཐོང་ནས་མྱ་ངན་གྱིས་ཐེབས། སྨྲེ་སྔགས་འདོན། བྲང་རྡུང་ཞིང་ངུ་ལ་ཤིན་ཏུ་མོང་མོང་པོར་གྱུར་
ཏོ། །དེ་ནས་ལྷའི་བུ་གཞན་ཞིག་ལྷའི་བུ་དེ་ག་ལ་བ་དེར་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་འཆི་བས་འཇིགས་སམ། སྨྲས་པ། ལྷའི་བུ་བདག་འཆི་བས་འཇིགས་སོ། །ལྷའི་བུ་དེ་ཅིའི་ཕྱིར་ཞེ་ན། བདག་ལྷ་རྣམས་ཀྱི་གནས་སུམ་ཅུ་རྩ་གསུམ་འདིར་ལྷའི་བཟའ་བ་ནི་ཟོས།
ལྷའི་བཏུང་བ་ནི་འཐུངས། ལྷའི་བགོ་བ་ནི་བགོས་ན། དེ་ནས་ཕྱིར་ཡངས་པའི་ཕག་གི་མངལ་དུ་སྐྱེ་བར་མཐོང་སྟེ། དེར་བདག་བཤང་བ་ཟ་ཞིང་མཚོན་གྱིས་འཆི་བར་འགྱུར་ཏེ། ལྷའི་བུ་དེ་ལྟ་བས་ན་བདག་འཆི་བས་འཇིགས་སོ། །སྨྲས་པ། ལྷའི་བུ་ཁྱོད་འཆི་བས་མ་འཇིགས་ཤིག །དེ་
ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ཡུམ་གྱི་དོན་དུ་སུམ་ཅུ་རྩ་གསུམ་གྱི་གནས་འདི་ན་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། ཅི་སྟེ་ལྷའི་བུ་ཁྱོད་ཀྱིས་བཅོམ་
ལྡན་འདས་དེ་ལ་ཕྱག་ཚོལ་དང་། བཅོམ་ལྡན་འདས་དེ་འདིར་གཤེགས་ཏེ། དེས་ཁྱོད་ངན་སོང་རྣམས་ལས་གྲོལ་བར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སངས་རྒྱས་བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མ་བཏང་བ་ཡིན་ནོ། །དེ་ནས་ལྷའི་བུ་དེ་སྟན་ལས་

ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་ལན་གསུམ་བརྗོད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བདག་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་དེ་འདིར་གཤེགས་སུ་གསོལ། བདག་ངན་སོང་དུ་སྐྱེ་བ་རྣམས་ལས་གྲོལ་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེའི་ལྷག་པའི་བསམ་པ་ཐུགས་
སུ་ཆུད་ནས། ལྷའི་བུ་དེ་ག་ལ་བ་དེར་གཤེགས་ཏེ་གདན་བཤམས་པ་དེ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་ཁྱོད་འཆི་བས་འཇིགས་སམ། གསོལ་པ། བཅོམ་ལྡན་འདས་བདག་འགུམ་པས་འཇིགས་
ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡངས་པའི་ཕག་གི་མངལ་མི་སྡུག་པར་སྐྱེ་བར་མཐོང་ལགས་ཏེ། དེར་བདག་སྐྱེས་ནས་བཤང་བ་འཚལ་ཞིང་མཚོན་གྱིས་འགུམ་པར་འགྱུར་ལགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་འགུམ་པས་འཇིགས་ལགས་སོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ལྷའི་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་ཁྱོད་འཆི་བས་མ་འཇིགས་ཤིག །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སའི་ཁམས་དང་། ཆུའི་ཁམས་མི་འགྲོ་མི་འོང་གི་བདག་ཉིད་ཀྱི་ལས་ཀྱིས་འོང་ཞིང་འགྲོ་སྟེ། ལྷའི་བུ་ཁྱོད་ཚུར་ཤོག །སངས་རྒྱས་ལ་སྐྱབས་སུ་
སོང་ཤིག །ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཤིག །དེ་ནས་ལྷའི་བུ་དེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ། །བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་སངས་རྒྱས་ལ་ནི་སྐྱབས་སོང་བ། །དེ་ནི་ངན་འགྲོར་འདིར་ནི་མི་འགྲོ་སྟེ། །ལྷ་ཡི་བདག་ཉིད་དངོས་པོ་སྤངས་ནས་སུ། །མི་ཡི་བདག་ཉིད་དངོས་པོ་ལེན་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་

དེ་ལ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་བཞུད་དོ། །བཅོམ་ལྡན་འདས་བཞུད་ནས་རིང་པོ་མ་ལོན་པར་ལྷའི་བུ་དེ་འཆི་བའི་དུས་བྱས་
སོ། །དུས་བྱས་ནས་དེ་མ་ཐག་ཏུ་ཡངས་པ་དེར་ཚོང་དཔོན་ཞིག་གི་ཆུང་མ་དམ་པའི་མངལ་དུ་སྐྱེས་སོ། །དེ་ཟླ་བ་དགུ་འདས་ནས་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བཙས་པར་གྱུར་ཏོ། །དེ་བཙས་མ་ཐག་ཏུ་ཚིག་
འདི་སྐད་ཅེས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་བརྗོད་དོ། །དེ་ནས་དེའི་ཚེ་ཕ་དང་མ་འདི་སྙམ་དུ་སེམས་ཏེ། ཁྱེའུ་འདི་ནི་སངས་རྒྱས་ཤེས། ཆོས་ཤེས་དགེ་འདུན་ཤེས་ཏེ། འདི་ནི་ཤེས་པ་དང་ལྡན་ནོ་སྙམ་དུ་འདུ་ཤེས་
སྐྱེས་སོ། །དེ་ནས་ཁྱེའུ་ཤེས་ལྡན་གང་གི་ཚེ་ལོ་བརྒྱད་ལོན་པ་ལྟ་བུར་གྱུར་པ་དེའི་ཚེ་ལི་ཙྪ་བཱི་གཞོན་ནུ་རབ་ཏུ་མང་པོ་རྣམས་ཀྱིས་ལྷན་ཅིག་ཏུ་མདུན་དུ་བདར་ནས་སྐྱེད་མོས་ཚལ་གྱི་བཞི་མདོ་ནས་བྱུང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ཡངས་པའི་ཚལ་ཆེན་པོ་ན་ཁང་པ་བརྩེགས་པའི་ཁང་བཟངས་
ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་སྨད་གཡོགས་དང་ཆོས་གོས་གསོལ། ལྷུང་བཟེད་བསྣམས་ཏེ། ཡངས་པར་བསོད་སྙོམས་ལ་ཕྱིར་གཤེགས་སོ། །བཅོམ་ལྡན་འདས་དེ་མཛེས་པ་ནས་འོད་དང་ལྡན་པའི་བར་དུ་གྱུར་པ་ཁྱེའུ་ཤེས་ལྡན་གྱིས་མཐོང་ངོ་། །
མཐོང་ནས་དེ་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དགའ་བར་གྱུར་ཏོ། །སེམས་དགའ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་
ཏུ་འདུག་ནས་ཁྱེའུ་ཤེས་ལྡན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། བདག་གིས་སྔོན་གྱི་ཚེ་དྲན་ཏེ། སྡུག་བསྔལ་རྣམས་ལས་རབ་བཀྲོལ་ཞིང་། །ངན་སོང་ལྟུང་བ་ལས་ནི་བདག །འཇིག་རྟེན་མགོན་གྱིས་གྲོལ་བར་མཛད། །མི་མཆོག་ཐུགས་ནི་བརྩེར་

དགོངས་ཏེ། །བསོད་སྙོམས་འདི་ནི་བཞེས་པར་མཛོད། །བདག་གི་གདུགས་ཚོད་འདི་དག་ནི། །གྲོལ་བར་མཛད་ནས་དེང་བཞེས་ལ། །སང་ནི་བདག་གི་ཕ་མ་ཡི། །སྡུམ་པར་འདྲེན་པས་བརྩེར་དགོངས་ཏེ། །དགེ་སློང་ཀུན་དང་ཐབས་ཅིག་ཏུ། །གདུགས་ཚོད་དག་ནི་གསོལ་བར་
མཛོད། །བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པས་ཁྱེའུ་ཤེས་ལྡན་གྱིས་གསོལ་པ་གནང་ངོ་། །དེ་ནས་ཁྱེའུ་ཤེས་ལྡན་བཅོམ་ལྡན་འདས་ཅང་མི་གསུང་བར་གནང་བར་རིག་ནས་ཕ་མ་ག་ལ་བ་དེར་སོང་སྟེ། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་བདག་གིས་ནི་བཅོམ་ལྡན་འདས་
ལ་བསོད་སྙོམས་ཕུལ་ལགས་ཏེ། སང་ཡང་གདུགས་ཚོད་ལ་སྤྱན་དྲངས་སོ། །དེ་ནས་ཁྱེའུ་ཤེས་ལྡན་གྱི་ཕ་མ་མགུ་ཞིང་དགའ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དེའི་མཚན་མོ་བཟའ་བ་དང་བཅའ་བ་རོ་དང་ལྡན་པ་ཞིམ་པ་མང་པོ་མངོན་པར་བཤམས་
ནས་ཡངས་པའི་གྲོང་ཁྱེར་ཆེན་པོ་ཐམས་ཅད་ཕྱག་དར་བྱས་ཏེ། དར་གྱི་ལྡ་ལྡི་བཏགས། པོག་ཕོར་ནས་སྤོས་ཀྱིས་བདུགས། སྤོས་ཆུས་ཆག་ཆག་བཏབ། མེ་ཏོག་གིས་མཛེས་པར་བཀྲམ་སྟེ། དེའི་མཚན་མོ་འདས་ནས་དུས་ལ་བབ་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་
སོང་སྟེ། བཙུན་པ་བཅོམ་ལྡན་འདས་གདུགས་ཚོད་ལ་བབ་སྟེ། གདུགས་ཚོད་སྦྱར་ལགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དེའི་སྔ་དྲོ་སྨད་གཡོགས་དང་ཆོས་གོས་གསོལ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་མདུན་དུ་བདར་ཅིང་། དགེ་སློང་
གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། ཤེས་ལྡན་གྱི་ཕ་མའི་ཁྱིམ་ག་ལ་བ་དེར་གཤེགས་ནས་གདན་བཤམས་པ་དེ་ལ་བཞུགས་སོ། །དེ་ནས་ཁྱེའུ་ཤེས་ལྡན་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་གདན་ལ་བཞུགས་པར་རིག་ནས་རང་གི་ལག་གིས་བཟའ་བ་དང་། བཅའ་བ་རོ་དང་
ལྡན་པ་ཞིམ་ཞིང་མང་བ་དག་ལེགས་པར་བྲིམས་ལེགས་པར་གསོལ་ཏོ། །བཅོམ་ལྡན་འདས་གདུགས་ཚོད་གསོལ་བར་རིག་ནས། སོ་སོ་སོ་སོ་ལ་རས་བཅོས་བུ་ཟུང་དང་། སོ་སོ་ལ་ལྷམ་ཟུང་དག་ཕུལ་ལོ། །བཅོམ་ལྡན་འདས་ལ་ཆོས་གོས་སར་པ་གསུམ་དང་། ཆགས་སར་པ་

ཟུང་དག་གསོལ་ཏོ། །གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་རྣམས་ཀྱིས་གཏོར་ཏོ། །གང་མངོན་པར་གཏོར་བ་དེ་དག་གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཀྱི་སྤྱི་གཙུག་གི་ཐད་ཀར་ཁང་པ་བརྩེགས་པ་བཀྲ་བ། བལྟ་ན་སྡུག་པ། གྲུ་བཞི་པ། གནས་
བཞི་དང་ལྡན་པ་ཞིག་འདུག་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེར་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཏེ་ཆོས་འཆད་ཅིང་བཞུགས་པ་དེས་མཐོང་ངོ་། །དེ་ནས་ཁྱེའུ་ཤེས་ལྡན་གྱིས་བཅོམ་ལྡན་འདས་ཀྱི་གཟུགས་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དེ་
འདྲ་བ་མཐོང་ནས་མགུ་ཞིང་དགའ་བ་ནས། ཡིད་བདེ་བ་སྐྱེས་པའི་བར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་དགེ་བའི་རྩ་བ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་སྟེ། དགེ་བའི་རྩ་བ་དེས་ན་བདག་ད་ལྟར་གྱི་བཅོམ་
ལྡན་འདས་བཞིན་དུ། སངས་རྒྱས་སུ་གྱུར་ཅིག །ཆོས་སྟོན་པར་ཡང་གྱུར་ཅིག །དགེ་འདུན་ཡོངས་སུ་སྐྱོང་བར་ཡང་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་ཤེས་ལྡན་གྱི་ལྷག་པའི་བསམ་པ་ཐུགས་སུ་ཆུད་དེ། འཛུམ་པ་མཛད་ནས་སྤྱི་བོའི་གཙུག་གི་ནང་དུ་ནུབ་པའི་བར་དུ་མཛད་
པ་ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་སྟེ། དོན་མེད་པ་མི་མཛད་དོ་སྙམ་པའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ཀུན་དགའ་འདི་ལྟར་ཤེས་ལྡན་གྱིས་ནི་དེ་བཞིན་གཤེགས་པ་མཆོད་པས་ན། །བསྐལ་པ་བྱེ་བ་
དགུ་བཅུ་དག་ཏུ་ལོག་པར་ལྟུང་བར་མི་འགྱུར་ལ། །དེ་ནས་དེ་མ་ཐག་ཏུ་རྣམ་པར་འདྲེན་པར་ཉེ་བར་སྐྱེ་འགྱུར་ཏེ། །མཚན་ནི་མཁྱེན་གཙོ་རྒྱལ་པོ་ཞེས་བྱ་སངས་རྒྱས་འཇིག་རྟེན་འབྱུང་བར་འགྱུར། །སངས་རྒྱས་ཀྱི་ནི་རྟོགས་པ་བརྗོད་པས་མཁས་རྣམས་ཡང་དག་དགའ་བྱེད་ཅིང་། །མི་ཡི་
མཁས་པ་གང་གིས་ཐོས་ན་དགེ་བ་མང་པོ་བྱེད་འགྱུར་ཏེ། །རྒྱ་མཚོ་མཐས་གཏུགས་དཔག་མེད་ལྟ་བུའི་དེ་བཞིན་གཤེགས་པ་སངས་རྒྱས་ལ། །རབ་ཏུ་དང་བས་ཡོན་རྣམས་ཕུལ་བའི་འབྲས་བུ་ཆུང་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཁྱེའུ་ཤེས་ལྡན་དང་།

དགེ་སློང་དེ་དག་དང་། ལྷ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། སརྦ་ཛྙཱ་དེ་བ་
དང་། །ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། སཱུ་ཀ་རི་ཀ་ཨ་བ་དཱ་ན་ནཱ་མ་སཱུ་ཏྲ། བོད་སྐད་དུ། ཕག་མོའི་རྟོགས་པ་བརྗོད་པ་ཞེས་བྱ་བའི་མདོ། དཀོན་
མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷའི་བུའི་
འཆི་འཕོའི་ཆོས་ཀྱི་སྔ་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། ལྔ་གང་ཞེ་ན། གོས་རྣམས་སྔོན་དྲི་མ་མི་ཆགས་པ་ལས་དྲི་མ་ཆགས་པ་དང་། མེ་ཏོག་ཕྲེང་རྣམས་སྔོན་མི་རྙིངས་པ་ལས་རྙིངས་པ་དང་། མཆན་ཁུང་གཉིས་ནས་རྔུལ་འབྱུང་བ་དང་། ལུས་ལས་དྲི་མི་ཞིམ་པ་འབྱུང་བ་དང་། ལྷའི་
བུའི་འཆི་འཕོའི་ཆོས་ནི་རང་གི་སྟན་ལ་དགའ་བ་མི་འཐོབ་པའོ། །དགེ་སློང་དག་དེ་ནས་ལྷའི་བུ་ཞིག་འཆི་འཕོའི་ཆོས་ཀྱིས་ས་ལ་འགྲེ་ལྡོག་སྟེ་བྲང་རྡུང་ཞིང་ངུ་ལ། སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དལ་གྱིས་འབབ་པ། ཀྱི་ཧུད་རྫིང་། ཀྱི་ཧུད་རྫིང་བུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་
ཅན་གྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུད་དགའ་བའི་ཚལ། ཀྱི་ཧུད་འདྲེས་པའི་ཚལ། ཀྱི་ཧུད་ཡོངས་འདུ། ཀྱི་ཧུད་སྡུག་པ། ཀྱི་ཧུད་ཨར་མོ་ནིག་ལྟ་བུའི་རྡོ་ལེབ། ཀྱི་ཧུད་ལྷའི་འདུན་ས། ཀྱི་ཧུད་བལྟ་ན་སྡུག་པ་ཞེས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏོ། །ལྷའི་དབང་པོ་
བརྒྱ་བྱིན་གྱིས་ལྷའི་བུ་དེ་ཤིན་ཏུ་ས་ལ་འགྲེ་ལྡོག་ཅིང་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པ་མཐོང་སྟེ། མཐོང་ནས་ཀྱང་ལྷའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱོད་ཅིའི་ཕྱིར་ཤིན་ཏུ་ས་ལ་འགྲེ་ལྡོག་ཅིང་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་

དལ་གྱིས་འབབ་པ། ཀྱི་ཧུད་རྫིང་། ཀྱི་ཧུད་རྫིང་བུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཅན་གྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུད་དགའ་བའི་ཚལ། ཀྱི་ཧུད་འདྲེས་པའི་ཚལ། ཀྱི་ཧུད་ཡོངས་འདུ། ཀྱི་ཧུད་སྡུག་པ། ཀྱི་ཧུད་ཨར་མོ་ནིག་ལྟ་བུའི་རྡོ་ལེབ། ཀྱི་ཧུད་
ལྷའི་འདུན་ས། ཀྱི་ཧུད་བལྟ་ན་སྡུག་པ་ཞེས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པར་བྱེད། དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་ལྷའི་བུ་དེས་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་བདག་ནི་འདིར་ལྷའི་བདེ་བ་དང་བྲལ་ཏེ་ཞག་བདུན་ན་འདི་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་
ཕག་མོའི་མངལ་དུ་སྐྱེ་བར་འགྱུར་ཏེ། བདག་ནི་དེར་ལོ་མང་པོ་ཞིག་ཏུ་ཕྱི་ས་དང་གཅིན་འཚལ་བར་འགྱུར་བས་དེའི་སླད་དུ་བདག་དེ་སྐད་མཆིའོ། །གྲོགས་པོ་ཚུར་ཤོག །ཁྱོད་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་སོང་ཤིག །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་
ཆོས་ལ་སྐྱབས་སུ་སོང་ཤིག །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་སོང་ཤིག །དེས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་བདག་ནི་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །
ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ནས་ལྷའི་བུ་དེས་སྐྱབས་གསུམ་བཟུང་སྟེ་འཆི་འཕོའི་དུས་བྱས་ནས། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་བལྟས་པ་ཅི་ལྷའི་བུ་དེ་ཕག་མོའི་མངལ་དུ་སྐྱེས་སམ་མ་སྐྱེས་ཞེས་
བལྟས་ན་ཡང་མ་སྐྱེས། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་སམ་མ་སྐྱེས་ཞེས་བལྟས་ན་ཡང་མ་སྐྱེས་ཏེ། ལྷ་རྣམས་ནི་ཆོས་ཉིད་ཀྱིས་འོག་མ་ལ་ཤེས་པ་དང་མཐོང་བ་འཇུག་གི་གོང་མ་ལ་ནི་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཐེ་ཙོམ་སྐྱེས་ནས་བཅོམ་ལྡན་འདས་
ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་འདི་ན་ལྷའི་བུ་ཞིག་འཆི་འཕོའི་ཆོས་

བྱུང་ནས་དོགས་ལ་འགྲེ་ལྡོག་ཅིང་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དལ་གྱིས་འབབ་པ། ཀྱི་ཧུད་རྫིང་། ཀྱི་ཧུད་རྫིང་བུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཅན་གྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུད་དགའ་བའི་ཚལ། ཀྱི་ཧུད་འདྲེས་པའི་ཚལ། ཀྱི་ཧུད་ཡོངས་འདུ། ཀྱི་ཧུད་
སྡུག་པ། ཀྱི་ཧུད་ཨར་མོ་ནིག་ལྟ་བུའི་རྡོ་ལེབ། ཀྱི་ཧུད་ལྷའི་འདུན་ས། ཀྱི་ཧུད་བལྟ་ན་སྡུག་པ་ཞེས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པ་མཐོང་སྟེ། བདག་དེར་མཆིས་ནས་འདི་སྐད་ཅེས་བགྱིས་སོ། །གྲོགས་པོ་ཁྱོད་ཅིའི་ཕྱིར་བྲང་རྡུང་ཞིང་ངུ་ལ་མྱ་ངན་བྱེད་དེ། ངུ་ཞིང་སྨྲེ་སྔགས་འདོན། དེས་
སྨྲས་པ། བདག་ནི་འདིར་ལྷའི་བདེ་བ་དང་བྲལ་ཏེ་ཞག་བདུན་ན་འདི་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཕག་མོའི་མངལ་དུ་སྐྱེ་བར་འགྱུར་ཏེ། བདག་ནི་དེར་ལོ་མང་པོ་ཞིག་ཏུ་ཕྱི་ས་དང་གཅིན་འཚལ་བར་འགྱུར་བས་དེའི་སླད་དུ་བདག་དེ་སྐད་མཆིའོ། །གྲོགས་པོ་ཚུར་ཤོག །ཁྱོད་རྐང་
གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་སོང་ཤིག །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་སོང་ཤིག །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་སོང་ཤིག །དེ་ནས་ལྷའི་བུ་དེ་དུད་འགྲོའི་སྐྱེ་གནས་ཀྱིས་འཇིགས་ཤིང་སྐྲག །འཆི་བས་འཇིགས་ཤིང་
སྐྲག་སྟེ། དེ་འདི་སྐད་ཅེས་མཆིའོ། །གྲོགས་པོ་བདག་ནི་འདི་ལྟར་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ནས་ལྷའི་བུ་དེས་
སྐྱབས་གསུམ་བཟུང་ནས་འཆི་འཕོའི་དུས་བགྱིས་པ་དེ། བཅོམ་ལྡན་འདས་གང་དུ་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ལྷའི་བུ་དེ་ནི་དགའ་ལྡན་ལྷའི་རིས་དེར་སྐྱེས་ཏེ། ལྷའི་འདོད་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་
ཚིམ་ཞིང་མགུ་སྟེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། དབང་པོ་ཚིམ་ནས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། གང་དག་སངས་རྒྱས་སྐྱབས་མཆི་བ། །དེ་དག་ངན་འགྲོར་མི་མཆི་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །

གང་དག་ཆོས་ལ་སྐྱབས་མཆི་བ། །དེ་དག་ངན་འགྲོར་མི་མཆི་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་དགེ་འདུན་སྐྱབས་མཆི་བ། །དེ་དག་ངན་འགྲོར་མི་མཆི་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་
འགྱུར། །གང་དག་ཉིན་མཚན་རྟག་པར་ཡང་། །སངས་རྒྱས་རྗེས་སུ་དྲན་པ་དང་། །གང་དག་སངས་རྒྱས་སྐྱབས་མཆིས་པ། །མི་དེ་དག་གི་རྙེད་པ་ཆེ། །གང་དག་ཉིན་མཚན་རྟག་པར་ཡང་། །ཆོས་ནི་རྗེས་སུ་དྲན་པ་དང་། །གང་དག་ཆོས་ལ་སྐྱབས་མཆིས་པ། །མི་དེ་དག་གི་རྙེད་པ་ཆེ། །
གང་དག་ཉིན་མཚན་རྟག་པར་ཡང་། །དགེ་འདུན་རྗེས་སུ་དྲན་པ་དང་། །གང་དག་དགེ་འདུན་སྐྱབས་མཆིས་པ། །མི་དེ་དག་གི་རྙེད་པ་ཆེ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྗེས་སུ་འཐུན་པར་བརྗོད་པའི་ཚིགས་སུ་བཅད་པ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ཏེ། དེ་དེ་
བཞིན་ནོ། །གང་དག་སངས་རྒྱས་སྐྱབས་དོང་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་ཆོས་ལ་སྐྱབས་དོང་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་
འགྱུར། །གང་དག་དགེ་འདུན་སྐྱབས་དོང་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལག་པ་ཐལ་མོ་སྦྱར་ནས་ལན་གསུམ་བསྐོར་བ་བྱས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཕག་མོའི་
རྟོགས་པ་བརྗོད་པའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སརྦ་ཤུ་བྷཾ་བྷ་བནྟུ།། །།

༄༅། །རྒྱ་གར་སྐད་དུ། སུ་མ་ག་དྷཱ་ཨ་བ་དཱ་ན། བོད་སྐད་དུ། མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་
མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་མཉན་ཡོད་ན་མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷཱ་བཟང་མོ་ཞེས་བྱ་བ་དད་པ་དང་ལྡན་པ། རང་བཞིན་བཟང་བ། བསམ་པ་དགེ་བ། བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཞིག་གནས་སོ། །ཇི་ཙམ་ན་
བུ་རམ་ཤིང་འཕེལ་ཞེས་བྱ་བའི་གྲོང་ཁྱེར་ན་ཚོང་དཔོན་གཞན་ཞིག་གནས་པ་ལ། དེའི་བུ་ཁྱུ་མཆོག་བྱིན་ཞེས་བྱའོ། །དེ་ཡང་གཞན་མུ་སྟེགས་པ་སྟེན་པས་གཅེར་བུ་པ་རྣམས་ལ་མངོན་པར་དད་པ་ཞིག་གནས་པ་དང་། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་རྣམ་
པར་བསྟན་པ་དེའི་ཚེ་མུ་སྟེགས་པ་རྣམས་མཐའ་འཁོབ་ཏུ་ཀུན་དུ་གནས་ཏེ། ལ་ལ་ནི་གྲོང་ཁྱེར་བཟང་བྱེད་ཅེས་བྱ་བ་ནའོ། །ལ་ལ་ནི་མུད་གི་རི་ཀ་ཞེས་བྱ་བའི་ཡུལ་ནའོ། །ལ་ལ་ནི་བུ་རམ་ཤིང་འཕེལ་ཞེས་བྱ་བའི་གྲོང་ཁྱེར་ན་གནས་སོ། །དེའི་ཚེ་དེའི་དུས་ན་ཁྱུ་མཆོག་བྱིན་དེའི་བར་དུ་
ཁྱིམ་མ་བྱས་པ་དང་། དེ་ལ་གཅེར་བུ་པ་རྣམས་ཀྱིས་སྨྲས་པ། མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷཱ་བཟང་མོ་ཞེས་བྱ་བ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། སྐྱེ་བོ་དམ་པ་རྣམས་དང་འདྲ་བ་ཞིག་ཡོད་དོ། །ཇི་སྲིད་དེས་ཐོས་པ་དང་བདག་ཉིད་གཅེར་བུ་པའི་ཆ་
བྱད་དུ་བྱས་ཏེ་མཉན་ཡོད་དུ་སོང་ངོ་། །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་སློང་བའི་ཕྱིར་ཞུགས་པ་དང་། དེས་བུ་མོ་དེ་མཐོང་ངོ་། །མཐོང་བའི་མོད་ཁོ་ན་ལ་བུ་མོ་དེ་ལ་ཀུན་དུ་ཆགས་པར་གྱུར་ལ། དེ་དེར་བསླངས་པའི་ཚེ་ཞྭའི་ནང་དུ་བླངས་སོ། །དེ་ནས་བུ་
མོ་དེས་ལོག་པར་སྤྱོད་པ་དེ་མཐོང་བ་དང་། འདི་ནི་ཤེས་བཞིན་མེད་པར་སློངས་མོ་ལེན་ཏོ་ཞེས་བགད་དོ། །དེ་ནས་ཁྱུ་མཆོག་བྱིན་དེ་ངོ་ཚ་བར་གྱུར་པ་དང་། བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་དུ་སོང་སྟེ་ཕ་ལ་སྨྲས་ནས་དེས་བུ་མོ་དེ་བླངས་སོ། །མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་

འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་དུ་ན་གང་གི་ཚེ་མ་ག་དྷཱ་བཟང་མོ་འདི་བུ་རམ་ཤིང་འཕེལ་དུ་སོང་ན་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་དང་། སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །ཡང་ཇི་སྲིད་ཅིག་ན་ཁྱིམ་བདག་མགོན་མེད་
ཟས་སྦྱིན་གྱིས་ཉེ་དུ་རྣམས་ལ་ཡང་གོ་བར་བྱས་ནས་བྱིན་པ་དང་བུ་རམ་ཤིང་འཕེལ་དུ་ཁྱེར་རོ། །ཇི་ཙམ་ན་དུས་གཞན་ཞིག་གི་ཚེ་ཁྱིམ་དེ་ན་གཅེར་བུ་པ་རྣམས་ཟན་ཟ་བ་དང་། དེ་ལ་སྒྱུག་མོས་སྨྲས་པ། དེ་རིང་བདག་ཅག་གི་ཁྱིམ་ན་མཆོད་གནས་རྣམས་བཤོས་གསོལ་གྱིས་ཚུར་ཤོག །
མཆོད་གནས་རྣམས་ལ་ལྟོས་ཤིག །མ་ག་དྷཱ་བཟང་མོས་དེ་ཐོས་པ་དང་དགའ་བ་དང་། མགུ་བ་དང་། རངས་པ་དང་། ཡིད་བདེ་བ་སྐྱེས་ཏེ་བསམས་པ། ངེས་པར་བཙུན་པ་ཤཱ་རིའི་བུའམ། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་བྱོན་པར་གྱུར་ཏོ་སྙམ་ནས་དེ་ཡིད་རབ་
ཏུ་དགའ་བ་དང་། འཇིགས་པ་མེད་པར་སོང་བ་དང་། གཅེར་བུ་ནགས་ཀྱི་མ་ཧེ་འདྲ་བ། སྐྲ་རྣམས་བཏོགས་པ། ཕུག་རོན་གྱི་ཕྲུ་གུ་འདྲ་བའི་གཅེར་བུ་པ་རྣམས་མཐོང་ངོ་། །མཐོང་བ་དང་དེའི་མོད་ལ་མ་ག་དྷཱ་བཟང་མོ་ངོ་ཚ་སྟེ། དེ་གདོང་གཞན་དུ་བལྟས་པ་དང་། དེ་ལ་སྒྱུག་མོ་དེས་སྨྲས་
པ། བུ་མོ་ཁྱོད་ཅིའི་ཕྱིར་ཡི་མུག་པར་གྱུར། དེས་སྨྲས་པ། གང་འདི་ལྟ་བུ་མཆོད་གནས་ཡིན་ན་མཆོད་གནས་མ་ཡིན་པ་གོ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར། དེ་ལ་དེས་སྨྲས་པ། བུ་མོ་ཁྱོད་ལ་འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་འགའ་ཞིག་ཡོད་དམ་བུ་མོས་སྨྲས་པ་བདག་གི་ཕའི་གཙུག་ལག་
ཁང་རྒྱལ་བྱེད་ཀྱི་ཚལ་ན་སངས་རྒྱས་ཞེས་བྱ་བའི་སྟོན་པ་བཞུགས་ཏེ། དེ་ནི་རྒྱུ་བ་དང་། མི་རྒྱུ་བའི་འཇིག་རྟེན་གྱི་མཆོད་གནས་ཡིན་ནོ། །ཁྱོད་ཀྱི་སྟོན་པ་དེ་ཇི་འདྲ་བ་ཞིག །སྨྲས་པ། བདག་གི་སྟོན་པ་བཙོ་མའི་ཚོགས་ལྟར་སེར། །བཙོ་མའི་གསེར་ལྟར་ཤིན་ཏུ་དྲི་མ་མེད། །ཚུལ་ཁྲིམས་རྣམ་དག་
ཤེས་རབ་ཤིན་ཏུ་དག །འཇིག་རྟེན་གསུམ་ན་མཉམ་མེད་འགྲོ་ལས་འཕགས། །དེ་ཐོས་མ་ཐག་ཏུ་སེམས་རབ་ཏུ་དགའ་བར་གྱུར་ནས་སྨྲས་པ། བུ་མོ་ངེད་ཅག་རྣམས་ལ་བཅོམ་ལྡན་འདས་དེ་སང་བསྟན་པར་ནུས་སམ། མ་ག་དྷཱ་བཟང་མོས་སྨྲས་པ། བཤོས་གཙང་རྣམས་སྦྱོར་ཅིག་

དང་། སང་བཅོམ་ལྡན་འདས་སྤྱན་དྲང་བར་བྱའོ། །ཇི་ཙམ་ན་དེ་རྣམས་ཀྱིས་སྨྲས་པ། བཤོས་གཙང་རྣམས་སྦྱར་གྱིས་ཁྱོད་ཀྱིས་བཅོམ་ལྡན་འདས་སང་སྤྱན་དྲོངས་ཤིག །དེ་ནས་མ་ག་དྷཱ་བཟང་མོས་ཁང་པའི་ཡང་ཏོག་གི་སྟེང་དུ་མངོན་པར་འཛེགས་ནས་ཕྱོགས་གང་ན་བཅོམ་ལྡན་འདས་བཞུགས་
པའི་ཕྱོགས་དེར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཡོན་ཏན་རྗེས་སུ་དྲན་ཏེ། མེ་ཏོག་རྣམས་གཏོར་ཅིང་སྤོས་ཀྱང་བཏུལ་ནས་གསེར་གྱི་བུམ་པའི་ཆུས་བཅོམ་ལྡན་འདས་སྤྱན་དྲང་བའི་ཕྱིར་གསེར་གྱི་བུམ་པའི་ཆུ་ཡང་སྦྲེངས་སོ། །སྙིང་རྗེ་བའི་ཚིག་འདི་སྐད་ཅེས་ཀྱང་
སྨྲ་སྟེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། བདག་ནི་རི་དགས་དང་འདྲ་བར་གྱུར་ཅིང་མཐའ་འཁོབ་ན་མཆིས་ཏེ། དཀོན་མཆོག་གསུམ་དང་བྲལ་བར་གྱུར་པ་ལ་རྗེས་སུ་གཟུང་བར་མཛད་ཅིང་དགེ་སློང་གི་དགེ་འདུན་དང་བཅས་པ་འདིར་གཤེགས་པར་མཛད་དུ་གསོལ།
ཡང་འདི་སྐད་ཅེས་ཀྱང་སྨྲས་ཏེ། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་གཟུང་བའི། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཇི་ཙམ་ན་མེ་ཏོག་དང་སྤོས་དང་གསེར་གྱི་བུམ་པའི་
ཆུའང་ནམ་མཁའ་ལ་འཕགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱང་དེའི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་རྣམ་བཞི་ལ་ཆོས་སྟོན་ཏོ། །གསེར་གྱི་བུམ་པའི་ཆུ་དེ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཻ་དཱུརྱའི་སྡོང་བུ་བཞིན་དུ་རྣམ་པར་གནས་སོ། །མེ་ཏོག་དེ་བཅོམ་ལྡན་འདས་
ཀྱི་སྟེང་གི་ནམ་མཁའ་ལ་ཁང་པ་བརྩེགས་པ་བཞིན་དུ་གནས་སོ། །དྲི་ངད་སྤོས་ཀྱང་སྤྲིན་བརྩེགས་པ་བཞིན་དུ་གནས་པར་གྱུར་ཏོ། །དེ་ནས་དེ་མཐོང་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་སྤྱན་འདྲེན་པ་འདི་ག་ལས་མཆིས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་ན། བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་ཡོད་པ་ནས་འོངས་སོ། །ཀུན་དགའ་བོ་གྲོང་ཁྱེར་དེ་ནི་མུ་སྟེགས་པ་རྣམས་ཀྱིས་བཟུང་བ་ཡིན་པས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་འགྲོ་བར་བྱའོ་ཞེས་དགེ་སློང་

རྣམས་ལ་ཚུལ་ཤིང་བྲིམས་ཤིག །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་རྒན་པའི་གནས་མཐའ་ནས་བཟུང་ནས་ཚུལ་ཤིང་བྲིམས་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ། །སང་བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་དུ་འགྲོ་བར་བྱ་སྟེ། གྲོང་ཁྱེར་དེ་ནི་མུ་སྟེགས་པ་རྣམས་ཀྱིས་ཡོངས་
སུ་བཟུང་བས་ཁྱོད་ཅག་རྣམས་ལས་གང་རྫུ་འཕྲུལ་ཐོབ་པ་དེས་ཚུལ་ཤིང་ལོང་ཤིག །ཇི་སྲིད་ཅིག་ན་རྒན་པའི་མཐའ་ནས་ཚུལ་ཤིང་ལེན་པར་བརྩམས་སོ། །ཡང་དེ་ན་གནས་བརྟན་གང་པོ་ཞེས་བྱ་བ་ཡོད་དེ་དེ་ཡང་རྫུ་འཕྲུལ་མ་ཐོབ་པར་ལག་པ་བརྐྱང་སྟེ་ཚུལ་ཤིང་ལེན་པར་བརྩམས་པ་དང་།
དེ་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། གནས་བརྟན་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་འཇུག་པ་མ་ཡིན་གྱི། གཞན་དུ་དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་ན། བུ་རམ་ཤིང་འཕེལ་ཞེས་བྱ་བའི་གནས་ཡོད་དེ། དེར་འགྲོ་དགོས་སོ། །དེ་འདི་སྙམ་དུ་སེམས་ཏེ། ངས་ནི་ཐོག་མ་མེད་
པའི་དུས་ནས་གོམས་པའི་ཉོན་མོངས་པ་ནི་སྤངས་ན། མུ་སྟེགས་པ་རྣམས་དང་ཐུན་མོང་དུ་གྱུར་པའི་རྫུ་འཕྲུལ་ལྟ་ཞིག་དཀའ་བ་ཇི་ཞིག་ཡོད་ནས་བསྐྱེད་པར་མི་བྱ་སྙམ་ནས་དེས་ཀྱང་དུས་དེ་ཉིད་དུ་རྫུ་འཕྲུལ་བསྐྱེད་པ་དང་། ཇི་སྲིད་དུ་ཚུལ་ཤིང་གཉིས་པ་མ་བྲིམས་པ་དེ་སྲིད་དུ་དེས་གླང་
པོ་ཆེའི་སྣ་འདྲ་བའི་ལག་པ་བརྐྱང་སྟེ་ཚུལ་ཤིང་བླངས་སོ། །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་