Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ
Văn bản gốc(Tây Tạng)
Trang 19 / 19 (50.000 ký tự/trang)
གྱུར་གྱི། ཐོག་མ་ཉིད་ནས་རབ་ཏུ་འབྱུང་བའི་འཚོ་བའི་ཕྱིར་རབ་ཏུ་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་རོ། །ཡང་རིགས་ ཀྱི་བུ་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔས་ལོ་དྲུག་ཏུ་དཀའ་བ་སྤྱད་པ་ཉོན་ཅིག །བྱང་ཆུབ་སེམས་དཔའ་ནི་ལས་ཀྱིས་བསྒྲིབས་པའི་ཉེས་པས་དཀའ་བ་སྤྱོད་པ་སྤྱད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ནི་ངེས་པར་སེམས་ཅན་རྣམས་ལ་ལས་ཀྱི་བྱ་བ་བསྟན་དགོས་ཏེ། རིགས་ཀྱི་བུ་ བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་བལྟའོ། །དགོངས་པའི་ཚིག་ཏུ་བལྟའོ། །བྱང་ཆུབ་སེམས་དཔས་ཇི་ལྟར་ དགོངས་ཏེ། ཚིག་དེ་སྐད་སྨྲས་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དེའི་ཚེ་དེའི་དུས་ན་ཁྱེའུ་སྐར་མ་སྐྱོང་གི་ནེའུ་ལྡངས་བྲམ་ཟེའི་བུ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་ལྔ་ཡོད་དེ། དེ་དག་སྡིག་པའི་གྲོགས་པོའི་དབང་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་གྱུར་ནས་རིགས་ཀྱི་བུ་ལྔ་ པོ་དེ་དག་ནི་སངས་རྒྱས་ཀྱི་བརྟུལ་ཞུགས་ཅན་མ་ཡིན་ཏེ། མུ་སྟེགས་ཀྱི་བརྟུལ་ཞུགས་ལྡན་པ། མུ་སྟེགས་ཀྱི་གསང་སྔགས་ལ་བརྩོན་པས་བདག་ཅག་གི་ཡང་བྱང་ཆུབ་ཡོད་དོ། །བདག་ཅག་ཀྱང་སངས་རྒྱས་སོ་ཞེས་བདག་ཉིད་སྟོན་པར་འཛིན་ཏོ། །དེ་ནས་ཁྱེའུ་སྐར་མ་སྐྱོང་གིས་རིགས་ཀྱི་ བུ་ལྔ་པོ་དེ་དག་སྣོད་དུ་གྱུར་པར་རྟོགས་ནས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་ན་དེ་མཐོང་སྟེ། ཅི་རུང་ཞེས་མུ་སྟེགས་ཅན་དེ་དག་གི་དྲུང་དུ་ཚིག་དེ་སྐད་སྨྲས་སོ། །ཁྱེའུ་སྐར་མ་སྐྱོང་གིས་མུ་སྟེགས་ཅན་དེ་དག་གི་དྲུང་དུ་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ ཤིན་ཏུ་དཀོན་པའོ་ཞེས་ཚིག་དེ་སྐད་སྨྲས་པས་རིགས་ཀྱི་བུ་ལྔ་པོ་དེ་དག་རིམ་གྱིས་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། །འདི་ལྟ་སྟེ་རིགས་ཀྱི་བུ་ཁྱེའུ་སྐར་མ་སྐྱོང་ནེའུ་ལྡངས་ལྔ་པོ་དེ་དག་དང་། སའི་ཕྱོགས་གཞན་ཞིག་ན་འདུག་པར་གྱུར་པའི་དུས་ཀྱི་ཚེ་ཡོད་དོ། །དེ་ནས་རྫ་མཁན་རྫེའུ་བྱེད་པ་ཞིག་སའི་ ཕྱོགས་དེ་ག་ལ་བ་དེར་སོང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ཅིང་ཁྱེའུ་སྐར་མ་སྐྱོང་ལ་ཚུར་ཤོག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འདོང་ངོ་ཞེས་དེ་སྐད་ཅེས་སྨྲས་པ་ དང་། དེ་ནས་ཁྱེའུ་སྐར་མ་སྐྱོང་འདི་སྙམ་དུ་གྱུར་ཏོ། །ཀྱེ་མའོ་སེམས་ཅན་འདི་དག་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་ན་གང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ལ་མུ་སྟེགས་ཅན་གྱི་ནི་མི་བསྔགས་པ་བརྗོད་པ་དང་། རིགས་ ཀྱི་བུ་དེ་དག་དོགས་ཤིང་འོང་དུ་མི་བཏུབ་པར་འགྱུར་རོ་སྙམ་ནས་ཁྱེའུ་སྐར་མ་སྐྱོང་གིས་ཐོག་མའི་ཡི་དམ་དེ་ཉིད་སྲུང་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་རྒྱུ་འཐུན་པའི་ཐབས་མཁས་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་པའོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ། ། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་རྒྱུ་འཐུན་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བྱང་ཆུབ་ཏུ་འདུ་ཤེས་པར་མི་འགྱུར། སངས་རྒྱས་སུ་འདུ་ཤེས་པ་མེད། སངས་རྒྱས་ཀྱི་ཡེ་ཤེས་སུ་འདུ་ཤེས་པ་མེད། བྱང་ཆུབ་སེམས་དཔར་ཡང་ མི་མཐོང་བྱང་ཆུབ་ནང་དུ་ཡང་མི་མཐོང་། བྱང་ཆུབ་ཕྱི་ལོགས་སུ་ཡང་མི་མཐོང་། བྱང་ཆུབ་ནང་དང་ཕྱི་ལོགས་སུའང་མི་མཐོང་སྟེ། བྱང་ཆུབ་ནི་ཤིན་ཏུ་སྟོང་ངོ་སྙམ་དུ་སེམས་ཤིང་ཁྱེའུ་སྐར་མ་སྐྱོང་དེས་ཆོས་ཐམས་ཅད་མ་དམིགས་ནས་ཐབས་མཁས་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ ཆུབ་ནི་ཤིན་ཏུ་དཀོན་པའོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ། །དེ་ནས་ཁྱེའུ་སྐར་མ་སྐྱོང་དང་། ནེའུ་ལྡངས་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་ཆུ་འགྲམ་ཞིག་ན་གནས་པ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་རིགས་ཀྱི་བུ་ལྔ་པོ་དེ་དག་ཀུན་གདུལ་བའི་དབང་དུ་བྱ་བའི་ཕྱིར་རྫ་མཁན་རྫེའུ་བྱེད་པས་སྐར་མ་སྐྱོང་མི་འགྲོ་བ་ དང་སྐྲ་ནས་བཟུང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ། གཞོན་ནུ་ལྔ་པོ་དེ་དག་གིས་ཀྱང་རྫ་མཁན་རྫེའུ་བྱེད་པ་དེ་ལ་ཤུགས་མ་བྱེད་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་ཕྱིན་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་མ་ཐག་ཏུ་སྔོན་གྱི་དགེ་བའི་རྩ་བའི་རྒྱུན་གྱིས་དད་པ་རྙེད་དོ། །དེ་དག་དད་པ་རྙེད་ནས་ཁྱེའུ་སྐར་མ་སྐྱོང་ལ་འདི་འདྲ་བའི་སྟོན་པ་བཞུགས་ནས་ཐོག་མར་མི་སྦྲན་པར་ཞེས་གཤེ་བར་གྱུར་ཏོ། །དེ་ནས་བྲམ་ཟེའི་བུ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལྔ་པོ་དེ་དག་ གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དཔལ་དང་། གཟི་བརྗིད་དང་། སྤོབས་པ་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གིས་ཅི་ནས་ཀྱང་རིགས་ཀྱི་བུ་ལྔ་པོ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་ཀྱི་རྣམ་གྲངས་བཤད་དོ། །རིགས་ཀྱི་བུ་དེ་འདི་ལྟ་སྟེ། ང་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ལུང་ བསྟན་ཏོ། །རིགས་ཀྱི་བུ་གལ་ཏེ་ཁྱེའུ་སྐར་མ་སྐྱོང་གིས་དེ་བཞིན་གཤེགས་པ་འོད་སྲུང་གི་བསྔགས་པ་བརྗོད་དུ་ཟིན་ན་རིགས་ཀྱི་བུ་ལྔ་པོ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འགྲོ་བའི་གནས་དང་སྐབས་མེད་དེ། རིགས་ཀྱི་བུ་འདི་ ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་དང་། བྱང་ཆུབ་ལ་ཐེ་ཙོམ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྒྱུ་འཐུན་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་དཀོན་ནོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་ཏེ། དེ་ ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཀྱང་སྨིན་པར་བྱ་དགོས་ལ། ལས་ཀྱི་རྣམ་པར་སྨིན་པའང་བསྟན་དགོས་པས་ལས་དེའི་ཕྱིར་ངས་དཀའ་བ་སྤྱོད་པ་སྤྱད་དེ། སེམས་ཅན་གཞན་དག་མི་ཤེས་པས་ཚུལ་ཁྲིམས་ དང་ལྡན་པའི་དགེ་སྦྱོང་དང་། བྲམ་ཟེ་དག་མཐོང་ནས་ཚིག་ཏུ་སྨྲ་བར་མི་འགྱུར་བ་དང་། ཤེས་སམ་མི་ཤེས་ཀྱང་རུང་སྟེ། སྨྲས་ན་དེའི་ཕྱིར་དེ་དག་ཡུན་རིང་པོར་གནོད་པ་དང་། མི་ཕན་པ་དང་། མི་བདེ་བ་དང་། སྡུག་བསྔལ་བ་དང་། ལྟུང་བར་འགྱུར་རོ་ཞེས་སེམས་ཅན་དེ་དག་གི་ལས་ཀྱི་བྱ་བ་ཡང་བསྟན་ པའི་ཕྱིར་དེ་བཞིན་གཤེགས་པ་དེ་ལྟར་ལས་སྟོན་མོད་ཀྱི། བྱང་ཆུབ་སེམས་དཔའ་ལ་ལས་ཀྱི་སྒྲིབ་པ་ནི་གང་ཡང་མེད་དོ། །ཡང་ཚུལ་ཁྲིམས་དང་ལྡན་པ་གང་དག་གིས་ཚིག་རྩུབ་པོ་སྨྲས་ནས་བདག་ཅག་ནི་རྣམ་པར་གྲོལ་བའི་སྐལ་བ་མེད་དོ་སྙམ་སྟེ་འགྱོད་པ་ལ་གནས་ཤིང་ཕྱིན་ཅད་མི་བརྩོན་པའི་ སེམས་ཅན་དེ་དག་གི་ཐེ་ཙོམ་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པས་དེ་སྐད་ཀྱི་ཚིག་སྨྲས་ན། དེ་ཡང་རྣམ་པར་གྲོལ་བའི་ཕྱིར་སྐལ་བ་ཡོད་ན་བདག་ཅག་མི་ཤེས་པ་ལྟ་ཅི་སྨོས་ཞེས་དེ་དག་ཉེས་པ་དེ་འཆགས་ཤིང་གཞན་དག་ཀྱང་མི་བྱེད་པའི་ ཕྱིར་དེ་སྐད་ཀྱི་ཚིག་སྨྲས་སོ། །ཡང་རིགས་ཀྱི་བུ་མུ་སྟེགས་ཅན་རྣམས་འདུལ་བའི་ཕྱིར་ངས་ལོ་དྲུག་ཏུ་དཀའ་བ་སྤྱད་ཀྱི། སྒྲིབ་པའི་ཕྱིར་ནི་མ་ཡིན་ནོ། །དགེ་སྦྱོང་དང་བྲམ་ཟེ་དག་ཏིལ་དང་། རྒྱ་ཤུག་དང་འབྲས་ཀྱི་འབྲུམ་བུ་རེ་རེ་ཟ་བས་ལོ་དྲུག་འདས་པར་བྱས་ཏེ་དེ་ཡང་འཕགས་པའི་ལམ་མ་ཐོབ་ན་ ཟས་ངན་པས་རྣམ་པར་དག་པར་མི་འགྱུར་ཏེ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མགོ་རེག་ལ་ཡང་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀོན་ནོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་ཏེ། ལས་ཀྱི་བྱ་བ་དེ་ལ་དམིགས་ཤིང་ལོ་དྲུག་ཏུ་དཀའ་བ་སྤྱོད་པ་སྤྱད་དེ་བྱང་ཆུབ་སེམས་དཔས་ ལོ་དྲུག་གིས་དམན་པ་ལ་དད་པའི་ལྷ་དང་ཕྱི་རོལ་གྱི་དྲང་སྲོང་འབུམ་ཕྲག་ལྔ་བཅུ་རྩ་གཉིས་ཀྱིས་ཡེ་ཤེས་རྟོགས་པའི་དོན་བྱས་པར་གྱུར་ཏོ། །དེ་དག་ཀྱང་དམན་པ་ལ་སྤྱོད་པས་ཡོངས་སུ་སྨིན་པར་བྱས་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། །ཅིའི་ ཕྱིར་ན་བྱང་ཆུབ་སེམས་དཔའ་ལུས་རིད་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མི་འགྲོ་བར་ཟས་ཟོས་ལ་སྟོབས་དང་མཐུ་བསྐྱེད་དེ་འགྲོ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཟས་མེད་པར་ལུས་རིད་པས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་མོད་ཀྱི། བྱང་ཆུབ་སེམས་དཔས་ཕྱི་མའི་སྐྱེ་བོ་དག་ལ་སྙིང་ བརྩེ་བའི་ཕྱིར་ཟས་ཟོས་ཏེ་སེམས་ཅན་མི་མཁས་པ་དག་ཟས་མེད་པར་ཡེ་ཤེས་ཚོལ་བར་མི་འགྱུར་བར་བྱེད་དེ། དེ་དག་བཀྲེས་པས་ཉེན་ན་ཡེ་ཤེས་བསྒྲུབ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བར་གྱུར་པ་རྣམས་ནི་ཆོས་མངོན་པར་སྨྲའི། སྡུག་བསྔལ་བ་རྣམས་མ་ཡིན་ཏེ། ཅི་ནས་ཀྱང་ངའི་ རྗེས་སུ་སློབ་ཅིང་སེམས་ཅན་དེ་དག་བདེ་བར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཟས་ཟོས་སོ། །གྲོང་གི་བུ་མོ་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་དེའི་ཟས་ཟོས་ཏེ་བྱང་ཆུབ་ཐོབ་མོད་ཀྱི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་ གཅིག་གིས་བསྐལ་པ་སྟོང་དུ་འདུག་ནུས་སོ། །ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྩྭ་དག་ཚོལ་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་རྩྭའི་གདིང་བ་ལ་དགྱེས་ཀྱི་སྟན་ལ་དགྱེས་པར་མི་མཛད་པས་ཆོག་ཤེས་པར་བྱ་བ་དང་། རྩྭ་ཐུན་བཀྲ་ཤིས་ ལྡན་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་རྩྭ་ཕུལ་བས་རིགས་ཀྱི་བུ་དེ་ནི་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བར་འགྱུར་བར་ངས་དེ་ལ་ལུང་བསྟན་ཏོ། །ཅིའི་ ཕྱིར་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་བདུད་ལ་སྡོད་ཅེ་ན། རིགས་ཀྱི་བུ་བདུད་སྡིག་ཅན་ནི་བྱང་ཆུབ་སེམས་དཔས་སྐབས་མ་ཕྱེ་མ་བསྐུལ་བར་འོང་བའི་གནས་དང་སྐབས་མེད་དེ། དེ་ལྟ་ བུའི་གནས་མེད་ཀྱང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དབང་དང་ལྡན་པ་གང་ཡིན། སེམས་ཅན་འདི་དག་སུའི་དབང་དུ་འགྲོ་ཞེས་དེ་སྙམ་དུ་བསམས་པ་དང་། སེམས་ཅན་འདི་དག་བདུད་ སྡིག་ཅན་དེའི་དབང་དུ་འགྲོ་བར་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་གྱུར་ཏེ། གང་བདག་ནི་དེ་ཉིད་དང་འཐབ་པར་བྱའོ། །དེ་བཏུལ་ན་འདོད་པའི་ཁམས་ཐམས་ཅད་བཏུལ་བར་འགྱུར་རོ། །ལྷའི་འཁོར་ཆེན་པོ་ཡང་བཏུལ་བར་འགྱུར་རོ། །བདུད་ཀྱི་འཁོར་ དང་། གནོད་སྦྱིན་གྱི་འཁོར་དང་། སྲིན་པོའི་འཁོར་དང་། ཀླུའི་འཁོར་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་འདི་མཐོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར། དད་པ་རྙེད་པར་འགྱུར་རོ། །གང་ཆུང་ངུ་ན་ཐོས་པའམ། མཐོང་བ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་རོ་སྙམ་ མོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་བས་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་ཕྱུང་སྟེ། འོད་དེས་བདུད་ཀྱི་ཁང་པ་ཐམས་ཅད་ཀྱང་མོག་མོག་པོར་བྱས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བར་བྱས་ཏེ། འོད་ཟེར་དེ་ལས་ ཤཱཀྱའི་བུ་འདི་ནི་ཤཱཀྱའི་རིགས་ལས་ཁྱིམ་ནས་མངོན་པར་བྱུང་སྟེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཁྱོད་ཀྱི་ཡུལ་ལས་འདའ་བར་བྱེད་དོ། །སེམས་ཅན་དཔག་ཏུ་མེད་པ་གཞན་ཡང་འབྱིན་པར་བྱེད་དོ། །བདུད་ཀྱི་གཡོག་མེད་པར་ འགྱུར་གྱིས་སོང་ལ་དེ་དང་ཐབ་མོ་ཁྱེ་ཤིག་ཅེས་དེ་སྐད་ཟེར་བའི་སྒྲ་བྱུང་བ་དང་། རིགས་ཀྱི་བུ་དེ་ལྟར་ཐོས་མ་ཐག་ཏུ་མྱ་ངན་གྱི་ཟུག་རྔུ་ཆེན་པོས་བཏབ་པར་གྱུར་ནས་དེའི་ཚེ་དཔུང་གི་ཚོགས་ཡན་ལག་བཞི་པ་བཤམས་ཏེ་དཔག་ཚད་སུམ་ཅུར་བདུད་ཀྱི་སྡེས་གང་བར་བྱས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་བ་དང་དེའི་ ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་ལ་གནས་ཤིང་རིན་པོ་ཆེའི་བསོད་ནམས་ལས་སྐྱེས་པའི་ཕྱག་གིས་བདུད་ཀྱི་སྡེ་ཕམ་པར་བྱས་ནས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་བལྟའོ། །ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཐོབ་ནས་ཉི་མ་བདུན་དུ་སྐྱིལ་མོ་ཀྲུང་མ་བཤིག་ཅིང་ཤིང་གི་རྒྱལ་པོ་ལ་མིག་མི་ འཛུམས་པར་ལྟ་ཞེ་ན། གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷའི་བུ་སྤྱོད་ལམ་ཞི་བ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་པ་མཐོང་ནས་ཆེར་དགའ་བར་གྱུར་ཏོ། །དེ་དག་དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས་གང་བདག་ཅག་གིས་དགེ་སྦྱོང་གཽ་ཏ་མའི་སེམས་ གང་ལ་གནས་པ་བཙལ་ལོ། །སྙམ་དུ་གྱུར་ནས་དེ་དག་གིས་ཉིན་ཞག་བདུན་དུ་བརྟགས་ཀྱང་སེམས་ཀྱི་གནས་གཅིག་ཀྱང་མ་རྙེད་དོ། །དེ་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་ཤིན་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། བདག་ཅག་ཀྱང་མ་འོངས་པའི་དུས་ན་ འདི་འདྲ་བར་རབ་ཏུ་ཞི་བའི་སྤྱོད་ལམ་དང་མ་བྲལ་བར་གནས་ཤིང་དེ་ལྟར་བྱང་ཆུབ་ཀྱི་ཤིང་ལ་བལྟ་བར་བྱའོ་སྙམ་མོ། །རྒྱུ་དེ་དང་རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་ཐོབ་ནས་ཉི་མ་བདུན་དུ་སྐྱིལ་མོ་ཀྲུང་མ་བཤིག་ཅིང་མིག་མ་ བཙུམས་པར་ཤིང་གི་རྒྱལ་པོ་ལ་བལྟའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་ཐོབ་ནས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དབུགས་ཕྱུང་ཞིང་གཉེར་བར་བྱས་ནས། ཚངས་པས་མ་གསོལ་བར་ཆོས་མི་འཆད་ཅེ་ན། འདི་ ལ་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། ལྷ་དང་མི་དག་ཕལ་ཆེར་ཚངས་པ་ལ་སྟེན་ཏེ། བདག་ཅག་ནི་ཚངས་པས་སྤྲུལ་པའོ། །བདག་ཅག་ནི་ཚངས་པས་བསྐྱེད་པའོ། །འཇིག་རྟེན་ན་ཚངས་པ་མ་གཏོགས་པར་སྟོན་པ་གཞན་མེད་དོ་སྙམ་དུ་འཛིན་པས་དེ་ལ་དེ་བཞིན་གཤེགས་པ་འདི་ སྙམ་དུ་དགོངས་ཏེ། གང་ངས་ཚངས་པ་དགུག་གོ་ཚངས་པ་ལ་བསྟོད་དོ། །ཚངས་པས་ཕྱག་འཚལ་བ་དང་། ལྷ་དང་མི་ཚངས་པ་ལ་བརྟེན་པ་ཐམས་ཅད་ཕྱག་འཚལ་བར་འགྱུར་རོ། །ཆོས་ལེན་པར་སེམས་པར་འགྱུར་རོ། །དེ་བས་ན་གསོལ་ནས་དེ་བཞིན་གཤེགས་པ་འཆད་ཀྱི་མ་ གསོལ་བར་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་མཐུ་ཉིད་ཀྱིས་ཚངས་པ་ཆོས་གསོལ་བའི་ཕྱིར་དེ་བཞིན་གཤེགས་པའི་དྲུང་དུ་སོང་གི །ཚངས་པ་ཉིད་ཀྱིས་བདག་གིས་དེ་བཞིན་གཤེགས་པ་ལ་ཆོས་གསོལ་ལོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་ཡང་མེད་དེ། ཚངས་པ་ལ་བརྟེན་ པའི་སེམས་ཅན་རྣམས་ཚངས་པ་ལ་བསྟེན་པ་དང་བྲལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཚངས་པ་བཀུག་སྟེ། གང་གི་ཚེ་ན་ཚངས་པ་ཆེན་པོས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་པ་དེའི་ཚེ་ན་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་དེ་ཉིད་ གཙོ་བོའོ། །དེ་ཉིད་མཆོག་གོ་སྙམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རིགས་ཀྱི་བུ་གང་ཡང་དེ་བཞིན་གཤེགས་པས་ལས་ཀྱི་རྒྱུད་བཅུ་བསྟན་པ་དེ་ཡང་ཐབས་མཁས་པར་བལྟའོ། །དགོངས་པའི་ཚིག་ཏུ་ཡང་ཤེས་པར་བྱའོ། །རིགས་ཀྱི་བུ་བྱང་ ཆུབ་སེམས་དཔའ་ནི་དཔེར་ན་མི་དགེ་བའི་རྩ་བ་སྐྲའི་རྩེ་མོ་ཆ་ཤས་ཙམ་དང་ཡང་ལྡན་ཞིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བའི་སྐབས་མེད། དེ་ལྟ་བུའི་གནས་མེད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཆོས་དཀར་པོ་ཐམས་ཅད་དང་ལྡན་ཞིང་མི་དགེ་བའི་ཆོས་ཐམས་ཅད་སྤངས་པས་དེ་བཞིན་ གཤེགས་པ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་སྤང་བ་ཡང་མེད། ལས་ཀྱི་སྒྲིབ་པས་ཉེས་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད་མོད་ཀྱི། སེམས་ཅན་ལས་ཀྱི་རྣམ་པར་སྨིན་པ་རབ་ཏུ་སྟོར་བ་དག་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པས་སེམས་ཅན་དེ་དག་ལ་ལས་ཀྱི་རྣམ་པར་སྨིན་ པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ལས་ཀྱི་རྒྱུད་སྟོན་ཏེ། ཆོས་ཀྱི་རྗེ་ང་ཉིད་ལ་ཡང་ལས་ཀྱི་རྣམ་པར་སྨིན་པ་འབྱུང་ན་ཁྱེད་ལྟ་ལ་ཅིའི་ཕྱིར་སྨིན་པར་མི་འགྱུར་ཞེས་དེ་དག་ལ་སྟོན་མོད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་སློབ་ དཔོན་ཡི་གེ་དང་ཕྱག་རྒྱ་བསླབས་པས་བྱིས་པ་བསྟན་པའི་ཕྱིར་བྱིས་པ་སློབ་ཏུ་གཞུག་པའི་ཚུལ་གྱིས་ཡི་གེའི་ཕྱི་མོ་ཀློག་མོད་ཀྱི་དེ་ལ་མི་ཤེས་པ་ཡང་མེད། ལས་ཀྱི་སྒྲིབ་པ་ཡང་མེད་དེ་ཅི་ནས་ཀྱང་བྱིས་པ་དག་བདག་ལས་ཐོས་ནས་སློབ་པར་འགྱུར་བར་ཡི་གེ་ཕྱི་མོ་ཀློག་གོ། །རིགས་ཀྱི་བུ་ དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་ལས་ཀྱི་སྒྲིབ་པ་ཡོངས་སུ་དག་མོད་ཀྱི། ཅི་ནས་ཀྱང་སེམས་ཅན་གཞན་དག་ལས་ཡོངས་སུ་དག་པར་འགྱུར་བ་དེ་ལྟར་འཆད་དོ། །དེ་ལྟར་ཆོས་སྟོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་ནད་ཐམས་ཅད་ཤིན་ཏུ་ཞི་བར་བྱ་བའི་ཕྱིར་ ཤིན་ཏུ་བསླབས་པའི་སྨན་པ་ནི་ནད་མེད་ཅིང་སེམས་ཅན་ནད་པ་རྣམས་ཀྱི་མདུན་དུ་སྨན་ཚ་བ་དེ་དག་བཞག་ནས། དེ་དག་ནད་ལས་ཡོངས་སུ་ཐར་བར་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སྨན་པའི་རྒྱལ་པོ་སྟེ། ནད་ཐམས་ཅད་ཡོངས་སུ་ཐར་ཅིང་སྒྲིབ་པ་མེད་ པ་ཐོབ་ནས་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་འདི་ཡིན་ནོ་ཞེས་ལས་སྟོན་ཅིང་ཇི་ལྟར་ན་སེམས་ཅན་ལས་ཀྱིས་འཇིགས་ཤིང་སྐྲག་པ་རྣམས་དང་། ལུས་དང་ངག་དང་ཡིད་ཡོངས་སུ་དག་པར་འགྱུར་ཞེས་ཆེད་དུ་ནད་སྟོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཚོང་དཔོན་གྱི་བུ་བྱུང་ ནས་རིང་པོ་མ་ལོན་པ་དེ་ལ་ཕ་དང་མས་བྱིན་པའི་མ་མ་ཡོད་དེ། དེ་ནི་མ་མ་དེ་ཁྱེའུ་དེའི་འོ་མ་དག་པར་བྱ་བའི་ཕྱིར་ནད་མེད་བཞིན་དུ་ཚ་བ་དང་ཁ་བའི་སྨན་དེ་དག་ཆེད་དུ་འཐུང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཕ་དེ་བཞིན་གཤེགས་པ་ཡང་ལས་ཀྱི་བྱ་བ་རབ་ཏུ་སྟོན་ པའི་སེམས་ཅན་རྣམས་གཟིགས་ནས་ནད་མེད་པར་གྱུར་བཞིན་དུ་ང་ལས་ཆེ་གེ་མོ་ཞིག་བྱས་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་འདི་ཡིན་ནོ་ཞེས་ནད་སྟོན་ཅིང་དེ་དག་སེམས་ཅན་རྣམས་ཀྱིས་ཐོས་ནས་སྐྱོ་བ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་ཐབས་མཁས་པར་ཤེས་པར་བྱའོ། ། རིགས་ཀྱི་བུ་སྔོན་འདས་པའི་དུས་ན་ཚོང་པ་ནོར་འདོད་པའི་ཕྱིར་རྒྱ་མཚོ་མཆིང་རྣམ་ཆེན་པོར་ཞུགས་པ་ལྔ་བརྒྱ་ཙམ་ཡོད་དེ། ཡང་དེའི་ཚེ་ན་ལམ་གྲོགས་དེ་དག་གི་ནང་ན་མི་ལས་ངན་པ་ཅན། སྡིག་པའི་ལས་ཅན། མདའ་དང་མཚོན་ལ་བསླབས་པ་རྐུ་བ་ཕ་རོལ་གྱི་ནོར་འཕྲོག་པ་ཚོང་ པའི་ཚུལ་དུ་འདུག་པ་ཞིག་ཡོད་དེ། ཤིན་ཏུ་བརྟུལ་བའི་ཕྱིར་གྲུ་དེར་ཞུགས་པར་གྱུར་ཏོ། །དེ་ནས་མི་གཡོན་ཅན་དེ་ནི་བདག་གིས་ཚོང་པ་འདི་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་ཐམས་ཅད་ཁྱེར་ཏེ། འཛམ་བུའི་གླིང་དུ་འགྲོའོ་སྙམ་དུ་སེམས་པར་གྱུར་ཏོ། །ཡང་དེའི་ཚེ་ན་ལམ་གྲོགས་ཀྱི་ གྲུ་ན་འདུག་པ་དེ་དག་གི་ནང་ན་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བ་ཞིག་ཡོད་དོ། །དེ་ནས་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དེ་གཉིད་ལོག་པའི་རྨི་ལམ་དུ་གང་རྒྱ་མཚོ་མཆིང་རྣམ་ཆེན་པོ་དེ་ན་ལྷ་འདུག་པ་དག་གིས་ལམ་གྲོགས་ཀྱི་གྲུ་འདི་ན་མི་མིང་འདི་ཞེས་བྱ་བ་འདི་ལྟ་བུ་སླུ་བར་བྱེད་པ་གཞན་ གྱི་ནོར་འཕྲོག་པ་ཞིག་ཡོད་དེ། དེ་ནི་ཚོང་པ་འདི་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་ཐམས་ཅད་ཁྱེར་ཏེ་འཛམ་བུའི་གླིང་དུ་འགྲོའོ་སྙམ་དུ་སེམས་ཀྱིས། དེ་བས་ན་མི་འདི་ནི་ཚོང་པ་འདི་དག་གསོད་པར་འགྱུར་རོ། །སྡིག་པའི་ལས་མི་བཟད་པ་བྱེད་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཚོང་པ་ལྔ་བརྒྱ་པོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཡིན་ཏེ། གལ་ཏེ་མི་དེས་བྱང་ཆུབ་སེམས་དཔའ་དེ་དག་བསད་དུ་ཟིན་ན་དེ་ལས་ཀྱི་སྒྲིབ་པའི་ཉེས་པ་འདིས་བྱང་ ཆུབ་སེམས་དཔའ་རེ་རེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་རེ་རེའི་ཕྱིར་ཞིང་ཇི་སྲིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབས་པར་འགྱུར་བ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཆེན་པོར་འཚོ་བར་འགྱུར་ཏེ། དེ་ལ་དེད་དཔོན་གྱིས་ཅི་ནས་ཀྱང་མི་འདི་ཡང་དེ་ལྟར་སེམས་ ཅན་དམྱལ་བར་མ་སོང་བ་དང་། དེ་དག་ཀྱང་བསད་པར་མི་འགྱུར་བ་དེ་འདྲ་བའི་ཐབས་སོམས་ཤིག་ཅེས་རྨི་ལམ་དུ་བསྟན་ཏོ། །རིགས་ཀྱི་བུ་དེ་ནས་དེད་དཔོན་དེ་འདི་སྙམ་དུ་གྱུར་ཏེ། ཚོང་པ་འདི་དག་ཀྱང་མི་བསད་ལ། མི་འདི་ཡང་སེམས་ཅན་དམྱལ་བར་མ་སོང་བར་བདག་གིས་ བྱ་བའི་ཐབས་གང་ཡོད་ཅེས་སེམས་པར་གྱུར་ཅིང་། གཞན་ལ་ཡང་ཅུང་ཟད་ཀྱང་མི་སྨྲ་བ་ལས་ཞག་བདུན་རླུང་མ་ལངས་ནས་ཞག་བདུན་འདས་པ་དང་། དེ་འདི་སྙམ་དུ་གྱུར་ཏེ། མི་འདི་སྲོག་དང་དབྲལ་བ་ལས་ཐབས་གཞན་མེད་དོ་སྙམ་ནས། དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཚོང་ པ་ཐམས་ཅད་ལ་སྦྲན་ཀྱང་། དེ་དག་ནི་མི་དགེ་བའི་སེམས་ཀྱིས་མི་བསད་ཅིང་དེ་དག་ཐམས་ཅད་ཀྱང་སེམས་ཅན་དམྱལ་བར་འགྱུར་དུ་འོང་ངོ་སྙམ་ནས། གལ་ཏེ་བདག་གིས་མི་འདི་སྲོག་དང་དབྲལ་ཏེ། དེའི་ཕྱིར་བདག་སེམས་ཅན་དམྱལ་བར་སྐྱེས་ཀྱང་བསྐལ་པ་བརྒྱ་སྟོང་དུ་ཕྱི་ ཕྱིར་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་བཟོད་ཀྱི། མི་འདིས་ཚོང་པ་འདི་དག་བསད་ནས་སྡིག་པ་འཕེལ་བར་མི་འགྱུར་བར་བྱའོ་སྙམ་དུ་སེམས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དེས་བྱང་ཆུབ་སེམས་དཔའ་དེ་དག་བསྲུང་བའི་ཕྱིར། སྙིང་རྗེ་ཆེན་པོ་དེ་དང་ ཐབས་མཁས་པ་དེས་ཆེད་དུ་བསམས་ཏེ་མི་དེ་མཚོན་ཤག་ཏིས་བསད་དོ། །ང་ནི་དེའི་ཚེ་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་ངས་ནི་ཐབས་མཁས་པ་དེ་དང་སྙིང་རྗེ་ཆེན་པོ་དེས་བསྐལ་པ་བརྒྱ་ཕྲག་སྟོང་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་ སོ། །མི་དེ་ཡང་ཤི་འཕོས་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ། །གང་ཚོང་པ་ལྔ་བརྒྱ་པོ་གྲུར་ཞུགས་པ་དེ་དག་ནི་ཕྱིས་བསྐལ་པ་བཟང་པོ་ལ་སངས་རྒྱས་ལྔ་བརྒྱར་འབྱུང་བའོ། །རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། གང་གིས་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཐབས་མཁས་ པའི་ཡེ་ཤེས་ཀྱིས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་ཡོད་དམ། རིགས་ཀྱི་བུ་ཁྱོད་དེ་ལྟར་མ་བལྟ་ཤིག །དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་ལས་ཀྱི་བྱ་བ་སྟོན་ཏོ། །གང་གི་ཚེ་ན་དེ་ བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་དེ་ཡང་སངས་རྒྱས་ཀྱི་མཐུ་ཡིན་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྡོ་རྗེའི་སྐུ་མི་ཚུགས་པའི་སྐུ་ཡིན་མོད་ཀྱི། རིགས་ཀྱི་བུ་མཉན་དུ་ཡོད་ པའི་གྲོང་ཁྱེར་ཆེན་པོ་འདི་ཉིད་ན་སྐྱེས་བུ་སྲིད་པ་ཐ་མར་གྱུར་པ་ཉི་ཤུ་དང་། སྐྱེས་བུ་ཉི་ཤུ་པོ་དེ་དག་གི་དགྲ་བོ་སྐྱེས་བུ་ཉི་ཤུ་ཡོད་དེ། དེ་ནས་སྐྱེས་བུ་དགྲ་བོ་ཉི་ཤུ་པོ་དེ་དག་བདག་བདག་གི་གཡོས་དགྲ་བྱེད་པ་བདག་ཅག་ནི་མཛའ་བོ་ལྟར་བྱས་ཏེ། ཁྱིམ་དུ་སོང་ལ་སྲོག་དང་དབྲལ་ལོ་ སྙམ་དུ་དེ་ལྟར་རྟོག་ཅིང་གཅིག་ལ་གཅིག་ཀྱང་མི་སྨྲའོ། །རིགས་ཀྱི་བུ་དེ་ནས་སྲིད་པའི་ཐ་མར་གྱུར་པའི་སྐྱེས་བུ་ཉི་ཤུ་པོ་དང་། གང་སྐྱེས་བུ་དེ་དག་གསོད་པར་བྱེད་པ་དེ་རྣམས་སངས་རྒྱས་ཀྱི་མཐུས་དེ་དེ་བཞིན་གཤེགས་པ་དེ་ག་ལ་བ་དེར་དོང་ངོ་། །རིགས་ཀྱི་བུ་དེ་ནས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐྱེས་བུ་བཞི་བཅུ་པོ་དེ་དག་གདུལ་བའི་དབང་དུ་བྱ་བ་དང་། དེའི་ཚེ་འགྲོ་བ་མང་པོ་ཡང་གདུལ་བའི་དབང་དུ་བྱ་བའི་ཕྱིར་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽང་གལ་གྱི་བུ་འདི་ནས་ས་ཆེན་པོ་ལས་སེང་ལྡེང་ གི་ཚལ་པ་འབྱུང་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཞབས་གཡས་པ་ལ་ཟུག་པར་འགྱུར་རོ། །དེ་བཞིན་གཤེགས་པས་དེ་སྐད་ཀྱི་ཚིག་གསུངས་ནས་རིང་པོར་མ་ལོན་པར་དེ་ནས་དེའི་མོད་ལ་ས་ཆེན་པོ་ལས་སེང་ལྡེང་གི་ཚལ་པ་མཐོ་གང་ཙམ་བྱུང་ངོ་། །དེ་ནས་དེ་བཞིན་ གཤེགས་པ་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་བདག་གིས་སེང་ལྡེང་གི་ཚལ་པ་འདི་འཇིག་རྟེན་གྱི་ཁམས་གཞན་དུ་དོར་རོ་ཞེས་དེ་སྐད་གསོལ་པ་དང་། ངས་དེ་ལ་མཽད་གལ་གྱི་བུ་ཁྱོད་ཀྱིས་མི་ནུས་སོ་ཞེས་དེ་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ནས་གནས་བརྟན་མཽད་ གལ་གྱི་བུ་ཆེན་པོས་ཅི་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་འགྱུར་བ་དང་། གྱེན་དུ་འཕགས་པར་འགྱུར་བ་དེ་འདྲ་བའི་ཤུགས་ཀྱིས་སེང་ལྡེང་གི་ཚལ་པ་བཟུང་ཡང་སེང་ལྡེང་གི་ཚལ་པ་ནི་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མ་འཕགས་སོ། །དེ་ ནས་དེ་བཞིན་གཤེགས་པ་ཚངས་པའི་འཇིག་རྟེན་དུ་མངོན་པར་འཕགས་པ་དང་། སེང་ལྡེང་གི་ཚལ་པ་ཡང་ཚངས་པའི་འཇིག་རྟེན་དུ་མངོན་པར་འཕགས་སོ། །དེ་ནས་དེ་བཞིན་གཤེགས་པ་གདན་ལ་བཞུགས་པ་དང་། སེང་ལྡེང་གི་ཚལ་པ་ཡང་སྔ་མཁོ་བཞིན་དུ་འདུག་གོ། །དེ་བཞིན་དུ་ རྒྱ་མཚོ་མཆིང་རྣམ་གྱི་དབུས་སུ་བཞུགས་པ་དང་། སེང་ལྡེང་གི་ཚལ་པ་ཡང་དེ་ན་འདུག་གོ། །ཡང་དེ་བཞིན་གཤེགས་པ་རིའི་ཕྲག་ཏུ་གཤེགས་པ་དང་། དེ་ནའང་སེང་ལྡེང་གི་ཚལ་པ་འདུག་གོ། །དེ་ནས་དེ་བཞིན་གཤེགས་པ་གདན་ལ་བཞུགས་པ་དང་། སེང་ལྡེང་གི་ཚལ་པ་ཡང་སྔ་ མཁོ་བཞིན་དུ་འདུག་ནས་དེ་བཞིན་གཤེགས་པས་ཕྱག་གཡས་པས་ཞབས་གཡས་པ་བཟུང་སྟེ། སེང་ལྡེང་གི་ཚལ་པའི་སྟེང་དུ་གཞག་གོ། །དེ་ནས་ང་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྔོན་ཕྲིན་ལས་གང་བགྱིས་ན་དེའི་རྣམ་ པར་སྨིན་པ་འདི་ལགས། ངས་དེ་ལ་དགའ་བོ་སྔོན་ང་རྒྱ་མཚོ་མཆིང་རྣམ་ཆེན་པོར་སོང་བ་ན་མཚོན་ཤག་ཏིས་ཚོང་པ་བསད་པ་དེའི་ལས་ཀྱི་རྣམ་པར་སྨིན་པའི་ལྷག་མ་འདི་ཡིན་ནོ་ཞེས་དེ་སྐད་ཅེས་སྨྲས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་དུ་ གནས་ཀྱང་ལས་རྣམས་མི་འབྱུང་བ། །དེ་ལྟ་བུ་ཡི་ས་ཕྱོགས་ཡོང་མེད་དེ། །བར་སྣང་མ་ཡིན་རྒྱ་མཚོའི་དབུས་མ་ཡིན། །རི་ཡི་ཕྲག་ཏུ་ཞུགས་ཀྱང་མ་ཡིན་ནོ། །རིགས་ཀྱི་བུ་དེ་ནས་མི་ཉི་ཤུ་པོ་དེ་དག་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ལའང་རྣམ་པར་སྨིན་པར་འགྱུར་ ན་བདག་ཅག་ལྟ་ཅིའི་ཕྱིར་རྣམ་པར་སྨིན་པར་མི་འགྱུར་སྙམ་ནས་དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར་བཅོམ་ལྡན་འདས་བདག་ཅག་གིས་གདོན་མི་འཚལ་བར་སྲོག་གཅད་པར་བགྱིས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ནོངས་པ་བཤགས་སོ་ཞེས་ཉེས་པ་བཤགས་ པ་དང་། ཅི་ནས་ཀྱང་སྐྱེས་བུ་བཞི་བཅུ་པོ་དེ་དག་ཡེ་ཤེས་རྟོགས་པར་འགྱུར་བ་དང་། སྲོག་ཆགས་སུམ་ཁྲི་ཉིས་སྟོང་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་འགྱུར་བ་དང་། ལས་ཟད་པར་བྱ་བའི་ཕྱིར་ལས་ལས་བརྩམས་ནས་དེ་ལྟར་དེ་བཞིན་ གཤེགས་པས་ཆོས་བཤད་དོ། །རྒྱུ་དེ་དང་རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱིས་ལས་ཀྱི་སྒྲིབ་པ་མ་ཡིན་ནོ། །ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་ནད་དང་བྲལ་བ་སྨན་པ་འཚོ་བྱེད་ཀྱི་ དྲུང་དུ་མེ་ཏོག་ཨུད་པ་ལའི་བཀྲུ་སྨན་ལ་སྣོམ་པར་མཛད་ཅེ་ན། དེའི་ཚེ་ན་སོ་སོར་ཐར་པ་བཅས་ནས་རིང་པོ་མ་ལོན་པར་དགེ་སློང་སོ་སོའི་སྐྱེ་བོ་སྲིད་པ་ཐ་མར་གྱུར་པ་ལྔ་བརྒྱ་ནགས་སྟུག་པོ་ཞིག་ན་འཁོད་པ་ལས་དེ་དག་སྨན་ཁུ་བ་ཕྱུང་བས་ཞི་བར་བྱ་མི་ནུས་པ་དེ་འདྲ་བའི་ནད་ཀྱིས་བཏབ་ པར་གྱུར་ནས་དེ་དག་དེ་བཞིན་གཤེགས་པ་ལ་གུས་པས་སྨན་གཞན་ཡང་མི་ཚོལ་ལོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་པར་གྱུར་ཏེ། ངས་ཀྱང་མ་གནང་ལ་དགེ་སློང་དེ་དག་ཀྱང་སྨན་གཞན་ཚོལ་བར་འགྱུར་བ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་མོ། །དེ་ ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་བཞིན་གཤེགས་པས་གནང་དུ་ཟིན་ན་ནི་དེའི་ཕྱིར་དུས་ཕྱི་མ་ལ་འཕགས་པའི་རིགས་ཉམས་པར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་ཐབས་མཁས་པས་སྨན་པ་འཚོ་བྱེད་ཀྱི་དྲུང་དུ་མེ་ཏོག་ཨུད་པ་ལའི་བཀྲུ་སྨན་ལ་བསྣམས་པ་དང་། དེ་གནས་ གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་དགེ་སློང་དག་ལ་སྦྲན་ཏེ། ཚེ་དང་ལྡན་པ་དག་འཆི་བའི་དུས་མ་བྱེད་པར་སྨན་གཞན་ཚོལ་ཅིག་ཅེས་བྱས་པ་དང་། དགེ་སློང་དེ་དག་གིས་བདག་ཅག་ནི་དེ་བཞིན་གཤེགས་པའི་བསླབ་པ་ལས་འདའ་བར་མི་ནུས་ཀྱིས་གུམ་པར་གྱུར་ཀྱང་ རུང་གི །དེ་བཞིན་གཤེགས་པའི་བསླབ་པ་ལས་འདའ་བར་མི་ནུས་སོ་ཞེས་སྨྲས་སོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གིས་དགེ་སློང་དེ་དག་ལ་དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་དེ་ཉིད་ཀྱིས་ཀྱང་སྨན་ཁུ་བ་ཕྱུང་བ་མ་གཏོགས་པར་སྨན་གཞན་བཙལ་ན་ཁྱེད་ཅིའི་ཕྱིར་ ཚོལ་བར་མི་སེམས། ཚེ་དང་ལྡན་པ་དག་སྨན་གཞན་དག་ཚོལ་ཅིག་ཅེས་དེ་སྐད་ཅེས་སྨྲས་སོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་འགྱོད་པ་མེད་པར་གྱུར་ཏེ། སྨན་གཞན་བཙལ་བ་དང་། དེ་དག་ནད་དེ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་ པས་སྨན་གཞན་མ་བཏང་དུ་ཟིན་ན་གང་དགེ་སློང་དེ་དག་སྨན་གཞན་ཚོལ་བར་གྱུར་པའི་གནས་མེད་སྐབས་མེད་དོ། །ནད་དེ་ལས་ཡོངས་སུ་ཐར་བར་འགྱུར་བའམ། དགྲ་བཅོམ་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད་དོ། །ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་བསོད་ནམས་ཐམས་ ཅད་ཡང་དག་པར་འཕགས་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་ཞུགས་པ་ལས་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་སླར་བྱུང་ཞེ་ན། དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པ་ནི་མེད་མོད་ཀྱི་དེ་བཞིན་གཤེགས་པས་ཕྱི་མའི་འགྲོ་བ་དག་བསྲུང་བའི་ཕྱིར་ཏེ། དགེ་སློང་གང་ལ་ལ་ཞིག་གྲོང་དང་། གྲོང་རྡལ་དང་། ཕོ་བྲང་དང་། གང་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་བ་ལས་བདག་གི་བསོད་ནམས་ཆུང་བས་བསོད་སྙོམས་མ་རྙེད་ན་དེའི་ཚེ་དེ་དག་དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ཉིད་ཀྱང་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་སླར་བྱུང་ན་བདག་ཅག་དགེ་བའི་རྩ་བ་ ཆུང་ངུ་དང་ལྡན་པ་ལྟ་ཅི་སྨོས་ཏེ། བསོད་སྙོམས་མ་རྙེད་པའི་ཕྱིར་ཡོངས་སུ་གདུང་བར་མི་བྱའོ་ཞེས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པར་འགྱུར་བས་དོན་དེ་གཟིགས་ནས་དེ་བཞིན་གཤེགས་པ་གྲོང་དུ་གཤེགས་ནས་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་བྱུང་ངོ་། །ཡང་བདུད་སྡིག་ཅན་ གྱིས་བྲམ་ཟེ་དང་། ཁྱིམ་བདག་ཅི་ནས་ཀྱང་བསོད་སྙོམས་མི་སྟེར་བར་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ཡང་དེ་ལྟར་ཡང་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བདུད་ནི་དེ་བཞིན་གཤེགས་པ་ལ་བསོད་སྙོམས་ཀྱི་བར་ཆད་བྱེད་མི་ནུས་མོད་ཀྱི། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བདུད་ ཀྱིས་བྲམ་ཟེ་དང་། ཁྱིམ་བདག་ཕྱོགས་སུ་བྱིན་གྱིས་བརླབས་ཀྱི། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཆུང་ཟད་ཀྱང་མེད་དེ། སེམས་ཅན་དེ་དག་ཡོངས་སུ་སྨིན་པར་རུང་བའི་ཕྱིར་ཐབས་མཁས་པ་སྟོན་ཏོ། །དེ་ལ་དེ་བཞིན་གཤེགས་པས་བཤོས་བཅད་པ་དང་། བདུད་དང་བདུད་ ཀྱི་རིས་ཀྱི་ལྷ་རྣམས་དང་ལྷ་གཞན་དག་དགེ་སྦྱོང་གཽ་ཏ་མའམ། དེའི་ཉན་ཐོས་དག་ཡིད་མི་བདེ་བར་མི་གནས་གྲང་ཞེས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སེམས་ལ་རྟོག་སྟེ། དེ་དག་ཉིན་མཚན་དུ་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་ སེམས་ལ་བརྟགས་ཀྱང་སེམས་ཀྱི་གནས་གཅིག་ཀྱང་ཡིད་མི་བདེ་བར་མ་མཐོང་སྟེ། མ་ཁེངས་མ་དུད་ཅིང་སྔོན་ཇི་ལྟ་བ་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བ་སྔོན་ཡང་དེ་བཞིན་ནོ། །དེ་ནས་དེའི་ཚེ་ལྷའི་བུ་བདུན་ཁྲི་སེམས་དད་ནས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་དང་། དེ་བཞིན་ གཤེགས་པས་ཅི་ནས་ཀྱང་དེ་དག་ཐམས་ཅད་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པའི་ཆོས་བཤད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་པར་ཤེས་པར་བྱའོ། །ཅིའི་ཕྱིར་ན་བུ་མོ་ཙན་ཙས་ཤིང་གི་གཞོང་པ་ལྟོ་བ་ལ་བཅིངས་ནས་ སྐུར་པ་ནི་དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པའི་ཉེས་པ་གང་ཡང་མེད་ལ། དེ་བཞིན་གཤེགས་པས་བུ་མོ་ཙན་ཙ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཕང་ཡང་ནུས་མོད་ཀྱི། དེ་བཞིན་གཤེགས་པ་ཐབས་མཁས་པས་ལས་ཀྱི་བྱེད་པ་སྟོན་ཏོ། །བསྟན་པ་འདི་ ལ་རབ་ཏུ་བྱུང་བ་ལ་སྐུར་པ་བཏབ་པ་དག་འབྱུང་སྟེ། དེ་དག་མི་བདེན་པར་སྐུར་པར་འགྱུར་རོ། །དེ་དག་འགྱོད་པ་ཙམ་དུ་གྱུར་ཏེ་སྐུར་པ་བཏབ་པ་དང་དེ་བཞིན་གཤེགས་པ་ཆོས་དཀར་པོ་ཐམས་ཅད་དང་ལྡན་པ་དེ་ལ་ཡང་མངོན་སུམ་དུ་སྐུར་པ་འབྱུང་ན་བདག་ཅག་ལྟ་ཅིའི་ཕྱིར་མི་འབྱུང་ ཞེས་སྨྲ་ཞིང་དེ་དག་དེའི་ཚེ་སྐུར་པ་ཟིལ་གྱིས་མནན་ནས་ཡོངས་སུ་དག་པ་ཡོངས་སུ་དཀར་བའི་ཚངས་པར་སྤྱོད་པ་སྤྱད་པར་འགྱུར་གྱི། འབྲི་བར་ནི་མི་འགྱུར་རོ། །བུ་མོ་ཙན་ཙ་ནི་སྡིག་པའི་ལས་ཀྱིས་གཡོགས་ནས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་ པ་དེ་ཤི་འཕོས་མ་ཐག་ཏུ་ཡང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །དེ་སྟེ་དེ་བཞིན་གཤེགས་པས་དེ་བསྲུང་ནུས་པར་མཁྱེན་ན་ནི་དེ་བསྲུངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་སེམས་ཅན་གང་ཡང་ཡོངས་སུ་གཏང་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ ན་མཛེས་མ་ཀུན་ཏུ་རྒྱུ་བ་སྲོག་དང་བྲལ་ནས་ཛེ་ཏའི་ཚལ་དུ་སྦས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས་ཀྱང་གཡེལ་བར་བོར་ཞེ་ན། དེ་བཞིན་གཤེགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པས་དེ་འདྲ་བར་འགྱུར་བར་ཡང་མཁྱེན་ལ་དེ་བཞིན་གཤེགས་པས་ཅི་ནས་ཀྱང་མཛེས་ མ་ཀུན་ཏུ་རྒྱུ་བ་མཚོན་གྱིས་མི་ཟུག་པ་དང་། གཞན་དུ་འཕང་བར་བྱ་བ་དེ་ལྟ་བུའི་རྫུ་འཕྲུལ་བྱིན་གྱི་རླབས་ཀྱང་ནུས་མོད་ཀྱི། དེ་བཞིན་གཤེགས་པ་མཛེས་མ་ཀུན་ཏུ་རྒྱུ་ཚེ་ཟད་པས་དེ་ངེས་པར་འཆི་དགོས་ལ། རྣམ་གྲངས་དེས་ཀྱང་མུ་སྟེགས་ཅན་གཞན་དག་རང་གིས་ཉེས་པས་ཤིན་ཏུ་ཚར་ གཅོད་པར་འགྱུར་བར་མཁྱེན་ཏེ། ཆོས་དཀར་པོ་རྣམས་འཕེལ་བར་བྱ་བའི་ཕྱིར་གང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ཞག་བདུན་དུ་གྲོང་དུ་མ་གཤེགས་ཏེ། ལྷ་བྱེ་བ་ཕྲག་དྲུག་ཅུའང་བཏུལ་ལོ། །ཞག་བདུན་ པོ་དེ་འདས་ནས་འཁོར་བཞི་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ནས། དེ་བཞིན་གཤེགས་པས་ཅི་ནས་ཀྱང་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ཡེ་ཤེས་རྟོགས་པར་འགྱུར་བ་དེ་ལྟ་དེ་ལྟར་དེ་དག་ལ་ཆོས་བཤད་དོ། །ཅིའི་ཕྱིར་ན་དེ་བཞིན་གཤེགས་པས་ཟླ་བ་གསུམ་རྟའི་ཆས་ཀྱི་ནས་གསོལ་ ཅེ་ན། དེ་བཞིན་གཤེགས་པས་བྲམ་ཟེ་དང་། ཁྱིམ་བདག་འདི་དག་ང་སྤྱན་དྲངས་ནས་མི་སེམས་པར་འགྱུར་རོ་སྙམ་དུའང་མཁྱེན་མོད་ཀྱི། དེ་བཞིན་གཤེགས་པས་མཁྱེན་བཞིན་དུ་དེར་ཚུལ་དུ་ཞུགས་སོ། །ཅིའི་ཕྱིར་ན་གང་རྟ་ལྔ་བརྒྱ་པོ་དེ་དག་གི་ཆས་ལ་དེ་བཞིན་གཤེགས་པ་དགེ་སློང་གི་ དགེ་འདུན་དང་བཅས་པས་ཟླ་བ་གསུམ་དུ་གསོལ་ཏེ། རྟ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་ཡིན་ན། དེ་དག་སྡིག་པའི་གྲོགས་པོའི་དབང་དུ་སོང་བས་སྡིག་པའི་ལས་བྱས་ཏེ། དེའི་ཕྱིར་བྱོལ་སོང་གི་སྐྱེ་གནས་ སུ་སྐྱེས་སོ། །རྟ་ལྔ་བརྒྱ་པོ་དེ་དག་གི་ནང་ན་རྟ་ཅང་ཤེས་དེ་ནི་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ཞེས་བྱ་བ་ཡིན་ཏེ། སྨོན་ལམ་གྱི་དབང་གིས་ཆེད་དུ་དེར་སྐྱེས་ནས་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་དེས་རྟ་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་ལ་བཀོད་དེ། དེ་དག་ཡོངས་སུ་ཐར་བར་བྱ་ བའི་ཕྱིར་དེར་སྐྱེས་སོ། །རྟ་ཅང་ཤེས་དེའི་མཐུས་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་སྔོན་གྱི་ཚེ་རབས་དྲན་ཏེ། དེའི་ཕྱིར་དེ་དག་བྱང་ཆུབ་ཏུ་མངོན་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟ་བས་ན་རྟ་ལྔ་བརྒྱ་པོ་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་དེར་ཚུལ་དུ་ཞུགས་ཏེ། དེ་ལ་རྟ་ ཅང་ཤེས་ཀྱི་ཆས་དེ་ལས་ཕྱེད་ནི་དེ་བཞིན་གཤེགས་པ་ལ་འབུལ་ལོ། །གང་རྟ་ལྔ་བརྒྱ་པོའི་ཆས་དེ་ལས་ཕྱེད་ནི་དགེ་སློང་ལྔ་བརྒྱ་པོ་ལ་འབུལ་ཏེ། རྟ་ཅང་ཤེས་དེ་ཡང་རྟ་ལྔ་བརྒྱ་པོ་དེ་དག་ལ་རྟའི་སྐད་ཀྱིས་ཉེས་པ་འཆགས་སུ་འཇུག་ཅིང་། སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་ འདུན་ལ་ཕྱག་འཚལ་དུ་འཇུག་སྟེ། དེ་ལྟར་ཟླ་བ་གསུམ་འདས་ནས་རྟ་ལྔ་བརྒྱ་པོ་དེ་དག་འཆི་བའི་དུས་བྱས་ཤིང་ཤི་འཕོས་མ་ཐག་ཏུ་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །ཡང་དེ་དག་ལྷར་གྱུར་པས་དེ་བཞིན་གཤེགས་པ་ལ་མཆོད་ནས་དེ་བཞིན་གཤེགས་པས་ནི་ཅི་ ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འགྱུར་བ་དེ་ལྟར་ཆོས་བཤད་དོ། །གང་རྟ་ལྔ་བརྒྱ་པོ་དེ་དག་འདུལ་ཞིང་འཚོ་བར་གྱུར་པ་དེ་ཡང་དེ་བཞིན་གཤེགས་པས་སེམས་ཤིན་ཏུ་དུལ་བ་ཞེས་བྱ་བའི་རང་སངས་རྒྱས་སུ་ལུང་བསྟན་ཏོ། །ཡང་རིགས་ཀྱི་ བུ་དེ་བཞིན་གཤེགས་པའི་ཞལ་ཟས་ནི། མཆོག་ཏུ་མི་འགྱུར་བ་ཆུང་ཟད་ཀྱང་མེད་དེ། རིགས་ཀྱི་བུ་གལ་ཏེ་བོང་བ་དང་། གསེག་མ་དང་། གྱོ་མོ་གསོལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དེ་འདྲ་བའི་རོ་བྲོ་བ་མཆོག་མེད་དེ། གང་བོང་བ་དང་། གསེག་ མ་དང་། གྱོ་མོ་ལས་གྱུར་པ་དེ་འདྲ་བར་རོའི་མཆོག་ཏུ་འགྱུར་བ་དེ་ལྟ་བུའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་ན་རོ་བྲོ་བའི་མཆོག་ཅེས་བྱ་བའི་སྐྱེས་བུ་ཆེན་པོའི་མཚན་ཐོབ་པའི་ཕྱིར་རོ། །རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པའི་ཞལ་ཟས་ཐམས་ཅད་ མཆོག་ཡིན་པར་ཤེས་པར་བྱའོ། །རིགས་ཀྱི་བུ་གནས་བརྟན་དགའ་བོས་དེ་བཞིན་གཤེགས་པ་ནི་འཁོར་ལོས་སྒྱུར་བའི་མིང་བོར་ཏེ་ནས་གསོལ་བར་གྱུར་ཏོ་ཞེས་སྙིང་རྗེ་བར་གྱུར་པ་དང་། དེ་བཞིན་གཤེགས་པས་དེའི་སེམས་ལ་བརྟགས་ནས་ནས་ཀྱི་འབྲུམ་བུ་གཅིག་བྱིན་ཏེ། དགའ་བོ་ འདི་ཅིའི་རོ་ཤེས་སམ་ཞེས་བྱས་པ་དང་། དེས་ཟོས་ནས་ངོ་མཚར་ཐོབ་པར་གྱུར་ཏེ་ང་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བདག་ནི་རྒྱལ་པོའི་ཕོ་བྲང་དུ་སྐྱེས། རྒྱལ་པོའི་ཕོ་བྲང་དུ་སྐྱེས་ན་འདི་ལྟ་བུའི་རོ་མཆོག་སྔོན་འཚལ་མ་མྱོང་ངོ་ཞེས་ཚེ་དང་ལྡན་པ་དགའ་བོ་དེའི་མཐུས་དགའ་ཞིང་ བདེ་སྟེ། ཟས་མེད་པར་ཉི་མ་བདུན་འདས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་ལ་ནི་གང་ན་ཡང་ལས་ཀྱི་སྒྲིབ་པ་མེད་པར་ཤེས་པར་བྱ་སྟེ། ཡང་སེམས་ཅན་གང་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དག་མགྲོན་དུ་གཉེར་ནས་སྦྱིན་པར་མི་བྱེད་པའི་སེམས་ ཅན་དག་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་པར་བསྟན་པའི་ཕྱིར་ལས་ཀྱི་རྒྱུད་འདི་དག་བསྟན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཁྱད་པར་ལ་ལྟོས། གང་གིས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་མ་ཕུལ་བ་དེ་ཡང་ལྟུང་བའི་ཆོས་མེད་པར་ལུང་བསྟན་ཏོ། །རིགས་ཀྱི་བུ་ཡང་དེ་བཞིན་ གཤེགས་པ་དང་ལྷན་ཅིག་ཏུ་ཚུལ་དུ་ཞུགས་པའི་དགེ་སློང་ལྔ་བརྒྱ་པོ་དེ་དག་ལས་དགེ་སློང་བཞི་བཅུ་འདོད་ཆགས་སྤྱོད་ཅིང་སྡུག་གུའི་མཚན་མ་ལ་སྤྱོད་པར་གྱུར་ཏེ། གལ་ཏེ་དེ་དག་ཟས་ཀྱི་མཆོག་ཟོས་པར་གྱུར་ན་དེ་དག་ཤིན་ཏུ་འདོད་ཆགས་དང་ལྡན་པའི་རྟོག་པ་སྐྱེ་བར་འགྱུར་བ་ལས་དེ་དག་ ཟས་ངན་པའི་ཕྱིར་རྟོག་པ་དེ་སྲབ་མོར་གྱུར་ཏེ། དེ་དག་གིས་ཞག་བདུན་གྱིས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །ཅིའི་ཕྱིར་ན་དེ་བཞིན་གཤེགས་པ་ང་རོ་རྒྱབ་ན་བས་འོད་སྲུང་བྱང་ཆུབ་ཀྱི་ཡན་ལག་ཤོད་ཅིག་ཅེས་གསུང་ཞེ་ན། རིགས་ཀྱི་བུ་དེ་ལྟར་ལྷའི་བུ་ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་བརྒྱ་སྟོང་ ལྷགས་པར་གྱུར་ལ། དེ་དག་ཀྱང་སྔོན་འོད་སྲུང་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བག་བྱེད་པ་ལ་བཀོད་པར་གྱུར་ཅིང་ལྷའི་བུ་དེ་དག་གིས་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་ཕྱི་ཕྱིར་ཞིང་ཐོས་པས་གལ་ཏེ་འོད་སྲུང་མ་གཏོགས་པར་ལྷའི་བུ་དེ་དག་ལ་སངས་རྒྱས་སྟོང་གི་ཆོས་ བཤད་ཀྱང་ཤེས་པར་འགྱུར་བའམ། ཤེས་པ་འཛིན་པ་མེད་ནས་འོད་སྲུང་གིས་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་དབྱེ་བ་རྒྱས་པར་བཤད་པ་དང་། ལྷའི་བུ་བརྒྱ་སྟོང་པོ་དེ་དག་གིས་ཀྱང་ཡེ་ཤེས་རྟོག་པར་གྱུར། སེམས་ཅན་གང་ན་སྟེ་ཆོས་མི་ཉན་ཅིང་ཆོས་ཉན་པར་མི་འགྲོ་བའི་སེམས་ཅན་དེ་དག་ ཀྱང་དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ཡང་བྱང་ཆུབ་ཀྱི་ཡན་ལག་བརྗོད་པ་གསན་ནས་ནད་ལས་ཡོངས་སུ་ཐར་ན་བདག་ཅག་གིས་ལྟ་ཅིའི་ཕྱིར་ཆོས་མཉན་པར་མི་བྱ་སྙམ་དུ་སེམས་པར་གྱུར་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན་ལྷའི་བུ་དེ་དག་གདུལ་བའི་དོན་དུ་བྱ་བ་དང་། སེམས་ཅན་ནད་པ་དག་ལ་ཆོས་ ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་ང་རོ་རྒྱབ་ན་བས་འོད་སྲུང་བྱང་ཆུབ་ཀྱི་ཡན་ལག་ཤོད་ཅིག་ཅེས་དེ་སྐད་ཀྱི་ཚིག་གསུངས་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ན་ཤཱཀྱ་རྣམས་བརླག་པ་ན་དེ་བཞིན་གཤེགས་ པ་ང་ཀླད་པ་ན་སྟེ་མི་བཟོད་དོ་ཞེས་གསུང་ཞེ་ན། རིགས་ཀྱི་བུ་འདི་ལ་སེམས་ཅན་ཁ་ཅིག་དེ་བཞིན་གཤེགས་པ་ནི་གཉེན་རྣམས་ཀྱི་དོན་མི་བཞེད། ཕན་པར་མི་བཞེད། བདེ་བར་མི་བཞེད། ཕན་པ་དང་བདེ་བར་མི་བཞེད་པས་དེའི་ཕྱིར་རྒྱལ་པོའི་རིགས་ཐམས་ཅད་ཁ་བཏག་གོ་སྙམ་དུ་སེམས་ ཀྱི། དེ་བཞིན་གཤེགས་པས་གཉེན་རྣམས་ཀྱི་ཐོག་མ་མེད་པའི་སྡུག་བསྔལ་གྱི་ཕུང་པོ་མཐར་ཕྱུང་བར་ནི་མི་ཤེས་པའི་སེམས་ཅན་དེ་དག་གི་སེམས་བསྲུང་བའི་ཕྱིར་གནས་བརྟན་དགའ་བོ་ལ་ང་ནི་ཀླད་པ་ན་སྟེ་མི་བཟོད་དོ་ཞེས་དེ་སྐད་ཀྱི་ཚིག་གསུང་སྟེ། རིགས་ཀྱི་བུ་གང་གི་ཚེ་ན་དེ་བཞིན་ གཤེགས་པས་གནས་བརྟན་དགའ་བོ་ལ་ང་ནི་ཀླད་པ་ན་སྟེ་མི་བཟོད་དོ་ཞེས་དེ་སྐད་ཀྱི་ཚིག་གསུངས་པ་དེའི་ཚེ་ལྷའི་བུ་ཆད་པར་སྨྲ་བ་སུམ་སྟོང་དང་། སེམས་ཅན་སྲོག་གཅོད་པར་བྱེད་པ་མང་པོ་ལྷགས་ནས་ལྷའི་བུ་དེ་དག་དང་། སེམས་ཅན་དེ་དག་ལས་ཀྱི་ལམ་ལ་གཞུག་པའི་ཕྱིར་དེ་བཞིན་ གཤེགས་པས་སྲོག་བཅད་པའི་ལྷག་མ་ལུས་པས་དེ་བཞིན་གཤེགས་པའི་དབུ་བསྙུང་བར་གྱུར་ཏོ་ཞེས་ལས་ཀྱི་རྒྱུད་དེ་བསྟན་ཏེ། དེ་བསྟན་པའི་ཚེ་དེ་བཞིན་གཤེགས་པས་ལྷ་དང་མིའི་སྐྱེ་དགུ་སྟོང་ཕྲག་བཅུ་བཏུལ་ཏེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་ གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ན་བྲམ་ཟེ་བ་ར་དྭ་ཛས་དེ་བཞིན་གཤེགས་པ་ལ་མི་སྙན་པ་ལྔ་བརྒྱ་སྨྲས་ན་དེ་བཞིན་གཤེགས་པ་ཡང་བཟོད་པར་མཛད་ཅེ་ན། དེ་བཞིན་གཤེགས་པ་ནི་བྲམ་ཟེ་བ་ར་དྭ་ཛས་མི་སྙན་པར་སྨྲ་བ་ཕྱོགས་གཞན་དུ་འཕང་བའམ། ངག་གི་ལས་གཅིག་ འབྱུང་བར་ཡང་མི་ནུས་མོད་ཀྱི། འཁོར་དེའི་ནང་ན་ལྷ་དང་མི་མང་པོ་ཚོགས་པར་གྱུར་པས་དེ་དག་གིས་དེ་བཞིན་གཤེགས་པའི་བཟོད་པའི་སྟོབས་བསྐྱེད་པར་མཐོང་སྟེ། དེ་བཞིན་གཤེགས་པ་མ་ཁེངས་མ་དུད་ཅིང་སེམས་མཉམ་པ་བདེ་བའི་དངོས་པོ་དང་ལྡན་པ། སེམས་བརྟན་པ། སེམས་ མཉན་པ་དེས་པར་མཐོང་ནས་སྲོག་ཆགས་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དོན་དེ་གཟིགས་ནས་དེ་བཞིན་གཤེགས་པས་བྲམ་ཟེ་བ་ར་དྭ་ཛས་མི་སྙན་པར་སྨྲ་བ་བཏང་སྙོམས་སུ་བཞག་གི །དེ་བཞིན་གཤེགས་པ་ལ་གང་ན་ ཡང་ལས་ཀྱི་སྒྲིབ་པ་མེད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ། །གང་ཡང་ལྷ་སྦྱིན་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འབྲང་བར་འགྱུར་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངས་ནི་ལྷ་སྦྱིན་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། །རྣམ་གྲངས་གང་གིས་ཞེ་ན། རིགས་ཀྱི་བུ་འདི་ལ་གང་གི་ཚེ་སེམས་ཅན་དག་བདེ་བ་དང་ལྡན་པར་བྱས་པ་དེའི་ཚེ་སྦྱིན་པར་ཡང་མི་ ཤེས། ལེན་པར་ཡང་མི་ཤེས་ནས་ལྷ་སྦྱིན་བྱང་ཆུབ་སེམས་དཔའི་གན་དུ་འོངས་ཏེ། བུ་སློང་ཆུང་མ་སློང་རྒྱལ་སྲིད་སློང་། ལག་པ་དང་། རྐང་པ་དང་། མིག་དང་། མགོ་དང་། དེ་ལ་སོགས་པ་གཞན་དག་ཀྱང་གང་དཀའ་བར་སྤྱོད་པ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་ དག་སློང་ནས་བྱང་ཆུབ་སེམས་དཔའ་མ་ཞུམ་པར་གྱུར་ཅིང་སྦྱིན་པ་བྱེད་དེ། དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་དགའ་ཞིང་སྦྱིན་པ་ལ་མོས་པར་གྱུར་ཏེ་བདག་ཅག་ཀྱང་འདི་འདྲ་བར་གྱུར་ཅིག་ཅེས་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཤིང་ཚུལ་ཁྲིམས་འཛིན་པར་བྱེད་དེ། གང་ ཚུལ་ཁྲིམས་འདྲལ་བར་འདོད་པ་དག་ཀྱང་དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་མི་འདྲལ་བ་དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་ཚུལ་ཁྲིམས་ལེན་པར་བྱེད་དེ། བརྒྱབ་བམ། བརྡེགས་སམ། སྤྱོས་ཀྱང་མི་ཁྲོ་ཞིང་དེ་དག་བཟོད་པ་རྫོགས་པར་འགྱུར་བས་རྣམ་གྲངས་ དེའི་ཕྱིར་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། །གང་ཡང་ལྷ་སྦྱིན་གྱིས་དེ་བཞིན་གཤེགས་པ་གསད་པར་བཤམས་པ་དང་། བལ་གླང་ནོར་སྐྱོང་བཏང་བ་དང་། རྡོའི་སྒྱོགས་འཆར་བཅུག་པ་དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པར་ཤེས་པར་བྱའི། ལས་ཀྱི་སྒྲིབ་པའི་ ཉོན་མོངས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་འདི་ལ་གནས་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། །རིགས་ཀྱི་བུ་མདོར་ན་ལྷ་སྦྱིན་གྲགས་པར་འདོད་པ་དེ་ནི་ངའི་སྟོན་པ་ཡིན་ནོ། །ལས་ཀྱི་རྒྱུད་བཅུ་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཐབས་ མཁས་པར་ཤེས་པར་བྱ་སྟེ། ལས་ཀྱི་བྱ་བ་ཤིན་ཏུ་སྟོན་པའི་སེམས་ཅན་ལས་ཀྱི་རྣམ་པར་སྨིན་པ་ལ་མི་འཇུག་པའི་སེམས་ཅན་རྣམས་ལ་ཆེ་གེ་མོ་ཞིག་གིས་ལས་ཀྱི་རྣམ་པར་སྨིན་པ་ནི་འདིའོ། །ཆེ་གེ་མོ་ཞིག་གིས་ལས་ཀྱི་རྣམ་པར་སྨིན་པ་ནི་འདིའོ་ཞེས་དེ་བཞིན་གཤེགས་པ་ ཐབས་མཁས་པས་ལས་ཀྱི་རྒྱུད་བསྟན་ཏེ། དེ་ཐོས་ནས་ཕན་པ་བྱེད་པར་འགྱུར་རོ། །དེ་ལྟ་བས་ན་རིགས་ཀྱི་བུ་ཐབས་མཁས་པ་བསྟན་པ་འདི་གསང་བར་གྱིས་ཤིག །སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱི་མདུན་དུ་མ་འཆད་ཅིག །དེ་ཅིའི་ཕྱིར་ཞེ་ན། བསྟན་པ་ འདི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཡང་མ་ཡིན་ན་སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱི་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐབས་ལ་བསླབས་པ་མ་ཡིན་པས་འདི་ནི་དེ་དག་ལ་མི་དགོས་སོ། །བྱང་ཆུབ་སེམས་དཔའ་གང་དག་བསྟན་པ་འདི་ལ་སློབ་པར་ འགྱུར་བ་མ་གཏོགས་པར་གཞན་ཐབས་མཁས་པ་འདིའི་སྣོད་དུ་གྱུར་པ་གང་ཡང་མེད་དོ། །འདི་ལྟ་སྟེ། རིགས་ཀྱི་བུ་མཚན་མོ་ས་སྲོས་པའི་མུན་པར་མར་མེ་བུས་ན་ཁྱིམ་ན་སྣོད་ཐམས་ཅད་སྣང་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཐབས་མཁས་པ་བསྟན་ པ་འདི་ཐོས་ཏེ་མོས་པར་གྱུར་ནས་སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་མཐོང་བར་འགྱུར་ཞིང་སེམས་ཅན་དག་ལ་ཡང་སློབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ལ་བསྒོའོ། །ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཐབས་མཁས་པས་འདི་ གང་ན་རྣར་གྲག་པར་འགྱུར་ན། དཔག་ཚད་འབུམ་དུ་ཡང་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བསྟན་པ་འདི་ཐོས་ན་སྣང་བ་ཐོབ་པར་འགྱུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྱོད་པ་མེད་པར་འགྱུར། ཐེ་ཚོམ་དང་བྲལ་བར་འགྱུར་རོ། །དེ་ནས་ལྷ་དང་འཇིག་རྟེན་དུ་ བཅས་པའི་འཁོར་བཞི་ལས་སེམས་ཅན་གང་དག་སྣོད་དུ་གྱུར་པ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །གང་སྣོད་དུ་མ་གྱུར་པ་དེ་དག་གི་ནི་རྣ་ལམ་དུ་ཡང་མི་གྲག་གོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། སྲོག་ཆགས་བདུན་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་ བོ་ཆོས་ཀྱི་རྣམ་གྲངས་འདི་ནི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་ཟུང་ཤིག །སངས་རྒྱས་ཐམས་ཅད་ཀྱི་ཐབས་མཁས་པའི་གསང་བའི་ལེའུར་ཟུང་ཤིག་ཅེས་བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང་། དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཡེ་ཤེས་བླ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས། །།