Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 063_མདོ་སྡེ།_ཛ
Văn bản gốc(Tây Tạng)
Trang 18 / 19 (50.000 ký tự/trang)
པའ་ཆེན་པོ་དག་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔ་པོ་འདི་དག་ཡོངས་སུ་རྫོགས་པར་བྱེད་ཅེ་ན། དཔལ་ཆོ་ག་ཤེས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཐམས་ཅད་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གི་སྐྱེ་བ་དང་འཇིག་པ་ལ་རྟོག་པར་བྱེད་དེ། དེས་ན་སྲེད་པ་དང་། ཆགས་པ་དག་སྐེམས་པར་ཡང་བྱེད་ལ་ངེས་པ་ལ་འཇུག་པར་ཡང་མི་བྱེད་དོ། །རྫུ་ འཕྲུལ་གྱི་རྐང་པ་བཞིས་རྣམ་པར་རྩེ་བ་མངོན་པར་ཤེས་པ་ཡང་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་། བཀུར་སྟི་བྱ་བ་དང་། དམ་པའི་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱིས་འགྲོ་བ་ལ་མཁས་པ་ ཡང་ཡིན་ནོ། །སེམས་ཅན་རྣམས་ཀྱི་ལམ་གསུམ་པོ། ལས་ཀྱི་ལམ་དང་། ཉོན་མོངས་པའི་ལམ་དང་། སྡུག་བསྔལ་གྱི་ལམ་དག་སྐེམས་པར་ཡང་བྱེད་དོ། །འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་ཡང་བྱེད་ལ། འདོད་པའི་ཁམས་དག་གཏོང་བར་ཡང་མི་བྱེད་དོ། །སེམས་ ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འགྲོ་བ་སྣ་ཚོགས་ཀྱི་སྐྱེ་བའི་ས་དག་སྟོན་པར་ཡང་བྱེད་ལ། མངལ་གྱི་ཉེས་པས་གོས་པར་ཡང་མི་བྱེད་དོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དྲ་བ་གཅོད་པར་ཡང་བྱེད་ལ། སེམས་ཅན་རྣམས་དམིགས་པར་ཡང་མི་བྱེད་དོ། །དཔལ་ ཆོ་ག་ཤེས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཕན་ཚུན་མི་འདྲ་བ་ལ་ཇི་ལྟ་བ་བཞིན་རྟོག་པར་ཡང་བྱེད་ལ། འཕྲལ་འཕྲལ་དུ་དེ་ཤེས་པར་ཡང་མི་བྱེད་དོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བའི་གཟུགས་ཉེ་བར་ལེན་པའི་ ཕུང་པོ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། དེ་བཞིན་དུ་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་དག་ལ་ཇི་ལྟ་བ་བཞིན་དུ་ཡང་རབ་ཏུ་ཤེས་ཤིང་དབུགས་རྔུབ་པ་ཡང་གཞན་ལ། དབུགས་འབྱུང་བ་ཡང་གཞན་ནོ། ། དབུགས་རྔུབ་པ་སོ་སོ་ཡང་དག་པར་རིག་པ་ཡང་གཞན་ལ། དབུགས་འབྱུང་བ་སོ་སོ་ཡང་དག་པར་རིག་པ་ཡང་གཞན་ནོ། །དབུགས་རྔུབ་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཡིད་ལ་བྱེད་པ་ཡང་གཞན་ལ་དབུགས་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཡིད་ལ་བྱེད་པ་ཡང་གཞན་ནོ། །དབུགས་རྔུབ་པའི་སེམས་པ་ཡང་གཞན་ལ། དབུགས་འབྱུང་བ་ཡང་གཞན་ནོ། །གང་གི་ཚེ་དབུགས་རྔུབ་པ་སོ་སོ་ཡང་དག་པར་རིག་པ་དེའི་ཚེ་དབུགས་འབྱུང་བ་སོ་སོ་ཡང་དག་པར་རིག་པ་མ་ཡིན་ནོ། །གང་གི་ཚེ་དབུགས་འབྱུང་ བ་སོ་སོ་ཡང་དག་པར་རིག་པ་དེའི་ཚེ་དབུགས་རྔུབ་པ་སོ་སོ་ཡང་དག་པར་རིག་པ་མ་ཡིན་ནོ། །འཁོར་བའི་འཁོར་ལོ་དུམ་བུ་གསུམ་པར་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཡིད་ལ་བྱེད་པ་ཡང་དེ་ལྟ་བུ་ཡིན་ཏེ། འཇུག་པའི་རྒྱུས་ན། བར་ཆད་མེད་པར། སྐྱེ་བའི་རྒྱ་མཚོར་ བདས་ཤིང་ཐར་བར་ཡང་མི་བྱེད་དོ། །ཡང་དང་ཡང་སྐྱེ་བར་བྱེད་དོ། །རྒ་བར་བྱེད་དོ། །འཆི་བར་བྱེད་དོ། །ཡང་སྐྱེ་བར་ཡང་བྱེད་དོ། །ཆོས་གང་འདི་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེས་ན་རྒ་ཤི་ལས་ངེས་པར་འབྱུང་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ སོ། །དེ་དག་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་ཉེ་བར་རྟོག་པར་མི་བྱེད་དོ། །འདི་ལྟར་སྲིད་པའི་རྒྱ་མཚོའི་སྒོ་དག་གི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་འཇུག་པ་དང་། ངེས་པར་འབྱུང་བར་ཡང་བྱེད་དོ། །དེ་བཞིན་དུ་བ་སྤུའི་ཁུང་བུའི་སྒོ་འབུམ་ཕྲག་ ཁྲག་ཁྲིག་དགུ་བཅུ་རྩ་དགུ་སྙེད་ཐམས་ཅད་ཀྱི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་འཇུག་པ་དང་། ངེས་པར་འབྱུང་བར་བྱེད་ཀྱང་བ་སྤུའི་ཁུང་བུའི་སྒོ་འབུམ་ཕྲག་ཁྲག་ཁྲིག་དགུ་བཅུ་རྩ་དགུ་དེ་དག་ཉམས་པར་ཡང་མི་མངོན་ནོ། །རྒྱས་པར་ཡང་མི་མངོན་ནོ། །སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ཐོག་མ་དང་། བར་མ་དང་། ཐ་མ་ཡང་མི་མངོན་ནོ། །འཇུག་པ་དང་འབྱུང་བ་ཡང་མི་མངོན་ནོ། །དེ་འདི་སྙམ་དུ་བདག་གིས་ཅི་ནས་ཀྱང་བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་ལ་སྐྱེ་བ་དང་། འཇིག་པའི་ཚུལ་གྱིས་སྐྱེ་འཇིག་གི་ མཚན་ཉིད་ལ་བརྩོན་པ་དང་ལྡན་པར་གནས་པར་བྱའོ་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྨའི་སྒོ་དགུའི་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་སྐྱེ་བ་དང་། འཇིག་པ་ལ་སྦྱོར་ཞིང་སོ་སོར་རྟོག་པར་བྱེད་དོ། །དེ་བཞིན་དུ་བ་སྤུའི་ཁུང་བུའི་སྒོ་ འབུམ་ཕྲག་ཁྲག་ཁྲིག་དགུ་བཅུ་རྩ་དགུ་སྙེད་རེ་རེའི་བ་སྤུའི་ཁུང་བུའི་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་སྐྱེ་བ་དང་། འཇིག་པའི་མཚན་ཉིད་ལ་བརྩོན་པ་དང་ལྡན་པར་གནས་པར་བྱེད་དོ། །ཡང་ན་དེ་བ་སྤུའི་ཁུང་བུའི་སྒོ་སྐྲའི་ཉག་མ་ཙམ་དུ་ཆུང་བར་རྟོག་ན་ཡང་དེར་དབུགས་ རྔུབ་པ་དང་། དབུགས་འབྱུང་བ་རྒྱུ་བ་དེ་དག་ལ་ཆུང་བར་ཡང་མཐོང་ངོ་། །ཡང་ན་ཆེ་བར་རྟོག་ན་ཡང་ཡུངས་འབྲུ་ཆེན་པོ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །ཡང་ན་སྐྱུ་རུ་ར་ཙམ་དུ་རྟོག་ན་ཡང་སྐྱུ་རུ་ར་ཙམ་དུ་མཐོང་ངོ་། །ཡང་ན་བ་སྤུའི་ཁུང་བུའི་ཁུང་བུ་རེ་རེ་ལ་བིལ་བའི་འབྲས་བུ་ ཙམ་དུ་རྟོག་ན་ཡང་བིལ་བའི་འབྲས་བུ་ཙམ་དུ་མཐོང་ངོ་། །ཡང་ན་དཔག་ཚད་སྟོང་ཙམ་དུ་རྟོག་ན་ཡང་དཔག་ཚད་སྟོང་ཙམ་དུ་མཐོང་ངོ་། །ཡང་ན་གླིང་བཞི་པ་གཅིག་ཙམ་དུ་རྟོག་ན་ཡང་གླིང་བཞི་པ་གཅིག་ཙམ་དུ་མཐོང་ངོ་། །ཡང་ན་བ་སྤུའི་ཁུང་བུ་རེ་རེ་ལ་རྒྱ་ཆེ་བར་རྟོག་ན་ཡང་རྒྱ་ཆེ་བར་ཡང་དག་ པར་རྗེས་སུ་མཐོང་ངོ་། །དེ་བཞིན་དུ་མིག་གི་ཚད་ལ་ཡང་སྦྱར་བར་བྱའོ། །གང་དུ་རྒ་ཤི་དང་འབྲེལ་བའི་སེམས་ཅན་དག་བར་ཆད་མེད་པར་འཁོར་བའི་ཆུ་བོར་བདས་པས་སྡུག་བསྔལ་རྣམ་པ་སྣ་ཚོགས་དག་ཉམས་སུ་མྱོང་བ་ན། དེ་འདི་སྙམ་དུ་བདག་གིས་ཅི་ནས་ཀྱང་རྣམ་པ་ཐམས་ཅད་དུ་ གཟུགས་ཀྱི་འདུ་ཤེས་དག་དོར་བར་བྱའོ་སྙམ་དུ་སེམས་ཏེ། དེ་རླུང་གི་ཁམས་ལ་སེམས་ཉེ་བར་གཏོང་བར་བྱེད་དོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་དག་སྤོང་བས་དེས་བརྗོད་དུ་མེད་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ། དེ་ནི་ཉན་ཐོས་དང་། རང་རྒྱལ་བ་ཐམས་ཅད་ཀྱི་ ས་མ་ཡིན་ནོ། །དེ་ལ་སའི་ཁམས་མི་དམིགས་སོ། །ཆུའི་ཁམས་མི་དམིགས་སོ། །མེའི་ཁམས་མི་དམིགས་སོ། །རླུང་གི་ཁམས་མི་དམིགས་སོ། །ནམ་མཁའི་ཁམས་མི་དམིགས་སོ། །རྣམ་པར་ཤེས་པའི་ཁམས་མི་དམིགས་སོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་རྒྱུ་བ་མི་དམིགས་སོ། །སྔོན་གྱི་མཐའ་མི་དམིགས་སོ། །ཕྱི་མའི་མཐའ་མི་དམིགས་སོ། །འཇིག་རྟེན་འདི་མི་དམིགས་སོ། །འཇིག་རྟེན་ཕ་རོལ་མི་དམིགས་སོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་ དམིགས་སོ། །སྐྱེ་བ་མི་དམིགས་སོ། །འཇིག་པ་མི་དམིགས་སོ། །ཀུན་ནས་ཉོན་མོངས་པ་མི་དམིགས་སོ། །རྣམ་པར་བྱང་བ་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཞི་བ་ལ་གནས་པ་དེ་དག་གིས་གནས་སོ། །གལ་ཏེ་ཆོས་ཐམས་ ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་འདིས་བསྐལ་པ་ཚད་མེད་པར་བྱིན་གྱིས་རློབ་པར་འདོད་ན་ཡང་། དེ་བཞིན་དུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱིན་གྱིས་རློབ་བོ། །དེ་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་འདིས་བསྐལ་པ་ཚད་མེད་པར་གནས་པར་འདོད་ན་ཡང་དེ་ བཞིན་དུ་གནས་པར་བྱེད་དོ། །འདི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དེ། དཔེར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་བཞིན་ནོ། །དཔལ་ཆོ་ག་ཤེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དབང་ཐོབ་པར་གྱུར་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་གི་ཚེ་ཏིང་ངེ་འཛིན་འདི་ལ་འཇུག་པར་འདོད་པ་དེའི་ཚེ། དེས་དང་པོ་ཁོ་ནར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསོད་ ནམས་དང་། ཤེས་རབ་ཀྱི་སྟོབས་ཀྱིས་སྨོན་ལམ་འདི་ལྟ་བུར་འདེབས་པར་བྱེད་དེ། འདི་ལྟར་བདག་ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་ལས་མ་ལངས་པ་དེ་སྲིད་ཀྱི་བར་དུ་ཡུལ་འདི་ཉིད་དང་། གླིང་བཞི་པ་འདི་ཉིད་ཅེས་བྱ་བ་ནས་སངས་རྒྱས་ཀྱི་ཞིང་འདི་ཉིད་ཀྱི་སེམས་ཅན་ཞེས་བྱ་བའི་ བར་གྱི་སེམས་ཅན་རྣམས་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། ཡོ་བྱད་རྣམ་པ་སྣ་ཚོགས་དག་ཕུན་སུམ་ཚོགས་པར་གྱུར་ཅིག་འདི་ལྟ་སྟེ། དེ་ན་སེམས་ཅན་རྣམས་ཀྱི་གནས་དང་། ལུས་དང་། ལུས་ཀྱི་དབྱིབས་མདོག་དང་། ཡན་ལག་དང་། ཉིང་ལག་དང་། རྒྱན་དང་། ལྷབ་ལྷུབ་དང་། ཕྱང་ཕྲུལ་དང་། ཕྲེང་བ་དང་། མལ་ཆ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ཡིད་དུ་འོང་བ་ཅི་དང་ཅི་འདོད་པ་དང་། ཇི་ལྟ་བུ་ཞིག་འདོད་པ་དང་། ཇི་སྙེད་ཅིག་འདོད་པ་རྣམས་ འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཏིང་ངེ་འཛིན་དེ་ལ་འཇུག་པར་བྱེད་དོ། །ཏིང་ངེ་འཛིན་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཇི་སྲིད་དུ་སྙོམས་པར་ཞུགས་པ་དེ་སྲིད་ཀྱི་བར་དུ་དེ་ན་སེམས་ ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཡོ་བྱད་དེ་ལྟ་བུ་དག་འབྱུང་བ་ནི་སྔར་ཇི་སྐད་གསུངས་པ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྨོན་ལམ་འདི་ལྟ་བུར་འདེབས་པར་བྱེད་དེ། འདི་ལྟར་བདག་ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་ བར་དུ་ཚད་བཟུང་སྟེ། སེམས་ཅན་རྣམས་ཀྱི་ལུས་ཀྱི་ནད་རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། དེ་བཞིན་དུ་སེམས་ཀྱི་ནད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་དག་རབ་ཏུ་ཞི་བར་གྱུར་ཅིག ། མི་དང་མི་མ་ཡིན་པའི་གནོད་པ་ལས་འབྱུང་བའི་ནད་དག་རབ་ཏུ་ཞི་བར་གྱུར་ཅིག །དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། དེའི་རྗེས་ལ་ཏིང་ངེ་འཛིན་ལ་འཇུག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་ལྟར་ཡུན་ཇི་སྲིད་ དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་ཚད་བཟུང་བའི་སེམས་ཅན་རྣམས་ཀྱི་ལུས་དང་། སེམས་ཀྱི་སྡུག་བསྔལ་གྱི་ནད་དེ་ལྟ་བུ་དག་རབ་ཏུ་ཞི་བར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་སྨོན་ལམ་འདི་ལྟ་བུར་འདེབས་པར་བྱེད་དེ། བདག་ཡུན་ཇི་སྲིད་ དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པར་གནས་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས་ཀྱི་སྡུག་བསྔལ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚ་བ་དང་། གྲང་བ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བ་དང་། ངལ་ བའི་སྡུག་བསྔལ་དང་། ཚོལ་ཁྲོའི་སྡུག་བསྔལ་དག་རབ་ཏུ་ཞི་བར་གྱུར་ཅིག །ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག །དགེ་བའི་ཆོས་ཐམས་ཅད་དང་བྲལ་བ་རྣམས་དགེ་བའི་ཆོས་ཐམས་ཅད་ལ་བརྩོན་པར་ གྱུར་ཅིག །ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་སེམས་ཅན་གཞན་དག་ལ་བྱམས་པའི་སེམས་དང་ལྡན་པ་དང་། ཕན་པའི་སེམས་དང་ལྡན་པ་དང་། མི་འཁྲུགས་པའི་སེམས་དང་ལྡན་པ་དང་། ཁོན་མེད་པའི་སེམས་དང་ལྡན་པ་དང་། རྙོག་པ་མེད་པའི་སེམས་དང་ལྡན་པ་དང་། སྙིང་རྗེའི་སེམས་དང་ལྡན་པ་དང་། སྙིང་བརྩེ་བའི་སེམས་དང་ལྡན་པ་དང་། བསམ་གཏན་གྱི་སེམས་དང་ལྡན་པ་དང་། སྙོམས་པར་འཇུག་པ་ལ་མཁས་པར་གནས་པའི་སེམས་དང་ལྡན་པ་དང་། འཁྲུལ་པ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག ། ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་གཏི་མུག་གི་མུན་པ་དང་། རྟག་པ་དང་ཆད་པར་ལྟ་བ་དག་རབ་ཏུ་ཞི་བར་གྱུར་ཅིག །དུས་ཐམས་ཅད་དུ་ལྟ་བར་འཛིན་པ་རྣམས་རབ་ཏུ་ཞི་བར་གྱུར་ཅིག །ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་ དུ་སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་བློ་འཇུག་ཅིང་ཞེ་ས་དང་རི་མོ་བྱེད་པར་གྱུར་ཅིག །ཕྱིན་ཅི་ལོག་བཞི་དང་བྲལ་ཞིང་བདེན་པ་བཞིའི་རྣམ་པ་ལ་གནས་པའི་སེམས་དང་ལྡན་པར་གྱུར་ཅིག །འཕགས་པ་དོན་དམ་པའི་བདེན་པ་ལ་རྣམ་པར་གནས་པའི་སེམས་དང་ལྡན་པར་གྱུར་ཅིག ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གང་གི་ཚེ་ཏིང་ངེ་འཛིན་ལ་འཇུག་པར་འདོད་པ་དེའི་ཚེ། འདི་ལྟར་ཤེས་རབ་དང་། བསོད་ནམས་ཀྱི་སྟོབས་དང་། ཐབས་ཀྱི་སྟོབས་ཀྱིས་འདི་ལྟ་བུར་བྱིན་གྱིས་རློབ་པར་བྱེད་དེ། བདག་ཡུན་ ཇི་སྲིད་དུ་ཏིང་ངེ་འཛིན་ལས་མ་ལངས་པ་དེ་སྲིད་ཀྱི་བར་དུ་ཡུལ་འདི་ཉིད་དང་། གླིང་བཞི་པ་འདི་ཉིད་ཅེས་བྱ་བ་ནས་སངས་རྒྱས་ཀྱི་ཞིང་འདི་ཉིད་ཀྱི་སེམས་ཅན་ཞེས་བྱ་བའི་བར་དག་ཇི་ལྟར་ཚད་བཟུང་བ་རྣམས་ལ་འདི་ལྟར་བདེ་བར་སྦྱར་བར་བྱིན་གྱིས་རློབ་པར་བྱེད་དོ། །དེའི་རྗེས་ལ་ཆོས་ཐམས་ཅད་ སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་འཇུག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་མ་ཐག་པ་དེས་ཇི་ལྟར་སེམས་ཅན་རྣམས་ཚད་བཟུང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བདེ་བར་ སྦྱར་བ་ཡོན་ཏན་སྣ་ཚོགས་དེ་ལྟ་བུ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་ལས་དེ་སྲིད་དུ་ལྡང་བར་མི་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་པ་དེའི་ལུས་ལ་གནོད་པ་དང་འགྱུར་བ་མི་འབྱུང་ངོ་། །བཀྲེས་པ་དང་སྐོམ་པའི་གནོད་པ་མི་འབྱུང་ངོ་། །མེའི་གནོད་པ་མི་འབྱུང་ངོ་། །བསྐལ་པའི་མེས་ཚིག་པར་མི་འགྱུར་བ་ནས་མེ་ཕལ་པས་ཚིག་པར་མི་འགྱུར་རོ། །ཆུས་ཁྱེར་བར་མི་འགྱུར་ རོ། །ནད་ཀྱི་བསྐལ་པས་ཟད་པར་མི་འགྱུར་རོ། །མུ་གེའི་དགོན་པར་གྱུར་པའི་བསྐལ་པས་ཟད་པར་མི་འགྱུར་རོ། །བསམ་བཞིན་དུ་ཚེའི་འདུ་བྱེད་འདོར་བ་ལ་ལ་མ་གཏོགས་པར་ཚེའི་འདུ་བྱེད་དང་། སྲོག་གི་དབང་པོ་ཡོངས་སུ་ཟད་པར་མི་འགྱུར་རོ། །ལུས་དང་། སྲོག་ལ་མི་དང་། མི་མ་ཡིན་པ་དང་། རླུང་དང་། ཉི་མས་གདུངས་པ་དག་གིས་གནོད་པར་མི་འགྱུར་ཏེ། དེ་ལྟ་བུ་ནི་སྙོམས་པར་ཞུགས་པ་ཡིན་ནོ། །ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་འདོད་ན་སྐྲའི་རྩེ་མོ་གཅིག་གི་ནང་དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་གཞུག་པར་ནུས་སོ། །འདོད་ན་ སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་པ་མ་ལུས་པ་དག་སོར་མོ་གཅིག་གི་སེན་མོའི་ནང་དུ་བལྟ་བར་ཡང་ནུས་སོ། །འདོད་ན་སྐྲའི་རྩེ་མོ་གཅིག་གི་ནང་དུ་ སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་གཞུག་པར་ཡང་ནུས་ལ། དེ་ན་དེ་སེམས་ཅན་རེ་རེའི་རང་རང་གི་ཡུལ་དང་སྤྱོད་ཡུལ་དག་ཡངས་པར་ཡང་མཐོང་ངོ་། །འདོད་ན་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་དག་གི་རླུང་གི་ཁམས་ཐམས་ཅད་སྐྲའི་རྩེ་མོ་གཅིག་གི་ནང་དུ་ བཅུག་སྟེ་དེར་ནམ་མཁའི་གཏོས་ཡངས་པ་བཞིན་དུ་སྤྱོད་པར་བྱེད་ཀྱང་དེ་ཆེ་བར་ཡང་མི་མངོན་ནོ། །ཆུང་བར་ཡང་མི་མངོན་ནོ། །འདོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཆུའི་ཁམས་ཐམས་ཅད་མོན་སྲན་སྡེའུའི་འབྲུམ་བུ་གཅིག་གི་ནང་ དུ་བཅུག་སྟེ། དེར་ནམ་མཁའི་གཏོས་ཡངས་པ་བཞིན་དུ་སྤྱོད་པར་བྱེད་ཀྱང་དེ་ཆེ་བར་ཡང་མི་མངོན་ནོ། །ཆུང་བར་ཡང་མི་མངོན་ནོ། །བྱང་ཆུབ་སེམས་དཔའ་དེ་རང་གི་སྨོན་ལམ་གྱི་སྟོབས་མ་གཏོགས་པར་ཡང་དང་ཡང་མངལ་གྱི་གནས་སུ་སྐྱེ་བར་མི་འགྱུར་རོ། །ངན་འགྲོར་སྐྱེ་ བར་མི་འགྱུར་རོ། །བུད་མེད་དུ་མི་འགྱུར་རོ། །སྐྱེ་བ་དམན་པ་འཐོབ་པར་མི་འགྱུར་རོ། །ཡན་ལག་ཉམས་པར་མི་འགྱུར་རོ། །ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་ལ་འཁྲུལ་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རང་གི་སྨོན་ལམ་གྱི་སྟོབས་མ་ གཏོགས་པར་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་སྐྱེ་བར་མི་འགྱུར་རོ། །དེ་རྟག་པར་སངས་རྒྱས་བལྟ་བ་དང་། ཆོས་མཉན་པ་དང་། དགེ་འདུན་ལ་བཀུར་སྟི་བྱ་བ་དང་མི་འབྲལ་བ་ཡིན་ནོ། །དེ་ཤེས་རབ་དང་། བསོད་ནམས་དང་། ཏིང་ངེ་འཛིན་དང་། ཐབས་མཁས་པ་དག་གིས་ སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་བླ་ན་མེད་པའི་བར་ལ་འཇིགས་པ་མེད་པ་དང་མ་བྲལ་བ་ཡིན་ནོ། །དཔལ་ཆོ་ག་ཤེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་དེ་ལྟ་བུ་བགོས་ནས་བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་སྦྱོང་ཞིང་སློབ་པ་ན་འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་བྱེད་དོ། །དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་རྣམས་ཀྱང་ཤེས་པར་བྱེད་དོ། །ཡན་ལག་ལྔ་དང་ལྡན་ཞིང་ཡན་ལག་ལྔ་རྣམ་པར་སྤངས་པ་ཡིན་ནོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞིས་རྩེ་བ་ མངོན་པར་ཤེས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་། བཀུར་སྟི་བྱ་བ་དང་། དམ་པའི་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱིས་འགྲོ་བ་ལ་མཁས་པ་ཡིན་ནོ། །གང་གིས་ན་སེམས་ཅན་ཐམས་ ཅད་ཀྱི་ལམ་གསུམ་པོ་ལས་ཀྱི་ལམ་དང་། ཉོན་མོངས་པའི་ལམ་དང་། སྡུག་བསྔལ་གྱི་ལམ་དག་སྐེམས་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྐེམས་པར་བྱེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་ དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་པ་ན། འཁོར་དེ་ན་སེམས་ ཅན་ལྔ་ཁྲི་པོ་གང་དག་གིས་སྔོན་ཆོས་བཞི་པོ་འདི་དག་གོམས་པར་བྱས་པ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་དང་ལྡན་ནོ། །དེ་ན་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དག་གིས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ན་སྲོག་ ཆགས་ཁྲག་ཁྲིག་སྟོང་ཕྲག་དགུ་བཅུ་རྩ་དགུ་དག་གིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ན་སེམས་ཅན་སྔོན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་བཅོ་ལྔ་པ་རིའི་སྙིང་པོའི་ལེའུ་ལས་བསམ་གཏན་མཚོན་པ་སྟེ་གཉིས་པ་རྫོགས་སོ།། །།དེ་ནས་དེ་ཉིད་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་སྨྲས་སོ། །དཔལ་ཆོ་ག་ཤེས་གླིང་ཆེན་པོ་བཞི་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཡུན་རིང་པོར་ཤིན་ཏུ་མཆོད་པ་ཆེར་བྱ་བ་དང་། རྗེས་སུ་བསྲུང་བར་བྱ་ བ་དང་། རྗེས་སུ་དྲན་པར་བྱ་བ་དང་། ཕྱག་བྱ་བར་འོས་པ་དག་ཇི་ཙམ་པ་ནི་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱི་འདུས་པ་ཆེན་པོ་དེ་ལྟ་བུ་དག་བསྡུས་ པ་དང་། བྱང་ཆུབ་ཀྱི་ལམ་མཐའ་དག་ལ་འཇུག་པ་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་ཐབས་མཁས་པའི་ཕ་རོལ་དུ་འགྲོ་བ་དང་། སངས་རྒྱས་སུ་དབང་བསྐུར་བའི་ས་རབ་ཏུ་བསྒྲགས་པ་དེ་ལྟ་བུ་དག་ལྟོས་ཤིག །ཁྱོད་ཕྱིར་མི་ལྡོག་པའི་འཁོར་ལོ་ཡོངས་སུ་རྫོགས་པར་བྱས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་ཡང་དག་པར་མངོན་དུ་ཞེན་ནས་ཁྱོད་ཀྱིས་སྦྱིན་གནས་དེ་ལྟ་བུ་དག་ལ་བཟའ་བ་དང་། བཏུང་བའི་ཡོ་བྱད་དག་འབྱོར་པར་བྱས་པ་ཡིན་ཏེ། ཁྱོད་བརྩོན་པ་དེས་ན་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དམ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་གནས་པར་བྱེད་དམ། དེ་ལ་དཔལ་ལྷ་མོ་ཆེན་མོས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་ཆེན་པོ་དམ་པས་ཇི་སྐད་སྨྲས་པ་དེ་ལྟར་ལགས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ་དག་འདས་པ་ན་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དེ་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདི་ལྟར་བདག་དང་གཅིག་ལ་གཅིག་དམ་ཚིག་བཅས་པ་གང་གི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། བདག་གླིང་ཆེན་པོ་བཞི་པ་དེར་དཔལ་ལྷ་མོ་ཆེན་མོའི་གོ་འཕང་ཐོབ་པར་ཤོག་ཤིག་པ་དང་། དེ་ན་སེམས་ཅན་རྣམས་ལ་བཟའ་བ་དང་། བཏུང་བའི་ཡོ་བྱད་ཐམས་ཅད་ཀྱིས་སྦྱིན་པ་བྱེད་པར་འགྱུར་བར་བགྱིས་ལགས་སོ། །རིགས་ཀྱི་བུ་ཁྱོད་བདག་ལས་གསོན་ཅིག་དང་། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ་འདས་པ་གང་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ། །སྐྱེ་དགུའི་ཚེ་ལོ་སྟོང་ཞེས་བྱ་བ་ནས་དེའི་ཚེ་དེའི་དུས་ན་དགེ་བསྙེན་སྐར་མ་དྲི་མེད་དཔལ་ཞེས་བྱ་བ་དུལ་བ། གསལ་བ། འཇིགས་པ་མེད་པ། ཐོས་པ་མང་བ། འཁོར་ བཞི་པོ་དག་ལ་ཆོས་སྟོན་པ། འཁོར་མང་བ། འཁོར་ཕུན་སུམ་ཚོགས་པ་ཞིག་བྱུང་བར་གྱུར་ཏོ་ཞེས་བྱ་བའི་བར་དུ་སྟེ། དེའི་བུ་ཐུ་བོ་དྲི་མེད་དཔལ་ཞེས་བྱ་བ་ཞིག་བྱུང་བ་དེས་རང་གི་ཕ་ལ་ཚིགས་སུ་བཅད་པས་སྨྲས་པ། ཡབ་ཅིག་ཅི་སླད་རང་གི་ལུས་སྲོག་བཏང་ནས་ཀྱང་། །ཞུམ་པ་ མེད་པའི་སེམས་ཀྱིས་བརྩོན་ཞིང་རྩོལ་བར་མཛད། །ཡབ་ཅིག་ཚེ་འདིས་མྱ་ངན་འདས་པར་མི་གཤེགས་པར། །སེམས་ཅན་རྣམས་ལ་མཆོག་ཏུ་སྲུང་མཛད་ཤིན་ཏུ་བརྩོན། །དེས་རང་གི་བུ་དྲི་མེད་དཔལ་ལ་ཚིགས་སུ་བཅད་པས་ལན་སྨྲས་པ། སེམས་ཅན་འཁོར་བའི་སྡུག་བསྔལ་ དག་གིས་རྨོངས་པ་དང་། །ལམ་ངན་ཞུགས་ཤིང་ཉོན་མོངས་པ་ཡི་མེ་འབར་བ། །རྟག་ཏུ་སྡུག་བསྔལ་དག་གིས་ཉོན་མོངས་ངས་མཐོང་ནས། །ཉོན་མོངས་པ་ཡི་མེ་དག་གསད་ཕྱིར་ང་བརྩོན་བྱེད། །ཤེས་རབ་རྣམ་པར་ཉམས་ཤིང་མཐའ་ལས་འདས་པ་དང་། །ལམ་ལས་ རབ་ཏུ་ཉམས་ཤིང་ངན་སོང་འགྲོ་བ་དང་། །འཁོར་བ་ཤིན་ཏུ་བཟོད་རླག་ཆུ་བོར་ལྟུང་བ་རྣམས། །རབ་ཏུ་བསྒྲལ་བའི་ཕྱིར་ནི་ང་ཡང་སྤྱོད་པར་བྱེད། །སྦྱིན་དང་དུལ་དང་སྡོམ་པ་རྣམ་པར་སྤངས་པ་དང་། །ལྷ་དང་མི་ཡི་བདེ་ལས་རྟག་ཏུ་ཉམས་པ་དང་། །དགེ་བའི་ བཤེས་གཉེན་དག་དང་རྟག་ཏུ་བྲལ་བ་རྣམས། །དེ་དག་ལ་ནི་བདག་གིས་ལམ་སྟོན་འགྱུར་བར་བྱ། །སེམས་ཅན་ཉོན་མོངས་པ་ཡིས་བཙོན་རར་རྟག་བཅིངས་པ། །མགོན་མེད་གྱུར་པ་མིག་ནི་རྣམ་པར་ཉམས་གྱུར་ཅིང་། །ལྟ་ངན་དག་ལ་ཆགས་པ་ཤ་དང་ཁྲག་ཟ་བ། །དེ་ དག་དག་པར་བྱ་ཕྱིར་ང་ནི་སྤྱོད་པར་བྱེད། །སེམས་ཅན་རེ་རེའི་དོན་དུ་མནར་མེད་སྤྱོད་བྱེད་པ། །དེ་འདྲའི་སྙིང་རྗེ་སེམས་ཅན་རྣམས་ལ་བསྐྱེད་པར་བྱ། །ཇི་ལྟར་སེམས་ཅན་རེ་རེ་དེ་དག་ཐར་བྱའི་ཕྱིར། །སྡུག་བསྔལ་བཟོད་རླག་བཟོད་དཀའ་བདག་གིས་དང་དུ་བླང་། །བུ་ཅིག་ང་ཡིས་བྱང་ ཆུབ་སྤྱོད་མཆོག་སྤྱད་པར་བྱ། །ཉན་ཐོས་དག་གི་ཤེས་པ་བཙལ་བར་མི་བྱ་ཞིང་། །རང་སངས་རྒྱས་ཀྱི་ཤེས་པའང་བཙལ་བར་མི་བྱ་སྟེ། །བླ་ན་མེད་པའི་ཡེ་ཤེས་དག་ནི་བཙལ་བར་བྱ། །ཇི་སྲིད་གང་གཱའི་བྱེ་སྙེད་སེམས་ཅན་དུ་མ་དག །སྡུག་བསྔལ་དག་ལས་ཐར་བར་ བྱས་པར་མ་གྱུར་པར། །དེ་སྲིད་བྱང་ཆུབ་མཆོག་རབ་འདིར་ནི་འཚང་མི་རྒྱ། །ཕྱི་ནས་བྱང་ཆུབ་མཆོག་རབ་དེ་ལ་རེག་པར་བྱ། །བུ་ཅིག་ཁྱོད་ཀྱིས་སེམས་ཅན་རྣམས་ལ་མཚུངས་པར་ནི། །སྙིང་རྗེ་འདི་ལྟ་བུ་དག་བསྐྱེད་པར་བྱས་ནས་ཀྱང་། །ཁྱོད་ཀྱིས་དགེ་དང་རྟག་ཏུ་ལྡན་ པར་བྱས་པ་རྣམས། །བྱང་ཆུབ་མཆོག་རབ་འཕགས་པ་དག་ཏུ་བསྔོ་བར་གྱིས། །སེམས་ཅན་ཉོན་མོངས་མེ་ལས་རབ་ཏུ་ཐར་བྱའི་ཕྱིར། །སྡུག་བསྔལ་བཟོད་རླག་བཟོད་དཀའ་བ་དག་དང་དུ་ལོང་། །སྦྱིན་དང་དུལ་དང་སྡོམ་པ་དག་ལ་ལེགས་སྤྱོད་ཅིག །རྫོགས་སངས་ རྒྱས་པར་འགྱུར་བ་འདི་ནི་ཐེ་ཚོམ་མེད། །གང་ཚེ་ང་ནི་བྱང་ཆུབ་མཆོག་མ་ཐོབ་པ་ན། །དེ་ཚེ་ཁྱོད་ནི་སེམས་ཅན་རྣམས་ཀྱི་སྦྱིན་པོར་འགྱུར། །ང་ཡིས་ཁྱོད་ནི་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས། །འདི་ལ་དམ་བཅས་བརྟན་པོར་ལེགས་པར་གནས་པ་ཡིན། །རིགས་ཀྱི་ བུ་དེའི་ཚེ་བདག་གིས་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོའི་སྤྱན་སྔར་འདི་ལྟ་བུར་དམ་བཅས་ཏེ། བདག་ཡུན་ཇི་སྲིད་དུ་འཁོར་བ་ན་འཁོར་བ་དེ་སྲིད་ཀྱི་བར་དུ་བརྟུལ་ཞུགས་དང་། དཀའ་ཐུབ་དང་། དཀའ་བ་སྤྱད་པ་དང་། སྦྱིན་པ་དང་། དུལ་བ་དང་། སྡོམ་ པ་དང་། བསམ་གཏན་དང་། ཐོས་པ་དང་། གཏོང་བ་དང་། ཞལ་ཏ་སྣ་ཚོགས་དག་ལ་གོམས་པར་བགྱིའོ། །དཀའ་བ་སྤྱད་པ་དང་། ཡོངས་སུ་གཏོང་བ་རྣམ་པ་སྣ་ཚོགས་དག་ལ་གོམས་པར་བགྱིའོ། །གང་གི་ཚེ་སྐྱེ་དགུའི་ཚེ་ལོ་བརྒྱ་པའི་ཚེ་ཉོན་མོངས་པ་དང་། ཉོན་མོངས་ པའི་རྙོག་པ་དག་གིས་ཀུན་ཏུ་རྨོངས་པར་གྱུར་པའི་ཞིང་དག་ཏུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཞིང་དེར་བདག་གིས་ཀྱང་དཔལ་གྱི་གོ་འཕང་གི་བདག་པོ་བླ་ན་མེད་པ་དག་བསྟན་པར་བགྱིའོ། །དེའི་བསྟན་པ་ལ་བཟའ་བ་དང་། བཏུང་བའི་ཡོ་བྱད་བླ་ན་མེད་པའི་སྦྱིན་པ་པོར་འགྱུར་བར་བགྱིའོ། །དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་དག་ལ་བདག་གིས་ཞལ་ཟས་དང་། བཏུང་བ་སྣ་ཚོགས་དག་གིས་རིམ་གྲོ་བགྱིའོ། །དེར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་མངོན་སུམ་དུ་བདག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་བགྱིའོ། །དེར་སེམས་ཅན་གང་དག་མ་རུངས་པ། རྩུབ་པ། སྙིང་མི་བརྩེ་བ། བྱས་པ་མི་གཟོ་བ། མི་མཉམ་པ། ཡང་བར་སྤྱོད་པ། སྡིག་པའི་སེམས་དང་ལྡན་པ་དག་འབྱུང་བར་འགྱུར་བ་དེ་དག་ གིས་དུས་མ་ཡིན་པའི་རྫི་ཆར་དང་། ཚ་བ་དང་། གྲང་བ་དང་། ཆར་མོ་ཆེ་དག་འབེབས་པར་བྱེད་པས་གང་དག་སེམས་ཅན་རྣམས་ཀྱི་འབྲུ་དང་། འབྲས་བུ་དང་། ལོ་ཏོག་དང་། སྨན་དང་། ལྗོན་ཤིང་དང་། རོ་དག་མ་རུང་བར་བྱེད་པ། མདངས་འཕྲོག་པ། སེམས་ཅན་ རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་ཆུད་གཟོན་པར་བྱེད་པ། མུན་གནག་ཏུ་བྱེད་པ་དེ་དག་ཐམས་ཅད་བདག་གིས་བསོད་ནམས་ཀྱི་མཐུ་དང་ཤེས་རབ་ཀྱི་སྟོབས་ཀྱིས་བཟློག་པར་བགྱིའོ། །དད་པར་བགྱིའོ།། །།བམ་པོ་གཉིས་པ། གང་གི་ ཚེ་སེམས་ཅན་དེ་དག་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་བྲལ་བས་སེམས་ཅན་དེ་དག་མི་དགེ་བ་བཅུ་ལ་སྤྱོད་པར་བྱེད་དོ། །དགེ་བ་བཅུའི་ཆོས་རྣམས་ཡོངས་སུ་ཉམས་པར་བྱེད་དོ། །འདི་ལྟར་དེ་ར་བཅོམ་ལྡན་འདས་ཀྱི་གདུལ་བྱ་རྣམས་བསྟན་པ་དང་། དཀོན་ མཆོག་གསུམ་གྱི་གདུང་དང་། ཡོ་བྱད་དག་དང་མི་ལྡན་པས་གྲགས་པ་མེད་པར་འགྱུར་ཏེ། དེས་ན་དེར་བདག་གིས་ལོངས་སྤྱོད་དང་། ཉེ་བར་སྤྱོད་པའི་ཡོ་བྱད་ཕུན་སུམ་ཚོགས་པའི་རྒྱུ་དག་གིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་ སྨིན་པར་བགྱིའོ། །གང་གི་ཚེ་འདི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་པས་མ་འོངས་པའི་དུས་ན་དེ་ལྟར་བདག་གིས་བསམ་པ་ཡོངས་སུ་རྫོགས་པར་བྱས་པ་དེའི་ཚེ་བཅོམ་ལྡན་འདས་དེས་ལེགས་སོ་ཞེས་བྱ་བ་གནང་སྟེ། དེའི་ཚེ་ཇི་ལྟར་སྨོན་ལམ་ བཏབ་པ་བཞིན་བསམ་པ་ཡོངས་སུ་རྫོགས་པར་བྱས་པས་རིགས་ཀྱི་བུ་དེ་ལྟར་སྨོན་ལམ་བཏབ་པ་ལེགས་སོ་ལེགས་སོ་ཞེས་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོས་ལེགས་སོ་ཞེས་བྱ་བ་གནང་བ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ལ་བདག་གིས་འབྱོར་ བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་སྦྱིན་གྱིས། ཁྱོད་ཀྱིས་གཟུངས་ཀྱི་སྙིང་པོ་འདིས་དེ་ལྟ་བུར་སེམས་ཅན་རྣམས་ཤིན་ཏུ་ཡོངས་སུ་སྨིན་པར་བྱེད་ནུས་སམ། སེམས་ཅན་ཚད་མེད་པ་དག་ལོངས་སྤྱོད་དང་། ཉེ་བར་སྤྱོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པ་དག་གིས་ ཉོན་མོངས་པའི་ཆུ་བོ་ལས་སྒྲོལ་བར་བྱེད་དོ། །ཏད་ཡ་ཐཱ། ཛ་ལམ་བྷ། མ་ཧཱ་ཛ་ལམ་བྷ། ཨནུ་ཛ་ལམ་བྷ། སརྦ་ཛ་ལམ་བྷ། ཨོ་ག་ཛ་ལམ་བྷ། ཡཀྵ་བྲི་ཛ་ལམ་བྷ། ནཱ་ག་བྲི་ཛ་ལམ་བྷ། ཨུ་ག་ར་བྲི་ཛ་ལམ་བྷ། ཧསྟི་བྲི་ཛ་ལམ་བྷ། ཨ་ཛ་ལམ་བྷ། ཛ་ལམ་བྷ། མན་ཌཱུ་ཀ་བྲི་ཛ་ལམ་བྷ། ཁ་མུ་བྲི་ཛ་ལམ་བྷ། པད་ཀ་བྲི་ཛ་ལམ་བྷ། ཨ་མ་བྲི་ཛ་ལམ་བྷ། སཱུ་ཅི་མུ་ཁ་བྲི་ཛ་ལམ་བྷ། བ་མྲ་བ་མྲ། ཛ་ལ་བ་མྲ། བི་ཛ་བྷན་ད། པྲཏ་ཏྲ་པུཥྤ་ཕ་ལམ་བྷ། མུ་ཀྵན་རི་བྷནས། དྷརྨ། ཡ་ཛྙཱ། བྲིཥྚི་སོ། ཧྲི་ལམ་བྷ། ཤ་ཤསྟུ་ད་ལ། གུང་གུང་ ས་ར་གུན་ཙི། དུང་གུང་། བ་ར་ཛ་བཻ་སྭཱ་ཧཱ། འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་ནི་དེ་ཡིན་ཏེ། གཟུངས་ཀྱི་སྙིང་པོ་འདིས་དེ་ལྟ་བུར་སེམས་ཅན་རྣམས་ཤིན་ཏུ་ཡོངས་སུ་སྨིན་པར་བྱེད་ནུས་སམ། རིགས་ཀྱི་བུ་དེར་བདག་གིས་ནི་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་ རྒྱལ་མཚན་རྒྱལ་པོ་དེ་ལས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་མནོས་སོ། །མནོས་ནས་ཀྱང་དེ་བཞིན་གཤེགས་པ་དེ་ལ་བདག་གིས་མཆོད་པ་དང་། རིམ་གྲོ་རྣམ་པ་སྣ་ཚོགས་འདི་དག་བྱས་ཏེ། ཚུལ་ཁྲིམས་དང་། ཐོས་པ་དང་། བརྟུལ་ཞུགས་དག་ཀྱང་ སྤྱད་དོ། །དེའི་འོག་ཏུ་ཡང་སངས་རྒྱས་ཁྲི་སྙེད་ལ་དེ་ལྟ་བུའི་སྨོན་ལམ་དག་བཏབ་པ་དེས་ན་བདག་གིས་ད་ལྟར་བསྐལ་པ་བཟང་པོ་འདི་ལ་དཔལ་ཆེན་པོའི་གོ་འཕང་ཐོབ་པ་ཡིན་ནོ། །ད་ལྟར་བདག་འདིར་དོན་ཆེན་པོ་དེ་ལྟ་བུ་བགྱིད་པའི་ཚེ་མི་ཉལ་བ་དེ་ཅིའི་སླད་དུ་ཞེ་ན། དེ་ཚུན་ཆད་ཀླུ་ཁྲོ་བོ་ ཕལ་མོ་ཆེ་དག་བྱུང་བ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་མ་རུངས་པ་རྩུབ་པ། མ་དད་པ། སྙིང་རྗེ་མེད་པ། སྙིང་བརྩེ་བ་མེད་པར་ཞུགས་པ་ཕལ་མོ་ཆེ་དག་ལྷགས་པས་སྲོག་ཆགས་སུ་གྱུར་པ་རྣམས་ལ་གནོད་པ་དང་། ཡ་ང་བར་སྤྱོད་པ་དེ་དག་གིས་དུས་མ་ཡིན་པའི་རླུང་དང་། ཆར་མོ་ཆེ་དང་། ཐན་ཆེན་དང་། སེར་དྲག་འབེབས་པ་དང་། ཚ་བ་དང་། གྲང་བ་དག་འབྱིན་པར་བྱེད་དོ། །ཕྱི་དགྲ་དང་། ནང་འཁྲུག་དང་། ཕུང་བར་འགྱུར་བ་དང་། ཕས་ཀྱི་དམག་ཚོགས་ཀྱི་གནོད་པ་དང་། ཐབ་མོ་ དང་། ཉི་མས་གདུངས་པ་དང་། རླུང་དམར་དག་གཏོང་བར་བྱེད་དོ། །དེ་དག་ཀྱང་སྔོན་གྱི་རྒྱལ་བས་བྱིན་གྱིས་མ་བརླབས་ལ། དེ་དག་འཇིག་རྟེན་ཕ་རོལ་ལ་ཡང་མི་ལྟ་བས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་ལ་རི་མོ་མི་བྱེད་དེ། དེ་དག་སེམས་ཅན་རྣམས་ཀྱི་ས་ བོན་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། རོ་དང་། འབྲུ་དང་། སྨན་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དག་ཆུད་གཟོན་པར་བྱེད་དོ། །འཇིག་པར་བྱེད་དོ། །མདངས་འཕྲོག་པར་བྱེད་དོ། །དེ་དག་སའི་བཅུད་རྣམས་ལ་དབུགས་གཏོང་བར་བྱེད་ དེ། དེ་དག་གིས་སའི་བཅུད་རྣམས་སྐྱོན་དང་བཅས་པ་དང་། སྙིགས་མ་དང་བཅས་པ་དང་། ནད་དང་བཅས་པ་དང་། ལྡམ་ལྡུམ་གྱིས་འགགས་པ་དང་། རྩུབ་པ་དང་། རོ་མེད་པ་དང་། སྲ་བ་དང་། དྲི་མི་ཞིམ་པ་དག་ཏུ་བྱེད་དེ། དེ་དག་གིས་སེམས་ཅན་རྣམས་མངོན་པར་ དགའ་བར་མི་བྱེད་དོ། །སེམས་ཅན་གང་དག་སའི་བཅུད་འདི་ལ་རྟེན་པ་རྣམས། ས་བོན་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། རོ་དང་། འབྲུ་དང་། སྨན་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དག་ལ་སྤྱོད་པར་བྱེད་པས་དེ་དག་གིས་སེམས་འཇིག་རྟེན་ ཕ་རོལ་ལ་མི་ལྟ་ཞིང་སེམས་ཅན་རྣམས་ལ་སེམས་རྩུབ་པ་དང་། ཞེ་འགྲས་པ་དང་། གདུག་པ་དང་། སྡང་བ་དང་། སྙིང་རྗེ་མེད་པ་དང་། སྙིང་བརྩེ་བ་མེད་པར་ཞུགས་པ་ཡིན་ནོ། །ནད་སྣ་ཚོགས་ཀྱིས་གཟིར་ཅིང་གཟུགས་མི་སྡུག་ལ་ལུས་རྩུབ་པ། ཉོན་མོངས་པ་དང་། ནང་དུ་ མས་ཉམས་སྨད་པ། ལྟ་བ་ངན་པར་ཞུགས་པ། སྐྱབས་ངན་པ་ལ་རྟེན་པ་ཡིན་ནོ། །དེ་དག་ཅེས་བྱ་བ་ནས་རི་དགས་དང་བྱ་དག་གི་བར་དུ་དཀོན་མཆོག་གསུམ་ལ་དད་པ་དང་། དང་བ་དང་། དགའ་བ་དང་། བླ་མ་དང་། ཞེ་ས་དང་། རི་མོ་བྱེད་པའི་སེམས་དག་མ་ཐོབ་པ་ཡིན་ཏེ། དེ་ དག་ནད་སྣ་ཚོགས་དང་། ལྟ་བ་ངན་པས་ཟིན་ཅིང་ངན་གཡོ་ཅན་ཁར་བྲོས་པས་དཀོན་མཆོག་གསུམ་ལ་ལུས་དང་། ངག་ཡིད་འཁྲུལ་པར་སྤྱོད་པ་ཡིན་ནོ། །སྡིག་པའི་སེམས་དང་ལྡན་པ། ཚུལ་ཁྲིམས་འཆལ་པ་སྡོམ་པ་མ་ཡིན་པ་ལ་སྤྱོད་པ་དེ་དག་དགེ་སློང་ཚུལ་ཁྲིམས་དང་ ལྡན་ཞིང་ཡོན་ཏན་གྱིས་ཕྱུག་པ། སྤོབས་པ་གྲོལ་བ་དང་ལྡན་པ་དེ་དག་གིས་སྤོང་བར་བྱེད་དོ། །ད་ལྟར་འདི་ན་སེམས་ཅན་དག །གཤེ་བ་དང་། སྤྱོ་བ་དང་། སྨོད་པ་དང་། བཤུང་བ་དང་། ཉམས་པར་བྱེད་པ་དང་། བརྙས་པ་དང་། འདྲིད་པ་དང་། བསྡིགས་པ་ དང་། གྲགས་པ་མ་ཡིན་པར་སྤྱོད་པ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤངས་པ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་མངོན་པར་དགའ་བའི་སེམས་དང་ལྡན་པ་དང་། དགེ་བ་ཐམས་ཅད་ལ་སྤྱོད་པ་སྤངས་པའི་སེམས་དང་ལྡན་པ་དང་། བསོད་ནམས་ དང་ཤེས་རབ་དང་བྲལ་བ་དང་། ཚེ་ཐུང་ཞིང་ངན་སོང་དུ་འགྲོ་བ་དེས་ན་སེམས་ཅན་འདི་དག་ཐམས་ཅད་དེ་དག་གིས་ནི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་ཚིམ་པར་བྱེད་ཀྱང་མི་ནུས། ཡོངས་སུ་སྨིན་པར་བྱེད་ཀྱང་མི་ནུས་སོ། །འདི་ལྟར་སྐྱེས་བུ་དམ་པ་ཁྱོད་ནི་སངས་རྒྱས་ ཐམས་ཅད་ཀྱི་ཆོས་ལ་རག་མ་ལུས་པར་ཤེས་ཤིང་མཁས་པ་ཁྱོད་ནི་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་ཐམས་ཅད་ལ་རྣམ་པར་སྤྱོད་པ་ལ་མཁས་པའི་ཕ་རོལ་ཏུ་སོན་པ། སྙིང་རྗེ་དང་སྙིང་བརྩེ་བས་བརྒྱན་པ་མཁས་པ་ཆེན་པོ་ཤེས་པའི་ཕ་རོལ་ཏུ་སོན་པ་ཁྱོད་ནི་བྱང་ཆུབ་སེམས་ དཔའི་ཚོགས་ཐམས་ཅད་ཀྱི་ནང་ན་རྒྱལ་མཚན་གྱི་མཆོག་ཏུ་གྱུར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ཡིན་པས་ད་ཁྱོད་ཀྱིས་གླིང་བཞི་པ་འདིར་སྙིང་རྗེ་དང་སྙིང་བརྩེ་བ་དག་སྐྱེད་ཅིག །གླིང་བཞི་པ་འདི་ན་ཀླུ་ཁྲོ་བོ་དག་ཇི་ལྟར་བཟློག་པར་ནུས་པ་དང་། གནོད་སྦྱིན་དང་། སྲིན་ པོ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་ཁྲོ་བོ་དང་། ལུས་སྲུལ་པོ་ཁྲོ་བོ་དག་ཇི་ལྟར་བཟློག་པར་ནུས་པ་དང་། དེ་དག་ཅི་ནས་ཀྱང་དུས་སུ་ཆར་འབེབས་ཤིང་ཆུ་འབྱིན་པར་འགྱུར་བ་དང་། ལོ་ཏོག་ཕུན་སུམ་ཚོགས་པ་སྒྲུབ་པར་འགྱུར་བ་དང་། ཚ་བ་ དང་། གྲང་བ་དུས་སུ་སྦྱོར་བར་འགྱུར་བ་དག་བློས་རྟོགས་ཤིག་དང་། གཞི་དེས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་མི་ཉམས་ལ་སའི་བཅུད་ཐམས་ཅད་ལ་ཡང་སྐྱོན་མེད་པ་དང་། ནད་མེད་པ་དང་། སྙིང་པོ་དང་ལྡན་པ་དང་། དྲན་པའི་རྒྱུ་རྐྱེན་དང་། ཞིམ་པ་ དང་། དྲི་ཞིམ་པ་དང་། རོ་ཞིམ་པོ་ཕུན་སུམ་ཚོགས་པར་འགྱུར་རོ། །སའི་བཅུད་འདི་ལ་རྟེན་པའི་སེམས་ཅན་གང་དག་གི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ལ་ལོངས་སྤྱོད་པ་དེ་དག་ནི་ནད་མེད་པ་དང་། དྲན་པ་དང་ལྡན་པ་དང་ཞེས་བྱ་བའི་བར་དུ་སྔར་ཇི་སྐད་གསུངས་པ་ ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་དཔལ་ལྷ་མོ་ཆེན་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དཔལ་ཆོ་ག་ཤེས་བདག་གིས་ནི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཀྱི་འབྱུང་བ་ཆེན་པོ་མ་ལུས་པ་དག་ལྷའི་བདེ་བར་སྤྲུལ་ནས་འདིར་སེམས་ ཅན་རྣམས་བསྐལ་པ་འབུམ་ཕྲག་སྙེད་ཀྱི་བར་དུ་ལོངས་སྤྱོད་པར་བྱ་བར་ནུས་ཀྱང་། འདིར་སེམས་ཅན་རྣམས་ཀྱིས་ལོངས་སྤྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་འདི་དག་ནི་བསོད་ནམས་དང་བྲལ་བ་སྟེ། ལོངས་སྤྱོད་དང་ཉེ་བར་སྤྱོད་པ་རྒྱ་ཆེན་པོ་ དག་ལ་ལོངས་སྤྱོད་པའི་སྣོད་མ་ཡིན་ནོ། །བདག་གིས་ནི་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་ལྷའི་གཞལ་མེད་ཁང་རྒྱ་ཆེན་པོར་སྤྲུལ་པ་དང་། ལྷའི་གནས་མལ་དང་། རྒྱན་དང་། གོས་དང་། ལྷབ་ལྷུབ་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། འབྲས་ བུ་དང་། ཤིང་ལྗོན་པ་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། གླུ་དབྱངས་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དག་ཏུ་སྤྲུལ་པར་ནུས་ཀྱང་། འདིར་སེམས་ཅན་དེ་དག་བསོད་ནམས་དང་བྲལ་བས་སྣོད་དུ་མ་གྱུར་པའི་ཕྱིར་ལོངས་སྤྱོད་པར་མི་ནུས་ཏེ། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་དེ་དག་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པ་དག་ལོངས་སྤྱད་པར་སྤྱོད་པ་ནི་མ་གཏོགས་སོ། །བདག་གིས་སེམས་ཅན་གྱི་ཁམས་མ་ལུས་པ་ དག་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པར་གཞག་པར་ནུས་ན། འདི་ན་ཀླུ་ཁྲོ་བོ་ཞེས་བྱ་བ་ནས་ལུས་སྲུལ་པོ་ཁྲོ་བོ་ཞེས་བྱ་བའི་བར་དག་ཞི་བར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟར་བདག་ནི་དེ་བཞིན་གཤེགས་པས་མ་གནང་བར་བདག་གིས་རྫུ་འཕྲུལ་གྱི་ཡུལ་ དག་བསྟན་པ་ནི་ཚུལ་དང་འཐུན་པ་མ་ཡིན་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་མ་གནང་བར་བློན་པོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དག་གིས་དཔུང་གི་ཚོགས་ཡན་ལག་བཞི་པ་ཤོམ་པ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མ་ལུས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྲས་ཐུགས་ལས་སྐྱེས་པ། གསུང་ལས་སྐྱེས་པ། ཆོས་ལས་བྱུང་ཞིང་ཆོས་ཀྱིས་སྤྲུལ་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པས་མ་གནང་བར་རྫུ་འཕྲུལ་གྱི་ཡུལ་བསྟན་པར་ནི་ སུས་ཀྱང་མི་ནུས་སོ། །དཔལ་ཆོ་ག་ཤེས་འོན་ཀྱང་ཆུ་ཀླུང་ནོར་བུའི་གཞལ་མེད་ཁང་ཞེས་བྱ་བའི་གཟུངས་ཀྱི་ཚོགས་ཀྱི་རིག་སྔགས་དང་། གསང་སྔགས་ཀྱི་ཚིག་མདོར་བསྡུས་པ་དང་། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་དཀོན་མཆོག་གསུམ་ གྱི་གདུང་གི་བྱིན་གྱི་རླབས་ཀྱིས་རྣམ་པར་འཕྲུལ་པ་དག་ཡོད་ཀྱིས། དཔལ་ཆོ་ག་ཤེས་ད་དེ་བཞིན་གཤེགས་པ་དེ་ལ་ཚིག་དག་ཞུས་ཤིག་དང་། ད་དེ་བཞིན་གཤེགས་པས་ཁྱོད་ལ་ཆུ་ཀླུང་ནོར་བུའི་གཞལ་མེད་ཁང་ཞེས་བྱ་བའི་གཟུངས་ཀྱི་ཚོགས་ཀྱི་རིག་སྔགས་དང་། གསང་སྔགས་ ཀྱི་ཚིག་མདོར་བསྡུས་པ་དག་སྟོན་པར་འགྱུར་ཏེ། བདག་ཀྱང་རྗེས་སུ་ཡི་རང་ངོ་། །ཁྱོད་ཀྱིས་ཀྱང་བསམ་པ་ཐམས་ཅད་རྫོགས་པར་གྱིས་ཤིག །དེ་ནས་དཔལ་ལྷ་མོ་ཆེན་མོ་དང་། ལྷ་མོ་ཆེན་མོ་དབྱངས་ཅན་དང་། ལྷ་མོ་ཆེན་མོ་བརྟན་མ་དང་། ལྷ་མོ་ཆེན་མོ་འོད་བྱེད་དང་། ལྷ་མོ་ཆེན་མོ་གཟི་བརྗིད་ཅན་དང་། ལྷ་མོ་ཆེན་མོ་དགེ་ལྡན་དང་། ལྷ་མོ་ཆེན་མོ་ཏ་མ་ལའི་སྙིང་པོ་དང་། ལྷ་མོ་ཆེན་མོ་ཉི་མ་བདག་དང་། ལྷ་མོ་ཆེན་མོ་ཤེལ་ཅན་དང་། དེ་དག་ལ་སོགས་པ་ལྷ་གཞན་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་ མདུན་དུ་བདར་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དཔལ་ལྷ་མོ་ཆེན་མོས་དེའི་ཚེ་ཚིགས་སུ་བཅད་པས་གསོལ་པ། སྤྱོད་པ་རྣམ་དག་དྲི་མའི་དྲི་མེད་པ། །ཉི་མས་ཉོན་མོངས་རྙོག་སེལ་བསྟན་དུ་གསོལ། ། ཆུ་ཀླུང་གཟུངས་ཀྱིས་བདག་ཅག་སྐོམ་ལགས་ན། །བདེ་གཤེགས་གཟུངས་ཚོགས་ཞི་བགྱིད་བསྟན་དུ་གསོལ། །ཆུ་ཀླུང་རིག་སྔགས་གསང་སྔགས་ཚིག་རབ་མཆོག །ཐུབ་པ་རིན་པོ་ཆེ་ཡིས་བསྟན་དུ་གསོལ། །དེས་ན་རྙོག་ལྡན་ཀླུང་དག་དད་འགྱུར་བས། །ས་ཡི་བཅུད་ རྣམས་སླན་ཆད་ཆབ་མི་འཚལ། །དུས་མིན་རླུང་དང་ཉི་མས་གདུངས་པ་དང་། །རྡུལ་དང་ཐན་ཆེན་ཆེན་པོ་ཞི་བགྱིད་ལ། །ལོ་ཏོག་འབྲས་བུ་སུས་ཀྱང་མདངས་མི་འཕྲོག །གང་དག་སྲུང་བར་འགྱུར་བ་བསྟན་དུ་གསོལ། །དེས་ན་ནད་མེད་དྲན་དང་ལྡན་པ་དང་། ། དགེ་བ་དག་ལ་སྤྱོད་པར་གྱུར་ནས་ཀྱང་། །རྒྱལ་བའི་བསྟན་ལ་ལྟ་བ་ངན་པ་པོ། །ཡ་ང་བ་དག་རྣམ་པར་སྤོང་བར་འགྱུར། །རྒྱལ་བས་བདག་གི་སྙིང་ལ་མྱ་ངན་དང་། །ཉོན་མོངས་སེལ་བགྱིད་མདངས་ནི་འགྲུབ་པ་དང་། །གང་གིས་བདག་ནི་སེམས་ཅན་ ཐམས་ཅད་དག །ཡོངས་སྨིན་བགྱིད་པར་རྔོ་ཐོགས་བསྟན་དུ་གསོལ། །ཐུབ་པའི་ཐད་ན་ལྷ་རྣམས་འདི་དག་གསོལ་འདེབས་པ། །ཐེག་པ་ཆེན་པོ་ཟབ་མོའི་ལམ་ལ་གཞུག་ཏུ་གསོལ། །སེམས་ཅན་ཡོན་ཏན་ཕྱུག་པོ་འབྲས་བཅས་འདུས་པ་པོ། །ཕྱོགས་བཅུའི་བྱང་ ཆུབ་སེམས་དཔའ་ཁྱོད་ལ་བསྔགས་པ་བརྗོད། །ཆུ་བོ་ལེགས་འབབ་ལོ་ཏོག་མི་ཉམས་བགྱི་སླད་དུ། །སྡིག་ཅན་ཀླུ་རྣམས་བཟློག་ཕྱིར་འདི་དག་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཆོ་ག་ཤེས་འདུས་པ་རྣམས་ཀྱི་མདུན་དུ་དེ་བཞིན་ གཤེགས་པ་ནི་དུས་སུ་བྱིན་གྱིས་རློབ་པར་མཛད་ལ། དེ་བཞིན་གཤེགས་པ་ད་ནི་འདུས་པ་རྣམས་ཀྱི་ནང་དུ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་སྟོན་ཏོ། །ཕྱོགས་ བཅུ་ནས་འདིར་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་དེ་ཐོས་ནས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་སྟོང་པ་དེ་ན་སེམས་ཅན་རྣམས་ལ་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་རབ་ཏུ་སྟོན་པར་བྱེད་དོ། །གཟུངས་ཀྱི་ རྒྱུ་དེས་ན་དེར་དུས་མ་ཡིན་པའི་རླུང་དང་། ཉི་མས་གདུངས་པ་དང་། གྲང་བ་དང་། ཚ་བ་དང་། ཆར་མོ་ཆེ་དང་། ཐན་ཆེན་དག་རབ་ཏུ་ཞི་བར་བྱེད་དོ། །དེས་ན་དེར་འཇིག་རྟེན་ཕ་རོལ་ལ་མི་ལྟ་བའི་ལྷ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། མི་དང་། མི་མ་ཡིན་པ་དང་། ཐ་ན་རི་དགས་དང་། བྱ་མ་རུངས་པ། གཏུམ་པ། སེམས་ཅན་རྣམས་ལ་སྙིང་བརྩེ་བ་མེད་པ་དང་། སྙིང་རྗེ་མེད་པར་ཞུགས་པ་དག་དད་པ་ཅན་དུ་འགྱུར་རོ། །སེམས་ འཇམ་པར་འགྱུར་རོ། །དགེ་བ་དྲན་པར་འགྱུར་རོ། །ཆོས་ཚོལ་བ་ལ་འདོད་པར་འགྱུར་རོ། །ཆོས་སྲུང་བར་འགྱུར་རོ། །དཀོན་མཆོག་གསུམ་གྱི་གདུང་འབར་བ་བྱེད་པར་འགྱུར་རོ། །གཟུངས་འདིའི་མཐུས་དེ་ན་སེམས་ཅན་རྣམས་ཚེ་རིང་བར་འགྱུར་རོ། །ཁ་དོག་འཕེལ་ བར་འགྱུར་རོ། །ལོ་ཏོག་འཕེལ་བར་འགྱུར་རོ། །ལོངས་སྤྱོད་འཕེལ་བར་འགྱུར་རོ། །བདེ་བ་འཕེལ་བར་འགྱུར་རོ། །ནད་མེད་པ་འཕེལ་བར་འགྱུར་རོ། །གྲགས་པ་འཕེལ་བར་འགྱུར་རོ། །ཚུལ་ཁྲིམས་འཕེལ་བར་འགྱུར་རོ། །ཐོས་པ་འཕེལ་བར་འགྱུར་རོ། །གཏོང་ བ་འཕེལ་བར་འགྱུར་རོ། །བྱམས་པ་འཕེལ་བར་འགྱུར་རོ། །སྙིང་རྗེ་འཕེལ་བར་འགྱུར་རོ། །ཤེས་རབ་འཕེལ་བར་འགྱུར་རོ། །ཐབས་འཕེལ་བར་འགྱུར་རོ། །ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །གཟུངས་འཕེལ་བར་འགྱུར་རོ། །ས་རྣམ་པར་དཔྱོད་པ་འཕེལ་བར་ འགྱུར་རོ། །རྣམ་པར་སྤོང་བ་འཕེལ་བར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འཕེལ་བར་འགྱུར་རོ། །ཐེག་པ་ཆེན་པོའི་བསྔགས་པ་ཡོངས་སུ་འཕེལ་བར་འགྱུར་རོ། །སྨོན་ལམ་གྱི་ཁྱད་པར་འཕེལ་བར་འགྱུར་རོ། །ས་ནས་སར་འཕར་བ་འཕེལ་བར་འགྱུར་ རོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལྷག་པར་མཐོང་བ་འཕེལ་བར་འགྱུར་རོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་འཕེལ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རབ་ཏུ་འཛིན་པ་འཕེལ་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་ འདས་ཐམས་ཅད་རྟག་པར་དུས་སུ་དགོངས་པ་འཕེལ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་རྟག་ཏུ་དགེ་བའི་བཤེས་གཉེན་ཡིན་པར་འཛིན་པ་འཕེལ་བར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པས་རྣམ་ པར་རྩེ་བ་འཕེལ་བར་འགྱུར་རོ། །ཉོན་མོངས་པ་ཐམས་ཅད་སྐྱེ་ཞིང་འཕེལ་བ་དང་། ལས་འཕེལ་བ་དག་ལས་ཀུན་ནས་སྒྲོལ་བར་བྱེད་དོ། །མྱ་ངན་ལས་འདས་པ་བླ་ན་མེད་པ་ལ་ཐུག་པའི་བར་དུ་དགེ་བའི་ཆོས་ཐམས་ཅད་ཀྱིས་ཉམས་པར་མི་འགྱུར་རོ། །ཡོངས་སུ་ ཉམས་པར་མི་འགྱུར་རོ། །ཏད་ཡ་ཐཱ། སྭ་ར་བྲ་ཏེ། ན་ཡ་བྲ་ཏི། བིཥྛ་ཚ་ཏི། ཨ་ན་ཡ་བྲ་ཏི། ཤཱསྟཱ་ར་བྲ་ཏི། ཤཱ་ར་ཎ་བྲ་ཏི། ཀུ་མུ་ད་བྲ་ཏི། སན་ཙཱི་ར་བྲ་ཏི། ཚེ་ད་ས་ལ་བྲ་ཏི། ས་ར་བྲ་ཏེ། ས་ར་པ་རི་ཧཱ་རེ། ས་ར་བྲ་ཏ་པ་རི་ཧཱ་རེ། ནཱ་ཡ་ན་པྲ་ཏ་བ་རི་ཧཱ་རེ། བི་བི་ དྷེ་ཀ་པ་རི་ཧཱ་རེ། ཡཛྙཱ་པ་རི་ཧཱ་རེ། བིནྡུ་པ་རི་ཧ་རེ། ཛ་ལ་པ་རི་ཧཱ་རེ། ཀྵེ་ཏྲ་པ་རི་ཧཱ་རེ། དཀྵ་པ་རི་ཧཱ་རེ། ས་ན་ས་པ་རི་ཧཱུ་རེ། ཤྲ་བ་བཱ་ངྲཻ། གོ་མ་ཡ་བ་ཎེ། མ་ད་ས་ཁེ། སུ་ན་ཡཱ་བྷ་དྲ་ཛ་མེ་ལ། བན་དེ་ཨ་ར་ཎ་ཛཱུ་ཥེ། ཁ་ར་བ་ཛཱ་བྷེ། ནཱ་རཱ་ཡ་ཎ་བི་ཛ་བྷེ། ཨུ་ར་ག །ཨ་ནི་མི་ཥེ། ཀུ་ཛ་ར་བྷེ་མེ། ཛ་ཧ་ནི་མ་བྷེ། ཀརྨ་བི་ར་ལེ། ཤྲ་མ་ས་ལི་ལཻ། ཁ་ཌ་ག་ཤ་མེ། ཨ་སི་ནཱ་མེ། ཨགྣི་བྷ་དྲེ། ནངྒ་ཏུམྤུ་རེ། བཱ་ཡ་བེ། བ་རུ་ཎེ། ཀནྛ་ནི་བྲ། ཤ་ཀྲ་ཛྙཱ་ཡེ། ཨ་ནཱ་ཚེ་བྱེ་ནྲཱྀ་ན་ཡ། ནི་ལེ་ཏྲཻ་ཡདྡྷ། བུདྡྷ་ཨདྷི་ཥྛི་ཏེ་སྭཱ་ཧཱ། ནཱ་རཱ་ཡ་ནི་ནཱི་ལ་ཡེ་སྭཱ་ཧཱ། ཙཀྲ་ བརྟ་ཀྲ་མེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་བསྟན་མ་ཐག་ཏུ་དེ་ནས་དེའི་མོད་ལ་ས་ཆེན་པོ་གཡོས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་ཀྱི་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་ འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱང་འདར་ཤིག་ཤིག་སྟེ། འཁྲུགས་ཤིང་སྐྱོ་བ་སྐྱེས་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་འཛེར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ཆོ་ག་ཤེས་ ཁྱོད་ཀྱིས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་ནི་དེ་ལྟ་བུ་ཡིན་ཏེ། དེའི་མཐུས་རྩོད་པ་དང་། འཐབ་མོ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ཀླུ་ཁྲོ་བོ་དང་། མ་རུངས་པ་ཐམས་ཅད་ཞི་བར་བྱེད་དོ། །གནོད་སྦྱིན་དང་། མི་དང་། མི་མ་ཡིན་པ་དང་། ཐ་ན་རི་ དགས་དང་། བྱ་ཁྲོ་བོ་དང་། མ་རུངས་པ་ཐམས་ཅད་ཀྱང་ཞི་བར་བྱེད་དོ། །དུས་མ་ཡིན་པའི་རླུང་དང་། ཉི་མས་གདུངས་པ་དང་། གྲང་བ་དང་། ཚ་བ་དང་། ཐན་ཆེན་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ལོ་ཏོག་ཐམས་ཅད་འཕེལ་ཞིང་འགྲུབ་པར་བྱེད་དོ། །སེམས་ཅན་ རྣམས་ཚེ་རིང་བར་བྱེད་དོ། །ལོངས་སྤྱོད་འཕེལ་བར་བྱེད་དོ། །ལས་འཕེལ་བ་སྒྲོལ་བར་བྱེད་པའི་བར་དུ་བྱེད་དོ། །མྱ་ངན་ལས་འདས་པ་བླ་ན་མེད་པ་ལ་ཐུག་གི་བར་དུ་དགེ་བའི་ཆོས་ཐམས་ཅད་ཀྱིས་ཉམས་པར་མི་འགྱུར་རོ། །ཡོངས་སུ་ཉམས་པར་མི་འགྱུར་རོ། །ལ་ལ་ཞིག་གཟུངས་ ཆེན་པོ་འདི་ཉན་ཏམ། ཀློག་གམ། སྒྲུབ་པར་བྱེད་ན་དེ་ཕྱིས་འགལ་བ་མེད་པའི་ཆོས་དང་། སྡོམ་པ་གསུམ་ལ་གནས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་འདིར་བདག་གིས་ཀྱང་མཚོན་ཆའི་སྟོབས་ཞེས་བགྱི་བའི་ གཟུངས་ཆེན་པོ་བཤད་པར་བགྱིའོ། །མཚོན་ཆའི་སྟོབས་ཞེས་བགྱི་བའི་གཟུངས་དེས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱི་ཆེད་དུ་སའི་བཅུད་ཐམས་ཅད་ཉམས་པར་མི་འགྱུར་ལགས་སོ། །ཡོངས་སུ་ཉམས་པར་མི་འགྱུར་ལགས་སོ། ། སའི་བཅུད་ཀྱི་མདངས་རྣམས་གང་གིས་ཀྱང་དབྲོག་པར་རྔོ་མི་ཐོགས་ལགས་སོ། །དབུགས་གདུག་པ་གཏོང་བའམ། བསྐམ་པར་ཡང་རྔོ་མི་ཐོགས་ལགས་སོ། །རྩུབ་པ་དང་། རོ་མ་མཆིས་པར་བགྱི་བར་རྔོ་མི་ཐོགས་ལགས་སོ། །ཉམས་པ་དང་མ་མཆིས་པར་བགྱི་བར་ རྔོ་མི་ཐོགས་ལགས་སོ། །དོག་ས་ལས་ལོ་ཐོག་མི་འཁྲུང་བར་བགྱི་བར་རྔོ་མི་ཐོགས་ལགས་སོ། །རྩུབ་པ་དང་། རོ་མ་མཆིས་པར་བགྱི་བར་རྔོ་མི་ཐོགས་ལགས་སོ། །ལོ་ཏོག་གི་ས་བོན་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་ དང་། སྨན་རྣམས་ཀྱི་མདངས་འཕྲོག་པར་རྔོ་མི་ཐོགས་ལགས་སོ། །དེ་ལ་དབུགས་གདུག་པ་གཏོང་བའམ། བསྐམ་པར་ཡང་རྔོ་མི་ཐོགས་ལགས་སོ། །རྩུབ་པའམ། རོ་མ་མཆིས་པར་བགྱི་བ་ཡང་རྔོ་མི་ཐོགས་ལགས་སོ། །མ་སྨིན་པ་རྣམས་ཆབ་སྩལ་བར་ ཡང་རྔོ་མི་ཐོགས་ལགས་སོ། །ལྷགས་པ་དང་། ཚ་བ་དག་གིས་ཚིག་པ་དང་། འཚལ་དུ་མི་རུང་བར་བགྱི་བར་རྔོ་མི་ཐོགས་ལགས་སོ། །འཚལ་བ་ཙམ་གྱིས་སེམས་ཅན་ལ་ལའི་ལུས་ལ་དབུགས་གདུག་པ་གཏང་བར་རྔོ་མི་ཐོགས་ལགས་སོ། །གཞི་དེ་ལྟ་བུ་ལས་ སེམས་ཅན་རྣམས་ཀྱིས་ཟས་འཚོལ་བ་སློན་ནས་ལྟ་བྲོ་འཚལ་བ་དང་། ཡན་ལག་དང་ཉིང་ལག་བྲོ་འཚལ་ཅིང་འཁུམས་པར་བགྱི་བར་རྔོ་མི་ཐོགས་ལགས་སོ། །རིམས་ནད་དང་། བརྗེད་བྱེད་དང་། སེམས་གཡེངས་པ་དང་། དྲན་པ་ཉམས་པར་བགྱིད་པར་རྔོ་མི་ ཐོགས་ལགས་སོ། །ཕན་ཚུན་ཐབ་མོ་དང་དམག་བགྱིད་པར་རྔོ་མི་ཐོགས་ལགས་སོ། །ཁ་ཅིག་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་མི་སྦྱོར་བ་ནས་ལོག་པར་ལྟ་བ་ལ་མི་སྦྱོར་བའི་བར་གྱི་ཆོས་དེ་དག་གིས་སེམས་ཅན་རྣམས་ཀྱི་སེམས་ལ་སྦྱོར་ལ། ལྷ་དང་། ཀླུ་ དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། མི་འམ་ཅི་དང་། དྲི་ཟ་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། མི་དང་མི་མ་ཡིན་པ་དག་གིས་ཀྱང་སེམས་ཅན་རྣམས་ལ་གནོད་པ་དེ་ལྟ་བུ་དག་བགྱི་བར་རྔོ་མི་ཐོགས་ལགས་སོ། ། ཏད་ཡ་ཐཱ། ནཱ་བི། མ་ཧཱ་ནཱ་བི། ཀྵུ་ཀྵ་ར་ནཱ་བེ། ཨ་བིང་གུ། ནཱ་བེ། སང་ཤོ་ཥ་ཎ། ནཱ་བེ། ནི་རཱ་ཛ་ཁ་བེ། ཨ་བ་ར་མུ་ནི། ཏ་རུ་ཎ་རུ་ཧེ། ན་རཱ་པད་ཏྲེ། ཛ་བ་པྲ་མེ། མཱ་སུ་ར་ཏྲེ། ཏི་མི་ར་པད་ཏྲེ། ཁཎ་ཌ་ནི་ར་ཧཱ་རེ། ཙཀྵོ་བྷ་སེ། ག་ཎ་བི་མེ། ཀྵི་ཏི། ཏྭོ་ཡེ་སྭཱ་ཧཱ། ཨང་ གུ་རཀྵེ་སྭཱ་ཧཱ། པུཥྤ་མ་ཡེ་སྭཱ་ཧཱ། ཕ་ལ་ནི་མ་བྷེ་སྭཱ་ཧཱ། ན་མོ་ཏོ་ཡེ་སྭཱ་ཧཱ། ཤ་རཱི་ར་ན་བ་ཀྲ་མ་བཱི་ཥ་སྭཱ་ཧཱ། དཔལ་ཆོ་ག་ཤེས་ཁྱོད་ཀྱི་མཚོན་ཆའི་སྟོབས་ཞེས་བྱ་བའི་གཟུངས་ཆེན་པོ་ནི་དེ་ཡིན་ཏེ། མཚོན་ཆའི་སྟོབས་ཞེས་བྱ་བའི་གཟུངས་ཆེན་པོའི་མཐུ་དེས་ནི་སེམས་ཅན་ རྣམས་ལ་དེ་ལྟ་བུར་རྒྱས་པར་བྱེད་དོ། །བདེ་བ་ཆེན་པོ་སྐྱེད་པར་བྱེད་དོ། །རྒྱུ་དེས་ན་དེས་སེམས་ཅན་རྣམས་མྱུར་དུ་འདུལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དེ་ལ་ཐམས་ཅད་དང་ལྡན་པའི་འཁོར་ལྷགས་པ་རྣམས་ཀྱིས་ཀྱང་ལེགས་སོ་ ཞེས་བྱ་བ་བྱིན་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་སེམས་ཅན་རྣམས་ཀྱི་རྩི་སྨན་ཡིན་ཞིང་སེམས་ཅན་རྣམས་ཀྱི་སྨན་པར་གྱུར་པའོ། །འདི་ལྟར་གླིང་བཞི་པ་འདིའི་སེམས་ཅན་ ཐམས་ཅད་ཀྱི་འབྲུ་དང་། རྩི་སྨན་ཡིན་ཞིང་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །བདེ་བར་སྦྱར་བ་ཐམས་ཅད་སྦྱིན་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ཀུན་ནས་སློང་བ་དང་མཚུངས་པར་ལྡན་པའོ། །མཚོན་ཆའི་སྟོབས་ཞེས་བྱ་བའི་གཟུངས་ཆེན་པོ་ཤིན་ཏུ་ཟབ་པ་དེ་ལྟ་བུ་སྟོན་ པ་ཡིན་ནོ། །གཟུངས་ཆེན་པོ་དེས་ནི་འདི་ན་སེམས་ཅན་རྣམས་ཀྱི་སའི་བཅུད་ཀྱི་མདངས་དང་། ས་བོན་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་དང་། རོ་དང་། འབྲུ་དང་། སྨན་རྣམས་མི་ཉམས་ཤིང་སྐྱོན་མེད་ལ་འཕེལ་ཞིང་འབྱོར་པར་བྱེད་དོ། །སེམས་ཅན་གང་དག་ གིས་ཟོས་པ་དེ་དག་གི་རྒྱུད་ལ་རྩོད་པའི་རྙོག་པ་ཐམས་ཅད་ཞི་བར་བྱེད་དོ། །འདིར་སེམས་ཅན་རྣམས་དགེ་བའི་ཆོས་ཐམས་ཅད་ལ་སྤྱོད་པར་འགྱུར་རོ། །གླིང་བཞི་པ་འདིར་དུས་མ་ཡིན་པའི་རླུང་དང་། ཉི་མས་གདུངས་པ་དང་། ཚ་བ་དང་། གྲང་བ་དང་། ཆར་མོ་ཆེ་དང་། ཐན་ཆེན་དང་། ཟླ་བ་དང་། ཉི་མ་དང་། གཟའ་དང་། རྒྱུ་སྐར་དང་། ཉིན་མཚན་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། ལོ་དང་། དུས་ཚིགས་ལོག་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །གཟུངས་ཆེན་པོ་བསྟན་པ་དེས་ནི་ངའི་དཀོན་མཆོག་གསུམ་གྱི་གདུང་དང་། ཆོས་ཀྱི་ ཚུལ་ཡུན་རིང་དུ་གནས་པར་འགྱུར་རོ། །གལ་ཏེ་འདིར་མུན་པ་ཅན་སྐལ་བ་ཆུང་བ། རྒྱགས་པ་དང་། དྲེགས་པས་ཁེངས་ཤིང་དགེ་བའི་རྩ་བ་མ་བསྐྱེད་པ། རྒྱལ་རིགས་གདོལ་པ་དང་། བློན་པོ་གདོལ་པ་དག་གིས་འདི་ལྟར་ངའི་བསྟན་པ་དཀའ་བས་བསྒྲུབས་པ་དང་། ངའི་ དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ལ་འཚེ་བར་བྱེད་པ་ནས་རྒྱུ་དེས་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དག་འཁྲུག་པར་མི་བྱེད་པའི་བར་དུའོ། །དེ་བཞིན་དུ་སེམས་ཅན་རྣམས་ལ་བདེ་བར་སྦྱར་བ་ཐམས་ཅད་འབྱུང་བ་ནི་སྔར་ཇི་སྐད་གསུངས་པ་བཞིན་ནོ། །འདུས་ པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་བཅོ་ལྔ་པ་རིའི་སྙིང་པོའི་ལེའུ་ལས་ཐན་ཆེན་རབ་ཏུ་ཞི་བར་བྱེད་པའི་མཚོན་པ་སྟེ་གསུམ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ལྷ་མོ་ཆོ་ག་ཤེས་སྔོན་དེ་བཞིན་ གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོའི་སྤྱན་སྔར་བདག་ཅག་གཉིས་ཀྱིས་ཕན་ཚུན་དམ་བཅས་པ་དེ་བཞིན་དུ། བདག་ཅག་གཉིས་ཀྱི་བསམ་པ་ཡོངས་སུ་རྫོགས་ཤིང་གྲུབ་བོ། །དེ་ནས་དཔལ་ལྷ་མོ་ཆེན་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ ལྡན་འདས་དེ་ལྟ་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་དེ་ལྟ་ལགས་ཏེ། སྐོལ་གྱི་བསམ་པ་རྫོགས་ལགས་སོ། །སྔོན་སྐོལ་གྱིས་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོའི་སྤྱན་སྔར་ཕན་ཚུན་དམ་བཅས་པ་བཞིན་འདི་ལྟར་སྐོལ་གྱི་བསམ་པ་ ཡོངས་སུ་གྲུབ་སྟེ། ད་ལྟར་ཁྱོད་ཉིད་ནི་དེ་བཞིན་གཤེགས་པ་སྟེ་འཇིག་རྟེན་དུ་བྱུང་ལ། ད་ལྟར་བདག་གིས་ནི་དཔལ་གྱི་གོ་འཕང་ཐོབ་པ་ལགས་སོ། །ད་ལྟར་བདག་གིས་སེམས་ཅན་རྣམས་ལ་སེམས་ཅན་ཡོངས་སུ་སྨིན་པར་རྔོ་མི་ཐོགས་པར་གྱུར་པ་དེ་ཅིའི་སླད་དུ་ཞེ་ན། འདི་ ན་ཀླུ་གླང་པོ་ཆེ་ལྟ་བུ་དང་། ཀླུ་རྟ་ལྟ་བུ་དང་། ཀླུ་སྦྲུལ་ལྟ་བུ་དང་། ཀླུ་ཉ་ལྟ་བུ་དང་། ཀླུ་སྦལ་པ་ལྟ་བུ་དེ་དག་དུས་འདིར་ཡང་བསྒྲུབ་པར་བགྱིད་ལགས་སོ། །བདག་གིས་འཇིག་རྟེན་སྣང་བར་བྱེད་པ་ཟབ་མོ་དག་བསྟན་པ་ན་གང་དག་དུས་མ་ལགས་པའི་ལྷགས་པ་དང་། ཚ་བ་ དང་། སྤྲིན་དང་། ཁུག་རྣ་དང་། རྫི་ཆར་དང་། ཆར་མོ་ཆེ་དང་། ཐན་ཆེན་དག་འབྱུང་བར་བགྱིད་པ། སེམས་ཅན་རྣམས་ཀྱི་ལོ་ཏོག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་རྣམས་མ་རུང་བར་བགྱིད་པའི་ཀླུ་དང་། ཀླུ་ཆེན་པོ་དེ་དག་མ་ བསྐྲད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དུས་འདིར་ད་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ན་ཀླུ་དང་། ཀླུ་ཆེན་པོ་དང་། ཀླུའི་འཁོར་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། གླིང་བཞི་པ་འདི་ན་གང་ཁ་ཅིག་ཀླུའི་སྐྱེ་གནས་པ་ དེ་དག་ཐམས་ཅད་ད་ལྟར་འདིར་མཆིས་པ་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ད་ལྟར་འདུས་པ་ཆེན་པོ་འདིར་མཆིས་པ་རྣམས་དང་། ད་ལྟར་འདིར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་ པོ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་འདུས་པ་ཐམས་ཅད་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་དང་། མི་དང་མི་མ་ཡིན་པ་དེ་དག་ད་ལྟར་འདུས་པ་ཆེན་པོ་འདིར་ ཆོས་ཉན་པའི་སླད་དུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་པའི་སེམས་ཅན་དེ་དག་ཐམས་ཅད་ཟས་བཞི་ལ་རྟེན་ཅིང་འཚོ་བར་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ད་ལྟའི་དུས་སུ་ཀླུ་ཁྲོ་བོ་ཕུང་བར་བགྱིད་པ་དག་ཞི་བར་མཛད་དུ་གསོལ། གང་དག་ཀླུ་ཁྲོ་ བོ་རྣམས་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་མངོན་པར་མ་དད་པས་རྟག་པར་ཡང་སྒྲུབ་པར་བགྱིད་པ། སེམས་ཅན་རྣམས་ལ་ཐོ་འཚམས་པ། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་པ་དང་ཉེ་བར་སྤྱོད་པ་དག་མ་རུང་བར་བགྱིད་པ། འཇིག་རྟེན་ཕ་རོལ་ལ་མི་ལྟ་བ། སེམས་ཅན་ རྣམས་ལ་སྙིང་བརྩེ་བ་མ་མཆིས་ཤིང་སྙིང་རྗེ་མ་མཆིས་པར་ཞུགས་པ། སྡང་བ། རྩུབ་པ་ལགས་ཏེ། བདག་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལ་བར་ཆད་བགྱིད་པ་ལགས་པས། དེ་དག་གི་དོན་དུ་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་བསྐྱེད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་དག་གི་སྡིག་པ་དེ་ཐམས་ཅད་ཞི་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་གནས་ན་གནས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་སྙིང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མར་ མེ་མཛད་ཀྱི་སྤྱན་སྔར་ཀླུ་ཡོངས་སུ་སྨིན་པར་བརྩོན་པས་སྨོན་ལམ་བཏབ་པ་ཅི་འདྲ་ཞེ་ན། སྔོན་དང་། ད་ལྟར་དང་། མ་འོངས་པའི་དུས་ཀྱི་ཀླུ་དང་། ཀླུ་ཆེན་པོ་ཀླུ་ཁྲོ་བོ་སྐྱེ་གནས་བཞི་པ་དག་དབུགས་གདུག་པ་དང་། ཀླུ་རྣམས་ཀྱི་མིག་གདུག་པ་དང་། རེག་པ་གདུག་པ་དང་། ལྕེ་གདུག་པ་དང་། འདོད་ཆགས་ཀྱི་དུག་དང་། ཞེ་སྡང་གི་དུག་དང་། གཏི་མུག་གི་དུག་དང་། ཀླུ་ཁྲོ་བོ་རྣམས་ཀྱི་སྡིག་པའི་ཆོས་དག་ཅི་ནས་ཀྱང་ཆོས་དང་ལྡན་པས་བསལ་བར་ནུས་པར་བྱའོ། །ཅི་ནས་ཀྱང་ཀླུ་ཁྲོ་བོ་དེ་དག་གིས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་། ཡོ་བྱད་སྣ་ཚོགས་དང་ལྡན་པ་རྣམས་ལ་གནོད་པར་མི་འགྱུར་བར་བྱའོ། །དཀོན་མཆོག་གསུམ་པོ་དེ་དག་ལ་དད་པ་དང་། དང་བ་དང་། དགའ་བ་ཐོབ་པར་བྱའོ། །འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་བཅས་ཤིང་སྡིག་པའི་ཆོས་རྣམས་དང་འབྲལ་བར་ འགྱུར་བར་བྱའོ་ཞེས་སྨོན་ལམ་བཏབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་གང་དག་ཀླུ་ཁྲོ་བོ་དེ་དག་ནི་གནས་དེར་ཞུགས་ཏེ་མཆིས་ ནས་ཀླུ་རྣམ་པར་བསྒྱིངས་པའི་གནས་ཞེས་བགྱི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གནས་པར་བགྱི་ལགས་སོ། །ཏིང་ངེ་འཛིན་གྱི་མཐུས་བདག་གིས་དེ་དག་གི་ཁྲོ་བ་དང་། ང་རྒྱལ་དང་། དྲེགས་པ་དང་། འདོད་ཆགས་དེ་དག་ཉེ་བར་ཞི་བར་བགྱི་ལགས་སོ། །དེ་དག་འཇམ་ པ་དང་། སྣོད་དུ་རུང་བ་དང་། སེམས་ཞི་བར་འགྱུར་བ་དང་། སེམས་འཇིག་རྟེན་ཕ་རོལ་ལ་ལྟ་བར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་སེམས་བྱམས་པ་དང་། སྙིང་རྗེ་བ་དང་། སྙིང་བརྩེ་བ་དང་། སེམས་བརྩེ་བ་ཅན་དུ་འགྱུར་བར་བགྱི་ལགས་སོ། །ཀླུ་ཁྲོ་བོ་དང་། ཀླུ་མ་རུངས་པ་རྣམས་དད་པར་འགྱུར་བར་བགྱི་ལགས་སོ། །སེམས་ཅན་ཐམས་ཅད་ལ་མི་འཚེ་ཞིང་སྙིང་བརྩེ་བ་ཅན་གྱི་སེམས་ཀྱི་ས་ལ་གནས་པར་བགྱི་ལགས་སོ། །གཞན་ཡང་གང་དག་རྫི་ཆར་དང་། ཆར་མོ་ཆེ་དང་། ཐན་ཆེན་དང་། སྤྲིན་དང་། སྤྲིན་ཆེན་དང་། ལྷགས་པ་དང་། ཚ་བ་དག་གིས་གནོད་པར་གྱུར་པའི་སེམས་ཅན་དེ་དག་གིས་ཐལ་མོ་སྦྱར་ཏེ། བདག་གི་མིང་བརྗོད་ནས་འདི་སྐད་དུ་རིའི་སྙིང་པོ་ཐུགས་རྗེ་རྒྱ་ཆེ་བ། ཀླུ་ཡོངས་སུ་སྨིན་པར་མཛད་པ། བདག་ཅག་དྲན་ལགས་སོ། །དྲན་ལགས་སོ། །བླ་ན་མེད་པའི་བྱང་ཆུབ་ ལ་སྤྱོད་པར་མཛད་པ། ཐབས་དང་ཡེ་ཤེས་སྣ་ཚོགས་ལ་བརྩོན་པས་མི་སྤྱོད་ལགས་སམ། བདག་ཅག་སྡུག་བསྔལ་ལས་ཐར་བར་མཛད་དུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་སྨྲ་བ་དག་གིས་འདི་སྐད་དུ་བརྗོད་པར་བགྱིའོ། །ཏདྱ་ཐཱ། སྟམ་བྷ་བྷུ་ཛ། བི་རེ་ཌུ་བྷུ་ཛ། གོ་གྷ་བི་རེ་ཛྲ་བྷུ་ཛ། མེ་རུ་བྷུ་ཛ། ག་ཏུ་བ་བྷུ་ཛ། ཧཱུཾ་ཧཱུཾ། ཨ་ནེ་བ་བྷུ་ཛ། སྨ་ར་བྷུ་ཛ། སྨ་ར་ཨ་བརྟ་བྷུ་ཛ། ནི་མ་བ་བྷུ་ཛ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་སེམས་ཅན་གང་ཁ་ཅིག་ཀླུ་ཁྲོ་བོ་དེ་དག་གི་རྒྱུས་གནོད་པ་དག་གིས་གནོད་པ་བགྱིས་པར་གྱུར་པ་དེ་ལྟ་བུ་དེ་དག་གིས་བདག་ གི་མིང་ནས་བརྗོད་པར་བགྱི་ཞིང་། ཀླུ་ཁྲོ་བོ། ང་རྒྱལ་ཅན། དྲེགས་པ། ཕྲག་དོག་དང་། འདོད་ཆགས་ཀྱི་སེམས་ཞི་བར་བགྱི་བའི་སླད་དུ་གསང་སྔགས་འདོན་པ་ན་བདག་གིས་ལྷའི་རྣ་བ་རྣམ་པར་དག་པ་མི་ལས་འདས་པས་ཐོས་ནས་སྐྱེ་གནས་བཞི་པའི་ཀླུ་དང་། ཀླུ་ཆེན་པོ་ དང་། ཀླུ་རྒན་པོ་དང་། ཀླུའི་བུ་དང་། ཀླུའི་འཁོར་རྣམས་དད་པར་མ་བགྱིས་སམ། དུས་མ་ལགས་པར་དོན་ཆེད་ཡ་ང་བ་ལ་ཞུགས་པ་དག་མ་བཟློག་གམ། དེའི་ཚེ་དུས་མ་ལགས་པའི་ཆར་མོ་ཆེ་དང་། ཐན་ཆེན་དང་། དུས་མ་ལགས་པའི་ལྷགས་པ་དང་། ཚ་བ་ དང་། རླུང་དང་། སྤྲིན་དང་། འཁྲུག་པ་དག་རབ་ཏུ་ཞི་བར་མ་བགྱིས་སམ། བདག་གིས་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སེམས་ཅན་དེ་དག་གི་བསམ་པ་དག་ཡོངས་སུ་རྫོགས་པར་མ་བགྱིས་ན། བདག་གིས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ ཅད་བསླུས་པར་གྱུར་ཅིག །བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་སྔོན་འདི་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་འཁོར་ཚོགས་པ་དང་བཅས་ པའི་སྤྱན་སྔར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་སྨོན་ལམ་བརྟན་པོར་བཏབ་སྟེ། ཤིན་ཏུ་གནས་པར་གྱུར་ལགས་སོ། །དེའི་འོག་ཏུ་ཡང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་འཚོ་ཞིང་གཞེས་པ་འཁོར་ཚོགས་ པ་དང་བཅས་པའི་སྤྱན་སྔར་སྨོན་ལམ་བརྟན་པོ་འདི་ལྟ་བུ་དག་བཏབ་སྟེ། བདག་གིས་དེར་རྟག་པར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་ཕ་རོལ་གནོན་པའི་བརྩོན་འགྲུས་ཆེན་པོས་ཤིན་ཏུ་བརྟན་པར་གནས་པར་བགྱིའོ་ཞེས་བརྩོན་པར་བགྱིས་ལགས་སོ། །ད་ལྟར་ བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡང་ཀླུ་ཁྲོ་བོ་རྣམས་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་རྩོལ་བ་བརྟན་པོར་བགྱིས་ལ། བདག་གིས་དེ་ལྟ་བུའི་རྩོལ་བ་བརྟན་པོས་བརྩོན་འགྲུས་བརྩམས་པ་ནི་བསྐལ་པ་གྲངས་མ་མཆིས་པར་སྐད་ཅིག་ཙམ་ཡང་བཏང་མ་མྱོང་ ལགས་སོ། །བདག་གིས་རྟག་པར་ཕ་རོལ་གནོན་པའི་རྩོལ་བ་དང་། བརྩོན་པ་བརྟན་པོས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་ལགས་པ་རྣམས་ཀྱང་ཡང་ཡོངས་སུ་སྨིན་པར་བགྱི་ལགས་སོ། །གཞན་ཡང་བདག་གིས་ཀླུའི་དབང་པོ་དག་ཐེག་པ་ཆེན་པོའི་སྤྱོད་པ་ ལ་བརྩོན་པར་བགྱིས་ལགས་ཏེ། ཀླུ་གླང་པོ་ཆེ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཤིན་ཏུ་རབ་གནས་འདི་དང་། ཀླུ་སྦྲུལ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་དགའ་བོ་དང་། བསྙེན་དགའ་བོ་འདི་གཉིས་དང་། ཀླུ་རྟ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་མ་དྲོས་པ་འདི་དང་། ཀླུ་ ཉ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཆུ་ལྷ་དང་། ཀླུ་སྦལ་པ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཡིད་བཟངས་འདི་རྣམས་ཏེ། ཀླུ་དེ་ལྟ་བུ་དག་ནི་སེམས་ཅན་རྣམས་ལ་གནོད་པ་བགྱིད་པར་རྔོ་ཐོགས་པ་དག་གོ། །ཀླུའི་རྒྱལ་པོ་གཞན་དེ་ལྟ་བུ་དེ་དག་ཀྱང་རང་རང་གི་མཐུས་ སེམས་ཅན་རྣམས་ལ་དེ་ལྟ་བུར་གནོད་པ་བགྱིད་པར་རྔོ་ཐོགས་པ་དག་གོ། །འདི་ལྟར་ཐེག་པ་ཆེན་པོ་ལ་རབ་ཏུ་ཞུགས་པའི་རྒྱལ་པོ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་སོ་སོ་རང་རང་གི་འཁོར་དང་། དཔུང་གི་ཚོགས་རྣམས་དུས་མ་ལགས་པར་དེ་ལྟ་བུར་ཡ་ང་བ་བསྒྲུབས་པས་ རང་རང་གི་འཁོར་རྣམས་བསྐྱོད་པར་བགྱིད་ལགས་སོ། །འདི་ལྟར་འདིར་བཅོམ་ལྡན་འདས་ཀྱི་བསྟན་པ་ཆོས་སྒྲོན་མ་དང་། དཀོན་མཆོག་གསུམ་གྱི་གདུང་མྱུར་དུ་མི་འཆད་པར་བགྱི་བའི་སླད་དུ་འཁོར་དེར་མཆིས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རིའི་སྙིང་པོ་ཀླུའི་དྲང་སྲོང་ལ་ལེགས་ས་ཞེས་བགྱི་བ་སྩལ་ཏོ། །དེའི་ཚེ་ཀླུའི་རྒྱལ་པོ་ཤིན་ཏུ་རབ་གནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ལ་རྟེན་ པའི་ཀླུ་དང་། ཀླུའི་རྒྱལ་པོ་གང་དག་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་དང་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བའི་ཀླུ་དེ་དག་གང་ན་བཅོམ་ལྡན་འདས་ཀྱི་འཁོར་ཉན་ཐོས་རྣམས་དང་། འཁོར་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕན་ཚུན་བྱམས་པའི་སེམས་དང་ ལྡན་པ་དང་། ཡུལ་འཁོར་དེར་ཤ་ཁོན་མ་མཆིས་པའི་སེམས་ཀྱིས་གནས་པར་འགྱུར་ལགས་སོ། །གནོད་སེམས་མ་མཆིས་པ་དང་། སེམས་མཉམ་པས་གནས་པར་འགྱུར་ལགས་སོ། །གང་དག་ཡུལ་འཁོར་དེའི་རྒྱལ་པོ་དེ་དག་ཀྱང་། བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་སེམས་ཤིན་ཏུ་དད་པར་འགྱུར་ལགས་སོ། །དེ་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ཡང་འཛིན་པར་འགྱུར་ལགས་སོ། །དབང་ཕྱུག་གིས་རྒྱགས་པ་དང་དྲེགས་པས་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་མི་འགྱུར་ལགས་སོ། །དགེ་སློང་དང་། དགེ་སློང་མ་ དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ལ་འཚེ་བར་མི་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་སླད་དུ་རབ་ཏུ་བྱུང་ནས་སྐྲ་བྲེགས་ཏེ་གོས་ངུར་སྨྲིག་བགོས་པ། སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པ་ལྷག་པའི་བསམ་པ་ཅན་རྣམས་ཀྱང་བཅོམ་ལྡན་འདས་ ཀྱི་བསྟན་པ་འཛིན་པར་བགྱིད་ལགས་སོ། །གཞན་ཡང་ཡུལ་འཁོར་དེ་ན་གང་དག་མི་རྣམས་བཅོམ་ལྡན་འདས་ཀྱི་བསྟན་པ་དེའི་ཚེར་མར་གྱུར་པ་དེ་དག་ཆོས་དང་ལྡན་པས་སྐྲོད་པར་བགྱིད་ལགས་སོ། །དེ་ནས་ཡུལ་འཁོར་དེར་དགེ་སྦྱོང་དང་། བྲམ་ཟེ་བསོད་སྙོམས་པ་ རྣམས་ལ་སྔོན་གྱི་རྒྱལ་པོ་དག་གིས་སྔོན་ལྷག་པའི་བསམ་པས་སྦྱིན་པ་ཕུལ་བ་རྣམས་རྒྱལ་རིགས་དགེ་བས་འཕྲོག་པར་མི་བགྱིད་ལ། རྒྱལ་རིགས་དགེ་བ་བློན་པོ་དང་། མདུན་ན་འདོན་དང་། སྐྱེ་བོ་དམག་མི་རྣམས་དང་བཅས་པས་ཚོགས་སྦྱོར་བ་ནི་དོན་ཆེད་ལ་བརྩོན་པ་ ལགས་སོ། །སྙིང་པོ་བླངས་པ་ལགས་སོ། །ལག་བརྐྱང་ནས་ལྷུག་པར་གཏོང་བ་ལགས་ཏེ། རྒྱལ་རིགས་དགེ་བ་དེ་ཡུལ་འཁོར་དང་བཅས་པར་སྲུང་བར་བགྱི་ལགས་སོ། །ཡོངས་སུ་བསྐྱང་བར་བགྱི་ལགས་སོ། །དེའི་ཡུལ་ཕྱོགས་ན་རྩོད་པའི་རྙོག་པ་ཐམས་ཅད་ དང་། སོ་སོའི་འཁོར་དག་སྔར་ཇི་སྐད་བསྟན་པ་བཞིན་བསྐྲད་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་གོས་ངུར་སྨྲིག་ཁ་བསྒྱུར་བ་འདི་ནི་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ རྣམས་ཀྱི་རྒྱལ་མཚན་ལགས་སོ། །མྱ་ངན་ལས་འདས་པར་མཆི་བ་རྣམས་ཀྱི་ལམ་ལགས་སོ། །ཉོན་མོངས་པ་རྣམས་ཀྱི་རལ་གྲི་ལགས་སོ། །མྱ་ངན་ལས་འདས་པའི་ས་བོན་ལགས་སོ། །ལམ་ལས་རབ་ཏུ་ཉམས་པ་རྣམས་ཀྱི་སྒྲོན་མ་ལགས་སོ། །ཕུང་པོ་རྣམས་ ཀྱི་སྨན་ལགས་སོ། །མ་རིག་པའི་མུན་པའི་རླུང་ལགས་སོ། །ངན་འགྲོ་རྣམས་ཀྱི་སྲོག་ཤིང་ལགས་སོ། །ཉོན་མོངས་པའི་སྐྱོན་གྱིས་ཉམས་པར་གྱུར་པ་རྣམས་ཀྱི་སྐྱུག་སྨན་ལགས་སོ། །དགྲ་རྣམས་ཀྱི་རྡོ་རྗེ་ལགས་སོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་གཏེར་ལགས་ སོ། །སྡིག་པས་གོས་པ་རྣམས་ཀྱི་ཆབ་ལགས་སོ། །ནོངས་པ་བགྱིད་པ་རྣམས་ཀྱི་མེ་ལོང་ལགས་སོ། །སེམས་གཡེངས་པ་རྣམས་ཀྱི་ཏིང་ངེ་འཛིན་ལགས་སོ། །ཏིང་ངེ་འཛིན་རྣམས་ཀྱི་ཟ་མ་ཏོག་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ས་གཞི་ལགས་སོ། ། གཟུངས་རྣམས་ཀྱི་ནོར་བུ་ལགས་སོ། །བཟོད་པ་རྣམས་ཀྱི་ཁྱིམ་ལགས་སོ། །ས་རྣམས་ཀྱི་སྣོད་ལགས་སོ། །ཕས་ཀྱི་རྒོལ་བ་རྣམས་ཀྱི་མཁར་ལགས་སོ། །ནད་པ་རྣམས་ཀྱི་སྨན་པ་ལགས་སོ། །བསླབ་པ་རྣམས་ཀྱི་རི་ལགས་སོ། །ཉོན་མོངས་པས་ཀུན་ ནས་གདུངས་པ་རྣམས་ཀྱི་ཟླ་བ་ལགས་སོ། །ལྟ་བ་ངན་པར་ལྟུང་བ་རྣམས་ཀྱི་ཉི་མ་ལགས་སོ། །ཡེ་ཤེས་ཀྱི་རྒྱ་མཚོ་ལགས་སོ། །བྱང་ཆུབ་ཀྱི་ཕྱོགས་པ་རྣམས་ཀྱི་ཕྲེང་བར་གྱུར་པ་ལགས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བུམ་པ་བཟང་པོ་ལགས་སོ། ། ཆོས་གོས་ངུར་སྨྲིག་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ལགས་སོ། །ཆོས་གོས་ངུར་སྨྲིག་འདི་ནི་སེམས་ཅན་རྣམས་ལ་ཆོས་ཀྱི་ཆར་དབབ་པའི་དོན་གྱི་སླད་དུ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟར་ གང་དག་རྒྱལ་རིགས་གདོལ་པ་དེ་དག་ནི། བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་བགྱིད་ཅིང་དགེ་སློང་དག་ལ་ཐོ་འཚམས་པར་བགྱིད་པ་ནས། བཅོམ་ལྡན་འདས་ཀྱི་སླད་དུ་རབ་ཏུ་བྱུང་བ་སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པའི་ལུས་ལ་གནོད་པ་བགྱིད་པ་དང་། ནོར་འཕྲོག་པ་དང་། སྲོག་གི་བར་ཆད་དག་བགྱིད་པའི་བར་དུའོ། །ཡུལ་འཁོར་དེར་གང་དག་སངས་རྒྱས་ལ་དད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དགས་མཐུ་བོ་ཆེ་དེ་དག་ཐམས་ཅད་ཀྱང་རྒྱལ་ རིགས་གདོལ་པ་ལ་གཤེ་བར་འགྱུར་ཏེ། དེ་དག་གིས་དེའི་ཡུལ་འཁོར་དུ་ཐབ་མོ་དང་། རྩོད་པ་དང་། ལོ་ཉེས་དང་། ནད་དང་། ཕ་རོལ་གྱི་དམག་ཚོགས་དག་འབྱུང་བར་བགྱིད་ལགས་སོ། །དུས་མ་ལགས་པའི་ཆར་མོ་ཆེ་དང་། ཐན་ཆེན་དང་། ལྷགས་ པ་དང་། ཚ་བ་དང་། རླུང་དང་། ཉི་མས་གདུངས་པ་དག་གིས་ས་བོན་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་དང་། རོ་རྣམས་མ་རུང་བར་བགྱིད་ཀྱང་དེ་ན་ཀླུ་རྣམས་ལ་སྐྱོན་ནི་མ་མཆིས་ལགས་ཏེ། དེ་ན་ཀླུ་རྣམས་ རྒྱུ་དེས་ན་གྲགས་པ་མ་ལགས་པས་ནི་གོས་པར་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དཔེར་བགྱི་ན་ཡུལ་གྱི་བུད་མེད་བཟང་མོས་ཟས་ངན་པ་འཚལ་ན་དབུགས་དྲི་མི་བདའ་བར་འགྱུར་ལགས་སོ། །དེ་བཞིན་དུ་རྒྱལ་རིགས་གདོལ་པས་ཀྱང་རྒྱལ་ རིགས་ཀྱི་ཆོས་རྣམས་སྤངས་ནས་དམངས་རིགས་ཀྱི་ཆོས་རྣམས་སྤྱོད་པར་བགྱིད་ན། ཡུལ་ཕྱོགས་ཐམས་ཅད་སྲུང་བའི་ལྷ་ནས་ཡི་དགས་མཐུ་བོ་ཆེ་དག་གི་བར་དུ་ཁྲོས་པར་འགྱུར་ཏེ། དེ་དག་གིས་ཡུལ་འཁོར་མ་རུང་བར་བགྱིད་ལ། ཀླུ་དང་ཀླུ་ཆེན་པོ་རྣམས་ གྲགས་པ་མ་ལགས་པས་ཀྱང་གོས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་རྒྱལ་པོ་རྣམས་རྒྱལ་པོའི་བསླབ་པའི་གཞི་གནས་པར་བསྟན་པ་དེ་དང་དེ་དག་མཐོ་རིས་དང་། མྱ་ངན་ལས་འདས་པའི་བདེ་བ་ལ་བརྩོན་པ་ ཡིན་ནོ། །གང་དག་རྒྱལ་རིགས་གདོལ་པ་རྒྱལ་རིགས་ཀྱི་བསླབ་པ་ལ་མི་གནས་པ་དེ་དག་ནི་སེམས་ཅན་དམྱལ་བ་མནར་མེད་པའི་བར་ལ་གཞོལ་བ་ཡིན་ནོ། །ཀླུའི་བདག་པོ་ང་རང་གི་འཁོར་བསླབ་པ་ལས་མི་འདའ་བར་བསྟན་པ་དེས་ན་དེ་དག་ད་ལྟར་གྱི་དུས་དང་། མ་ འོངས་པའི་དུས་སུ་ངའི་བསྟན་པ་དང་། དཀོན་མཆོག་གསུམ་གྱི་གདུང་མེད་པར་མི་བྱེད་པར་འགྱུར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་དེ་ལྟ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཡུལ་འཁོར་གང་དང་གང་ དག་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རི་བྲགས་ཀྱི་གནས་ཡུལ་འཁོར་དེ་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཚུལ་ཁྲིམས་དང་ལྡན་ཞིང་ཐོས་པ་མང་པོ་སྦྱིན་གནས་དེ་ལྟ་བུ་དག་གནས་ཤིང་མཆིས་པ་དེར་