Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 063_མདོ་སྡེ།_ཛ

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
ིའི་བུ་རྣམ་གྲངས་འདིས་མི་རྣམས་སུ་སྐྱེ་བ་ལྔ་བརྒྱར་དམུས་ལོང་ཤ་སྟག་ཏུ་གྱུར་ཏོ། །སྐྱེ་བ་ལྔ་བརྒྱར་ནི་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏེ། དེར་ཡང་ཐམས་ཅད་དམུས་ལོང་ཤ་སྟག་ཏུ་གྱུར་ཏོ། །དེ་དག་སྐྱེ་བ་ལྔ་བརྒྱའི་ཐ་མ་ལ་མིའི་རང་བཞིན་སླར་
ཐོབ་ནས་ཤའི་མིག་དང་ལྡན་པར་གྱུར་ཏོ། །ཤཱ་རིའི་བུ་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་
སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀུན་ནས་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱ་སྟོང་དུ་གྱུར་ཏོ། །དེའི་ཉན་ཐོས་འདུས་པ་ཆེན་པོ་ནི་བྱེ་བ་ཕྲག་དུང་ཕྱུར་ཡོངས་སུ་ཚང་བར་གྱུར་ཏོ། །དེའི་ཚེ་མི་དེ་དག་གི་ལུས་ནི་ཁྲུ་དགུ་བཅུ་
རྩ་དགུ་ཡོད་དོ། །བཅོམ་ལྡན་འདས་ཀྱི་སྐུ་ལ་ནི་ཁྲུ་ཕལ་པ་དེའི་ཉིས་འགྱུར་ཡོད་དོ། །སངས་རྒྱས་བཅོམ་ལྡན་འདས་དེའི་འོད་ནར་མ་གང་ཡིན་པ་དེས་ནི་དཔག་ཚད་བྱེ་བ་དུང་ཕྱུར་ཕྲག་བརྒྱ་སྟོང་སྣང་བས་ཁྱབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེའི་བསྟན་པ་ལ་སྐྱེས་བུ་དམ་པ་མ་ཡིན་པ་

དེ་དག་རབ་ཏུ་བྱུང་ནས་ལོ་བརྒྱ་སྟོང་དུ་མ་མགོ་ལ་མེ་འབར་བ་བཞིན་དུ་འབྲས་བུ་འདོད་པའི་ཕྱིར་བཙལ་བར་བྱས་ཀྱང་རྗེས་སུ་འཐུན་པའི་བཟོད་པ་ཡང་མ་སྐྱེས་ན། འབྲས་བུ་ཐོབ་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱི་བྱང་ཆུབ་
ལ་སྨོད་པ་གང་ཡིན་པ་ནི་དེ་ལྟར་འགྱུར་ཏེ། འདི་ལྟར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུས་བྱས་པའི་ཕྱིར་རོ། །ཤཱ་རིའི་བུ་རྣམ་གྲངས་འདིས་ཇི་སྲིད་དུ་འདིར་ང་མ་བྱུང་བའི་བར་མ་དོར་དེ་དག་དེ་ནས་ཤི་འཕོས་ནས་ཀྱང་སྔོན་གྱི་མི་དགེ་བའི་ལས་མངོན་པར་འདུས་བྱས་
པས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏོ། །དེ་དག་གིས་ང་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་དང་ཐབས་ཅིག་ཏུ་མཉེས་པར་བྱས་ན། འོན་ཀྱང་དེ་དག་གིས་སངས་རྒྱས་དེ་སྙེད་ཅིག་ལས་ཀྱང་རྗེས་སུ་འཐུན་པའི་བཟོད་པ་ཡང་མ་ཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་
བུ་དེ་བཞིན་གཤེགས་པས་གསུངས་པ་ལ་མ་དད་ཅིང་སྨོད་པ་དང་། འཕགས་པའི་དགེ་སློང་རྣམས་ལ་ཁ་ཟེར་བ་གང་ཡིན་པ་དེ་ནི་དེ་ལྟར་འགྱུར་ཏེ། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུས་བྱས་པའི་ཕྱིར་རོ། །ཤཱ་རིའི་བུ་འཕགས་པ་རྣམས་ལ་སྐུར་པ་བཏབ་པས་ཇི་
སྙེད་ཀྱི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་གྱུར་པ་ལ་ལྟོས། འོན་ཀྱང་ངན་སོང་རྣམས་ལས་ནི་མ་ཐར་ཏོ། །ཤཱ་རིའི་བུ་བསྟན་པ་དེ་ལ་སྨོད་པའི་སེམས་ཅན་གང་དག་ཡིན་པ་དང་། དེ་ལ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་གང་དག་ཡིན་པའི་སེམས་ཅན་ཇི་སྙེད་
པ་དེ་དག་ནི་རེ་ཞིག་དཔག་ཏུ་མེད་ཅིང་རེ་ཞིག་གྲངས་མེད་པ་ཡིན་ན། ཤཱ་རིའི་བུ་དེ་ལས་བསྐལ་པ་གྲངས་མེད་པ་འདི་སྙེད་དང་། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འདས་ཀྱི་བར་དུ་སེམས་ཅན་གཅིག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་མི་དགོངས་སོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱིས་
པ་མངོན་པའི་ང་རྒྱལ་ཅན་དང་། དགེ་སློང་སྡིག་ཅན་ཚུལ་ཁྲིམས་དང་སྡོམ་པ་ཞིག་པ་དང་། ཡོངས་སུ་མ་དག་པའི་ཆོས་སྟོན་པ་མ་གཏོགས་པར་སུ་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་སྨོད་པར་བྱེད། དེ་དག་ལ་ནི་ཆོས་གསུམ་པོ་འདི་དག་ཡོད་པས། དགེ་བ་ནི་དེ་

ཉིད་ཀྱིས་རིག་པ་མེད་པ། གྲོལ་བ་མེད་པ་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་གསུང་ལ་མ་དད་ཅིང་སྨོད་པར་བྱེད་དོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ཀྱི་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ངེས་པར་འབྱུང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་
ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་གཏི་མུག་ལྷ་སྦྱིན་འདི་དེའི་ཚེ་དེའི་དུས་ན། ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ངེས་པར་འབྱུང་བ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་
ཀྱི་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་ཀོ་ཀ་ལི་ཀ་འདི་དེའི་ཚེ་དེའི་དུས་
ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ཚོགས་ནས་བྱུང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་
ཙོམ་ཟ་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་སེར་སྐྱ་འདི་དེའི་ཚེ་དེའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ཚོགས་ནས་བྱུང་བ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་
པའི་དགེ་སློང་ཉེ་བར་བཅིངས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཙོམ་ཟ་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གཅེར་བུ་པའི་བུ་བདེན་ལྡན་འདི་དེའི་ཚེ་དེའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་
སློང་ཉེ་བར་བཅིངས་པ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་ཡོངས་སུ་དག་པའི་ཆོས་སྟོན་པ་དང་ལྡན་པ་སེམས་ཅན་མང་པོའི་དོན་བྱེད་པ་དང་ལྡན་པ་དེའི་ཆོས་བསྟན་པ་ལ་སངས་རྒྱས་སྟོང་

ཕྲག་ལྔའི་ཉན་ཐོས་སུ་གྱུར་པ་བྱེ་བ་དུང་ཕྱུར་ཕྲག་དྲུག་ཅུ་རྩ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དག་གིས་རྗེས་སུ་བསླབས་པའི་དགེ་སློང་བཀུར་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་ཟ་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་
ཕྱིར་ཞེ་ན། ཤཱ་རིའི་བུ་བྱམས་མའི་བུ་གང་པོ་འདི་ཉིད་དེའི་ཚེ་དེའི་དུས་ན་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་ཡོངས་སུ་དག་པའི་ཆོས་སྟོན་པ། སེམས་ཅན་མང་པོའི་དོན་བྱེད་པ་དེའི་ཆོས་བསྟན་པ་ལ་ཡང་སངས་རྒྱས་སྟོང་ཕྲག་ལྔའི་ཉན་ཐོས་སུ་གྱུར་
པ་བྱེ་བ་དུང་ཕྱུར་ཕྲག་དྲུག་ཅུ་རྩ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དག་གིས་རྗེས་སུ་བསླབས་པའི་དགེ་སློང་བཀུར་བ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་གང་དག་ངེས་པའི་དོན་གྱི་ཆོས་ཀྱི་གཏམ་དང་། ཡོངས་སུ་དག་པའི་ཆོས་རྣམས་སྟོན་པ་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་
སྨྲ་བ་དེ་དག་གིས་ནི་བྱམས་མའི་བུ་གང་པོ་ཁོ་ན་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲོས་ཤིག །ཤཱ་རིའི་བུ་དགེ་སློང་གང་པོ་ནི་ངེས་པ་མ་ཡིན་པ་ངེས་པར་བྱེད་པ་མ་ཡིན་ཏེ། ཤཱ་རིའི་བུ་དེ་ལྟ་བས་ན་གང་པོ་ནི་ངེས་པའི་དོན་གྱི་ཆོས་ཀྱི་ཚུལ་རབ་ཏུ་སྟོན་པ་ཡིན་ནོ། །དགེ་སློང་གང་
པོ་ནི་མ་ངེས་པའི་དོན་གྱི་ཆོས་སྟོན་པ་མ་ཡིན་ཏེ། དགེ་སློང་གང་པོ་ནི་ངེས་པའི་དོན་གྱི་ཆོས་སྟོན་པ་ཡིན་ནོ། །དགེ་སློང་གང་པོ་ནི་མཐར་ཕྱིན་པ་མ་ཡིན་པའི་ཆོས་སྟོན་པ་མ་ཡིན་ཏེ། དགེ་སློང་གང་པོ་ནི་མཐར་ཕྱིན་པའི་ཆོས་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་པོ་ནི་ཐེ་ཙོམ་
དང་བཅས་པས་ངེས་པར་བྱེད་པ་མ་ཡིན་ཏེ། དགེ་སློང་གང་པོ་ནི་ཐེ་ཙོམ་མེད་པ་དང་། ངེས་པའི་དོན་དང་། མཐར་ཕྱིན་པའི་ཆོས་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་གང་དག་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཆོས་ཀྱི་གཏམ་དང་ལྡན་པ་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲ་
བ་དེ་དག་གིས་ནི་གང་པོ་ཁོ་ན་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲོས་ཤིག །ཤཱ་རིའི་བུ་དགེ་སློང་གང་པོ་ནི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་ལྡན་པ་ཡིན་ཏེ། ཤཱ་རིའི་བུ་བྱམས་མའི་བུ་གང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་འདས་ཤིང་འཁྲུངས་

པའི་གནས་དེ་དང་དེ་དག་ཏུ་ཆོས་སྨྲ་བར་གྱུར་ཏེ། ཐམས་ཅད་དུ་ཡང་ཡོངས་སུ་དག་པའི་ཆོས་སྟོན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་ཚེ་ཇི་སྲིད་པར་ཚངས་པར་སྤྱད་པས་ཡོངས་སུ་དག་པའི་ཆོས་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་པོ་
འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་རྣམས་ཀྱི་ཆོས་སྨྲ་བར་ཡང་གྱུར་ཏོ། །ཤཱ་རིའི་བུ་དགེ་སློང་གང་པོ་འདི་ནི་ད་ལྟར་ངའི་ཆོས་སྨྲ་བ་དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡང་ཡིན་ནོ། །ཤཱ་རིའི་བུ་གང་དག་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཡིན་ནོ་ཞེས་
ཡང་དག་པར་སྨྲ་བས་སྨྲ་བ་དེ་དག་གིས་ནི་གང་པོ་ཁོ་ན་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲོས་ཤིག །ཤཱ་རིའི་བུ་གང་པོ་ནི་སངས་རྒྱས་བྱེ་བ་ཕྲག་དགུའི་སངས་རྒྱས་ཀྱི་བྱང་ཆུབ་ཤིན་ཏུ་རྣམ་པར་ངེས་པ་གང་ཡིན་པ་དེ་དག་ལ་ལེགས་པར་བསླབས་པས་ཤེས་རབ་ཆེན་པོ་ཡིན་ཏེ་དགེ་སློང་
གང་པོ་ནི་དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །ཤཱ་རིའི་བུ་ངས་དགེ་སློང་གང་པོའི་བསྔགས་པ་ཉིན་པར་རམ། མཚན་མོའམ། ཉིན་མཚན་དུ་གསུངས་ཀྱང་། ཤཱ་རིའི་བུ་དགེ་སློང་གང་པོ་ཁོ་ནའི་བསྔགས་པ་ནི་མ་བསྒྲགས་པར་ཟད་དོ། །ཤཱ་
རིའི་བུ་ངས་དགེ་སློང་གང་པོའི་བསྔགས་པ་ཉི་མ་གཉིས་སམ། གསུམའམ། བཞིའམ། ལྔའམ། བཅུའམ། ཟླ་བ་ཕྱེད་དམ། ཟླ་བའམ། དེ་བས་ལྷག་པར་གསུངས་ཀྱང་དགེ་སློང་གང་པོ་ཁོ་ནའི་བསྔགས་པ་ནི་མ་བསྒྲགས་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངའི་ཉན་ཐོས་
རྣམ་པ་ཐམས་ཅད་དུ་ངེས་པའི་དོན་དང་། ཡོངས་སུ་དག་པའི་ཆོས་སྟོན་པ་དང་ལྡན་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱིས་གནས་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དགེ་སློང་གང་པོ་ནི་ལྷའི་མིག་གིས་དཔག་ཚད་བརྒྱ་སྟོང་ན། སེམས་
ཅན་ཉན་ཐོས་ཀྱིས་འདུལ་བར་འགྱུར་བ་གང་ཡིན་པ་དེ་དག་མཐོང་ན་དགེ་སློང་གང་པོ་དེར་སོང་ནས་དེ་དག་ལ་ཆོས་སྟོན་པར་བྱེད་དེ། ཤཱ་རིའི་བུ་དགེ་སློང་གང་པོ་ནི་ཡུན་རིང་པོར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་པོ་

ཆོས་སྟོན་པ་ནི་ཉོན་མོངས་པ་མེད་པ་དང་། ཟང་ཟིང་ལ་མི་ལྟ་བ་དང་། རྙེད་པ་དང་། བཀུར་སྟི་ལ་མ་ཞེན་པར་ཆོས་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་པོ་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཆོས་སྨྲ་བ་ཡིན་པས་སྟོན་པ་མ་གཏོགས་པར་གང་པོ་ལ་ལྷ་དང་བཅས་པའི་འཇིག་རྟེན་
གྱིས་དོན་ཏམ། ཚིག་མཐར་གཏུག་པར་མི་ནུས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན། ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རྗེས་སུ་འཐུན་པའི་ཆོས་སྟོན་པ་དེ་ནི་སྐྱེ་བོ་མང་པོའི་དོན་བྱེད་
པ་ཡིན་པས་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུ་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་གང་ཞིག་སངས་རྒྱས་ཀྱི་བྱང་ཆུབ་ལ་སྨོད་པར་བྱེད་པ་དེ་ནི་སྐྱེ་བོ་མང་པོ་ལ་ཡང་གནོད་པ་བྱེད་པ་ཡིན་པས་མི་དགེ་བའི་རྩ་བ་མང་དུ་མངོན་པར་འདུ་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་
སྡིག་པའི་རྣམ་པར་སྨིན་པ་ནི་སྡིག་པ་ཡིན་ལ། ཟག་པ་དང་བཅས་པའི་མི་དགེ་བའི་རྣམ་པར་སྨིན་པ་ཡང་ཟག་པ་དང་བཅས་པ་ཡིན་ཞིང་། ཟག་པ་མེད་པའི་རྣམ་པར་སྨིན་པ་ནི་ཟག་པ་མེད་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་
དག་འཁོར་བཞི་ལ་རྒྱས་པར་བཤད་ཅིང་རབ་ཏུ་བསྟན་པ་ན། ཤཱ་རིའི་བུ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དེ་དག་དགའ་བ་དང་མགུ་བ་ཐོབ་པར་གྱུར་ན་ཤཱ་རིའི་བུ་དེ་དག་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གང་དག་ཡང་དེ་བཞིན་གཤེགས་པས་
གསུངས་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་ཐོས་ནས་དགའ་བ་དང་མགུ་བ་མ་ཐོབ་ཅིང་ལྷག་པར་ཡང་མ་དད་པ་ཉེ་བར་སྟོན་པར་འགྱུར་ན། གདོན་མི་ཟ་བར་དེ་དག་ནི་ཚུལ་ཁྲིམས་རལ་བའམ། མངོན་པའི་ང་རྒྱལ་ཅན་ནམ། ཡོངས་སུ་མ་དག་པའི་ཆོས་སྟོན་པ་ཡིན་ནོ། །ཡང་གང་ཞིག་སྨོད་པར་
བྱེད་ན་དེ་དེ་ཉིད་ནས་དམུས་ལོང་དུ་འགྱུར་རོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཤཱ་རིའི་བུ་ང་ནི་ཇི་ལྟར་རྫ་མཁན་གྱིས་སོ་མ་བཏང་བའི་སྣོད་རྣམས་ལ་ཁྱད་དུ་གསོད་པར་བྱེད་པ་དེ་ལྟར་ཕ་རོལ་གནོན་པར་མི་མཛད་ཀྱི། ཤཱ་རིའི་བུ་ང་ནི་སངས་རྒྱས་ཀྱི་བྱང་ཆུབ་དམིགས་

སུ་མེད་པ་དོན་དམ་པ་སྟོང་པ་ཉིད་ཀྱིས་ཟིལ་གྱིས་མནན་ཅིང་ཟིལ་གྱིས་མནན་ནས་གཞན་ལ་ཆོས་སྟོན་པ་ན་སྙིང་པོར་འགྱུར་བ་གང་ཡིན་པ་དེ་ན་འདུག་ལ་སྦུན་པར་འགྱུར་བ་གང་ཡིན་པ་དེ་ནི་འདོར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་མཛད་པ་ནི་ལོག་པའི་ལྟ་བ་ལ་བརྟེན་ནས་མ་ཡིན་ཏེ། བདག་ཏུ་སྨྲ་བ་ལ་མ་ཡིན། སེམས་ཅན་དུ་སྨྲ་བ་ལ་མ་ཡིན། སྲོག་ཏུ་སྨྲ་བ་
ལམ་ཡིན། གང་ཟག་ཏུ་སྨྲ་བ་ལ་མ་ཡིན། རྟག་པར་སྨྲ་བ་ལ་མ་ཡིན། ཆད་པར་སྨྲ་བ་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་ལྟ་བུ་ལ་ཞེན་པ་དེ་དག་ཐམས་ཅད་ནི་ལོག་པའི་ལྟ་བ་ཞེས་བྱའོ། །ཤཱ་རིའི་བུ་བདག་གི་འདུ་ཤེས་དང་། སེམས་ཅན་གྱི་འདུ་ཤེས་
དང་། སྲོག་གི་འདུ་ཤེས་དང་། གང་ཟག་གི་འདུ་ཤེས་དང་། རྟག་པའི་འདུ་ཤེས་དང་། ཆད་པའི་འདུ་ཤེས་གང་ཡིན་པས་ནི་རྗེས་སུ་འཐུན་པའི་བཟོད་པ་སྐྱེ་བར་འགྱུར་བ་ཡང་གནས་མ་ཡིན་ཞིང་གོ་སྐབས་མེད་ན་འབྲས་བུ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་
པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་དེ་ལྟ་བུའི་ལྟ་བ་དང་ལྡན་པ་རྣམས་ལ་ནི་དད་པས་བྱིན་པ་རྗེས་སུ་མ་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་རིགས་པ་མེད་པ། གྲོལ་བ་མེད་པ་དེ་དག་ནི་ཇི་སྲིད་དུ་ལུས་གསོ་བའི་དོན་དུ་བསྟན་པ་འདི་ལ་
རབ་ཏུ་བྱུང་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ངས་སྔོན་གྱི་མུ་སྟེགས་ཅན་བསྟན་པ་འདི་ལ་རབ་ཏུ་བྱུང་བ་གང་ཡིན་པ་དེ་ཟླ་བ་བཞིའི་གནས་བཅའ་བར་བྱའོ་ཞེས་གཞན་མུ་སྟེགས་ཅན་རྣམས་ཀྱི་གནས་བཅའ་བར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གཞན་མུ་
སྟེགས་ཅན་རྣམས་ནི་ཕལ་ཆེར་བདག་ཏུ་སྨྲ་བ་དང་། སེམས་ཅན་དུ་སྨྲ་བ་དང་། སྲོག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བ་དང་། རྟག་པར་སྨྲ་བ་དང་། ཆད་པར་སྨྲ་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་ང་དང་ངའི་ཉན་ཐོས་རྣམས་ནི་བདག་མེད་པར་སྨྲ་བ། སྟོང་པ་ཉིད་དུ་སྨྲ་བ།

མཚན་མ་མེད་པའི་བསམ་གཏན་པ། རྗེས་སུ་འཐུན་པའི་བཟོད་པ་དང་ལྡན་པ། རྣམ་པར་ཤེས་པ་རྣམས་ལ་མི་གནས་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་གང་ཞིག་བཟོད་པ་དེ་ལྟ་བུ་དང་ལྡན་པ་དེ་ལ་ནི་ངས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དང་། དད་པས་བྱིན་པའི་ཆོས་
གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་སྐབས་དབྱེ་བར་བྱའོ། །གང་ཞིག་མི་ལྡན་པ་དེ་ནི་གནས་བཅའ་བའི་དོན་དུ་བདག་མེད་པ་ལ་མངོན་པར་སྦྱར་བར་བྱའོ། །ཤཱ་རིའི་བུ་གང་ཞིག་དོན་དམ་པ་སྟོང་པ་ཉིད་རབ་ཏུ་
བཤད་པ་ན་དེ་ལ་བཟོད་པ་དང་དད་པ་མ་ཐོབ་ཅིང་སྐྲག་པར་གྱུར། དངང་བར་གྱུར། ཀུན་ཏུ་དངང་བར་གྱུར། ཀུན་ཏུ་རྨོངས་པར་གྱུར་ཏེ། དོན་དམ་པ་སྟོང་པ་ཉིད་ལ་སྨོད་ཅིང་གང་ཟག་ཏུ་ལྟ་བ་ལ་དགའ་བ་འཐོབ་པ་ལྟ་ན། དེ་ནི་ངེས་པར་ཡུན་རིང་པོ་ནས་བདུད་ཀྱིས་མངགས་པའམ།
སྔོན་གྱི་མུ་སྟེགས་ཅན་གཞན་གང་ཡིན་པ་ཞིག་ཡིན་པར་རྟོགས་པར་བྱ་སྟེ། དེ་ལ་མཁས་པས་ཡིད་མི་བདེ་བ་བསྐྱེད་པར་མི་བྱའི། སྙིང་རྗེ་དང་བྱམས་པ་ཡང་དག་པར་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་ཚིག་གིས་རྫོགས་པར་མི་ནུས་པས་བྱ་བ་ཇི་སྙེད་
དང་ལྡན་པ་དེ་ལྟ་བུའི་བཟོད་པ་ཅན་ལ་ནི་རྣམ་པར་སྨིན་པར་འགྱུར་རོ། །གཞན་དུ་ན་དེ་ལ་རྗེས་སུ་གཟུང་བའི་འདུ་ཤེས་བསྐྱེད་པར་བྱའོ། །སྟོང་པ་ཞེས་བྱ་བ་བདག་མེད་པའི་ཆོས་རྣམས་དང་། གང་ཟག་མེད་པའི་འདུ་ཤེས་ཁོ་ན་བསྐྱེད་པར་བྱའོ། །དེ་འདི་ལྟར་སྟོང་པ་ཉིད་དེ་ལ་ལྟོས་པ་
མེད་ཅིང་སྤོང་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བ་དང་། སངས་རྒྱས་ཀྱི་ཆོས་དང་། དགེ་སྦྱོང་གི་ཆོས་སྤོང་ན། དེ་ལ་ཚངས་པ་མཚུངས་པར་སྤྱོད་པ། སྟོང་པ་ཉིད་ཀྱིས་གནས་པ། མཚན་མ་མེད་པས་གནས་པ། སྨོན་པ་མེད་པས་གནས་པ་རྣམས་ཀྱིས་ཡང་དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་
པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། དེ་སངས་རྒྱས་ཀྱི་གསུང་ལ་ཉེ་བར་སྦྱར་བར་བྱའོ། །དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པ་རབ་ཏུ་བསྟན་པར་བྱའོ། །གལ་ཏེ་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས་སྐྲག་པར་གྱུར་ན།

དེའི་མཁན་པོ་དང་སློབ་དཔོན་ལ་དགེ་སློང་མང་པོས་སམ། དགེ་སློང་གི་དགེ་འདུན་གྱིས་ཚིག་འདི་སྐད་ཅེས་དེ་ལ་བཅོམ་ལྡན་འདས་ཀྱིས་གང་དག་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་ཤིང་སྟོང་པ་ཉིད་ཀྱིས་གནས་པ་དེ་ལྟ་བུ་དག་གི་སྟོན་པ་ནི་ང་ཡིན་གྱི། གང་ཟག་གི་
འདུ་ཤེས་ཅན་ལོག་པར་ཞུགས་པ། ལམ་གོལ་བར་གཞོལ་བ་རྣམས་ཀྱི་སྟོན་པ་ནི་ང་མ་ཡིན་ནོ་ཞེས་གསུངས་ལ་བཅོམ་ལྡན་འདས་ཀྱིས་ཡང་དག་པའི་ཚུལ་ཁྲིམས་དང་། ལྟ་བ་ཕུན་སུམ་ཚོགས་པ་རྣམས་ཀྱི་གསོ་སྦྱོང་གི་ལས་ནི་གསུངས་ཀྱི། འདི་ལྟར་ཚུལ་ཁྲིམས་ཉམས་པ་
རྣམས་ཀྱི་ནི་མ་ཡིན་པས་ཚེ་དང་ལྡན་པའི་ལྷན་ཅིག་གནས་པ་ནི་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་མ་མོས་ཤིང་གཞན་མུ་སྟེགས་ཅན་གྱི་སྨྲ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་གྱི་སྨྲ་བ་དང་ལྷན་ཅིག་ཏུ་གསོ་སྦྱོང་གི་ལས་མ་གསུངས་པས་
དེ་ནི་མི་བསྟེན་ཏོ། །དེ་ལྟ་བུའི་བཟོད་པ་དང་ལྡན་པ་གང་ཡིན་པ་དེ་དག་ནི་དགེ་འདུན་གྱི་བྱ་བ་ལ་བསྐོ་བར་མི་བྱའོ། །འདུན་པ་བླང་བར་མི་བྱའོ། །དེའི་ཡོངས་སུ་མ་དག་པའི་བཟོད་པ་དེ་ལྟ་བུ་དེ་དག་ཚེ་དང་ལྡན་པ་དག་གིས་ཀྱང་འདི་ལྟར་ཕྱིར་བཟློག་པར་ནུས་པར་གྱིས་ཤིག་ཅེས་
བརྗོད་པར་བྱའོ། །ཤཱ་རིའི་བུ་དགེ་སློང་གི་དགེ་འདུན་གྱིས་དེ་ལྟར་བྱས་ན་ང་ལ་ཡང་མཆོད་པ་བྱས་པ་ཡིན་ནོ། །གཞན་མུ་སྟེགས་ཅན་ཡང་ཤིན་ཏུ་ཚར་གཅད་པ་ཡིན་ནོ། །གསོ་སྦྱོང་གི་ལས་ཀྱང་ཤིན་ཏུ་ཡོངས་སུ་དག་པར་བྱས་པ་ཡིན་ནོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་
ཆུད་པར་བྱའོ། །གང་ཞིག་འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་སྟེ། ལྟ་བ་འདི་དག་འཛིན་པར་བྱེད་ན་དེ་དག་ནི་ངའི་རྗེས་སུ་རབ་ཏུ་བྱུང་བ་མ་ཡིན། དེ་དག་ནི་ང་ལ་མཉེས་པར་བྱེད་པ་མ་ཡིན་ཏེ། དེ་དག་གི་སྟོན་པ་ཡང་
ང་མ་ཡིན་ནོ། །དེ་དག་ནི་སྟོན་པ་དྲུག་པོའི་རྗེས་སུ་རབ་ཏུ་བྱུང་བ་ཡིན། དེ་དག་ནི་སྟོན་པ་དྲུག་པོ་མཉེས་པར་བྱེད་པ་ཡིན་པས། དེ་དག་གི་སྟོན་པ་ཡང་སྟོན་པ་དྲུག་པོ་ཡིན་ནོ། །དེ་ལ་གང་དག་ཤིན་ཏུ་གྱ་ནོམ་པའི་ཆོས་རྣམས་ལ་བཟོད་པ་མ་ཐོབ་པར་དད་པས་བྱིན་པ་ལ་ལོངས་སྤྱོད་པར་

བྱེད་ན། དེ་དག་ནི་དད་པས་བྱིན་པ་ལ་ཤིན་ཏུ་ལོངས་མ་སྤྱད་པ་ཡིན་ནོ། །དེ་དག་གིས་ཅི་ནས་ཀྱང་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་སོ་སོར་ཐར་པའི་སྡོམ་པས་བསྡམས་པར་གྱུར་ཀྱང་། དོན་དམ་པ་སྟོང་པ་ཉིད་ལ་འཇུག་པར་མི་འགྱུར་བ་དང་། མོས་པར་མི་འགྱུར་བ་དང་། སྟོང་པ་ཉིད་
དམིགས་སུ་མེད་པའི་ཆོས་རྣམས་ལ་ཡིད་གཉིས་དང་ཐེ་ཙོམ་ཟ་བར་གྱུར་ན། དེ་དག་ཕལ་ཆེར་ཚུལ་ཁྲིམས་གཙོ་བོར་བྱེད་པ་དང་། ཏིང་ངེ་འཛིན་གཙོ་བོར་བྱེད་པ་དང་། ཐོས་པ་གཙོ་བོར་བྱེད་པ་ཡིན་ཡང་། ཤཱ་རིའི་བུ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་མ་ཡིན།
གུས་པར་བྱས་པ་མ་ཡིན། བླ་མར་བྱས་པ་མ་ཡིན། རྗེད་པར་བྱས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སེམས་ཅན་གང་ཞིག་བསམ་གཏན་བཞི་པོ་དག་ཐོབ་པར་གྱུར་པ་དེ་ནི་ཤིན་ཏུ་རྙེད་པར་མི་སླ་བ་མ་ཡིན་ན། ཤཱ་རིའི་བུ་དེ་ལ་དེ་བཞིན་གཤེགས་པ་ལ་ཅི་ཞིག་གིས་
བཀུར་སྟི་བྱས། གང་དག་དེ་ཙམ་གྱིས་དགེ་སྦྱོང་དུ་ཁས་འཆེ་བ་དེ་དག་ནི་སྡུག་བསྔལ་གྱི་སྦྱོར་བ་ཐམས་ཅད་ལས་ཡོངས་སུ་མ་གྲོལ་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཆོས་འདུལ་བ་འདི་ནི་མང་པོའི་འཛིན་པ་སྣ་ཚོགས་ཀྱིས་ལྟ་
བ་ཉམས་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟར་ཡོངས་སུ་མ་དག་པའི་ཚུལ་ཁྲིམས་གཙོ་བོར་བྱེད་པ་དང་། ཡོངས་སུ་མ་དག་པའི་ཏིང་ངེ་འཛིན་གཙོ་བོར་བྱེད་པ་དང་། ཡོངས་སུ་མ་དག་པའི་ཐོས་པ་གཙོ་བོར་བྱེད་པས་ཡོངས་སུ་དག་པའི་དགེ་སྦྱོང་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་ནི་དགེ་སྦྱོང་ཞེས་
མི་གསུང་ངོ་། །བྲམ་ཟེ་ཞེས་མི་གསུང་ངོ་། །ཤཱ་རིའི་བུ་གང་ཞིག་བདག་མེད་པའི་ཆོས་རྣམས་ལ་བདག་མེད་པའི་ཆོས་རྣམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ལ་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་
ཡིན་ནོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་དེའི་ཚེ་ཉིད་ནས་ཚུལ་ཁྲིམས་གཙོ་བོར་བྱེད་པ་མ་ཡིན་ཏེ། ཏིང་ངེ་འཛིན་གཙོ་བོར་བྱེད་པ་མ་ཡིན། ཐོས་པ་གཙོ་བོར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་མངོན་པར་འདུ་བྱེད་པ་མེད་ན་ཆོས་གང་ཞིག་གཙོ་

བོར་བྱ། ཤཱ་རིའི་བུ་དེ་ལྟ་བས་ན་མི་གཉིས་པའི་གནས་གཅིག་པོ་གང་ཡིན་པ་དེ་ལ་ནི་ཚུལ་ཁྲིམས་སུ་དམིགས་པ་ཡང་མེད་ན། འཆལ་པའི་ཚུལ་ཁྲིམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཆོས་གང་ཞིག་གཙོ་བོར་བྱ་བ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་
པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་དང་། གང་ཟག་མེད་པ་དང་། མཚན་ཉིད་མེད་པ་ཡིན་ནོ། །གང་དག་བཟོད་པ་དེ་ལྟ་བུ་ཅན་དེ་དག་ནི་རིགས་པ་དང་གྲོལ་བ་ཡིན་ཏེ། ཁྱིམ་མེད་པའི་
རབ་ཏུ་བྱུང་བ་ཡིན་ནོ། །དེ་དག་ནི་དད་པས་བྱིན་པ་ལ་ཁ་ན་མ་ཐོ་བ་མེད་ཅིང་བརྟགས་པ་ཡིན་ནོ། །དེ་ཉིད་དེ་དག་གིས་བསྙེན་པར་རྫོགས་པའི་ལས་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུ་སེམས་ཅན་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ནི་གཅིག་པོ་འདི་ཡིན་ཏེ། འདི་ལྟ་སྟེ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཇི་ལྟར་གཅིག་པོ་འདི་ཡིན་ཞེ་ན། ཇི་ལྟ་བ་བཞིན་དུ་འདོད་ཆགས་དང་བྲལ་ཞིང་སྤངས་པའོ། །གང་ཞིག་སྤངས་པ་ཡིན་ཞེ་ན། འདོད་པ་རྣམས་དང་ལྟ་བ་རྣམས་སོ། །འདོད་པ་རྣམས་གང་ཞེ་ན། ཐོག་མའིའོ། །ལྟ་བ་གང་ཞེ་ན། ཡིད་
ལ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་ལས་བྱུང་བ་ཡིན་ཏེ། གང་ཡིད་ལ་བྱེད་པ་དེ་ནི་འདུ་ཤེས་ཡིན་ནོ། །གང་འདུ་ཤེས་པ་དེ་ནི་ལྟ་བ་ཡིན་ནོ། །ལྟ་བ་གང་ཡིན་པ་དེ་ནི་ལོག་པར་ལྟ་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་
དགེ་བའི་ཆོས་དེ་ཡང་ལོག་པར་ལྟ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་འདོད་ཆགས་དང་བྲལ་བ་ལ་ནི་ཆོས་སམ། ཆོས་མ་ཡིན་པའམ། དགེ་བའམ། མི་དགེ་བ་སྤངས་པའི་ཕྱིར་རོ། །དེ་ནི་ལྟ་བ་ཐམས་ཅད་དང་། འཛིན་པ་ཐམས་ཅད་དང་། ཡིད་ལ་བྱེད་
པ་ཐམས་ཅད་ཀྱིས་མ་ཆགས་པ་ཡིན་པས་དེའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་གསུངས་སོ། །ཤཱ་རིའི་བུ་བྱང་ཆུབ་ནི་སྤངས་པ་ཡིན་ནོ། །གང་གི་སྤངས་པ་ཡིན་ཞེ་ན། འདོད་པར་གཏོགས་པ་རྣམས་ཀྱིའོ། །འདོད་པར་གཏོགས་པ་རྣམས་གང་ཞེ་ན། འདོད་པར་གཏོགས་པ་

རྣམས་ཀྱི་ཚུལ་བཞིན་མ་ཡིན་པ་མི་དགེ་བ། བདག་ཅེའམ། བདག་གི་ཞེའམ། བདག་ཏུ་བྱེད་པ་དང་། བདག་གིར་བྱེད་པ་གང་ཡིན་པ་དེ་དག་སྟེ། དེ་དག་ནི་འདོད་པར་གཏོགས་པ་རྣམས་ཡིན་ནོ། །འདི་ལྟ་སྟེ་བདག་ཏུ་འདུ་ཤེས་པ་སྤངས་པ་གང་ཡིན་པ་དེ་དག་ནི་མངོན་པར་ཞེན་པ་
མེད་པ་ཡིན་ནོ། །དེ་ནི་སྤངས་པ་ཡིན་ཏེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །སྔོན་གྱི་སྦྱོར་བའི་ལེའུ་སྟེ་བདུན་པའོ།། །།ཤཱ་རིའི་བུ་ང་འདས་པ་མངོན་པར་དྲན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་འདི་ལ་བརྟེན་ནས་ང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཤ་དག་བྱེ་བ་ཕྲག་སུམ་ཅུ་ཉན་ཐོས་ཀྱི་ཚོགས་དང་བཅས་པ་གང་ཡིན་པ་དག་ཆོས་གོས་དང་བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་
ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རྗེད། མཆོད་དེ་མཉེས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁོ་ན་བསྒྲུབས་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ང་ལ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ཅིང་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པར་གྱུར་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་གཞན་ཡང་འདས་པ་མངོན་པར་དྲན་ཏེ། ང་འཁོར་ལོས་སྒྱུར་བའི་
རྒྱལ་པོར་གྱུར་པ་ན་སངས་རྒྱས་མར་མེ་མཛད་ཅེས་བྱ་བར་གྱུར་པ་ཤ་དག་བརྒྱད་སྟོང་བྱུང་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པ་དེ་དག་ལ་ཡང་ངས་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་
རྣམས་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རྗེད། མཆོད་དེ་མཉེས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་བསྒྲུབས་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ང་ལ་ཁྱོད་མ་འོངས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ཅིང་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། བླ་ན་མེད་པའི་བྱང་ཆུབ་འདི་ཉིད་
ལས་བརྩམས་ཏེ། སངས་རྒྱས་རབ་ཏུ་འབར་བ་ཞེས་བྱ་བ་ཤ་སྟག་དྲུག་སྟོང་པོ་དེ་དག་ལ་ཡང་ང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན་ཞེས་བྱ་བ་ནས་བཀུར་སྟི་བྱས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་
རྒྱས་སྐར་རྒྱལ་ཞེས་བྱ་བ་ཤ་དག་བྱེ་བ་ཕྲག་གསུམ་པོ་དེ་དག་ལ་ཡང་ཞེས་བྱ་བ་ནས་ང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན་བཀུར་སྟི་བྱས་སོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་སཱ་ལའི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་ཁྲི་
དྲུག་སྟོང་པོ་དེ་དག་བསྐལ་པ་གཅིག་ལ་བྱུང་སྟེ། ཤཱ་རིའི་བུ་བསྐལ་པ་དེའི་མིང་ཡང་གོང་མས་འཕགས་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་དེ་ལ་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་ཁྲི་དྲུག་སྟོང་པོ་དེ་དག་ལ་ངས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པས་
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ལ་བརྟེན་ནས་ཞེས་བྱ་བ་ནས་ང་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ལུང་མ་བསྟན་ཏོ་ཞེས་བྱ་བ་དང་། འདི་ལྟར་ཡང་ང་སྨྲ་བ་དེ་དག་ལ་མངོན་པར་ཞེན་པ་དང་། དམིགས་
པའི་ལྟ་བ་ཅན་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་ངས་མངོན་པར་དྲན་ཏེ། སངས་རྒྱས་པད་མས་འཕགས་པ་ཞེས་བྱ་བ་ཤ་སྟག་ཁྲི་ལྔ་བརྒྱ་པོ་དེ་དག་ལ་ཡང་ཞེས་བྱ་བ་ནས། ང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་གྱུར་པ་ན་ཞེས་བྱ་བའི་བར་དུ་བརྗོད་པར་
བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་རབ་ཏུ་འབར་བ་ཞེས་བྱ་བ་ཤ་དག་ཁྲི་ལྔ་སྟོང་པོ་དེ་དག་ལ་ཡང་ཞེས་བྱ་བ་ནས་ང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་གྱུར་པ་ན་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་

རྒྱས་ཀཽཎྜི་ནྱས་རིགས་ཞེས་བྱ་བ་བྱེ་བ་ཕྲག་དགུ་བཅུ་པོ་དག་ལ་ཡང་ཞེས་བྱ་བ་ནས་ང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་གྱུར་པ་ན་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་འོད་སྲུང་ཞེས་བྱ་བ་ཤ་དག་སྟོང་ཕྲག་དགུ་པོ་དེ་དག་ལ་
ཡང་ཉན་ཐོས་ཀྱི་ཚོགས་དང་བཅས་པར་ཡང་ངས་ཆོས་གོས་དང་ཞེས་བྱ་བ་ནས། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཐམས་ཅད་དུ་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་བཀུར་སྟི་བྱས་ཞེས་བྱ་བ་ནས། མཉེས་པར་བྱས་སོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །སངས་རྒྱས་
བཅོམ་ལྡན་འདས་དེ་དག་གིས་ང་ལ་ཁྱོད་མ་འོངས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏེ། གང་ཡང་ངས་འདི་ལྟར་ཆོས་རྣམས་ཀྱི་རང་གི་མཚན་ཉིད་མ་ཤེས་ཤིང་དམིགས་པ་ཅན་གྱི་ལྟ་བར་གྱུར་ནས་
བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། བསྐལ་པ་ཁྲིར་འཇིག་རྟེན་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྟོངས་པར་གྱུར་ཏོ། །དེ་ལ་བསྐལ་པ་ལྔ་བརྒྱ་པོ་གང་དག་ལ་རང་སངས་རྒྱས་ཤ་སྟག་བྱུང་
བར་གྱུར་ཏོ། །ཤཱ་རིའི་བུ་ངས་མངོན་པར་དྲན་ཏེ། རང་སངས་རྒྱས་བརྒྱ་སྟོང་ཕྲག་དགུ་བཅུ་གང་དག་ལ་ངས་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་བསོད་སྙོམས་དང་ཞེས་བྱ་བ་ནས། བཀུར་སྟི་བྱས། མཉེས་པར་བྱས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་ངས་བསྐལ་པ་ལྔ་བརྒྱར་རང་སངས་
རྒྱས་བྱེ་བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་བཀུར་སྟི་བྱས་ཞེས་བྱ་བ་ནས། མཉེས་པར་བྱས་སོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་འདི་ལྟར་བསྐལ་པ་ལྔ་བརྒྱ་པོ་དེ་དག་རྫོགས་ཤིང་རང་སངས་རྒྱས་གང་ཡིན་པ་དེ་དག་ཀྱང་བྱུང་བ་དང་། དེའི་ཚེ་ང་མི་རྣམས་ལས་ཤི་འཕོས་ནས་ཚངས་
པའི་འཇིག་རྟེན་དུ་སྐྱེས་ཏེ། དེར་ཚངས་པར་གྱུར་པ་ན་ཡང་ཚངས་པ་ཆེན་པོར་གྱུར་ཏོ། །ཤཱ་རིའི་བུ་རྣམ་གྲངས་འདིས་བསྐལ་པ་ལྔ་བརྒྱར་རྟག་པར་རྒྱུན་དུ་ཚངས་པ་ཆེན་པོར་གྱུར་ཏོ། །ཤཱ་རིའི་བུ་འདི་ལྟར་ཡང་བསྐལ་པ་ལྔ་བརྒྱ་པོ་དེ་དག་འདས་ནས་སླར་འཛམ་བུའི་གླིང་དུ་རྒྱལ་སྲིད་

བྱེད་དུ་བཅུག་སྟེ། རྒྱལ་པོ་ཆེན་པོ་རྣམས་དང་། ལྷ་རྣམས་ཀྱི་སྐལ་པ་ཆེན་པོ་དང་ལྡན་པར་སྐྱེས་སོ། །དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་དབང་པོ་གཅིག་པུར་གྱུར་ཏོ། །ཤཱ་རིའི་བུ་རྣམ་གྲངས་འདིས་བསྐལ་པ་ལྔ་བརྒྱར་འཛམ་བུའི་གླིང་དུ་སྐྱེས་ཏེ། དེ་བསྐལ་པ་
ལྔ་བརྒྱར་ཚངས་པར་གྱུར་ན་ཡང་ཚངས་པ་ཆེན་པོར་གྱུར་ཏེ། ཤཱ་རིའི་བུ་བསྐལ་པ་བརྒྱ་སྟོང་ཕྲག་དགུར་སྐྱེ་བ་གཅིག་པོ་མི་རྣམས་ཀྱི་ནང་དུ་སྐྱེས་སོ། །ཤཱ་རིའི་བུ་འདི་ལྟར་བསྐལ་པ་བརྒྱ་སྟོང་ཕྲག་དགུར་རང་སངས་རྒྱས་ནི་བྱུང་བར་གྱུར་གྱི། སངས་རྒྱས་ནི་བྱུང་བར་མ་གྱུར་ཏོ། །སེམས་ཅན་ཕལ་
ཆེར་ངན་འགྲོར་འགྲོ་བར་གྱུར་པ་ན། ཤཱ་རིའི་བུ་འདི་ལྟར་བསྐལ་པ་བརྒྱ་སྟོང་ཕྲག་དགུ་པོ་དེ་དག་ཏུ་སྐྱེ་བ་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། འཇིག་རྟེན་འདི་འཇིག་པ་ན་ནི་འོད་གསལ་གྱི་ལྷའི་ནང་དུ་སྐྱེས་སོ། །འཇིག་རྟེན་འདི་ཆགས་པ་ན་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་སུ་སྐྱེས་ཏེ། འདོད་པ་ན་སྤྱོད་པའི་
ལྷ་ཆེན་པོའི་རིས་ཀྱི་བདག་པོར་གྱུར་ཏོ། །ཤཱ་རིའི་བུ་འདི་ལྟར་ཡང་བསྐལ་པ་ཁྲི་པོ་དེ་དག་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྦས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བ་དང་། ང་ཡང་ཚངས་པའི་འཇིག་རྟེན་ནས་ཚེ་འཕོས་ནས་འཛམ་བུའི་གླིང་དུ་
སྐྱེས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལེགས་མཐོང་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་མི་དེ་དག་གི་ཚེ་ནི་ལོ་སྟོང་ཕྲག་དགུ་བཅུ་ཐུབ་པར་གྱུར་རོ།། །།སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། བམ་པོ་དྲུག་པ། དེ་ནས་ངས་བཅོམ་ལྡན་འདས་དེ་དགེ་སློང་
གི་དགེ་འདུན་དགེ་སློང་བརྒྱ་སྟོང་བྱེ་བ་ཕྲག་དགུ་བཅུ་དང་ཐབས་ཅིག་ཏུ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་ཞེས་བྱ་བ་ནས། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཐམས་ཅད་དུ་བདེ་བར་གནས་པར་བྱ་བའི་ཕྱིར་བཀུར་སྟི་བྱས། མཉེས་པར་བྱས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེས་ཀྱང་ང་ལུང་
མ་བསྟན་ཏོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱ་སྟེ། འདི་ལྟར་ཆོས་རྣམས་ཀྱི་རང་གི་མཚན་ཉིད་མི་ཤེས་ཤིང་། བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་དང་། དམིགས་པ་ཅན་གྱི་ལྟ་བར་གྱུར་པའི་ཕྱིར་རོ། །ཤཱ་རིའི་བུ་དེའི་ཚེ་བསྐལ་པ་ཡོངས་སུ་ཚང་བར་སངས་རྒྱས་མཚན་ཐ་དད་པ་སྟོང་

བྱུང་བ་དེ་ཡང་ང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་ཀྱིས་ཐམས་ཅད་དུ་བདེ་བར་གནས་པར་བྱ་བའི་ཕྱིར། བཀུར་སྟིར་བྱས། བླ་མར་
བྱས། མཆོད། རྗེད་དེ་མཉེས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་བསྒྲུབས་ན། སངས་རྒྱས་དེ་དག་གིས་ང་ལ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏོ། །དེ་
ཅིའི་ཕྱིར་ཞེ་ན། འདི་ལྟར་ངས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་མི་ཤེས་ཤིང་། བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་དང་། དམིགས་པ་ཅན་གྱི་ལྟ་བ་ལ་མངོན་པར་ཞེན་པར་གྱུར་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། བསྐལ་པ་གྲངས་མེད་པ་བདུན་བརྒྱའི་ཚེ་
སངས་རྒྱས་འཛམ་བུ་འདུད་པ་ཞེས་བྱ་བ་སྟོང་ཡོངས་སུ་ཚང་བར་བྱུང་བ་ཞེས་བྱ་བ་ནས་དེ་དག་ཀྱང་ངས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །བསྐལ་པ་གྲངས་མེད་པ་བརྒྱ་པོ་དེ་ཉིད་ལ་སངས་རྒྱས་དོན་ཐམས་ཅད་གཟིགས་པ་ཞེས་བྱ་བ་ཤ་སྟག་དྲུག་ཁྲི་ཉིས་སྟོང་ཞེས་བྱ་བ་ནས་དེ་དག་ཀྱང་
ངས་བཀུར་སྟི་བྱས་ཞེས་བྱ་བ་ནས། ཇི་ལྟར་ཡང་དམིགས་པ་ཅན་གྱི་འདུ་ཤེས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གྲངས་མེད་པའི་བསྐལ་པ་བརྒྱ་པོ་དེ་ཉིད་ལ་སངས་རྒྱས་དབང་པོའི་རྒྱལ་མཚན་ཞེས་བྱ་བ་ཤ་དག་བརྒྱད་ཁྲི་བཞི་སྟོང་ཞེས་བྱ་བ་ནས། དེ་དག་ཡང་
ངས་བཀུར་སྟི་བྱས་ཞེས་བྱ་བ་དང་། ཇི་ལྟར་ཡང་དམིགས་པ་ཅན་གྱི་འདུ་ཤེས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་ཉི་མ་ཞེས་བྱ་བ་ཤ་དག་ལྔ་བརྒྱ་ཞེས་བྱ་བ་ནས། དེ་དག་ཀྱང་ངས་ཞེས་བྱ་བ་དང་། ཇི་ལྟར་
ཡང་དམིགས་པ་ཅན་གྱི་འདུ་ཤེས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཞི་བར་མཛད་ཅེས་བྱ་བ་ཤ་སྟག་དྲུག་ཁྲི་ཉིས་སྟོང་ཉན་ཐོས་ཀྱི་ཚོགས་དང་བཅས་པ་དེ་དག་ཡང་ང་འཁོར་ལོས་སྒྱུར་བའི་

རྒྱལ་པོར་གྱུར་པ་ན། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རྗེད་མཆོད་དེ་མཉེས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་བསྒྲུབས་ན། སངས་
རྒྱས་བཅོམ་ལྡན་འདས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ་ཞེས་བྱ་བ་ནས། ཇི་ལྟར་ཡང་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ཅིང་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་རིམ་གྱིས་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་ང་ལུང་བསྟན་ཏོ། །
དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བཅོམ་ལྡན་འདས་མར་མེ་མཛད་དེ་ངས་མཐོང་མ་ཐག་ཁོ་ནར་ཆོས་རྣམས་ལ་མ་སྐྱེས་པའི་བཟོད་པ་ཐོབ་ནས། བཅོམ་ལྡན་འདས་མར་མེ་མཛད་ཀྱིས་ཐོག་མ་རང་ལ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་ཤ་སྟག་བྱེ་བ་ཕྲག་བཅུ་གཉིས་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །
ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བ་ཤ་དག་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་གཉིས་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་ཤ་དག་བྱེ་བ་
ཕྲག་བཞི་བཅུ་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཤ་སྟག་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་
མངོན་པར་དྲན་ཏེ། རྒྱལ་པོ་བུ་རམ་ཤིང་པ་ཞེས་བྱ་བ་ཤ་དག་བྱེ་བ་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། འདས་པའི་དུས་ན་རྒྱལ་པོ་རབ་འབར་ཞེས་བྱ་བ་ཤ་དག་ཁྲི་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་

རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་གཟུགས་མཛེས་ཞེས་བྱ་བ་ཤ་དག་བྱེ་བ་ཕྲག་ཉི་ཤུ་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་འདི་ལྟར་མིང་སྣ་ཚོགས་པའི་རྒྱལ་པོ་བྱེ་བ་ཕྲག་བཅུ་དྲུག་དང་། ཤཱ་རིའི་བུ་རྒྱལ་པོ་
བྱེ་བ་ཕྲག་བརྒྱད་པོ་གང་ཡིན་པ་འདི་དག་ནི་དེ་བཞིན་གཤེགས་པས་དགེ་སློང་ཀུན་དགའ་བོ་ལ་གསུངས་སོ། །ཤཱ་རིའི་བུ་དེའི་ཚེ་དེའི་དུས་ཀྱི་དེ་དང་དེར་བྱུང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་དག་ཁྱོད་གཞན་ཡིན་པ་སྙམ་དུ་སེམས་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན།
ཤཱ་རིའི་བུ་ང་ཉིད་དེའི་ཚེ་དེའི་དུས་ཀྱི་དེ་དང་དེར་བྱུང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་སུ་གྱུར་ཏོ། །དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པ་དང་། བླ་མར་བྱས་པ་དང་། རྗེད་པ་དང་། མཆོད་པ་དང་། མཉེས་པར་བྱས་པའི་ལེའུ་སྟེ་བརྒྱད་པའོ།། །།ཤཱ་རིའི་བུ་ངས་འདས་
པའི་དུས་མངོན་པར་དྲན་ཏེ། གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་འོད་ཅེས་བྱ་བ་ཞིག་བྱུང་བར་གྱུར་པའི་དུས་དེ་དང་དེ་ཡོད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན་དེ་ལ་དེས་ཐོག་མར་བྱང་
ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་བསྐྱེད་དེ། བཅོམ་ལྡན་འདས་དེའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་དུ་གྱུར་ཏོ། །བཅོམ་ལྡན་འདས་དེའི་ཉན་ཐོས་རྣམས་ཀྱི་འདུས་པ་ཆེན་པོ་ནི་གསུམ་དུ་གྱུར་ཏེ། འདུས་པ་ཆེན་པོ་དང་པོ་ལ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་བྱུང་ངོ་། །འདུས་པ་གཉིས་
པ་ལ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་བྱུང་ངོ་། །འདུས་པ་གསུམ་པ་ལ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་བྱུང་ངོ་། །ཤཱ་རིའི་བུ་དེ་ནས་རྒྱལ་པོ་རྣམ་པར་སྣང་བྱེད་ཀྱིས་བཅོམ་ལྡན་འདས་དེ་མཐོང་ནས་དགའ་བ་ཆེན་པོ་སྐྱེས་པར་གྱུར་ཏེ། དེས་བཅོམ་ལྡན་འདས་
དེ་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ལ་ལོ་ཁྲིར་ཞེས་བྱ་བ་ནས། བཀུར་སྟི་བྱས། མཉེས་པར་བྱས་ནས་ཞེས་བྱ་བའི་བར་དུ་བརྗོད་པར་བྱ་སྟེ། སྨོན་ལམ་དུ་ཡང་ཀྱེ་མ་རེ་ཞིག་བྱང་ཆུབ་དོན་དུ་གཉེར་བ་ན། མ་འོངས་པ་ན་བདག་གི་ཚེའི་ཚད་ཀྱང་འདི་ཉིད་དང་། རེ་ཞིག་ཉན་ཐོས་ཆེན་པོའི་དགེ་འདུན་གྱི་

ཚད་ཀྱང་འདི་ཁོ་ན་སྙེད་དང་ལྡན་པར་གྱུར་ཅིང་གང་གི་ཚེ་སེམས་ཅན་རྣམས་བདེ་བ་ལ་བཀོད་པར་གྱུར་པ་དེའི་ཚེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་
དྲན་ཏེ། བྱང་ཆུབ་སེམས་དཔའ་བྱམས་པས་བསྐལ་པ་བྱེ་བ་ཕྲག་བཞི་བཅུ་པོ་འདི་སྙེད་ཅིག་ལོན་ནས། དེའི་འོག་ཏུ་ངས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ལས་དགེ་བའི་རྩ་
བ་བསྐྱེད་དོ། །བཅོམ་ལྡན་འདས་དེ་ལ་ལོ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཤིང་ལྷའི་རས་བཅོས་བུ་འབུམ་ཕྲག་ལྔ་རི་བ་དག་གིས་མངོན་པར་བཀབ་བོ། །བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་ཤིན་ཏུ་ཆེན་པོ་འཕང་དུ་དཔག་ཚད་ཙམ་ལ།
རྒྱར་དཔག་ཚད་ཕྱེད་པ་རིན་པོ་ཆེ་སྣ་བདུན་ལས་བྱེད་དུ་བཅུག་སྟེ། འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། བདུན་པ་ནི་རིན་པོ་ཆེ་སྤུག་གོ །ཤཱ་རིའི་བུ་ངས་རྟག་པར་རྒྱུན་དུ་འདི་སྐད་ཅེས་གང་གི་ཚེ་སེམས་ཅན་རྣམས་སྡུག་
བསྔལ་གྱིས་ཉེན་པར་གྱུར་ཅིང་། སྐྱབས་མེད་ལ། རྟོན་པ་མེད་པས་ཕལ་ཆེར་མི་དགེ་བའི་ཆོས་སྒྲུབ་པ་ལ་ཞུགས་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱེད་པ་དེའི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་གྱུར་ཅིག་ཅེས་སྨོན་ལམ་དུ་བཏབ་བོ། །ཤཱ་རིའི་བུ་
དེ་བཞིན་གཤེགས་པས་དཀའ་བ་ཇི་སྙེད་ཅིག་སྤྱོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་དཀའ་བ་ཇི་སྙེད་ཅིག་གིས་བསྒྲུབས་པ་དང་། ཤཱ་རིའི་བུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་སྒྲུབ་པ་ན། སྡུག་བསྔལ་གང་དག་ཉམས་སུ་མྱོང་བར་བྱས་པ་ལ་ལྟོས།
གལ་ཏེ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་སྒྲུབ་པ་ན། དེ་བཞིན་གཤེགས་པས་དོག་པ། རྩུབ་པ། ཉམ་ང་བའི་ཚོར་བ་ཉམས་སུ་མྱོང་བར་བྱས་པ་དེ་དག་ཐམས་ཅད་རྒྱ་ཆེར་བརྗོད་ན། ཤཱ་རིའི་བུ་ཐམས་ཅད་རྟག་ཏུ་སྦྱིན་ཞེས་བྱ་བས་དགེ་བ་ཅི་ཡིན་ཞེས་ཚོལ་བ་ན། རྟག་པར་རྒྱུན་དུ་

ཡིད་བྱུང་བར་བྱེད་ཅིང་ཚད་མེད་པའི་བརྩོན་འགྲུས་བརྩམས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་མཉེས་པར་བྱས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་དཀའ་བ་ཇི་སྙེད་ཅིག་གིས་བསྒྲུབས་པ་ལ་ལྟོས། སྐྱེས་
བུ་བླུན་པོ་འདི་དག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཆེད་དུ་སེམས་གཅིག་ཀྱང་སྐྱེད་པར་མི་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་བྱང་ཆུབ་དེ་ནི་རིགས་པས་བསྒྲུབས་ན་ཡང་དེ་ལྟར་དཀའ་ན། རིགས་པ་མ་ཡིན་པས་ལྟ་ཅི་སྨོས། ཤཱ་རིའི་བུ་དེ་ལྟ་བས་ན་ཁྱེད་ལ་གོ་བར་བྱའོ། །
ཁོང་དུ་ཆུད་པར་བྱའོ། །ང་ནི་ཇི་ལྟར་ཡང་ངན་པས་ནི་གྱ་ནོམ་པ་ཐོབ་པའམ། རྟོགས་པར་མི་གསུང་ངོ་། །ཤཱ་རིའི་བུ་ངན་པ་གང་ཞེ་ན། ཤཱ་རིའི་བུ་ལུས་ཀྱི་སྤྱོད་པ་དང་། ངག་གི་སྤྱོད་པ་དང་། ཡིད་ཀྱི་སྤྱོད་པ་ངན་པ་དང་། དགེ་བའི་ཆོས་རྣམས་ལ་སྦྱོར་བ་ངན་པ་དང་། དམིགས་
པ་ངན་པ་དང་། ལེ་ལོ་ངན་པ་དང་། འཆལ་པའི་ཚུལ་ཁྲིམས་ངན་པ་སྟེ། ཤཱ་རིའི་བུ་འདི་དག་ནི་ངན་པ་རྣམས་ཀྱི་ནང་ན་ངན་པ་ཐ་ཆད་ཡིན་ནོ། །ཤཱ་རིའི་བུ་གང་ཞིག་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པར་གྱུར་ཅིང་། དེ་བཞིན་དུ་སེམས་ཅན་དུ་
སྨྲ་བ་དང་། སྲོག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བ་ལ་མངོན་པར་ཞེན་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་གང་ཟག་ཏུ་སྨྲ་བ་ལ་ནི་རྗེས་སུ་འཐུན་པའི་བཟོད་པ་ཡང་མེད་པར་མངོན་སུམ་དུ་གཟིགས་པའི་ཕྱིར་རོ། །ཤཱ་རིའི་བུ་གལ་ཏེ་
དམིགས་པའི་འདུ་ཤེས་ཅན་ལ་ནི་སངས་རྒྱས་བྱེ་བ་ཕྲག་སྟོང་གིས་ཉིན་གཅིག་བཞིན་དུ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཆོས་བསྟན་ཀྱང་དེའི་ལྟ་བ་དེ་ཁོ་ན་སྤོང་བར་མི་འགྱུར་ཞིང་། དད་པས་བྱིན་པའི་བསོད་སྙོམས་ཁམ་གཅིག་ཙམ་ཡང་ཡོངས་སུ་སྦྱང་བའི་ཕྱིར་མི་འཐོབ་ན། འབྲས་བུ་ཐོབ་པ་
ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་གང་ཟག་ཏུ་ལྟ་བ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན། སོ་སོའི་སྐྱེ་བོ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གང་ཟག་ཏུ་ལྟ་བ་ནི་ལོག་པར་ལྟ་བ་ཡིན་པའི་

ཕྱིར་རོ། །ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་ཕལ་ཆེར་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་བཞིན་དུ་སེམས་ཅན་དུ་སྨྲ་བ་དང་། སྲོག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་ལོག་པའི་ལྟ་བ་དང་ལྡན་པ་ཐམས་ཅད་
ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཤཱ་རིའི་བུ་གང་ཞིག་འདི་སྙམ་དུ་གང་ཟག་ཏུ་ལྟ་བ་མ་སྤངས་པ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ཡོད་དོ་སྙམ་ན། དེ་ལྟ་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་འཕགས་པའི་ལམ་དང་ལྡན་པར་འགྱུར་ཏེ། དེ་དག་གི་འཕགས་པའི་ལམ་མ་ཚང་བ་
མེད་པའི་ཕྱིར་རོ། །ཤཱ་རིའི་བུ་གང་ཞིག་འདི་སྙམ་དུ་ལོག་པའི་ལྟ་བ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ཡོད་དོ་སྙམ་དུ་སེམས་པ་དེའི་ལྟ་ན། དེའི་དེ་ཉིད་འཕགས་པའི་ལམ་ཡིན་པར་འགྱུར་ཏེ། དེའི་ཡིད་ལ་བྱེད་པ་གཞན་མ་རྙེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་
བོ་ཐམས་ཅད་ནི་གང་ཟག་ཏུ་ལྟ་བ་དང་མི་འགལ་བའི་ཕྱིར་རོ། །སྐྱེས་བུ་བླུན་པོ་དེ་དག་ནི་ཡང་སྐྱོན་འདི་འཐོབ་པར་འགྱུར་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་འཕགས་པའི་ལམ་འཐོབ་པ་དང་། འཕགས་པའི་ལམ་ཐོབ་པ་རྣམས་ལམ་གོམས་པར་བྱ་བའི་ཕྱིར་ཀུན་གྱི་སྲོག་གཅོད་པར་བྱེད་པ་དང་།
འདོད་པ་ལ་བསྟེན་པ་དང་། མཚམས་མེད་པ་བྱེད་པར་འགྱུར་རོ། །དེ་ལྟར་སྐྱེས་བུ་བླུན་པོ་དེ་དག་གི་འཕགས་པའི་ལམ་གང་ཡིན་པ་དེ་ནི་མཚམས་མེད་པ་ཡིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་གང་ཟག་ཏུ་སྨྲ་བ་ཡིན་པའི་ཕྱིར་རོ། །ཡང་ན་དེ་འདི་སྐད་
ཅེས་མཚམས་མེད་པ་དང་ལྡན་པ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མེད་ཀྱི། གང་ཟག་ཏུ་སྨྲ་བ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ཡོད་དོ་ཞེས་སྨྲ་ན། དེ་ནི་བརྫུན་གྱི་ཚིག་སྨྲ་བས་ང་ལ་ཡང་སྐུར་པ་འདེབས་པ་ཡིན་ཏེ། དེ་ནི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ན་ཡང་དོན་མེད་པར་གྱུར་པ་ཡིན་
ནོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །དམིགས་པའི་འདུ་ཤེས་ཅན་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མེད་དོ། །ཤཱ་རིའི་བུ་གལ་ཏེ་དམིགས་པའི་འདུ་ཤེས་ཅན་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་རྣམས་འབྱུང་བར་མི་འགྱུར་ཞིང་། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་དམིགས་པ་ཅན་གང་ཟག་ཏུ་སྨྲ་བ་ལོག་པར་ལྟ་བ་ཅན་རྣམས་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་ཇི་སྲིད་
དུ་ང་ནི་དམིགས་པ་ཅན་གྱི་ལྟ་བ་དེ་ལྟ་བུ་དང་ལྡན་པར་གྱུར་ཏེ། བར་ཆད་ཀྱི་གནོད་པ་དང་བཅས་པ་དེ་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ང་ལ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་གྱི། ཇི་སྲིད་དུ་
ང་དང་མི་ལྡན་པར་གྱུར་པ་ལ་ལྟོས། སྐྱེས་བུ་གཏི་མུག་བདག་ཏུ་སྨྲ་བ་དང་གང་ཟག་གི་འདུ་ཤེས་ཅན་གང་ཡིན་པ་དག་གི་ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་ཙམ་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ང་ནི་དེ་ལ་བདེན་པ་ཡང་མ་ཡིན། གྲོལ་བ་ཡང་མ་ཡིན་ནོ་ཞེས་གསུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་
འདི་ལྟར་ཡུན་རིང་པོ་ནས་ཡང་དག་པ་མ་ཡིན་པའི་ཆགས་པ་དེ་ལྟ་བུ་དེ་དག་ལ་ཞེན་པས་དེ་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྐྱེས་བུ་བླུན་པོ་དེ་དག་ནི་འདི་སྙམ་དུ་ང་ནི་ཅི་ནས་ཀྱང་རེ་ཞིག་བདག་མེད་པའི་མཚན་ཉིད་ཀུན་ཏུ་སྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ལ་ཅི་ནས་ཀྱང་སྡུག་
བསྔལ་གྱི་ཕུང་པོ་སྤང་ངོ་སྙམ་དུ་སེམས་པར་མི་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་དམུས་ལོང་ཞིག་རྒྱབ་ནས་བསད་པས་བསྡིགས་པ་ན། བྲོས་ན་བདེ་བར་འགྱུར་བའི་འདུ་ཤེས་ཀྱིས་མེ་མ་མུར་དང་མགལ་དུམ་གྱིས་གང་བར་མཆོང་ངོ་། །ཤཱ་རིའི་བུ་དེ་བཞིན་དུ་ངས་ཀྱང་སྐྱེས་བུ་བླུན་པོ་དམིགས་
པའི་ལྟ་བ་དང་གང་ཟག་གི་ལྟ་བ་དེ་ལ་ཀུན་ཏུ་སྟེན་པ་གང་ཡིན་པ་དེ་དག་ཀྱང་དེ་ལྟར་འགྱུར་བར་དགོངས་ཏེ། གང་དག་དེ་ཁོ་ནས་དག་པར་རློམ་སེམས་སུ་བྱེད་དོ། །སེམས་ཅན་རྣམས་གང་དང་གང་ཁོ་ནས་ཉོན་མོངས་པར་གྱུར་པ་དེ་ཁོ་ནས་གྲོལ་བར་རློམ་སེམས་སུ་བྱེད་དེ། དེ་དག་ལྟ་བ་དེ་
རྣམས་དང་ལྡན་པས་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་གསུང་ངོ་། །ཤཱ་རིའི་བུ་དཔེར་ན་དམུས་ལོང་དེ་བདེ་བའི་འདུ་ཤེས་ཀྱིས་མེ་མ་མུར་དུ་མཆོང་བ་དེ་བཞིན་དུ། སྐྱེས་བུ་བླུན་པོ་དེ་དག་ཀྱང་བདེ་བའི་འདུ་ཤེས་ཀྱི་གང་ཟག་ཏུ་ལྟ་བར་འགྱུར་རོ། །དེ་དག་ལྟ་བ་གང་དང་གང་ཁོ་ནས་ཡུན་

རིང་པོར་བསླུས་ཤིང་རྨོངས་པར་བྱས་ཏེ། དེ་ཉིད་ལ་ལྷག་པར་ཆགས་པར་འགྱུར་ཞིང་དད་པས་བྱིན་པ་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ། །དེ་དག་དེ་ཁོ་ནས་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། བདེ་བ་མ་ཡིན་པ་དང་། སྡུག་བསྔལ་བ་དང་། ཉམས་པ་
དང་། གཞན་གྱིས་ཟིལ་གྱིས་མནན་པ་དང་། ཡུན་རིང་པོར་ལོག་པར་ལྟུང་བར་བྱ་བའི་ཕྱིར་ཀུན་ཏུ་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། འབྱོར་པ། རང་གི་ཡུལ་དང་། རང་གི་ཕོ་བྲང་འཁོར་ན་བསད་པའི་རིགས་པ་ནི་གསོད་ལ། སྤྱུག་པའི་རིགས་
པ་ནི་སྤྱུག་པར་བྱེད་དེ། དེ་ལ་གང་དག་གནོད་པ་བྱེད་པ་དག་དང་། གང་དག་གྲོང་ཁྱེར་གྱི་ཆོས་ཁྲིམས་བཞིན་རྗེས་སུ་མི་སྒྲུབ་པ་དག་དང་། བར་ཆད་ཀྱིས་སྐྱེ་བོ་མང་པོ་འབྱེད་པར་བྱེད་པའོ། །དེ་དག་རྒྱལ་པོས་ཆོམ་རྐུན་པ་ཡིན་པར་ཤེས་ཤིང་འཐབ་ཁྲོལ་བ་ཡིན་པར་ཤེས་ནས་སྐད་དྲག་པོ་
དང་། རྔ་པ་ཊ་ཧ་བརྡུངས་ནས། རྒྱལ་པོའི་འཁོར་དང་། གྲོང་ཁྱེར་གྱི་མི་རྣམས་ཀྱི་མདུན་ནས་ཕྱིར་བྱུང་སྟེ། འདི་སྐད་ཅེས་རྒྱལ་པོའི་འཁྲུག་ལོང་པ་དང་། གྲོང་ཁྱེར་གྱི་ཆོས་ཁྲིམས་བཞིན་རྗེས་སུ་མི་སྒྲུབ་པ་གང་ཡིན་པ་དེ་ནི་རྟགས་ཅན་འདི་ཡིན་ནོ་ཞེས་སྒྲོགས་སུ་འཇུག་གོ །ཤཱ་རིའི་བུ་དེ་བཞིན་དུ་དེ་
བཞིན་གཤེགས་པས་བསྐལ་པ་གྲངས་མེད་པ་ནས་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་བསྒྲུབས་པས། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཡང་ཉིད་ཀྱི་ཡུལ་འདི་ལ་མངའ་ཡོད་དོ། །དེ་བཞིན་གཤེགས་པའི་འཁོར་གྱི་བྱ་བ་ལ་སྲོག་གི་ཕྱིར་ཡང་འགལ་བར་མི་བྱེད་
པ་དག་ཀྱང་ཡོད་དེ། ཤཱ་རིའི་བུ་གང་ཞིག་དེ་བཞིན་གཤེགས་པའི་གསུང་རྟོགས་པ་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བྱ་བ་དང་འབྲེལ་པ་དེ་ལས་བསྐྱོད་པ་དང་། དེ་བཞིན་གཤེགས་པའི་མཛད་པ་ལ་ཡང་གང་གིས་ཀྱང་མི་བསྲུང་བར་མི་ནུས་སོ། །འཆི་བ་ལ་ཐུག་ན་ཡང་མི་བྱེད་
ཅིང་བྱེད་དུ་མི་འཇུག་གོ །ཤཱ་རིའི་བུ་ང་ནི་འཁོར་དང་བཅས་པར་བྱ་བ་འཇུག་པར་བྱ་བ་ལ་མངའ་ཡོད་དེ། གང་གི་ཆོས་ཀྱི་གྲོང་ཁྱེར་འདི་ལ་ཆོམ་རྐུན་པའམ། ཆོམ་རྐུན་པའི་སྡེར་གཏོགས་པའམ། ཕུ་གུ་པའམ། འཁྲུག་ལོང་པ་སུ་ཡང་རུང་མི་རྒྱུ་བར་བྱ་བའི་ཕྱིར་དེ་ཤིན་ཏུ་བསྲུངས་

ཤིང་ཤིན་ཏུ་སྦས་པ་ཡིན་ནོ། །གང་དག་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་འཁོར་གྱི་གསང་བའི་དོན་གྱི་གསང་སྔགས་ཀྱི་ཚིག་འདི་དེ་བཞིན་གཤེགས་པའི་གསུང་ལས་ཕྱི་རོལ་དུ་གྱུར་པ། ཚིག་གི་བྱ་བ་མེད་པ་གང་ཡིན་པ་དག་ལ་མི་སྨྲ་བ་སྟེ། ཤཱ་རིའི་བུ་དེ་ལྟར་དེ་
བཞིན་གཤེགས་པས་བྱ་བ་ལ་གཞོལ་བ་གཞིའི་ཤེས་རབ་ཆེན་པོས་ཆོས་ཀྱི་གྲོང་ཁྱེར་ཤིན་ཏུ་བསྲུངས་པ་ཡིན་ནོ། །ཤཱ་རིའི་བུ་ཆོས་ཀྱི་གྲོང་ཁྱེར་དེའི་བར་ཆད་བྱེད་པ་གང་ཡིན་པ་དེ་ནི་ད་ལྟར་མེད་དོ། །ཤཱ་རིའི་བུ་ད་ལྟར་ཆོས་ཀྱི་གྲོང་ཁྱེར་དེའི་བར་ཆད་བྱེད་པ་གང་དག་ཡོད་ན། དེ་དག་ནི་འདི་ལ་ཆོམ་རྐུན་པ་
ཞེས་བྱའོ། །འཁྲུག་ལོང་པ་ཞེས་བྱའོ། །གང་དག་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་འཁོར་གྱི་གསང་བའི་དོན་གྱི་གསང་སྔགས་ཀྱི་ཚིག་འདི་ཕྱི་རོལ་པ་ལ་སྨྲ་ན། དེ་དག་ངའི་སྤྱན་སྔར་ཉེ་བར་འོངས་ཤིང་ལྷགས་ཀྱང་ངས་དེ་དག་ཆོས་དང་འཐུན་པའི་གཏམ་གྱིས་སྡུད་པར་མི་མཛད།
དེ་དག་ལ་བྱ་བ་སྟོན་པར་མི་མཛད། དེ་དག་ལ་གསང་བའི་དོན་གྱི་གསང་སྔགས་ཀྱི་ཚིག་བརྗོད་པར་མི་མཛད་དོ། །དེ་དག་ལ་ཡང་བྱ་བ་འདི་དག་ཀུན་ཏུ་ཚོལ་བ་ན། རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བའི་ཕྱིར་གླགས་ཚོལ་བར་བྱེད་དོ། །ངས་དེ་དག་བྱ་བ་ལ་མཐུ་ཡོད་པར་མཁྱེན་ནས།
སྐབས་དབྱེ་བ་མཛད་དོ། །ཟླ་བ་བཞིའི་གནས་འཆར་གཞུག་གོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ཆོས་ཀྱི་གྲོང་ཁྱེར་སྲུང་ཞིང་སྦ་བའི་ཕྱིར་དང་། མ་འོངས་པའི་འཁྲུག་ལོང་བ་རྣམས་བསྲུངས་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་གྲོང་ཁྱེར་ཤིན་དུ་ཡོངས་
སུ་བཟུང་བས་དེ་དག་གིས་གླགས་མི་རྙེད་དོ། །དེ་དག་གིས་གླགས་མི་རྙེད་པས་དེ་བཞིན་གཤེགས་པའི་གསུང་འཛིན་ཅིང་སྡིག་པ་ཅན་གྱི་ལྟ་བ་སྤོང་བར་འགྱུར་རོ། །དེ་དག་དེ་ལྟར་སེམས་མགུ་ནས་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་བྱའོ། །དེ་དག་དེ་ལྟར་རབ་ཏུ་ཕྱུང་བ་ན་ལྷ་དང་བཅས་པའི་འཇིག་
རྟེན་གྱིས་མི་བསྒུལ་བར་འགྱུར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་གནས་འཆར་གཞུག་གོ་ཞེས་གསུངས་པའི་འོས་གང་ཞེ་ན། གཞན་མུ་སྟེགས་ཅན་རྣམས་དང་། གཞན་མུ་སྟེགས་ཅན་གྱི་སྨྲ་བ་ལ་དགའ་བ་སུ་ཡང་རུང་བ་དག་སྟེ། དེ་དག་དེ་བཞིན་གཤེགས་པས་གནས་འཆར་གཞུག་

པའི་འོས་སུ་གསུངས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་མུ་སྟེགས་ཅན་གྱི་སྨྲ་བ་གང་ཞེ་ན། གང་དག་སྲིད་པའི་འདུ་ཤེས་དང་། བདག་གི་འདུ་ཤེས་དང་། སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་། གང་ཟག་གི་འདུ་ཤེས་དང་། དམིགས་པ་ཅན་གྱི་འདུ་ཤེས་
དང་། དམིགས་པ་ཅན་གྱི་བྱ་བ་ལ་བྱིང་བ་དང་། ལམ་གོལ་བ་འཛིན་པ་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཡིད་གཉིས་དང་། ཐེ་ཙོམ་ཟ་བ་དང་། འཛིན་པ་སྣ་ཚོགས་དང་། ཡང་དག་པ་མ་ཡིན་པ་ལ་ཆགས་པས་གནས་ཀྱི། དོན་དམ་པ་སྟོང་པ་ཉིད་ལ་ནི་མི་འཇུག་པ་སྟེ། ཕྱིན་
ཅི་ལོག་ཏུ་གྱུར་པས་དེས་ན་གཞན་མུ་སྟེགས་ཅན་ཞེས་བྱའོ། །ཤཱ་རིའི་བུ་དེ་བས་ན་ཆོས་གོས་ལ་གནས་འཆར་གཞུག་པ་མ་ཡིན་ཞིང་། ཁ་དོག་གི་རིགས་རྣམ་པ་སྣ་ཚོགས་ཀྱི་འོས་ཀྱང་མ་ཡིན་ནོ། །ཤཱ་རིའི་བུ་ཁྱིམ་པའམ་ངུར་སྨྲིག་བགོས་པ་སུ་ཡང་རུང་། འདི་ལྟ་བུའི་དམིགས་པ་ཅན་གྱི་ལྟ་བ་
ཡོད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་གཞན་མུ་སྟེགས་ཅན་དག་ཡིན་ནོ་ཞེས་གསུངས་སོ། །དེ་དག་ནི་ཆོས་འདུལ་བ་འདི་ལ་རབ་ཏུ་འབྱུང་བར་འདོད་ན་གནས་འཆར་གཞུག་པའི་འོས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དམིགས་པའི་ལྟ་བ་ནི་ལོག་པར་ལྟ་བ་ཡིན་པའི་ཕྱིར་རོ། །
དེ་ནི་ཆོས་འདུལ་བ་འདི་ལ་བྱ་བ་ལ་བྱིང་བ་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པའི་ཆོམ་རྐུན་པ་ཆེན་པོ་འཁྲུག་ལོང་པ་ཡིན་ནོ། །ཤཱ་རིའི་བུ་ང་ནི་ལོག་པའི་ལྟ་བ་ཅན་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བའི་ཕྱིར་སྐབས་དབྱེ་བར་མི་མཛད་དོ། །ཤཱ་རིའི་བུ་གང་ཞིག་ཆོས་ཐམས་ཅད་བདག་
མེད་དོ་ཞེས་རྗེས་སུ་འཐུན་པའི་བཟོད་པ་མི་སྐྱེད་པ་དང་། ཆོས་ཐམས་ཅད་སྟོང་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པའོ་ཞེས་མ་མོས་ཤིང་མི་འཇུག་པ་དེ་ཆོས་འདུལ་བ་འདི་ལ་རབ་ཏུ་འབྱུང་ཞིང་རབ་ཏུ་འབྱུང་ནས་ཆོས་ཐམས་ཅད་བདག་མེད་པ།
སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། དོན་དམ་པ་སྟོང་པ་ཉིད་ཐོས་ན་མ་མོས་ཤིང་མི་འཇུག་ན། དེ་མི་དབང་བར་དད་པས་བྱིན་པ་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་པས། དེས་སངས་རྒྱས་ལ་བཀུར་སྟིར་མ་བྱས་པ་ཡིན། བླ་མར་མ་བྱས་པ་ཡིན། རྗེད་པ་མ་བྱས་པ་ཡིན། མཆོད་

པ་མ་བྱས་པ་ཡིན། བསྙེན་བཀུར་མ་བྱས་པ་ཡིན་ཏེ། ཆོས་ལ་མ་ཡིན། དགེ་འདུན་ལ་མ་ཡིན་ཞིང་། དེ་བཞིན་གཤེགས་པའི་བསླབ་པ་རྣམས་ཕྱེ་མར་འཐག་པར་བྱེད་པས་དེ་ནི་གཞན་མུ་སྟེགས་ཅན་དགེ་སྦྱོང་ལྟར་བཅོས་པའི་ཆོས་ཀྱི་རྐུན་པོར་གནས་པ་ཡིན་ནོ། །ཤཱ་རིའི་བུ་མ་འོངས་པའི་དུས་ན་དགེ་
སློང་ལུས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། སེམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་དག་འབྱུང་བར་འགྱུར་ཏེ། དེ་དག་དེ་བཞིན་གཤེགས་པའི་གསུང་ལ་འཕྱ་བར་འགྱུར་ཅོ་འདྲི་བར་འགྱུར་རོ། །དེ་བཞིན་གཤེགས་པའི་གནས་པ་གང་ལ་དེ་བཞིན་གཤེགས་པ་གུས་པ་
དང་བཅས་པ་འཛེམ་པ་དང་བཅས་པ། དོན་དམ་པ་སྟོང་པ་ཉིད་ལ་རྟག་པར་རྒྱུན་དུ་དོན་དམ་པ་སྟོང་པ་ཉིད་ཀྱི་གནས་པ་འདིས་གནས་པ་ལ་ཁྱད་དུ་གསོད་པར་འགྱུར་རོ། །དེ་དག་དེའི་ཚེ་ཡང་དག་པའི་མཐའི་དེ་བཞིན་གཤེགས་པའི་གནས་པ་སྟོང་པ་ཉིད་དེ་ལ་འཕྱ་བར་འགྱུར། ཅོ་འདྲི་བར་འགྱུར།
ཁྱད་དུ་གསོད་པར་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་སྟོང་པ་ཉིད་ལ་མི་གནས་པའི་དགེ་སློང་མང་དུ་འབྱུང་བར་འགྱུར་ཏེ། དེ་དག་དེའི་ཚེ་འཕྱ་བར་འགྱུར། ཅོ་འདྲི་བར་འགྱུར། ཁྱད་དུ་གསོད་པར་འགྱུར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་སྟོང་པ་ཉིད་ཀྱིས་གནས་པ་གང་ཡིན་པ་དེ་དག་ལ་དེ་ལྟར་
ལེགས་ས་ཞེས་བྱ་བས་སྤྲོ་བར་མཛད། ཚིག་བཞིན་དུ་མཛད་དོ། །དེའི་ཚེ་འཚོ་བ་དོན་དུ་གཉེར་བ་དེ་དག་ནི་ཁ་ཟས་ཁོ་ན་ཀུན་དུ་ཚོལ་བ་ན། གང་ཟག་ཏུ་འཛིན་པས་སྐྱེ་བོ་དགའ་བར་བྱ་བར་སེམས་པར་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་དགེ་སློང་གང་དག་སྟོང་པའི་ཆོས་རྣམས་ལ་ཆོས་རྣམས་ནི་
སྟོང་པའོ་ཞེས་རབ་ཏུ་སྟོན་པར་འགྱུར་བ་དང་། བདག་མེད་པའི་ཆོས་རྣམས་ལ་ཆོས་རྣམས་ནི་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པའི་ཆོས་རྣམས་ལ་ཆོས་རྣམས་ནི་གང་ཟག་མེད་དོ་ཞེས་སྟོན་པར་འགྱུར་བ་དེ་དག་ཀུན་ཏུ་འཚོ་བ་པ་དེ་དག་གིས་ཤིན་ཏུ་
ཟིལ་གྱིས་མནན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཀུན་ཏུ་གཅོད་པའི་སྔོན་དུ་འགྲོ་བའི་མཚན་མ་དང་པོ་ནི་དེ་ཡིན་ཏེ། བྱིས་པའི་རང་བཞིན་ཅན་དག་ཙན་དན་ཤིང་གི་རིན་ཐང་དུ་འཚོང་བ་བཞིན་དུ། འཇིག་རྟེན་ན་ལེགས་པར་གསུངས་པ་གང་

ཡིན་པ་ལན་པར་མི་བྱེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བཅོམ་ལྡན་འདས་འོད་སྲུང་གིས་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེའི་ཉན་ཐོས་རྣམས་འཇིག་རྟེན་གྱི་ཟང་ཟིང་གི་ཕྱིར་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ལ་དོན་དམ་པ་སྟོང་པ་ཉིད་རབ་ཏུ་སྟོན་པར་འགྱུར་
རོ། །དེ་ལ་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱིས་པ་ཤེས་རབ་འཆལ་པའི་རང་བཞིན་ཅན་དེ་དག་སྨོད་པར་འགྱུར་ཡིད་མི་ཆེས་པར་འགྱུར་ཏེ། དེ་དག་དཔལ་ཆེན་པོ་དབྱུག་པས་སྐྲོད་པར་འགྱུར་རོ། །དེའི་རྒྱུས་ཡང་ངན་སོང་དུ་འདོང་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། ཤཱ་རིའི་བུ་དེའི་ཚེ་མི་འཐུན་པའི་གཏམ་
རྣམས་ལ་ཤིན་ཏུ་གནས་པར་འགྱུར་ཞིང་དེ་ལ་ཡང་སྙིང་པོའི་འདུ་ཤེས་སུ་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་གསུང་དོན་དམ་པ་སྤོང་ཞིང་ཐོས་ནས་ཡང་སྐྲག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཚེ་བདག་ཏུ་སྨྲ་བ་དང་། སེམས་ཅན་དུ་སྨྲ་བ་དང་། གང་ཟག་གི་འདུ་ཤེས་ཅན་དུ་གྱུར་པ་དང་།
འདུན་པ་ཞན་པ་དང་། ལེ་ལོ་དང་། སྙོམ་ལས་དང་། རྙེད་པ་ལ་གདུ་བ་དང་། འདོད་ཆགས་ཆེ་བ་དང་། ཞེ་སྡང་ཆེ་བ་དང་། གཏི་མུག་ཆེ་བ་དང་། རྙེད་པ་དང་བཀུར་སྟི་འདོད་པ་དང་། མཁས་པའི་ང་རྒྱལ་དང་། བྱིས་པ་དང་། གཞུང་འབྱེད་པ་དང་། རྩོད་པ་ཆེད་ཆེར་བྱེད་པ་དང་། ཕན་ཚུན་
དུ་བྱམས་པའི་སེམས་མེད་པ་དང་། དགེ་སྦྱོང་གི་ཆོས་ཀྱིས་སྟོང་པ་དང་། རྙེད་པ་དང་བཀུར་སྟི་ཁོ་ན་ལ་མངོན་པར་དགའ་བར་གྱུར་པ་དང་། ལས་ཀྱི་མཐའ་མང་བ་དང་། བུད་མེད་ཀྱི་བློ་གྲོས་བྱེད་པར་གྱུར་པ་དང་། གཞན་གྱི་སྐྱོན་ཚོལ་བར་གྱུར་པ་དང་། ཇི་ལྟར་ཡང་བདག་ཉིད་མ་བསླབས་
པས་རང་གི་སྐྱོན་འཆབ་པ་དང་། སྡིག་པ་སྦེད་ཅིང་དགེ་བ་སྤྱོམས་པར་གྱུར་པའི་ཕྱིར་རོ། །ད་ལྟར་གྱི་ཡོངས་སུ་དག་པ་སྡིག་པ་བསལ་བ། དགེ་བའི་ཆོས་ཀྱིས་གནས་པ་གང་ཡིན་པ་དེ་དག་ནི་དེའི་ཚེ་བསླབ་པའི་ཚིག་རྣམས་སྲོག་གི་ཕྱིར་ཡང་འདས་པར་སྦས་ཏེ་སྟོན་པར་མི་འགྱུར་རོ། །ཤཱ་རིའི་བུ་དེ་
ལྟར་མ་སྦས་པའི་ཚུལ་ཁྲིམས་ཅན་རྣམས་ལ་ནི་སྟོང་པ་ཉིད་ཀྱིས་བྱར་ཅི་ཡོད། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ཀྱིས་བྱར་ཅི་ཡོད། དཔེར་ན་རིགས་ཀྱི་བུ་དག་གིས་རོལ་མོའི་གནས་སུ་སྒྱུ་མར་གཏོགས་པའི་རྣམ་པ་དུ་མ་དག་ཉེ་བར་བསྟན་པ་ན་དེ་ན་བྱིས་པ་ཞུམ་པ། རྨོངས་པ། ཤེས་རབ་

འཆལ་པར་གྱུར་པ་གང་ཡིན་པ་དེ་དག་གིས་མཐོང་ནས་དེ་དག་གད་མོ་ཆེན་པོའི་གད་རྒྱངས་དག་རྒོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཡང་བྱིས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །མཁས་པ་ཤེས་རབ་རྣོན་པོའི་རང་བཞིན་ཅན་གང་ཡིན་པ་དེ་དག་ནི་འདི་སྐད་ཅེས་བླུན་པོ་འདི་དག་དེ་ལ་ཇི་ཞིག་ཐེ་
ཚོམ་ཟ་ན་གད་མོ་ཆེན་པོའི་གད་རྒྱངས་དག་རྒོད་ཅེས་སྨྲ་བ་དེ་བཞིན་དུ། ཤཱ་རིའི་བུ་དེའི་ཚེ་སྟོང་པ་ཉིད་རབ་ཏུ་སྟོན་པར་འགྱུར་བའི་དགེ་སློང་གང་ཡིན་པ་དེ་དག་ལ་འཚོ་བ་དོན་དུ་གཉེར་བ་དེ་དག་འཕྱ་བར་སེམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཡང་དེ་ལ་མ་བསླབས་པ་ཉིད་ཡིན་པའི་ཕྱིར་དང་། དེ་དག་
སངས་རྒྱས་ཀྱི་གསུང་སྟོང་པ་ཉིད་འདི་ཐོས་ན་སྐྲག་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་སྐྱེས་བུ་བླུན་པོ་དེ་དག་ཡུན་ཇི་སྲིད་ཅིག་ཏུ་ཆུད་ཟོས་པ་ལ་ལྟོས། འདི་ལྟར་བདེ་ལེགས་གང་ཡིན་པ་ལ་ནི་ཅི་ནས་ཀྱང་བདེ་ལེགས་མ་ཡིན་པའི་འདུ་ཤེས་འབྱུང་ཞིང་འཇིགས་པ་མ་ཡིན་པ་ལ་ནི་འཇིགས་པའི་འདུ་ཤེས་
འབྱུང་ངོ་། །ཤཱ་རིའི་བུ་དེའི་ཚེ་དགེ་སློང་དག་དགེ་བའི་ཆོས་རྣམས་ལ་ཕན་པ་མ་ཡིན་པའི་འདུ་ཤེས་དང་། མི་དགེ་བའི་ཆོས་རྣམས་ལ་ཕན་པའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འཛིན་པ་དག་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དགེ་སློང་དེ་དག་ནི་རྙེད་པ་ལ་གདུ་བ་དང་། འདོད་ཆགས་ཆེ་བ་
དང་། ཞེ་སྡང་ཆེ་བ་དང་། གཏི་མུག་ཆེ་བ་དང་། མི་དགེ་བའི་རྩ་བ་གསུམ་ཡང་དག་པར་བླངས་ཏེ་འཇུག་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ངས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དག་རྗེས་སུ་གཟུང་བ་ལ་ལྟོས་ནས། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་བཅས་པ་དང་སོ་སོར་ཐར་
པའི་མདོ་བསྟན་པ་གང་ཡིན་པ་དེ། དེའི་ཚེ་དེ་དག་གིས་འཇིག་རྟེན་གྱི་ཟང་ཟིང་གི་ཆེད་དུ་ཁྱིམ་པ་ལ་བརྗོད་པར་འགྱུར་རོ། །གླེགས་བམ་དུ་བྱས་ཏེ་ཁྱིམ་པ་ལ་སྦྱིན་པར་སེམས་སོ། །ཤཱ་རིའི་བུ་དེ་ལ་སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུ་དག་ལ་ནི་སྟོང་པ་ཉིད་ཀྱིས་ཅི་བྱར་ཡོད། རང་གི་མཚན་ཉིད་
ཀྱིས་སྟོང་པའི་ཆོས་རྣམས་ཀྱིས་ཅི་བྱར་ཡོད། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སྐྱེས་བུ་བླུན་པོ་དེ་དག་ནི་ཆགས་པ་སྤང་བའི་ཕྱིར་བརྩོན་པར་མི་ནུས་ན། མ་རིག་པ་སྤང་བའི་ཕྱིར་བརྩོན་པར་བྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེའི་ཚེ་མ་བསླབས་པའི་དགེ་སློང་

འདུལ་བ་འཛིན་པ་དག་འབྱུང་ངོ་། །མ་བསླབས་པའི་ཆོས་ཀྱི་གཏམ་དང་ལྡན་པ་དང་། མ་བསླབས་པའི་དགེ་སློང་མདོ་སྡེ་དང་ལྡན་པ་དག་ཕལ་ཆེར་འབྱུང་ངོ་། །ཤཱ་རིའི་བུ་དེའི་ཚེ་མ་བསླབས་པའི་དགེ་སློང་འདུལ་བ་འཛིན་པ་འབྱུང་བ་ནི་གང་། མ་བསླབས་པའི་ཆོས་ཀྱི་
གཏམ་དང་ལྡན་པ་འབྱུང་བ་ནི་གང་། མ་བསླབས་པའི་དགེ་སློང་མདོ་སྡེ་དང་ལྡན་པ་འབྱུང་བ་ནི་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བསླབ་པ་ནི་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་
ཀྱི་བསླབ་པ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་གསུངས་པའི་བསླབ་པ་གསུམ་ནི་འདི་དག་ཡིན་ནོ། །དེ་དག་གིས་བསླབ་པ་གསུམ་པོ་འདི་དག་ལ་མ་བསླབས་པར་ཐོས་པ་ཙམ་གྱིས་གཞན་ལ་ཁྱད་དུ་གསོད་པར་བྱེད་དེ། དེ་ཉིད་སྐྱེས་བུ་བླུན་པོ་དེ་དག་གི་བར་དུ་གཅོད་པར་འགྱུར་
རོ། །སྐྱེས་བུ་དེ་དག་ནི་ཆོས་དང་འཐུན་པས་ཐེ་ཚོམ་དྲིས་ན་ཡང་ལན་ཐེབས་པར་མི་འགྱུར་ན། དམིགས་སུ་མེད་པ་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་བརྩོན་འགྲུས་བརྩམ་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་ཚུལ་ཁྲིམས་རལ་པའི་དགེ་སློང་གང་ཡིན་པ་དེ་དག་
འབྱུང་བར་འགྱུར་ཏེ། དེ་དག་ཁྱིམ་པའི་ལས་ཀྱི་མཐའ་རྣམས་བྱེད་པར་འགྱུར་རོ། །ཕོ་ཉའི་ལས་ཀྱིས་འཚོ་བར་རྟོག་པར་འགྱུར་རོ། །སྨན་པའི་ཐ་སྙད་ཀྱིས་འཚོ་བར་རྟོག་པར་འགྱུར་རོ། །ཤཱ་རིའི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས། ངའི་བྱང་ཆུབ་ཀྱིས་འཚོ་བར་བྱེད་དེ། དེ་བཞིན་
གཤེགས་པ་ལ་སྐྱེ་བ་དང་བཅས་པས་ཀུན་ཏུ་སྤྱོད་པར་འགྱུར་བ་ལ་ལྟོས། ཤཱ་རིའི་བུ་དེའི་ཚེ་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། གཞན་ཡང་ལྷ་སྟོང་ཕྲག་མང་པོ་དག་དེ་ལྟ་བུའི་གསུང་རབ་ལ་རྣམ་པ་དུ་མར་གྱེས་པ་མཐོང་
ནས་སྨྲེ་སྔགས་ཆེན་པོས་སྨྲེ་སྔགས་འདོན་པར་འགྱུར་རོ། །ཤཱ་རིའི་བུ་ང་ལ་བརྟེན་ནས་ཁྱིམ་པའི་གོ་རེ་ལོང་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་འཚམ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངའི་ཉན་ཐོས་རྣམས་ནི་ལྷའམ། ཀླུའམ། གནོད་སྦྱིན་སུ་ལ་ཡང་ཉེ་གནས་ཀྱིས་ཡོངས་སུ་

སྤྱོད་པར་བྱེད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་མོད་ཀྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་དག་ཁོ་ན་ངའི་ཉན་ཐོས་རྣམས་ལ་ཉེ་གནས་ཀྱིས་ཡོངས་སུ་སྤྱོད་པར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་སྐྱེས་བུ་བླུན་པོ་ཁྱིམ་པའི་གོ་རེ་ལོང་བྱེད་པ་དེ་དག་དམིགས་སུ་མེད་པ་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་ཀུན་ཏུ་སྟེན་
པར་འགྱུར་བ་དང་། ལྷག་པར་མོས་པར་འགྱུར་བ་དེ་ནི་གནས་ཡོད་པ་མ་ཡིན་ཏེ། ཤཱ་རིའི་བུ་དེའི་ཚེ་དགེ་སློང་ཚུལ་ཁྲིམས་འཆལ་པ་དག་སངས་རྒྱས་ཀྱི་གསུང་ཆང་སྐྱོགས་གང་ཙམ་གྱི་ཕྱིར་ཡང་ཁྱིམ་པ་ལ་བརྗོད་པར་འགྱུར་རོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཅི་ནས་ཀྱང་བདག་ལ་ཆགས་
པ་དང་། ཞེ་སྡང་ཆེ་བ་དང་། གཏི་མུག་ཆེ་བ་དང་། འདུ་འཛི་ལ་དགའ་བ་དང་། སྨྲ་བ་ལ་དགའ་བ་དང་། འཇིག་རྟེན་རྒྱང་པན་པ་དང་། སྤྱོད་པ་ཡོངས་སུ་མ་དག་པ་རྣམས་ཀྱིས་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཆོས་རྣམས་ཀུན་ཏུ་ཤེས་པའམ། རྣམ་པར་རིག་པའམ། འཇུག་པའམ།
མོས་པའམ། དགེ་སྦྱོང་གི་ཆོས་རྣམས་ཡང་དག་པར་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་སྟོན་པར་ནུས་པ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་དག་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བསྔགས་པ་སྨྲ་བ་དང་། བསོད་
སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བསྔགས་པ་སྨྲ་བ་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བསྔགས་པ་སྨྲ་བ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་
བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བསྔགས་པ་སྨྲ་བ་དང་། ཚུལ་ཁྲིམས་དང་ལྡན་ཞིང་སྤྱོད་པ་ཡོངས་སུ་དག་པ་དང་། འདུ་འཛི་རྣམས་ལ་མི་དགའ་བ་དང་། སྨྲ་བ་ལ་མི་དགའ་བ་དང་། འཇིག་རྟེན་
རྒྱང་པན་པའི་གཏམ་ལ་མངོན་པར་མི་བརྩོན་པ་དང་། ཉིན་དང་མཚན་དུ་མགོ་ལ་མེ་འབར་བ་བཞིན་དུ་སྤོང་བ་ལ་བརྩོན་པ་དང་། འཕགས་པའི་ལམ་བསྒོམ་པ་ལ་བརྩོན་པ་དེ་དག་ནི་དམིགས་སུ་མེད་པ་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་ཚེགས་ཆུང་ངུས་མཉེས་པར་བྱེད་པ་མ་ཡིན་ན། དེ་ལ་མོས་པ་མེད་

པ་དང་། འདུན་པ་མེད་པ་དང་། དགའ་བ་མེད་པ་གང་ཡིན་པ་དག་ལྟ་ཅི་སྨོས། ཤཱ་རིའི་བུ་དེའི་ཚེ་གནོད་པ་མང་པོ་འབའ་ཞིག་བྱེད་པའི་དགེ་སློང་དག་འབྱུང་བར་འགྱུར་བ་ལ་ལྟོས། དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་འདི་དག་མི་ཤེས་པས་མི་འཇུག་ཅིང་སྨོད་པར་བྱེད་པས་དེ་དག་ནི་དེ་
བཞིན་གཤེགས་པས་ཆོས་འདུལ་བ་འདི་ལ་འཁྲུག་ལོང་པ་ཡོངས་སུ་སྤང་བའི་འོས་ཡིན་པར་གསུངས་སོ། །ཤཱ་རིའི་བུ་སྐྱེས་བུ་བླུན་པོ་དེ་དག་འདི་སྙམ་དུ་བདག་ཅག་ད་ནི་དེ་ཁོ་ནའི་ཆེད་དུ་རབ་ཏུ་བྱུང་བས་བདག་ཅག་གིས་བསྟན་པ་འདི་ལ་སྤྱོད་ཡུལ་མ་ཡིན་པ་ལ་སྤྱད་པར་མི་བྱའོ་སྙམ་དུ་དེ་བཞིན་
གཤེགས་པ་ལ་བྱས་པ་གཟོ་བར་མི་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་མ་འོངས་པའི་དོགས་པ་ལ་བརྟེན་ནས་མདོ་སྡེ་འདི་གསུངས་ཏེ། དེ་ནས་དེ་དག་འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དགེ་སྦྱོང་གི་ཆོས་མ་ཡིན་པ་སྡོམ་པ་ཡོངས་སུ་ཉམས་པར་བྱེད་པ་དག་སྤང་
བའི་ཕྱིར་འཇུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དགེ་སློང་ཚུལ་ཁྲིམས་འཆལ་པས་སེ་གོལ་གཏོགས་པ་ཙམ་ཡང་དྲང་སྲོང་གི་རྒྱལ་མཚན་བཅང་བར་མི་བྱ་བའི་ཕྱིར་རོ། །ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་ནི་སངས་རྒྱས་
ཀྱི་བྱང་ཆུབ་ཤིན་ཏུ་ཡོང