Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 063_མདོ་སྡེ།_ཛ

Văn bản gốc(Tây Tạng)

Trang 5 / 19 (50.000 ký tự/trang)
ས་སུ་བཟུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་དག་གི་སངས་རྒྱས་ཀྱི་བྱང་ཆུབ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པའི་མཐའོ། །ཤཱ་རིའི་བུ་དགེ་སྦྱོང་དོན་དུ་གཉེར་བས་ནི་འདི་ལྟ་བུའི་ཆོས་མཉན་པའི་ཕྱིར་དཔག་ཚད་བྱེ་བ་བརྒྱ་སྟོང་དུ་ཡང་འགྲོ་བར་བྱའོ། །དེ་ཅིའི་
ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་ཡང་བརྒྱ་ལམ་ན་ལན་འགའ་ཞིག་ཡིན་ལ། མདོ་སྡེ་འདི་ལྟ་བུ་ཡང་བརྒྱ་ལམ་ན་ལན་འགའ་ཞིག་རབ་ཏུ་སྟོན་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟ་བུའི་གཏམ་འདི་ལ་ནི་གསུམ་མི་འདོད་ཅིང་དགའ་བ་སྐྱེ་བར་མི་
འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་འཆལ་པ་དང་། མངོན་པའི་ང་རྒྱལ་ཅན་དང་། ཡོངས་སུ་མ་དག་པའི་ཆོས་སྟོན་པ་སྟེ། ཇི་ལྟར་ཡང་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་སྐྱེས་བུ་བླུན་པོ་དེ་དག་ནི་རྗེས་སུ་འཐུན་པའི་ཆོས་འདི་ལྟ་བུ་

འདི་དག་མཉན་པ་ལས་ཤིན་ཏུ་ཡོངས་སུ་ཉམས་པར་འགྱུར་ཞིང་དམུས་ལོང་གི་ཕྱོགས་ཡོངས་སུ་རྫོགས་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་མདོ་སྡེ་འདི་ལན་གཉིས་སུ་ཡང་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་མདོ་སྡེ་འདི་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་
ནས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་དགའ་བ་དང་མགུ་བར་བྱེད་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་མདོ་སྡེ་འདི་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་ཀུན་ཏུ་བཟུང་ཞིང་། ཚུལ་ཁྲིམས་འཆལ་པས་ཡོངས་སུ་སྤངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཡང་དག་པ་ཇི་ལྟ་བ་
བཞིན་དུ་བསྟན་ན། བྱིས་པ་རྣམས་སྡུག་བསྔལ་བར་འགྱུར་ཏེ། ཤཱ་རིའི་བུ་གང་དག་གི་ཡན་ལག་དང་། གང་དག་གི་རྣམ་པ་དང་། གང་དག་གི་རྟགས་དང་། གང་དག་གི་མཚན་མས་ཚུལ་ཁྲིམས་འཆལ་པ་དང་ལྡན་པར་འགྱུར་བའི་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དེ་བཞིན་གཤེགས་
པས་མདོ་སྡེ་ལས་གསུངས་ཏེ། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཀྱི་གཏམ་ལ་དགའ་བར་མི་འགྱུར། མཉམ་པར་མ་བཞག་པ་ནི་མཉམ་པར་བཞག་པའི་གཏམ་ལ་དགའ་བར་མི་འགྱུར། སེར་སྣ་ཅན་ནི་གཏོང་བའི་གཏམ་ལ་དགའ་བར་མི་འགྱུར། མངོན་པའི་ང་རྒྱལ་ཅན་ནི་ལྷག་པར་
ང་རྒྱལ་མེད་པ་སངས་རྒྱས་ཀྱི་གསུང་ཐོས་ན་གཡང་ས་ཆེན་པོར་ལྟུང་བར་འགྱུར་ཞིང་སྐྲག་པ་ཆེན་པོ་སྐྱེ་བར་འགྱུར་རོ། །ཟང་ཟིང་དང་ཁ་ཟས་ལྷུར་ལེན་པ་ནི་ཡོ་བྱད་བསྙུངས་པའི་བསྔགས་པ་སྨྲ་ན་ཡིད་མི་བདེ་བ་ཆེན་པོ་སྐྱེ་བར་འགྱུར་རོ། །གཞན་མུ་སྟེགས་ཅན་གྱི་སྨྲ་བ་ལ་རབ་ཏུ་ཞུགས་པ་དང་། འཇིག་
རྟེན་རྒྱང་པན་པ་ལྷུར་བྱེད་པ་དང་ཚིག་ལྷུར་བྱེད་པ་དང་། འདུ་འཛི་ལ་མངོན་པར་དགའ་བ་དང་། སྣ་ཚོགས་སྨྲ་བ་ལ་མངོན་པར་དགའ་བ་ལ་སངས་རྒྱས་ཀྱི་གསུང་དོན་དམ་པ་འདི་བསྟན་ན། དད་པར་མི་འགྱུར་ཞིང་ཆོས་བླ་མར་བྱེད་པར་མི་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་མ་ནིང་སྐྱེས་པའི་དབང་པོ་དང་
མི་ལྡན་པ་དེ་སྐྱེས་པའི་དབང་པོ་དང་ལྡན་པ་རྣམས་ལ་མ་ནིང་གི་འདུ་ཤེས་དེ་ཉིད་ཀྱིས་འདི་དག་ཐམས་ཅད་ཀྱང་འདི་ལྟ་བུའི་རང་བཞིན་དང་། འདི་ལྟ་བུའི་མཚན་ཉིད་ཡིན་ནོ་སྙམ་དུ་འདུ་ཤེས་སྐྱེད་པར་འགྱུར་རོ། །ཤཱ་རིའི་བུ་དེ་བཞིན་དུ་དགེ་སློང་འཇིག་རྟེན་རྒྱང་པན་པ་དང་སྲེ་བར་བྱེད་པ་གང་

ཡིན་པ་དེ་ཡང་ཕྱི་རོལ་པའི་ཚིག་དང་ཡི་གེ་རྣམས་ལ་མངོན་པར་བརྩོན་པས། དེ་སངས་རྒྱས་ཀྱི་གསུང་དོན་དམ་པ་འདི་ལ་གུས་པ་མེད་ཅིང་གཅེས་པར་མི་བྱེད་པ་ཡིན་ནོ། །སངས་རྒྱས་ཀྱི་གསུང་ཡོངས་སུ་དག་པར་དམིགས་སུ་མེད་པ་སྨྲ་བའི་དགེ་སློང་གང་ཡིན་པ་དེ་དག་ལ་ཡང་མི་
གུས་པ་དང་། གཅེས་པར་མི་བྱེད་པ་དང་། དེ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཡང་ཁྱད་དུ་གསོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འཇིག་རྟེན་རྒྱང་པན་པའི་རྗེས་སུ་འཐུན་པ་དང་། གཅེར་བུ་པའི་སྨྲ་བའི་ཆོས་ཀྱི་རྗེས་སུ་འཐུན་པ་དང་། དེ་ལྷག་པར་ཁེངས་པ་དང་། མགོ་འཕང་ཡང་སྟོད་
པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཡང་ཡིད་འབྱུང་བར་བྱ་བའི་ཕྱིར་མངོན་པར་བརྩོན་པ་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་མ་ཡིན། འགོག་པའི་ཕྱིར་མ་ཡིན། ཉེ་བར་ཞི་བའི་ཕྱིར་མ་ཡིན། ཡང་དག་པར་རྟོགས་པའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་
ཡིན། མྱ་ངན་ལས་འདའ་བའི་ཕྱིར་མ་ཡིན་པའི་ཕྱིར་རོ། །དེ་དབང་པོ་ཉམས་པས་སྐྱེས་པ་ཐམས་ཅད་ལ་མ་ནིང་ཡིན་པ་བཞིན་དུ་ཐམས་ཅད་ལ་དབང་པོ་ཉམས་པའི་འདུ་ཤེས་སྐྱེད་པར་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་དམུས་ལོང་གིས་ནག་པོ་དང་། དཀར་པོ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་
པ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་ལ་སོགས་པའི་གཟུགས་དང་། རིང་པོ་དང་། ཐུང་ངུ་ལ་སོགས་པ་མ་མཐོང་ངོ་། །དེའི་མིག་སྔར་ཕྲ་མོའམ། སྦོམ་པོའམ། རིང་པོའམ། ཐུང་ངུའམ། སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའི་གཟུགས་ཅུང་ཟད་
ཀྱང་སྣང་བར་མ་གྱུར་པ་དང་། དེ་འདི་སྙམ་དུ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་གཟུགས་ཀྱང་ཡོད་པ་མ་ཡིན་ནོ། །རིང་པོ་དང་། ཐུང་ངུ་དང་། ཕྲ་མོ་དང་། སྦོམ་པོ་རྣམས་ཀྱང་ཡོད་པ་མ་ཡིན་ནོ། །སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། རིང་པོ་དང་། ཐུང་ངུ་དང་།
ཕྲ་མོ་དང་། སྦོམ་པོའི་གཟུགས་རྣམས་ཡང་དག་པར་མཐོང་བ་ཡང་མེད་དོ། །ཉི་མ་དང་ཟླ་བ་ཡང་མེད། ཉི་མ་དང་ཟླ་བ་ཡང་དག་པར་མཐོང་བའམ། སྟོན་པ་ཡང་མེད་དོ་ཞེས་ཇི་ལྟར་བདག་གིས་ཕྱིན་ཅི་ལོག་ཏུ་མཐོང་བ་དེ་བཞིན་དུ་གཞན་ཐམས་ཅད་ལ་ཡང་ལོང་བའི་འདུ་ཤེས་ཁོ་ན་སྐྱེད་པར་འགྱུར་རོ། །

ཤཱ་རིའི་བུ་དེ་བཞིན་དུ་མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་གང་དག་ཡིན་པ་དང་། ཡང་དགེ་སློང་གཞན་མུ་སྟེགས་ཅན་གྱི་སྨྲ་བ་འཛིན་པ་གང་དག་ཡིན་པ་དང་། ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་གང་དག་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ཟབ་མོ་ལ་སེམས་མི་འཇུག །དད་པར་མི་བྱེད། དམིགས་
སུ་མེད་པའི་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་དགའ་བ་འཐོབ་པར་མི་འགྱུར་ཏེ། རྟོག་པར་མི་བྱེད། མི་འཇུག་འཇུག་པར་མི་བྱེད། མ་མོས་ཤིང་དེ་དག་འདི་སྐད་ཅེས། ཤེས་ལྡན་དག་ཁྱོད་ཀྱང་སྨྲ་བ་ལ་མངོན་པར་དགའ་བ། ཡང་དག་པའི་ཆོས་རྣམས་ཀྱི་མཐའ་ལ་རབ་ཏུ་ཞུགས་པ་ཡིན་ན། ཁྱོད་
ཀྱིས་ཆོས་དེ་རྣམས་རབ་ཏུ་བསྟན་པར་མི་ནུས་ཤིང་། ཆོས་གང་དག་གིས་དགེ་སྦྱོང་ངོ་ཞེས་བདེན་པར་ཐ་སྙད་དུ་གདགས་པ་དེ་དག་ནི་ཁྱེད་ཀྱིས་མི་ཤེས་མི་མཐོང་ངོ་ཞེས་སྨྲ་སྟེ། དེ་ལྟ་བས་ན་དམུས་ལོང་ལ་དཀར་པོ་དང་། ནག་པོ་ལ་སོགས་པའི་གཟུགས་མེད་པ་བཞིན་ནོ། །ཤཱ་རིའི་བུ་ཡང་དག་པ་
མ་ཡིན་པའི་མཐའ་ལ་ཞུགས་པ། དམུས་ལོང་ལྟ་བུ་འཇིག་རྟེན་རྒྱང་པན་པ་ཚོལ་བ། འདུ་འཛི་ལ་དགའ་བ། སྨྲ་བ་ལ་མངོན་པར་དགའ་བ། ཉོན་མོངས་པས་ནོན་པ། ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་ཅན་དེ་དག་གིས་ནི་དམིགས་སུ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ལ་ཤེས་པའམ། འཇུག་
པའམ། མོས་པའམ། རྟོགས་པའམ། དགེ་སྦྱོང་གི་ཆོས་ཡང་དག་པར་འཐོབ་པའི་མཐུ་མེད་དེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་ཝ་སེང་གེའི་ང་རོ་སྒྲོགས་སམ། སྒྲོགས་པར་འགྱུར་རམ། སེང་གེའི་རྣམ་པར་རྩེ་བས་རྩེའམ། སེང་གེའི་རྣམ་
པར་གནོན་པས་གནོན་ཏམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སེང་གེ་དང་ཝ་ནི་ཁ་དོག་གམ། སྟོབས་སམ། ང་རོའམ། རྣམ་པར་གནོན་པས་མི་འདྲ་ལགས་སོ། །བཅོམ་ལྡན་འདས་ཝའི་ངོ་བོ་གང་ལགས་པ་དེ་ནི་ཝ་ལགས་ཏེ།
ཝ་ཁོ་ནའི་ང་རོར་ང་རོ་འབྱིན་ལགས་སོ། །ཝ་ཁོ་ནའི་སྐད་དུ་སྐད་འབྱིན་ལགས་སོ། །ཝ་ཁོ་ནའི་སྒྲར་སྒྲ་འབྱིན་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་ཉམས་པ་དང་། སྤྱོད་པ་རལ་བ་དང་། སྤྱོད་པ་ཉམས་པ་དང་། མངོན་པའི་ང་རྒྱལ་ཅན་

དང་། མངོན་པའི་ང་རྒྱལ་དུ་ལྟུང་བ་དང་། འདི་ལྟ་བུ་ནི་དམ་པ་ཡིན་ནོ་སྙམ་དུ་རློམ་སེམས་པ་དང་། ཡོངས་སུ་མ་དག་པའི་ཆོས་སྟོན་པ་དང་། གཅེར་བུ་པའི་སྨྲ་བ་ལ་གཞོལ་བ་དང་། སྙིང་པོ་མེད་པ་འཛིན་པ་དང་། སོར་བཞིར་རྟོག་པ་དང་། འཇིག་རྟེན་གྱི་ཟང་ཟིང་གཙོ་བོར་བྱེད་པ་དང་།
སྨྲ་བ་ལ་དགའ་བ་དང་། འདུ་འཛི་ལས་སྐྱེས་པ་དང་། འཇིག་རྟེན་རྒྱང་པན་པའི་གཏམ་དང་ལྡན་པ་སྟེ། དེ་དག་གིས་སྟོང་པ་ཉིད་ཤེས་པའམ། འཇུག་པའམ། རྟོགས་པར་མི་ནུས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་གང་དག་དགེ་སློང་གནས་བརྟན་གནས་བརྟན་ཆེན་པོ། གླང་པོ་གླང་པོ་ཆེན་པོ། སེང་
གེ་སེང་གེ་ཆེན་པོ། བསམ་གཏན་པ་བསམ་གཏན་པ་ཆེན་པོ། ཚུལ་ཁྲིམས་དང་ལྡན་པ། ལྷག་མཐོང་དང་ལྡན་པ། དམིགས་སུ་མེད་པ། སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་མོས་པ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ལ་མོས་པ།
འདུ་འཛི་ལ་མི་དགའ་བ། འདུ་འཛི་ལ་དགའ་བ་མེད་པ། འདུ་འཛི་ལ་དགའ་བར་སྦྱོར་བའི་རྗེས་སུ་མི་བརྩོན་པ། སྨྲ་བ་ལ་མི་དགའ་བ། སྨྲ་བ་ལ་དགའ་བ་མེད་པ། སྨྲ་བ་ལ་དགའ་བར་སྦྱོར་བའི་རྗེས་སུ་མི་བརྩོན་པ། གཉིད་ལ་མི་དགའ་བ། གཉིད་ལ་དགའ་བ་མེད་པ། གཉིད་ལ་དགའ་བར་སྦྱོར་བའི་རྗེས་
སུ་མི་བརྩོན་པ། ལས་ལ་མི་དགའ་བ། ལས་ལ་དགའ་བ་མེད་པ། ལས་ལ་དགའ་བར་སྦྱོར་བའི་རྗེས་སུ་མི་བརྩོན་པ། ཁྱིམ་པའི་ལས་ཀྱི་མཐའ་བྱེད་དུ་མི་འཇུག་པ། ཕོ་ཉ་མི་བྱེད་པ། སྤྲིང་ཡིག་སྐྱེལ་བ་མི་བྱེད་པ། སྨན་པ་མ་ཡིན་པ། སྨན་པའི་ཐ་སྙད་ལ་མངོན་པར་མི་བརྩོན་པ། འཇིག་རྟེན་རྒྱང་པན་
པའི་གཏམ་ལ་མངོན་པར་མི་བརྩོན་པ། འཇིག་རྟེན་རྒྱང་པན་པ་ལ་མི་ལྟོས་པ། འཇིག་རྟེན་ལས་འདས་པའི་གཏམ་ཁོ་ན་སྨྲ་བ་དེ་དག་ནི་ཆོས་ཐམས་ཅད་སྟོང་པ་ཡིན་པར་མོས་པས་བྱེད་པ་མེད་ཅིང་མི་བྱེད་པ་ཡང་མེད་དོ། །དེ་དག་ནི་ཡང་དག་པའི་མཐས་མགུ་བར་བྱས་ནས་ཡང་དག་པའི་སེང་གེའི་སྒྲ་
སྒྲོགས་པར་བྱེད་ཀྱི། ཝའི་སྒྲ་ནི་མ་ཡིན་ནོ། །ཤཱ་རིའི་བུ་གང་དག་དགེ་སློང་འཇིག་རྟེན་རྒྱང་པན་པའི་གཏམ་ལྷུར་ལེན་པ། སངས་རྒྱས་ཀྱི་གསུང་སྤངས་ནས་གཞན་མུ་སྟེགས་ཅན་གྱི་གསང་ཚིག་སྨྲ་བ་དེ་དག་ནི་འཁོར་གྱི་ནང་དུ་དོང་ནས་དེ་དག་ཆོས་ཀྱི་སྒྲས་འཁོར་དགའ་བར་བྱེད་དེ། སྐྱེས་བུ་དམ་པ་

མ་ཡིན་པ་དེ་ལྟ་བུ་དེ་དག་ནི་དགེ་སྦྱོང་རུལ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སངས་རྒྱས་ཀྱི་གསུང་ལ་ནི་འཇིག་རྟེན་རྒྱང་པན་པ་མེད་པའི་ཕྱིར་རོ། །ཤཱ་རིའི་བུ་དགེ་སློང་འཇིག་རྟེན་རྒྱང་པན་པ་ལ་མངོན་པར་བརྩོན་པ་གང་ཡིན་པ་དེས་དེའི་ཚེ་ང་ལ་སྟོན་པའོ་ཞེས་བརྗོད་པར་མི་བྱའོ། །དེ་
ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ནི་གཅེར་བུ་པའི་གསང་ཚིག་མི་འཛིན། གཞན་ལ་ཡང་མི་འཆད། འཁོར་གྱི་ནང་དུ་དོང་ནས་ཀྱང་རབ་ཏུ་མི་སྟོན་པའི་ཕྱིར་རོ། །ཤཱ་རིའི་བུ་གང་དག་སྟོང་པ་ཉིད་ཀྱི་གཏམ་ལ་མངོན་པར་མི་བརྩོན་པ་དེ་དག་ནི་སེང་གེའི་སྒྲ་བསྒྲགས་
པར་བྱའོ། །ཞེས་ཝའི་སྒྲ་ཁོ་ན་སྒྲོགས་པར་བྱེད་དེ། དེ་ལྟ་བས་ན་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་དོན་དམ་པ་ཀུན་ཏུ་ཤེས་པར་མི་ནུས་སོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་
ཚོགས་པ། བརྐམ་ཆགས་མེད་པ། ཆགས་པ་མེད་པ། ཞེན་པ་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། གཡོ་མེད་པ། སྒྱུ་མེད་པ། དྲང་པོའི་རང་བཞིན་ཅན། ཤེས་རབ་ཀྱི་རང་བཞིན་ཅན། དོན་སྨྲ་བ་ཡང་དག་པར་སྨྲ་བ། གཅིག་པུ་ལ་དགའ་བ། གཉིད་ལ་དགའ་བ་མེད་པ། སྟོང་
པ་ཉིད་ཀྱིས་གནས་པ། མཚན་མ་མེད་པས་གནས་པ། སྨོན་པ་མེད་པས་གནས་པ། མཚན་ཉིད་མེད་པས་གནས་པ། སངས་རྒྱས་ཀྱི་གསུང་ལ་མོས་པ། འཇིག་རྟེན་རྒྱང་པན་པའི་གཏམ་ལ་ལྟོས་པ་མེད་པ། ཚུལ་ཁྲིམས་ཐམས་ཅད་རྗེས་སུ་སྲུང་བ། སྡིག་པའི་གྲོགས་པོ་ཐམས་
ཅད་ཡོངས་སུ་སྤོང་བ། འདུ་འཛི་ཐམས་ཅད་ཡོངས་སུ་སྤོང་བ། བརྩོན་འགྲུས་ཚད་མེད་པ་བརྩམས་པ། དྲན་པ་ཉེ་བར་གནས་པ་དེ་ལྟ་བུ་དེ་དག་གིས་ནི་དམིགས་སུ་མེད་པ་སྟོང་པ་ཉིད་ཀྱི་ཆོས་རྣམས་ཀུན་ཏུ་ཤེས་པར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གནས་འདི་ནི་སྐྱེས་བུ་དམ་པའི་
ཡིན་གྱི། གནས་འདི་ནི་འཇིག་རྟེན་གྱི་ཟང་ཟིང་གཙོ་བོར་བྱེད་པ་དང་། དགེ་སྦྱོང་འཆལ་པ་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་རྣམས་ཀྱི་ནི་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་འདི་ནི་སངས་རྒྱས་ཀྱིས་ཡིན་ཏེ། འདི་ནི་འཇིག་རྟེན་རྒྱང་པན་པ་ལྷུར་ལེན་པས་འཐོབ་པར་མི་

ནུས་སོ། །ཆོས་འདི་ནི་ཡོངས་སུ་མ་དག་པའི་ཆོས་དང་ལྡན་པས་འཐོབ་པར་མི་ནུས་སོ། །ཤཱ་རིའི་བུ་འདི་ནི་ཤེས་པ་དང་ལྡན་པ་ཡིན་གྱི་ཤེས་པ་དང་མི་ལྡན་པའི་ནི་མ་ཡིན་ཏེ། གཅེར་བུ་པའི་སྨྲ་བ་དང་འདྲེས་པ་རྣམས་ཀྱི་མ་ཡིན། གང་ཟག་ཏུ་ལྟ་བ་རྣམས་ཀྱི་མ་ཡིན་ནོ། །ཤཱ་རིའི་བུ་
གལ་ཏེ་གང་ཟག་བདེན་པར་གྱུར་ན། དོན་དམ་པར་གང་ཟག་ཏུ་སྨྲ་བའི་གང་ཟག་ཏུ་བཏགས་པ་བདེན་པར་འགྱུར་ཞིང་། གང་ཟག་འདི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། ལུས་ལ་ཀུན་ཏུ་རྟེན་པའམ། དེ་དང་ཐ་དད་པའི་བདེན་པའི་གནས་འདི་དམིགས་པར་འགྱུར་བ་ཞིག་
གོ། །།སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། བམ་པོ་བདུན་པ་སྟེ་ཐ་མ། ཤཱ་རིའི་བུ་ཏིལ་རྣམས་ལས་ཏིལ་མར་བཞིན་དུ་ལུས་ཀྱི་ནང་ན་ཡོད་པར་ཀུན་ཏུ་བསྟན་པར་ནི་མི་ནུས་ཏེ། འདི་ནི་བདེན་པ་ཞེས་བྱ་བའི་ཚིག་བླ་དགས་ཡིན་ནོ། །ཤཱ་རིའི་བུ་
འོན་ཏེ་གང་ཟག་ནང་ན་ཡོད་པར་གྱུར་ན། གང་ཟག་ཏུ་སྨྲ་བ་རྣམས་ཀྱིས་གང་ཟག་དེ་ནི་འདི་ཡིན་ནོ་ཞེས། ཏིལ་རྣམས་ལས་ཏིལ་མར་བཞིན་དུ་ངེས་པར་བསྟན་པར་བྱའོ། །ཤཱ་རིའི་བུ་དེ་ལྟ་བས་ན་གང་ཟག་བདེན་པར་གནས་ན། དོན་དམ་པར་དམིགས་པར་འགྱུར་བ་ཞིག་ན། འདི་ལྟར་དེ་སྐད་དུ་སྨྲ་
བའི་དགེ་སྦྱོང་དུ་ཁས་འཆེ་བ་རྣམས་ཀྱིས་དགེ་སྦྱོང་གི་རང་བཞིན་ཡང་མི་དམིགས་ན། དགེ་སྦྱོང་གིས་འཐོབ་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་ཤེས་པ་འདི་དང་། མ་དག་པའི་འཛིན་པ་འདི་དང་། བདག་ཏུ་འཛིན་པ་འདི་དང་། སེམས་ཅན་དུ་འཛིན་པ་འདི་དང་། སྲོག་ཏུ་འཛིན་པ་
འདི་དང་། གང་ཟག་ཏུ་འཛིན་པ་འདིས་ཐོག་མར་ལྟུང་བ་ཡིན་ཏེ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ཡང་ཡིན་ནོ། །ཤཱ་རིའི་བུ་གང་འདུ་ཤེས་དག་པ་ལ་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་སྐྱེ་བར་འགྱུར་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །རྙེད་པའམ། བཀུར་སྟིས་མཐར་
གཏུགས་པར་འགྱུར་བའི་གནས་དེ་ཡང་ཡོད་པ་མ་ཡིན་ནོ། །རྙེད་པ་དང་བཀུར་སྟི་སེམས་ལ་ཞེན་ཅིང་གནས་པ་ཡང་མ་ཡིན་ཞིང་འོག་ཏུ་ལྟུང་བར་ཡང་མི་འགྱུར་རོ། །ཤཱ་རིའི་བུ་བདག་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་ལྟ་བ་ལ་ནི་འཚོ་བ་མེད་པའི་འཇིགས་པ་ཡོད་དོ། །དེ་འཚོ་བ་མེད་པའི་

འཇིགས་པས་སྐྲག་ནས་རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཞེན་པར་འགྱུར་ཞིང་། དེ་ནི་དེའི་བར་དུ་གཅོད་པར་ཡང་འགྱུར་རོ། །ཤཱ་རིའི་བུ་ཅི་ནས་ཀྱང་བདག་ཏུ་ལྟ་བ་དང་ལྡན་པ་དང་། སེམས་ཅན་དུ་ལྟ་བ་དང་ལྡན་པ་དང་། སྲོག་ཏུ་ལྟ་བ་དང་ལྡན་པ་དང་། གང་ཟག་ཏུ་ལྟ་བ་དང་ལྡན་པ་
དག །ཤཱ་རིའི་བུ་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་ཐ་སྙད་འདོགས་པར་འགྱུར་ཏེ། སྐྱེས་བུ་བླུན་པོ་དེ་དག་ནི་འཕགས་པ་རྣམས་རབ་ཏུ་བྱུང་བའི་ཕྱིར་རབ་ཏུ་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ནི་གཅེར་བུ་པའི་རབ་ཏུ་བྱུང་བ་ཡིན་ཏེ། འདི་ལྟ་སྟེ། གང་
ཟག་ཏུ་ལྟ་བ་རྣམས་དང་། དམིགས་པའི་ལྟ་བ་ཅན་རྣམས་ཀྱི་རབ་ཏུ་བྱུང་བ་ལ་སྔོན་བསྟན་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་དག་ནི་སྐྱེ་བ་དེ་དང་དེ་དག་ཏུ་དེ་ལྟ་བུའི་ཁ་བྱའི་རབ་ཏུ་བྱུང་བར་གྱུར་ཏེ། དེའི་དེ་ཉིད་གཅེར་བུ་པའི་སྨྲ་བ་རྣམས་ཀྱི་རབ་ཏུ་བྱུང་བ་ཡིན་པར་བསྟན་གྱི་འཕགས་པ་རྣམས་ཀྱི་རབ་ཏུ་བྱུང་
བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དམན་པའི་སེམས་ནི་རྒྱ་ཆེན་པོ་ལ་མི་འཇོག་ཅིང་མོས་པ་སྐྱེ་བར་མི་འགྱུར་ལ། དོན་དམ་པ་བདེན་པའི་ཚུལ་ལ་མི་གནས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཡིན་ཏེ། སྔོན་སྡིག་པ་མི་དགེ་
བའི་ལས་མངོན་པར་འདུས་བྱས་པ་དང་། འཕགས་པའི་ལམ་དང་མི་འཐུན་པར་བྱས་པ་དང་། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དག་ལ་མ་དད་པར་བྱས་པ་དང་། གཞན་དག་གི་ཚུལ་ཁྲིམས་ཉམས་པའམ། སྤྱོད་པ་ཉམས་པའམ། འཚོ་བ་ཉམས་པའི་རྒྱུ་དག་མངོན་སུམ་དུ་མ་
མཐོང་བར་གླེངས་པ་དང་། རྣམ་པར་འཚེ་བའི་སེམས་ཀྱིས་མ་དད་པ་མང་དུ་བྱས་པ་དང་། གཞན་གྱི་བསྔགས་པ་མ་ཡིན་པ་བརྗོད་པ་དང་། དེས་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེའི་ཚིག་དང་། ཡི་གེ་རྣམས་ལ་མ་བརྟགས་པར་སྨད་པའི་ཕྱིར་རོ། །ཤཱ་རིའི་བུ་སྡིག་པ་མི་དགེ་བ་དེ་ལྟ་བུ་དེ་
དག་གི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་སངས་རྒྱས་ཀྱི་གསུང་དོན་དམ་པ་འདི་ལ་སེམས་མི་འཇུག་ཅིང་མ་དད་དེ། དེའི་རྣམ་པར་སྨིན་པ་གང་ཡིན་པས་འབད་བརྩལ་ཏེ་བརྩོན་འགྲུས་བརྩམས་ན་ཡང་དམིགས་པའི་གནས་སྐབས་ཙམ་ཡང་བཟུང་བར་མི་ནུས་ན།

འབྲས་བུ་ཐོབ་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །གང་ཟག་ཏུ་ལྟ་བ་ལ་ཀུན་ཏུ་རྟེན་པར་འགྱུར་བ་དེ་དག་གི་ལྟ་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱིས་ཀྱང་དབྲལ་བར་མི་སྤྱོད་ན། ཉན་ཐོས་རྣམས་ཀྱིས་ལྟ་ཅི་སྨོས་ཏེ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་
གང་དག་གི་བདག་ཏུ་མངོན་པར་ཞེན་ཅིང་ཆགས་པ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་མངོན་པར་ཞེན་ཅིང་ཆགས་པ་དེ་ལྟ་བུའི་འཛིན་པ་དེ་དག་གིས་རྣམ་པར་ཐར་པའི་སྒོ་རྣམས་ཐོས་ན། སྐྲག་པར་འགྱུར། དངང་བར་འགྱུར། ཀུན་ཏུ་དངང་བར་འགྱུར་རོ། །དེ་དག་
སྔོན་གྱི་དུས་སུ་སྡིག་པ་མི་དགེ་བའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དང་ལྡན་པས་དེ་དག་འདི་ལྟ་བུའི་བདག་ཏུ་འཛིན་པ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་འཛིན་པ་དེར་གདོན་མི་ཟ་བར་འགྲོ་བར་འགྱུར་ཏེ། དེ་དག་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱ་སྟོང་གིས་ཆོ་འཕྲུལ་
གསུམ་གྱིས་ཆོས་བསྟན་ཀྱང་དེ་དག་གིས་ཆོས་ཀུན་ཤེས་པར་མི་ནུས་སོ། །ཤཱ་རིའི་བུ་ལྕགས་ཀྱི་མཚོན་རྣོན་པོས་ལྕེ་ཀུན་ཏུ་བཅད་ཅིང་གཏུབས་པ་ནི་བླའི། ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། སྤྱོད་པ་ཉམས་པའམ། འཚོ་བ་ཉམས་པའི་རྒྱུས་མངོན་སུམ་
དུ་མ་མཐོང་བར་གླེང་བ་དང་། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེའི་ཚིག་དང་ཡི་གེ་རྣམས་ལ་མ་བརྟགས་པར་སྨོད་པར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་མ་འོངས་པའི་དུས་ན་དགེ་སློང་དག་སོ་སོར་ཐར་པའི་སྡོམ་པས་མ་བསྡམས་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ཚུལ་
ཁྲིམས་ཀྱིས་རྒྱགས་པ་སྐྱེད་པར་བྱེད་དེ། བདག་ནི་ཚུལ་ཁྲིམས་དང་ལྡན་གྱི། འདི་དག་ནི་དེ་བཞིན་དུ་མ་ཡིན་ཏེ། སྤྱོད་པ་གཞན་ཡིན་ནོ་ཞེས་དེ་དག་ཕན་ཚུན་དུ་ཟིལ་གྱིས་གནོན་པར་འགྱུར་རོ། །ཤཱ་རིའི་བུ་དགེ་སློང་དག་ཕལ་ཆེར་བདག་ནི་ཚུལ་ཁྲིམས་དང་ལྡན་གྱི། འདི་ནི་དེ་
ལྟར་ཚུལ་ཁྲིམས་དང་ལྡན་པ་མ་ཡིན་ནོ། །བདག་ནི་མང་དུ་ཐོས་པ་ཡིན་ཏེ། འདི་ནི་དེ་ལྟར་མང་དུ་ཐོས་པ་མ་ཡིན་ནོ་ཞེས་ཚུལ་ཁྲིམས་ལ་གཙོ་བོར་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་དགེ་སློང་དེ་དག་ནི་ཕལ་ཆེར་དགོན་གནས་སུ་འབྱུང་བར་འགྱུར་ཏེ། ཚུལ་ཁྲིམས་སྲུང་བར་བྱེད་པ།

ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གུས་པར་བྱེད་པ། མང་དུ་ཆུབ་པར་བྱེད་པ་ཕལ་ཆེར་སངས་རྒྱས་ཀྱི་གསུང་ཀུན་ཏུ་ཆུབ་པར་བྱས་ནས། ཁྲོ་བ་དང་། བརྣབ་སེམས་ཆེ་བ་དང་། ཆགས་པ་དང་། གཏུམ་པ་དང་། རྨོངས་པ་དག་ཏུ་འགྱུར་རོ། །དེ་དག་གིས་ལྟ་བ་ཉམས་པའམ། ཚུལ་
ཁྲིམས་ཉམས་པའམ། སྤྱོད་པ་ཉམས་པའམ། འཚོ་བ་ཉམས་པའི་རྐྱེན་འགའ་ཁོ་ན་ཞིག་ལ་བརྟེན་ནས་འཐབ་ཁྲོལ་ཆེན་པོ་བདོ་བར་འགྱུར་རོ། །ཤཱ་རིའི་བུ་དེར་འཐབ་རྩོད་བྱུང་བ་དེ་ལ། ཤཱ་རིའི་བུ་ཡང་འཐབ་རྩོད་ཉེ་བར་ཞི་བར་བྱེད་པའི་གཟུ་བོའི་དགེ་སློང་གང་ཡིན་པ་དེ་དག་
འབྱུང་སྟེ། །དེ་དག་ཀྱང་དེའི་ཚེ་ཕན་ཚུན་གྱི་ཕྱོགས་སུ་ལྷུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཕན་ཚུན་ནས་མནར་སེམས་ལ་ཞུགས་པས་དེ་དག་རེག་པར་གནས་པར་མི་འགྱུར་རོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱང་རེག་པར་གནས་པར་མི་འགྱུར་རོ། །ཁྱིམ་ན་གནས་པ་དང་།
རབ་ཏུ་བྱུང་བ་རྣམས་ཀྱང་རེག་པར་གནས་པར་མི་འགྱུར་རོ། །ཤཱ་རིའི་བུ་དེ་ལ་དགེ་སློང་ལོར་མ་ལོན་པ་དང་། གསར་བུ་དག་རྒན་པོ་དང་། གནས་བརྟན་རྣམས་ལ་གཅེས་པར་མི་བྱེད་པ་དང་། མ་གུས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་མ་བསླབས་པ་རྣམས་ཀྱི་རབ་ཏུ་
ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པའི་ཕྱིར་རོ། །དགེ་སློང་གུས་པ་མེད་པ་དང་། གཅེས་པར་མི་བྱེད་པ་དེ་དག་ནི་ལོ་གྲངས་ཀྱི་མཐས་རྒན་པོར་གཏོགས་པ། ལོ་བཅུ་པ་རྣམས་སམ། ལོ་བཅྭ་ལྔ་པ་རྣམས་སམ། ལོ་ཉི་ཤུ་པ་རྣམས་སམ། ལོ་ལྔ་བཅུའི་བར་དག་དང་ཡང་ངེས་
པར་འདྲ་བར་འགྱུར་ཏེ། དེ་དག་གི་འཁོར་དེ་ཡང་དེ་ཁོ་ན་དང་འདྲ་བར་སྤྱོད་པ་མེད་པར་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་ལྷག་པར་ཡང་ཆགས་པར་འགྱུར། ལྷག་པར་ཡང་ཞེ་སྡང་བར་འགྱུར། ལྷག་པར་ཡང་གཏི་མུག་པར་འགྱུར་རོ། །ཤཱ་རིའི་བུ་སྐྱེས་བུ་བླུན་པོ་དེ་དག་སངས་རྒྱས་
ཀྱིས་གསུངས་པའི་མདོ་སྡེའི་ཚིག་རྣམས་ལ་མ་བརྟགས་པར་མི་མོས་ཤིང་མངོན་པར་མ་དད་པ་ན་མི་འཐུན་པ་དང་རྩོད་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟར་ཕན་ཚུན་གུས་པ་མེད་པ་དང་། ཕན་ཚུན་སྨོད་པས་ངའི་ཆོས་འདུལ་བ་འདི་ནུབ་པར་འགྱུར་རོ། །ཤཱ་རིའི་བུ་སྐྱེས་བུ་བླུན་པོ་དེ་དག་

ལས་ཕལ་ཆེར་གྱིས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །ཆོས་ཀྱིས་ཕོངས་པའི་ལས་མངོན་པར་འདུས་བྱས་ནས་ངན་འགྲོ་རྣམས་སུ་ལྟུང་བར་འགྱུར་རོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །དགྲ་བཅོམ་
པ་དང་། ཉོན་མོངས་པ་ཟད་པ་དང་། ནད་པ་བསྐྱོད་མི་ནུས་པ་མ་གཏོགས་པར་དོན་དུ་གཉེར་བའི་རིགས་ཀྱི་བུས་དེའི་ཚེ་མཚན་གཅིག་ཙམ་ཡང་ཚོགས་ཀྱི་གནས་སུ་གནས་པར་མི་བྱའོ། །ཤཱ་རིའི་བུ་འདི་ལྟར་དེའི་ཚེ་སྡིག་པ་ཅན་རྣམས་ཀྱི་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་
དང་། འཚོ་བ་མེད་པ་རྣམས་ཀྱི་འཇིགས་པ་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དོན་དུ་གཉེར་བའི་རིགས་ཀྱི་བུས་རི་དགས་འཆི་བ་བཞིན་དུ་ཁས་བླངས་ཏེ། དགོན་པར་འགྲོ་བར་བྱའོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ངའི་ཆོས་འདུལ་བ་འདི་ནི་རིང་དུ་མི་
གནས་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་ཟད་ནས་ནི་ངན་སོང་གི་ལུས་མངོན་དུ་འབྱུང་བས། ཤཱ་རིའི་བུ་དགེ་སློང་རྣལ་འབྱོར་སྤྱོད་པས་འདི་ལྟ་བུའི་སེམས་བསྐྱེད་པར་བྱ་སྟེ། དགེ་སྦྱོང་གི་འབྲོག་དགོན་པ་རྣམ་པར་འགྱེས་
པའི་ཆོས་རྙིང་པ་དེ་འདྲ་བ་ནི་བལྟའོ། །ཀྱེ་མའོ་བདག་གིས་བརྩོན་འགྲུས་ནི་མྱུར་དུ་བརྩམ་མོ། །དགྲ་བཅོམ་པ་ཉིད་ནི་མྱུར་དུ་ཐོབ་པར་བྱའོ་ཞེས་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་འདི་ལྟར་ངའི་བསྟན་པ་ནི་ཉེས་པར་ཐོབ་པར་མི་འགྱུར་ལ། ངའི་ཉན་ཐོས་རྣམས་ནི་ཆོས་གོས་
དང་བསོད་སྙོམས་ཀྱིས་དུབ་པར་མི་འགྱུར་བར། ཤཱ་རིའི་བུ་སངས་རྒྱས་ཀྱི་ས་ལ་མངོན་པར་བརྩོན་པར་གྱིས་ཤིག །འཇིག་རྟེན་གྱི་ཟང་ཟིང་ལ་གཅེས་པར་མ་བྱེད་ཅིག །ཤཱ་རིའི་བུ་ལྟོས་ཤིག་ང་ནི་འདི་སྐད་ཅེས་རྣལ་འབྱོར་སྤྱོད་པའི་དགེ་སློང་རྣམས་ལ་ནི་ལྷ་བྱེ་བ་སྟོང་ཕྲག་
དག་བདེ་བ་ཐམས་ཅད་ཀྱིས་སྟོབས་པས་བརྩོན་པར་གནས་ཏེ། ཤཱ་རིའི་བུ་མིས་ནི་དེ་ལྟ་བུའི་མཆོད་པ་དང་བསྙེན་བཀུར་བྱ་བར་མི་ནུས་སོ་ཞེས་གསུང་ངོ་། །ལྷ་དང་། ཀླུ་དང་། གནོད་སྦྱིན་གང་དག་གིས་སྦྱར་བའི་འཚོ་བའི་ཡོ་བྱད་རྣམས་ལ་མ་ཆགས་པར་བྱའོ། །དེ་བཞིན་གཤེགས་

པའི་གསུང་ནི་བདེན་པ་གསུང་བ་ཡིན་ཏེ། ཚུལ་འཆོས་པ་ཉིད་མ་ཡིན། ཁ་གསག་མཛད་པ་ཉིད་མ་ཡིན་པས། དོན་དམ་པ་སྟོང་པ་ཉིད་རབ་ཏུ་བསྟན་པའི་དོན་དམ་པ་སྟོང་པ་ཉིད་ལ་མངོན་པར་བརྩོན་པར་གྱིས་ཤིག །འབྲོག་དགོན་པ་ཆེན་པོ་དེ་ནི་འདི་ལྟ་སྟེ་དམིགས་པ་ཡིན་ནོ། །ཤཱ་
རིའི་བུ་གང་ཞིག་དེ་བཞིན་གཤེགས་པའི་ཕྱིར་རབ་ཏུ་བྱུང་ནས་ཆོས་དེ་ལ་ཡང་བརྩོན་འགྲུས་ཀྱིས་གནས་ན། འདོད་པ་ཆུང་བའི་ལྷ་རྣམས་དང་། འདོད་པ་ཆུང་བའི་མི་རྣམས་དང་། འདོད་པ་ཆུང་བའི་སེམས་ཅན་ཐམས་ཅད་ལས། དགེ་སློང་རྣལ་འབྱོར་སྤྱོད་པ་དེའི་ལྷུང་བཟེད་དང་
ཆོས་གོས་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ནི་དཔག་ཏུ་མེད་པ་ཡིན་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྨིན་མཚམས་ན་མངའ་བའི་སྐྱེས་བུ་ཆེན་པོའི་མཛོད་སྤུའི་མཚན་གང་
ཡིན་པ་དེའི་བྱེ་བ་བརྒྱ་སྟོང་གི་ཆ་ཤས་ཙམ་ལ་ཡང་མི་འཇུག་ན། སྐུའི་རྫོགས་པ་དང་། ཉན་ཐོས་ལ་བཀུར་སྟི་བྱས་པ་ལྟ་ག་ལ་ཞིག །ཤཱ་རིའི་བུ་འཇིག་རྟེན་ལྷ་དང་བཅས་པ་ངའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཅིང་། དེ་ཡང་ཆོས་ལ་སྒོམ་པར་གྱུར་ན། ཤཱ་རིའི་བུ་
འཇིག་རྟེན་ལྷ་དང་བཅས་པས་ཀྱང་མཚན་གཅིག་གི་བཅུ་དྲུག་གི་ཆ་ཙམ་དུ་ཡང་མི་ཆོག་སྟེ། ཤཱ་རིའི་བུ་དེ་ལྟར་དེ་བཞིན་གཤེགས་པའི་བསོད་ནམས་ནི་དཔག་ཏུ་མེད་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་ཞིག་ཆོས་གོས་ངན་ངོན་གྱིས་ཆོག་ཤེས་པ་དང་། ཆོས་གོས་ངན་
ངོན་གྱིས་ཆོག་ཤེས་པའི་བསྔགས་པ་བརྗོད་པ་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་ངན་ངོན་རྣམས་ཀྱིས་ཆོག་ཤེས་པ་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་
བྱད་ངན་ངོན་རྣམས་ཀྱིས་ཆོག་ཤེས་པའི་བསྔགས་པ་བརྗོད་པ་དེས་ནི་འདི་ལྟར་འདོད་པར་བྱ་སྟེ། ཆོས་གོས་ཀྱི་ཆེད་དུ་མི་དགེ་བའི་འཚོ་བ་གང་ཡིན་པ་ལ་མི་སྤྱོད་པ་ཡིན་ནོ། །བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་ཀྱི་ཆེད་དུ་མི་དགེ་བའི་

འཚོ་བ་ལ་མི་སྤྱོད་པ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་དགེ་སློང་ཕྱག་དར་ཁྲོད་པས་ཕྱག་དར་ཁྲོད་པ་བླངས་ན་འདི་སྙམ་དུ། བདག་གི་ཕྱག་དར་ཁྲོད་པ་འདི་ནི་གྲང་བ་ན་གྲང་བ་བསལ་བའི་ཕྱིར་དང་། དྲོ་བ་ན་དྲོ་བ་བསལ་བའི་ཕྱིར་དང་། སྦྲང་བུ་དང་། ཤ་སྦྲང་དང་། སྡིག་
སྦྲུལ་དང་། རླུང་དང་། ཚ་བའི་རེག་པ་རྣམས་སྤང་བའི་ཕྱིར་དང་། ཕལ་པའི་གནས་པས་གནས་པར་བྱ་བའི་ཕྱིར་དང་། ངན་ངོན་གྱི་ཡོངས་སུ་དུབ་པ་བསལ་བའི་ཕྱིར་དང་། འཕགས་པ་རྣམས་ཀྱིས་བསྔགས་པ་ཡིན་པར་བྱ་བའི་ཕྱིར་དང་། ངོ་ཚ་བའི་གནས་སྦ་བར་བྱ་བའི་ཕྱིར་
དང་། འཕགས་པའི་ལམ་བསྒོམ་པའི་ཕྱིར་ཡིན་པས་བདག་གིས་ཕྱག་དར་ཁྲོད་པའི་སྣམ་སྦྱར་འདི་དག་བགོས་ནས། རེ་ཞིག་སོ་སོའི་སྐྱེ་བོའི་ཕྱག་དར་ཁྲོད་པ་གང་ཡིན་པ་དེ་ལྟ་བུ་ནི་མཚན་གཅིག་ཀྱང་ལུས་ལ་མི་བཅང་བའི་བརྩོན་འགྲུས་བདག་གིས་བརྩམ་མོ་སྙམ་དུ་སེམས་བསྐྱེད་
པར་བྱའོ། །དེས་ཕྱག་དར་ཁྲོད་པ་དེ་ལེགས་པར་བཀྲུ་ཞིང་ལེགས་པར་བཤལ་བར་བྱའོ། །གལ་ཏེ་ཕྱག་དར་ཁྲོད་པ་དེ་ལ་ཀུན་ཏུ་འདོད་ཆགས་སྐྱེ་ཞིང་མངོན་པར་ཞེན་པར་གྱུར་ན། དེས་ཕྱག་དར་ཁྲོད་པ་དེ་ཡང་སྤང་བར་བྱའོ། །ཤཱ་རིའི་བུ་ངས་དེ་ལྟ་བུའི་དགེ་སློང་ལ་ནི་ཕྱག་དར་
ཁྲོད་པ་དེ་ཡང་རྗེས་སུ་མ་གནང་ན། ཡོ་བྱད་གཞན་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་གི་ཆོས་མ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟར་དེའི་གནས་སྐབས་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཏེ། འདི་ལྟར་དགེ་སྦྱོང་གི་ཆོས་མ་ཡིན་པ་དེ་ནི་དེ་ལ་འོས་པ་མ་ཡིན་ན། ཡོ་བྱད་གཞན་
ལྟ་ཅི་སྨོས། ཤཱ་རིའི་བུ་དེའི་ཚེ་ལྕགས་གླེབས་པ་འབར་བས་ལུས་གཡོགས་པ་ནི་བླའི། དགེ་སློང་ཕྱག་དར་ཁྲོད་པ་རྣམས་ཀྱིས་ཕྱག་དར་ཁྲོད་ལ་ལོངས་སྤྱོད་པར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་དེ་གང་ཁོ་ན་ལ་སྲེད་པ་སྐྱེ་ཞིང་ཀུན་ཏུ་འདོད་ཆགས་པར་གྱུར་ན། དེས་ཡང་འདི་
སྙམ་དུ་ཕྱག་དར་ཁྲོད་པ་བགོ་བར་བྱ་སྟེ། བདག་གི་ཆོས་གོས་འདི་ནི། གྲང་བ་བསྐྱབ་པའི་ཕྱིར་དང་ཞེས་བྱ་བ་ནས། གང་ཡང་འཕགས་པའི་ལམ་གོམས་པར་བྱ་བའི་ཕྱིར་དང་ཞེས་བྱ་བའི་བར་དུ་སྦྱར་ཏེ། བདག་གིས་ཆོས་གོས་འདི་བགོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་

པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་བྱའོ། །གང་ཡང་ཆོས་གོས་འདི་ལ་བརྟེན་ཏེ། དགེ་སྦྱོང་གི་ཆོས་ཡོངས་སུ་རྫོགས་པར་མ་བྱས་པ་དེ་སྲིད་དུ་ཆོས་གོས་གཉིས་པ་ཤོས་མི་བཙལ་ལོ་ཞེས་
བསམ་པར་བྱ་སྟེ། དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་དགེ་སློང་ལ་ནི་ཤཱ་རིའི་བུ་ངས་ཕྱག་དར་ཁྲོད་ཀྱི་ཆོས་གོས་རྗེས་སུ་གནང་ངོ་། །ཤཱ་རིའི་བུ་དེ་ལ་དགེ་སློང་བསོད་སྙོམས་པས་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པ་ན། ཆོས་ཐམས་ཅད་ལ་དྲན་པ་མེད་པ་
ཡིད་ལ་བྱ་བ་བསྐྱེད་པར་བྱ་ཞིང་། སེམས་མི་གཡེང་བར་ཏིང་ངེ་འཛིན་གྱི་གོ་ཆ་བགོས་ནས་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པར་བྱའོ། །དེས་གྲོང་དུ་བསོད་སྙོམས་སྤྱད་ནས་མ་ཆགས་པའི་སེམས་ཀྱིས་གྲོང་ནས་བྱུང་སྟེ། སྐྱིལ་མོ་ཀྲུང་བཅས་པའི་མདུན་དུ་བསོད་སྙོམས་བཞག་ནས་མི་
གཙང་བའི་འདུ་ཤེས་དང་། མི་འཕྲོད་པའི་འདུ་ཤེས་དང་། བཤང་གཅིའི་འདུ་ཤེས་དང་། སྦུན་པའི་འདུ་ཤེས་དང་། སྐྱུགས་པའི་འདུ་ཤེས་དང་། གཙང་མ་མ་ཡིན་པའི་འདུ་ཤེས་དང་། རྨ་ཀླན་པའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་དང་། མི་འཐུན་པའི་འདུ་ཤེས་དང་། བུའི་
ཤ་ལྟ་བུའི་འདུ་ཤེས་དང་། རླུགས་པའི་འདུ་ཤེས་དང་། རུལ་པ་དང་། རྒྱུ་འཐུན་པའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། ལྕི་བའི་འདུ་ཤེས་དང་། འདུན་པ་མེད་པའི་འདུ་ཤེས་དེ་ལྟ་བུ་དག་བསྐྱེད་པར་བྱ་ཞིང་དེ་ལྟ་བུའི་ཡིད་ལ་བྱེད་པའི་འདུ་ཤེས་དང་ལྡན་པས་ཁ་ཟས་
ལ་བཟའ་བར་བྱའོ། །མ་ཆགས་པ་དང་། མ་ཞེན་པ་དང་། མི་སྡང་བ་དང་། མ་རྨོངས་པ་དང་། མི་སྲིད་པ་དང་། ལྷག་པར་མ་ཞེན་པ་དང་། ཉེས་དམིགས་སུ་ལྟ་བ་དང་། འབྱུང་བའི་ཤེས་པས་ཇི་སྲིད་ཅིག་ཁོ་ནར་ལུས་གནས་པར་བྱ་བའི་ཕྱིར་དང་། འཚོ་བར་བྱ་བའི་ཕྱིར་
དང་། བྲུ་བ་ལས་བཟློག་པའི་ཕྱིར་དང་། ཚངས་པར་སྤྱད་པ་རྗེས་སུ་གཟུང་བའི་ཕྱིར་དང་། ཚོར་བ་རྙིང་པ་རྣམས་བཟློག་པའི་ཕྱིར་དང་། ཚོར་བ་གསར་པ་རྣམས་མི་བསྐྱེད་པའི་ཕྱིར་དང་། སྟོབས་དང་བདེ་བ་དང་། ཁ་ན་མ་ཐོ་བ་མེད་པས་བདེ་བར་གནས་པ་དང་། སྲོག་རྗེས་སུ་གཟུང་

བའི་ཕྱིར་བདག་འཚོ་བ་ཡིན་གྱིས་བདག་བརྩོན་འགྲུས་རྩོམ་པ་ལ་གནས་ཤིང་ལུས་ཀྱི་སྟོབས་དང་མཐུ་མི་ཉམས་པར་བྱ་བའི་ཕྱིར། ཁ་ཟས་འདི་ཟོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་
འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་བྱའོ་སྙམ་ན། ཤཱ་རིའི་བུ་ངས་དེ་ལྟ་བུའི་དགེ་སློང་ལ་དད་པས་བྱིན་པའི་བསོད་སྙོམས་རྗེས་སུ་གནང་ངོ་། །ཤཱ་རིའི་བུ་གལ་ཏེ་ཡང་དགེ་སློང་བསོད་སྙོམས་ལ་ལོངས་སྤྱོད་པ་ན། ཆགས་པ་དང་། ཞེན་པ་དང་། རོ་མྱང་བ་དང་། ཆུམས་པ་དང་།
ལྷག་པར་ཞེན་པ་དང་། སྲེད་པ་དང་། ཉེས་དམིགས་སུ་མི་ལྟ་བ་དང་། འབྱུང་བར་མི་ཤེས་པས་བདག་གི་བསོད་སྙོམས་ཀྱི་ཁ་ཟས་འདི་ལ་ཟོས་ཤིང་ལོངས་སྤྱོད་ནས། འཕགས་པའི་ལམ་གོམས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་།
ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་བྱའོ་སྙམ་ན། ཤཱ་རིའི་བུ་དེ་ལྟ་བུའི་དགེ་སློང་ལ་ནི་ངས་དད་པས་བྱིན་པའི་ཆུ་ཕོར་བུ་གང་ཙམ་ཡང་རྗེས་སུ་མ་གནང་ན་བསོད་སྙོམས་ལྟ་ཅི་སྨོས། ཤཱ་རིའི་བུ་བཀྲེས་པས་རང་གི་བརླའི་ཤ་
འམ་དཔུང་པའི་ཤ་ཟོས་པ་ནི་སླའི། ཉེས་དམིགས་སུ་མི་ལྟ་བ་དང་། འབྱུང་བར་མི་ཤེས་པས་དད་པས་བྱིན་པ་ལ་ལོངས་སྤྱོད་པར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངས་ལྡན་པ་རྣམས་དང་། གྲོལ་བ་རྣམས་ལ་དད་པས་བྱིན་པ་རྗེས་སུ་གནང་སྟེ། དེ་དག་ལས་
གཞན་པ་ལ་ནི་མ་ཡིན་ནོ། །ཤཱ་རིའི་བུ་ཇི་ཙམ་ཞིག་གིས་ལྡན་པ་ཡིན། ཇི་ཙམ་ཞིག་གིས་གྲོལ་བ་ཡིན་ཞེ་ན། མཐོང་བའི་ཆོས་འདི་ཉིད་ལ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་ལྟ་བུ་ནི་ལྡན་པ་ཡིན་ནོ། །མི་དགེ་བའི་ཆོས་སྤང་བའི་ཕྱིར་དང་། དགེ་བའི་ཆོས་མངོན་
སུམ་དུ་བྱ་བའི་ཕྱིར་སྤོང་བ་དང་། འཕགས་པའི་ལམ་གོམས་པར་བྱ་བ་ལ་མགོ་ལ་མེ་འབར་བ་ལྟ་བུར་བྱེད་པ་དེ་ལྟ་བུ་ནི་ལྡན་པ་ཡིན་ནོ། །སྟོང་པའི་ཆོས་རྣམས་ལ་མོས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མོས་པ་སྟེ། དེ་ལྟ་བུ་

དེ་ནི་གྲོལ་བ་ཡིན་ནོ། །དགེ་བ་ཅི་ཡིན་ཞེས་ཚོལ་ཞིང་འདྲི་བའི་རང་བཞིན་ཅན་གོ་ཆ་ཆེན་པོ་བགོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ན་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་བརྩོན་པ་ཡིན་ཏེ། གང་དག་ལམ་ལ་ཞུགས་པ་དེ་
དག་འདི་སྙམ་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ། །ཞེས་བྱ་བ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་བྱའོ་སྙམ་དུ་དེའི་བྱ་བ་ལ་གནས་པ་ཡིན་ཏེ། དགེ་བའི་ཆོས་རྣམས་ལ་གང་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ལྷག་པའི་བསམ་པས་གནས་པ་དེ་ལྟ་བུ་ནི་བདེན་པ་
ཡིན་ནོ། །ངན་སོང་གསུམ་ལས་གྲོལ་བ་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ། །འདོད་པའི་ཁམས་དང་ལྡན་པ་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའོ། །འཇིགས་པ་ཐམས་ཅད་ལས་གྲོལ་བ་ནི་དགྲ་བཅོམ་པ་བྱ་བ་བྱས་པ་ཡིན་ནོ། །ཤཱ་རིའི་བུ་གང་དག་ཡང་བསླབ་པ་
གསུམ་པོ་དག་ལ་བསླབས་པ་དེ་དག་ནི་ལྡན་པ་ཞེས་བྱ་སྟེ། དེ་དག་ཀྱང་དད་པས་བྱིན་པ་འཐོབ་པ་ཡིན་ནོ། །འདི་དག་ཙམ་གྱིས་ལྡན་པ་ཡིན་ཞིང་། འདི་དག་ཙམ་གྱིས་གྲོལ་བ་ཡིན་ཏེ། དེ་ལྟ་བུའི་བདེན་པ་དང་། དེ་ལྟ་བུའི་གྲོལ་བ་གང་ཡིན་པ་དེ་དག་ལ་ངས་དད་པས་བྱིན་པ་རྗེས་
སུ་གནང་ངོ་། །ས་སོར་ཐར་པའི་སྡོམ་པས་ཡང་དག་པར་བསྡམས་ཤིང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་རབ་ཏུ་གནས་པ་དེ་དག་གིས་ཤིན་ཏུ་ལོངས་སྤྱད་པ་ཡིན་ཏེ། སོ་སོར་ཐར་བའི་སྡོམ་པས་ཤིན་ཏུ་བསྡམས་པ་གང་ཡིན་པ་དག་ནི་གྱ་གྱུ་མི་བྱེད་པ་ཡིན་ནོ། །དེ་དག་ནི་མང་དུ་ཐོས་པ་ལ་མངོན་
པར་བརྩོན་པ་ཡིན་ཏེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་གང་དག་ཡིན་པ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་
པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེ་རྣམས་དང་། སོ་སོར་ཐར་པའི་སྡོམ་པས་ཡང་དག་པར་བསྡམས་པ། ཚུལ་ཁྲིམས་ཀྱི་ཕུང་པོ་མ་རལ་ཞིང་ཉམས་པ་མེད་པ། ཀློག་

པ་དང་། འདོན་པ་ལ་མངོན་པར་བརྩོན་པ་དག་ཡིན་ཏེ། དེ་དག་ལ་ངས་དད་པས་བྱིན་པ་རྗེས་སུ་གནང་ངོ་། །ཤཱ་རིའི་བུ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་ངེས་པའི་གཏམ་སྨྲ་བ་ཡིན་ཏེ། ཇི་ཙམ་དུ་སོ་སོའི་སྐྱེ་བོ་ནི་ཚུལ་ཁྲིམས་ལ་གཙོ་བོར་བྱེད་པས་གཞན་མུ་
སྟེགས་ཅན་གྱི་སྨྲ་བ་དང་འདྲེས་པའི་ལུས་ཅན་ཡིན་ནོ། །དེ་ལྟར་ནང་གི་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་རྙེད་པ་དང་བཀུར་སྟི་ལ་མ་ཞེན་ཅིང་། གཞན་གྱི་དྲིང་ལ་སངས་རྒྱས་ཀྱི་བྱང་ཆུབ་མི་སྒྲོགས་པས་རྣམ་པར་ངེས་པ་ལ་མཁས་པ། ཐོས་པ་སྙིང་པོར་བྱེད་པ། གང་དུ་སྲོག་གི་ཕྱིར་
ཡང་བརྫུན་གྱི་ཚིག་མི་སྨྲ་ཞིང་མི་འཐུན་པའི་གཏམ་རྣམས་ལས་ཕྱིར་ལོག་པ་ཡིན་ནོ། །བདག་དང་གཞན་གྱི་དོན་བྱ་བ་དང་། དད་པའི་གཏམ་སྨྲ་ནུས་པ། དོན་དམ་པ་སྟོང་པ་ཉིད་ཁོ་ན་རབ་ཏུ་སྟོན་ཅིང་གནས་པ་ཡང་དེས་གནས་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་དེ་ལྟ་བུ་ནི་ཆོས་ཀྱི་སྦྱིན་པ་རྣམ་པར་
གཏན་ལ་དབབ་པར་ནུས་པས་ངས་ཆོས་སྟོན་པར་རྗེས་སུ་གནང་ངོ་། །གང་ཞིག་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་ལས་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་སྟོན་པར་བྱེད་པ་ནི་བཅུའི་གཏམ་དང་རྗེས་སུ་འཐུན་པར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་རིགས་ཀྱི་
བུ་རང་གི་དོན་གཉེར་བ་བདག་ལ་ཕན་པར་འདོད་པ། བདག་ལ་དགའ་བ། ཆོས་འདོད་པ། བདག་དང་གཞན་ལ་ཕན་པར་སེམས་པའམ། བདག་ཉིད་ལ་ཕན་པར་སེམས་པས་ཐམས་ཅད་མཁྱེན་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་བྱམས་པའི་སངས་
རྒྱས་ལ་བརྟེན་ཏེ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པར་བྱ་བའི་ཕྱིར་ངེས་པའི་གཏམ་མི་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པས་གསུངས་པ་ནི་འདི་ཡིན་ཏེ། དེ་བདག་ཉིད་གཡེང་བ་མ་དུལ་བས་གཞན་དུལ་བར་འགྱུར་བ་དང་། བདག་
ཉིད་མ་ཞི་བས་གཞན་ཞི་བར་འགྱུར་བ་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་མ་འདས་པས་གཞན་མྱ་ངན་ལས་འདའ་བར་འགྱུར་བ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །དེ་དེ་ལྟར་གཡེང་བའི་རང་བཞིན་ཞི་བས་གཞན་དུལ་བར་འགྱུར་བ་དེ་ནི་གནས་ཡོད་དོ། །བདག་ཉིད་ཞི་བས་གཞན་

ཞི་བར་འགྱུར་བ་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པས་གཞན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ནི་གནས་ཡོད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ནི་ལྕི་བ་ཡིན་པས། ཤཱ་རིའི་བུ་
བདེན་པའི་ཚིག་གིས་ཆོས་བསྟན་པར་བྱའི། བརྫུན་པའི་ཚིག་གིས་ནི་མ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པའི་ཆོས་ཀྱི་སྦྱིན་པ་ནི་སྣ་མའི་མེ་ཏོག་གི་ཕྲེང་བའམ། གསེར་གྱི་ཕྲེང་བ་བཞིན་ནོ། །ཤཱ་རིའི་བུ་ཡང་དག་ཕུལ་གྱི་གནས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཆོས་ཀྱི་གཏམ་
རྣམ་པར་གཏན་ལ་དབབ་པ་གུས་པར་བྱས་ཏེ་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་ཚུལ་ཁྲིམས་འཆལ་པ་རྣམས་དང་། གཞན་མུ་སྟེགས་ཅན་གྱི་སྨྲ་བ་དང་འདྲེས་པ་རྣམས་ལ་ངས་གནས་འདི་རྗེས་སུ་མ་གནང་སྟེ། བརྫུན་དུ་སྨྲ་བ་རྣམས་ལ་མ་ཡིན། འཇིག་རྟེན་གྱི་ཟང་ཟིང་གཙོ་བོར་བྱེད་པ་རྣམས་ལ་
མ་ཡིན། རྙེད་པ་དང་བཀུར་སྟི་ལ་ཆུམས་པ་རྣམས་ལ་མ་ཡིན། མ་མོས་པ་རྣམས་ལ་མ་ཡིན། རྩོད་པ་ལ་ཞུགས་པ་རྣམས་ལ་མ་ཡིན་གྱི། ཤཱ་རིའི་བུ་དྲང་པོ་སྡོམ་པ་ལ་གནས་པ་རྣམས་ལ་ངས་གནས་འདི་རྗེས་སུ་གནང་ངོ་། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །
ཤཱ་རིའི་བུ་ཚུལ་ཁྲིམས་འཆལ་པས་ཉམས་པར་བྱ་བའི་ཕྱིར་ཞུགས་པ་ནི་བླའི། བསྟན་པ་འདི་ལ་དྲང་སྲོང་གི་རྒྱལ་མཚན་བགོས་ནས་དད་པས་བྱིན་པ་ལ་ལོངས་སྤྱོད་པར་བྱེད་ཅིང་སྡིག་པ་འཆབ་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཅི་ནས་ཀྱང་ཅུང་ཟད་ཙམ་གྱི་ཆེད་དུ་བདག་ཉིད་
དམྱལ་བར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་ཚེ་དགེ་བའི་ཆོས་རྣམས་ལ་དགེ་སློང་རྣམས་ཀྱི་འདུན་པ་ཇི་ལྟ་བུ་དག་འབྱུང་ལགས། བཀའ་སྩལ་པ།
ཀུན་དགའ་བོ་གནས་འདི་མ་ཞུ་ཤིག །ཞོག་ཤིག་དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་གང་ཡིན་པ་དེ་ལ་དེའི་ཚེ་དགེ་སློང་རྣམས་ཀྱིས་འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་འདི་ལྟར་དཔག་ཏུ་མེད་པ་ཡིན་ནོ་ཞེས་རྟོག་པར་མི་འགྱུར་རོ། །ཀུན་དགའ་

བོ་འདུས་བྱས་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་པ་དེ་ནི་རང་སངས་རྒྱས་ཐམས་ཅད་ཀྱིས་སམ། དགྲ་བཅོམ་པ་ཐམས་ཅད་ཀྱིས་ཀྱང་བསམ་པའམ་ཤེས་པར་མི་ནུས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་མངོན་པར་མཁྱེན་པའི་ཆོས་གང་ཡིན་པ་དེ། གལ་ཏེ་དེ་
བཞིན་གཤེགས་པས་རབ་ཏུ་བསྟན་ན་ཁྱེད་ཅག་ཀྱང་མོས་པར་འགྱུར་ན། དེ་བཞིན་གཤེགས་པས་གསུངས་པའི་ཡོན་ཏན་ལ་གང་དག་གིས་རྟོག་པར་མི་འགྱུར་བ་ལྟ་ཅི་སྨོས། ཀུན་དགའ་བོ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དེ་ལྟ་བུ་དེ་ལ་དེའི་ཚེ་དགེ་སློང་དག་དད་པར་མི་འགྱུར་ན། གང་དག་དེ་
བཞིན་གཤེགས་པས་སྐྱེས་བུ་བླུན་པོ་དེ་དག་གི་འགྲོ་བ་དེ་དག་ནི་འདིར་འགྱུར་རོ་ཞེས་འགྲོ་བ་ཐམས་ཅད་ལུང་བསྟན་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་གི་ཕྱིར་བདེན་པའི་ཡོན་ཏན་འདི་དག་གསུང་བ་ནི་དེ་ལྟར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ་ད་ལྟར་གྱི་དགེ་སློང་ལེ་ལོ་ཅན་གང་ཡིན་
པ་དེ་དག་ཐམས་ཅད་ནི་དེའི་ཚེ་བརྩོན་འགྲུས་རྩོམ་ན། ཚུལ་ཁྲིམས་མཐུ་ཅན་མ་ཡིན། སྤྱོད་པ་མཐུ་ཅན་མ་ཡིན། སྤྱོད་ལམ་དང་བརྩོན་འགྲུས་མཐུ་ཅན་མ་ཡིན། ཤེས་རབ་མཐུ་ཅན་མ་ཡིན་ནོ། །ཀུན་དགའ་བོ་གལ་ཏེ་དེ་བཞིན་གཤེགས་པས་སྐྱེས་བུ་བླུན་པོ་དེ་དག་གི་སྤྱོད་པ་ཐམས་ཅད་ལུང་
བསྟན་ན། དེ་དག་དེ་བཞིན་གཤེགས་པའི་གསུང་ལ་མ་དད་པས་ལྷག་པར་ཡང་ལས་ཤིན་ཏུ་དྲག་པོ་མངོན་པར་འདུ་བྱེད་པར་འགྱུར་ཞིང་། ཀུན་དགའ་བོ་ཁྱེད་ཀྱང་ཡིད་མི་བདེ་བ་ཆེན་པོ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གང་ཡང་ཁྱེད་ཀྱིས་ཀྱང་འདི་དག་གཞལ་བར་མི་ནུས་ཏེ། ཇི་ཙམ་དུ་སྐྱེས་
བུ་དམ་པ་མ་ཡིན་པ་སྡིག་པ་འདོད་པ་དེ་དག་དེའི་ཚེ་འབྱུང་ཞིང་། གང་ཡང་དེའི་ཚེ་སངས་རྒྱས་ཀྱི་གསུང་མི་ཚོལ་བར་འགྱུར་རོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། གདིང་བ་དང་། གཡོགས་པར་བཤམས་པའི་ཁྲི་གང་ཡིན་པ་དེ་ལ་ཕག་གི་ཕྲུག་གུ་འདུག་ཏུ་བཅུག་ན། ཇི་ག་དེ་དེ་ལ་འདུག་པར་འགྱུར་རམ།
དགའ་བ་འཐོབ་པར་འགྱུར་རམ། མངོན་པར་དགའ་བ་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་འདི་ནི་མཁས་པས་རིག་པར་བྱ་བ་ཡིན་ནོ། །གང་དག་སངས་རྒྱས་ཀྱི་བྱང་ཆུབ་དེ་ལ་འཇུག་པར་

མི་འོས་པ་དེ་དག་དེའི་ཚེ་རབ་ཏུ་བྱུང་ནས་དགེ་སྦྱོང་ཡིན་ནོ་ཞེས་ཁས་འཆེ་བར་འགྱུར་རོ། །དེ་དག་འདི་ལྟ་བུའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྐུལ་བ་ན་མི་བཟོད་པ་དང་། འདི་ལྟ་བུའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་པ་ན་རོ་མྱང་བར་མི་བྱེད་པས། ཆོས་འདུལ་བ་འདི་ལས་ཕག་གི་ཕྲུག་གུ་ཁྲི་ཆེན་པོ་
ལས་ལྷུང་བ་བཞིན་དུ་ཐལ་མོ་བརྡབས་པས་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དམན་པ་རྣམས་སེམས་རྒྱ་ཆེན་པོ་ལ་མི་འཇོག་གོ །ཀུན་དགའ་བོ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཟབ་མོ་འདི་ཡང་གདུལ་དཀའ་བ་རྣམས་དང་། དགང་དཀའ་
བ་རྣམས་དང་། གསོ་དཀའ་བ་རྣམས་དང་། ཤེས་རབ་འཆལ་པ་རྣམས་དང་། ཚུལ་ཁྲིམས་འཆལ་པ་རྣམས་དང་། ཉེས་པར་བླགས་པ་རྣམས་དང་། ཉེས་པར་སྨྲས་པ་རྣམས་དང་། ཉེས་པར་ཁོང་དུ་ཆུད་པ་རྣམས་དང་། ཉེས་པར་རྗེས་སུ་རྟོགས་པ་རྣམས་དང་། འཇིག་རྟེན་གྱི་ཟང་ཟིང་གཙོ་
བོར་བྱེད་པ་རྣམས་དང་། ཟས་དང་བགོ་བ་ལྷུར་ལེན་པ་རྣམས་དང་། ཚུལ་ཁྲིམས་རལ་བ་རྣམས་དང་། སྡོམ་པ་ཞིག་པ་རྣམས་དང་། བགོ་བ་ཞིག་པ་རྣམས་དང་། སྤྱིའུ་ཚུགས་སུ་ལྷུང་བ་རྣམས་དང་། ལམ་གོལ་བས་འཚོ་བ་རྣམས་དང་། དམན་པ་རྣམས་དང་། ལེ་ལོ་ཅན་རྣམས་དང་། བརྩོན་
འགྲུས་ཞན་པ་རྣམས་དང་། སྤྱི་བརྟོལ་ཅན་རྣམས་དང་། གཅེར་བུ་རྣམས་དང་། མུ་ཅོར་སྨྲ་བ་རྣམས་དང་། ཉེས་པར་གཟུང་བ་རྣམས་དང་། ལེགས་པར་གནས་པ་མ་ཡིན་པ་རྣམས་དང་། ཁྱིམ་པའི་ལས་ཀྱི་མཐའ་ཡོངས་སུ་མ་དག་པ་རྣམས་དང་། དགེ་སྦྱོང་གཏུམ་པོ་རྣམས་དང་། དགེ་སྦྱོང་ཁྱིམ་ན་གནས་པ་
རྣམས་དང་། དགེ་སྦྱོང་རུལ་པ་རྣམས་དང་། ལམ་གོལ་བ་ན་གནས་པ་རྣམས་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་རྣམས་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་རྣམས་དང་། བདུད་ཀྱིས་ཟིན་པ་རྣམས་དང་། སྨྲ་བ་ལ་དགའ་བ་རྣམས་དང་། འདུ་འཛི་ལ་
དགའ་བ་རྣམས་དང་། གཞན་མུ་སྟེགས་ཀྱི་སྨྲ་བ་དང་འདྲེས་པ་རྣམས་དང་། དེ་ལ་ཆེད་ཆེར་བྱེད་པ་རྣམས་དང་། འདུ་འཛི་ལ་གཙོར་བར་བྱེད་པ་རྣམས་དང་། ཚིག་ལྷུར་ལེན་པ་རྣམས་དང་། འཇིག་རྟེན་རྒྱང་པན་པ་རྣམས་དང་། བདུད་ཀྱི་རྩོད་པ་དང་ཉོན་མོངས་པས་ནོན་པ་ཐམས་ཅད་དང་། བདག་ཏུ་འདུ་ཤེས་པས་

ཕྱིན་ཅི་ལོག་པ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་ཤེས་པའམ། འཇུག་པའམ། མོས་པའམ། ཁོང་དུ་ཆུད་པར་མི་ནུས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་དམན་པ་ཡིན་ལ། སངས་རྒྱས་ཀྱི་བྱང་ཆུབ་འདི་ནི་རྒྱ་
ཆེན་པོ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་དཔེར་ན་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་པས་ལྷག་པ་བས་ཀྱང་སྐྱེས་བུ་གཏི་མུག་དེ་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ཁྲིམས་དེ་ལྟར་ཐག་རིང་ན། དགེ་སྦྱོང་གིས་འཐོབ་པར་འགྱུར་བ་ལྟ་ཅི་སྨོས། རྗེས་སུ་འཐུན་པའི་བཟོད་པ་ལྟ་ཅི་སྨོས། མྱ་ངན་ལས་འདས་པ་ལྟ་ཅི་སྨོས། ཀུན་
དགའ་བོ་ཇི་ཙམ་དུ་དགེ་སློང་ཡོན་ཏན་མ་ཡིན་པ་དང་ལྡན་པ་རྣམས་དང་། ཇི་ཙམ་དུ་ཡོན་ཏན་མེད་པ་རྣམས་དང་། ཇི་ཙམ་དུ་དམན་པ་རྣམས་དང་། ཇི་ཙམ་དུ་ཤིན་ཏུ་དམན་པ་རྣམས་དང་། ཇི་ཙམ་དུ་ལེ་ལོ་ཅན་རྣམས་དང་། ཇི་ཙམ་དུ་བརྐམ་ཆགས་པ་རྣམས་དང་། ཇི་ཙམ་དུ་ཁྲོ་བ་རྣམས་དང་། ཇི་ཙམ་དུ་མ་དད་པ་
རྣམས་དང་། ཇི་ཙམ་དུ་གནོད་སེམས་མང་བ་རྣམས་དང་། ཇི་ཙམ་དུ་འཁུ་བ་རྣམས་དང་། ཇི་ཙམ་དུ་ཉེས་པ་འཕེལ་བ་རྣམས་འབྱུང་བར་འགྱུར་བ་དེའི་ཚེ། ཇི་ཙམ་དུ་འདི་གསུངས་ཀྱང་ཁྱེད་ཀྱིས་ཤེས་པར་སླ་བ་མ་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་སྐྱེས་བུ་ཞིག་རང་གི་འབྲས་ཀྱི་ཞིང་ལ་མེ་གཏོང་བ་དང་། ཁ་ཟས་གཡོས་
ཟིན་པ་ལ་དུག་འདེབས་པ་དང་། མེ་འདེ་བར་འདོད་ནས་རང་གི་ཁྱིམ་སྲེག་པར་བྱེད་ན། ཇི་ག་དེའི་དེ་འོས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་འོས་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་སྐྱེས་བུ་དམ་པ་མ་ཡིན་པ་འདི་ཡང་ངའི་སངས་རྒྱས་ཀྱི་བྱང་ཆུབ་འདི་
ལ་བརྟེན་ཏེ་རབ་ཏུ་འབྱུང་བས་ཉེ་བར་འཚོ་བར་འགྱུར་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ནི་རྟོག་པར་མི་འགྱུར། མངོན་པར་དད་པར་མི་འགྱུར། མོས་པར་མི་འགྱུར་ཞིང་། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྐུལ་བ་ན། བདག་ཉིད་རྨ་དང་
བཅས་པར་ཤེས་ནས་སྨོད་པར་འགྱུར་ཏེ། གང་ཁོ་ནས་འཚོ་བར་བྱེད་པ་དེ་ཁོ་ནས་སྨོད་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟར་ཤེས་རབ་འཆལ་པ་རྣམས་ཀྱིས་འཛམ་བུའི་གླིང་གང་བར་འགྱུར་ན། ཀུན་དགའ་བོ་སྐྱེས་བུ་གཏི་མུག་དེ་དག་གི་སྤྱོད་ལམ་ཡོངས་སུ་བཙལ་བ་དེས་ཁྱོད་ལ་ཅི་བྱ། གསོལ་པ།

བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་ལགས། བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་ཀྱི་སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཤིག །གཞི་བརྩམས་པ་ཞེས་བྱ་བར་ཡང་ཟུང་ཤིག །འདི་ནི་ཆོས་རབ་ཏུ་རྣམ་
པར་འབྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག །ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་ཡང་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་གྱུར་ན། དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཚུལ་ཁྲིམས་
འཆལ་པས་ནི་འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་འཆང་བའམ། གཞན་ལ་བསྒྲགས་པའམ། ཐོས་ནས་ཀྱང་དད་པར་བྱ་བའི་མཐུ་མེད་ན། དགའ་བ་འཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རྒྱལ་པོའམ། རྒྱལ་པོའི་བློན་པོའམ། གྲོང་མིའམ།
ཡུལ་མི་ལ་ཆོམ་རྐུན་པས་འདི་ལྟ་བུའི་ནོར་འཕྲོག་པ་ནི་བདག་ཡིན་ནོ་ཞེས་བདག་ཉིད་སྟོན་པར་མི་བྱེད་དོ། །ཀུན་དགའ་བོ་དེ་བཞིན་དུ་དགེ་སློང་ཚུལ་ཁྲིམས་འཆལ་པ་དགེ་སྦྱོང་གི་ཀུན་ནས་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པས་ནི་མདོ་སྡེ་འདི་ལྟ་བུ་འདི་བཅང་བའམ། གཞན་ལ་བསྒྲགས་པ་
འམ། ཐོས་ནས་ཀྱང་དད་པར་བྱ་བར་མི་ནུས་ན། དགའ་བ་འཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཀུན་དགའ་བོ་ཇི་སྲིད་དུ་དགེ་སློང་ཚུལ་ཁྲིམས་འཆལ་པ་ལ་འདི་ལྟ་བུའི་མདོ་སྡེ་འདིས་སྐུལ་བར་འགྱུར་བ་དེ་སྲིད་དུ། དགེ་སློང་ཚུལ་ཁྲིམས་འཆལ་པ་རྣམས་ཡང་དག་
པར་ཚར་བཅད་པ་དང་། ངོ་ཚ་ཤེས་པ་དང་། དྲང་པོ་རྣམས་ཀྱིས་ཀུན་ཏུ་གཟུང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། ལྷ་སྟོང་ཕྲག་དགུ་བཅུ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ལ་དྲི་མ་དང་བྲལ་ཞིང་རྣམ་པར་དག་པར་གྱུར་ཏོ། །བདུད་སྡིག་ཅན་འཁོར་དང་བཅས་པ་དང་། ལྷའི་འཁོར་གྱི་
མདུན་དུ་ས་ཆེན་པོ་ཡང་རྣམ་པ་བཅུ་དྲུག་ཏུ་རྒྱ་ཆེར་གཡོས་པར་གྱུར་ཏོ། །སྨྲེ་སྔགས་ཆེན་པོ་ཡང་འདོན་པར་གྱུར་ཏེ། དགེ་སྦྱོང་གཽ་ཏ་མས་ནི་གང་ཡང་བདག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན། དགེ་སྦྱོང་གི་ཕྱོགས་ལ་གཙེ་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་ནི་

ཐག་བསིང་ངོ་། །ཚུལ་ཁྲིམས་འཆལ་པའི་ཕྱོགས་ནི་ཀུན་ཏུ་གཟུང་བར་བྱའོ། །དེ་ནས་ཚུལ་ཁྲིམས་འཆལ་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་འདི་ལ་འཛིན་པར་མི་འགྱུར་བ་དང་། ཀུན་ཏུ་བཟུང་བ་དེ་རྣམས་ཀྱི་རྗེས་སུ་སྒྲུབ་པ་མང་པོ་རྨོངས་པར་བྱ་ཞིང་། དེ་དག་གིས་མདོ་སྡེ་འདི་ཐོས་ནས་
དེ་བཞིན་གཤེགས་པའི་གསུང་འདི་ལ། རིག་པ་མེད་པས་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་སྤྲོ་བ་སྐྱེ་བར་མི་འགྱུར་བར་བྱའོ་སྙམ་དུ་དེ་ལྟ་བུའི་སེམས་བསྐྱེད་པའི་བསམ་པ་ཤེས་ནས་དགེ་སྦྱོང་གཽ་ཏ་མས་མ་འོངས་པ་དེ་ཉིད་ཉན་ཐོས་རྣམས་ལ་ཡང་དག་པར་རྟོགས་པར་བྱས་ཏེ། མ་འོངས་
པའི་སྐྱབས་བྱས་ཤིང་། མཁས་པ་རྣམས་སྤྲོ་བར་བྱས། གསལ་བར་བྱས་ནས་བསྟན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་འདི་ལ་རབ་ཏུ་བཤད་ཀྱིས་མ་འོངས་པ་ན་ཚོལ་བར་མི་འགྱུར་བ་དེ་ལྟར་འབད་པར་བྱའོ་སྙམ་ནས། དེ་ནས་བདུད་སྡིག་ཅན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དོན་འདི་ཉིད་རྒྱས་པར་བྱ་བའི་ཕྱིར། ལྷག་པར་ཡང་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་དག་ཕན་ཚུན་རྩོད་པ་ཡིས། །མྱ་ངན་འདས་པ་མཐོང་མི་འགྱུར། །ཇི་སྲིད་དགེ་སློང་ཁྱིམ་པ་ལ། །འདི་ལྟར་དེ་སྲིད་སྨྲ་བ་ན། །དེ་སྲིད་དུ་ནི་འདྲེན་པའི་ཆོས། །ཁྱད་པར་དག་ཀྱང་མེད་པར་
འགྱུར། །བདག་གི་ཡ་མཚན་ཤེས་ཀྱིས་ཤེས། །དགེ་སློང་ཁྱིམ་པར་སྨྲ་བ་ནི། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཤེས། །བདག་གིས་དང་པོའི་འབྲས་ཐོབ་ཅེས། །དགེ་སློང་ཇི་སྐད་སྨྲ་བ་བཞིན། །དེ་ཉིད་བདེན་གྱི་གཞན་ནི་མིན། །མཐོང་བའི་ཆོས་ལ་བདག་དད་དེ། །དེ་དང་བདག་ཏུ་མཉམ་མོ་ཞེས། །
དགེ་སློང་ཁྱིམ་པ་དེ་དག་ནི། །མཐོང་བའི་ཆོས་ལ་རློམ་སེམས་བྱེད། །དེ་དང་དེར་ནི་གསུང་རབ་ལ། །ཕན་ཚུན་ཡོད་དོ་མེད་དོ་ཞེས། །ཇི་ལྟར་གཞན་ཡང་སྤྱོད་འགྱུར་བ། །དམ་པའི་ཆོས་ལ་གནས་མ་ཡིན། །སངས་རྒྱས་བྱང་ཆུབ་གཞིག་པའི་ཕྱིར། །སྡིག་པའི་རང་བཞིན་སྐྱེས་པ་ཡིན། །བདག་ནི་
སྟེན་ཅིག་དེ་མ་སྟེན། །ལམ་སྟོན་པ་ནི་བདག་ཡིན་ཏེ། །ཇི་ལྟར་བདག་བཞིན་ཁྱོད་ཀྱང་ནི། །མྱུར་དུ་ཐོབ་པར་འགྱུར་རོ་ཞེས། །དེ་བཞིན་ཕན་ཚུན་སྒྲ་དག་ཀྱང་། །རྣམ་པ་ཀུན་ཏུ་སྒྲོགས་པར་འགྱུར། །ཐམས་ཅད་འཐུན་པར་གྱུར་ནས་ནི། །བསྟན་པ་འདི་ནི་འཇིག་པར་འགྱུར། །ཇི་ལྟར་ཆོམ་རྐུན་མི་བཟད་པས། །འདི་

ན་གྲོང་ཁྱེར་འཇོམས་པ་དང་། །ཡུལ་འཁོར་དང་ནི་ལྗོངས་རྣམས་དང་། །གྲོང་རྡལ་དུ་མ་ཕུང་བ་ལྟར། །དེ་བཞིན་དགེ་སློང་དེ་དག་ཀྱང་། །ཞན་ཅིང་རྨོངས་པ་ཚུལ་འཆལ་དང་། །བློ་ངན་ཤིན་ཏུ་ཤེས་རབ་འཆལ། །དེ་བཞིན་གང་ཟག་ལ་བསྟན་པ། །ང་ནི་མྱ་ངན་འདས་འོག་ཏུ། །བསྟན་པ་འདི་ལ་སྐྱོན་གསུངས་
གང་། །ཟག་བཅས་ལྷག་པའི་ང་རྒྱལ་ཅན། །དེ་དག་དགྲ་བཅོམ་ཉིད་དུ་སྨྲ། །དེ་ཡི་ཚེ་ན་འདུས་པ་ཡི། །དགེ་སློང་མང་པོ་ཚོགས་པ་ན། །དེ་ན་ཤེས་རབ་ཆེན་པོ་ནི། །གཅིག་ཀྱང་ཤིན་ཏུ་རྙེད་པར་དཀའ། །ཡང་དག་ཇི་བཞིན་གནས་པ་ཡི། །དགེ་སློང་གང་དག་དེར་བྱུང་ན། །འདི་ནི་ཅི་ཡང་མི་ཤེས་ཞེས། །
དེ་ལ་མི་སྙན་རྗོད་པར་བྱེད། །གང་ཚེ་ཆོས་རྒྱལ་བྱང་ཆུབ་ལ། །སྨོད་པར་འགྱུར་བ་དེ་ཡི་ཚེ། །ཡང་དང་ཡང་དུ་ལྷ་རྣམས་ནི། །ཡིད་མི་བདེ་བས་ཆོ་ངེས་འདེབས། །དེ་ན་ལྷ་གཞོན་གང་ཡིན་པ། །དེང་དུ་ཤཱཀྱ་སེང་གེ་འདིའི། །ཆོས་ཀྱི་དམ་པ་ཉམས་གྱུར་ཅེས། །ས་ལ་རབ་ཏུ་ལྟུང་བར་འགྱུར། །ཀྱེ་མ་སངས་
རྒྱས་ཀྱེ་མའོ་ཆོས། །ཀྱེ་མའོ་དགེ་འདུན་ལེགས་བསྟན་དང་། །སངས་རྒྱས་སྲས་པོ་དཔའ་བོ་ཞེས། །དེ་ཡི་ཚེ་ན་སྨྲ་བར་འགྱུར། །ཉི་མའི་གཉེན་གྱིས་གསུངས་པ་ཡི། །ཆོས་ཀྱང་མཉན་དུ་མེད་པ་དང་། །འཐོམས་ཤིང་རྨོངས་པར་འགྱུར་བས་ན། །འདི་ཡི་འགྲོ་བ་འགག་པར་འགྱུར། །དེ་ནས་གཞན་ཡང་
ས་ཡི་ལྷ། །སྒྲོན་མ་འདི་ནི་ཞི་གྱུར་ཅེས། །དེ་སྐད་ཀྱི་ནི་གཏམ་སྨྲ་ཞིང་། །ཆོ་ངེ་མི་བཟད་འདེབས་པར་འགྱུར། །བདག་གིས་མ་ཐོས་མ་མཐོང་བར། །བྱང་ཆུབ་འདི་ནི་ནུབ་པོ་ཞེས། །ཕྱི་ནས་ལྷ་ཡི་ཚོགས་དག་ནི། །ཡིད་ལ་གཅགས་པར་མི་འགྱུར་གྲང་། །གང་ཞིག་བསྐལ་པ་གྲངས་མེད་པར། །སྡུག་བསྔལ་
མི་ཟད་ཁྱད་བསད་ནས། །བདག་ཉིད་དོན་དམ་གཙོ་བོ་ཡི། །སངས་རྒྱས་ཉིད་དུ་གྱུར་ཅིག་ཅེས། །ཐུབ་པ་སྲོག་ཆགས་མགོན་པོ་ཡི། །ཤཱཀྱ་སེང་གེས་འདི་ལྟ་བུའི། །ལེགས་པར་བསྟན་པ་དག་གི་ཆོས། །དེ་ནི་འདི་ལྟར་ཉམས་པར་འགྱུར། །འཁྲུག་པར་བྱེད་དང་གཏུམ་པོ་དང་། །སྡིག་པ་བྱེད་དང་བདུད་ཀྱིས་ཟིན། །
བདུད་ཀྱི་ཕོ་ཉ་གས་དཀའ་དང་། །གདུལ་དཀའ་བ་དག་འབྱུང་བ་དང་། །སྒྱུ་དང་གཡོ་དང་གྱ་གྱུ་དང་། །བརྩོན་འགྲུས་ཞན་ཅིང་བློ་ཆུང་དང་། །འཁྲུགས་དང་ཁྲོ་བས་ནོན་པ་དང་། །གཏུམ་པོས་བསྟན་པ་ཕུང་བར་བྱེད། །བདག་ཉིད་ཆེན་པོས་དགོན་གནས་དང་། །གནས་གསུམ་ཞལ་གྱིས་བཞེས་མོད་ཀྱི། །

དེ་དག་བསམ་གཏན་མི་སྒོམ་ན། །འཐོབ་པ་འབྱུང་བར་ག་ལ་འགྱུར། །ཐོབ་པ་མེད་པར་ཐོབ་སྨྲ་ཞིང་། །འཆི་བ་མྱ་ངན་འདས་སྨྲས་ནས། །དད་པས་མཆོད་རྟེན་བྱེད་བཅུག་པ། །དེ་དག་ངན་འགྲོར་འགྲོ་བར་འགྱུར། །འདི་འདྲའི་རྨོངས་པས་རྒས་པ་དག །ཕན་ཚུན་གུས་པ་མེད་པ་ཡིས། །
བསྐལ་པ་བྱེ་བར་རྙེད་དཀའ་བའི། །བྱང་ཆུབ་ཉམས་པར་བྱེད་པར་འགྱུར། །དེ་ནས་གཞན་ཡང་ས་ཡི་ལྷ། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །དམ་ཆོས་འཁྲུག་པར་གྱུར་ཏོ་ཞེས། །འཇིགས་སུ་རུང་བའི་སྨྲེ་སྔགས་འདོན། །ས་ལྷ་ཆོ་ངེས་འདེབས་ཐོས་ནས། །གོང་མའི་ལྷ་རྣམས་སྐྱོ་བར་འགྱུར། །རྒྱལ་པོ་
ཆེན་པོ་བཞི་པོ་ཡང་། །དེ་ཡི་ཚེ་ན་འོང་བར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གནོད་སྦྱིན་ཚོགས་དག་ལྷགས་ནས་ནི། །ཀུན་ཏུ་སྨྲེ་ཞིང་ངུ་གདོང་གིས། །འཇིགས་སུ་རུང་བ་སྨྲ་བར་འགྱུར། །རིན་ཆེན་སྣ་ཚོགས་ཀུན་མཛེས་པས། །གྲོང་ཁྱེར་ཤིན་ཏུ་བརྒྱན་པ་དག །དེ་ཚེ་ཕྱག་དར་ཁྲོད་ལྟ་
བུར། །ཐམས་ཅད་ཁ་དོག་ཉམས་པར་འགྱུར། །གྲོང་ཁྱེར་གཙོ་བོ་དེ་དག་ན། །དེ་རྣམས་དགའ་བ་མི་རྙེད་ཅིང་། །སྙིང་རྗེའི་ང་རོ་སྨྲེ་སྔགས་ཀྱིས། །དེ་དང་དེར་ནི་ཀུན་ཏུ་འདོང་། །དེ་ཚེ་དེ་དག་བརྡ་སྤྲོད་པ། །ཕན་ཚུན་ནུས་པ་མེད་ནས་ནི། །ང་ནི་གང་དུ་གཏམ་གྱུར་པ། །དེར་ནི་ལྷ་རྣམས་འདོང་བར་འགྱུར། །
མཐོང་ནས་ཀྱང་ནི་ལྟུང་བ་དང་། །ཤིན་ཏུ་འཇིགས་པ་འབྱུང་བར་འགྱུར། །འཛམ་བུའི་གླིང་དུ་ཕྱིན་པ་དག །འཇིགས་པ་ཆེན་པོ་འདི་མཐོང་འགྱུར། །རྣམ་པར་ཉམས་པས་རྒྱལ་སྲས་རྣམས། །བདག་ཉིད་སོ་སོར་གདུང་བར་བྱེད། །ཞག་བདུན་དུ་ནི་གྲོང་ཁྱེར་དང་། །གྲོང་རྡལ་མྱ་ངན་གདུངས་པར་
འགྱུར། །ཞག་བདུན་དུ་ནི་ལྷ་རྣམས་ཀྱང་། །ཀྱེ་མ་སངས་རྒྱས་ཀྱེ་དཔའ་བོ། །མངོན་སུམ་དུ་ནི་མཐོང་ངོ་ཞེས། །ཡང་དང་ཡང་དུ་ཆོ་ངེས་འདེབས། །མྱ་ངན་འདས་གཞན་གང་ཡིན་པ། །དེ་དག་རྣམས་ཀྱང་མཐོང་མི་འགྱུར། །མཉན་ཡོད་བཞུགས་པར་གང་དག་ཀྱང་། །བསྙེན་བཀུར་ཆེད་དུ་
ལྷགས་པ་དག །གང་དུ་དེ་བཞིན་གཤེགས་པ་ཡིས། །བདག་ཅག་རྣམས་ལ་མངོན་སུམ་དུ། །བདེན་པ་བཞི་དག་གསུངས་པ་ཡི། །དེ་ཚེ་སྟོན་པའི་གདན་འདི་ཡིན། །དེ་དག་ས་གནས་དེ་ལ་ནི། །ཡང་དང་ཡང་དུ་ཆོ་ངེས་འདེབས། །གཞན་དག་ཀྱང་ནི་བལྟས་པ་ན། །ཕན་ཚུན་གུས་

པ་མེད་པ་དང་། །སྡིག་པའི་ལས་ནི་འདིར་སྤྱད་པས། །མི་དགེའི་འགྲོ་བར་འགྲོ་བར་འགྱུར། །ཀྱེ་མ་ལྷ་ཡི་གཞལ་མེད་ཁང་། །མཐོ་རིས་དག་ཀྱང་སྟོད་པར་རྒྱུ། །འཛམ་བུའི་གླིང་ན་གང་གནས་པ། །ཐམས་ཅད་མགོན་ནི་མེད་པར་འགྱུར། །འཆག་ས་ཡི་ནི་གནས་འདི་ཡང་། །ཐམས་
ཅད་འཁྲུགས་ཤིང་སྟོངས་པར་འགྱུར། །དེ་ཡི་ཚེ་ན་འཛམ་གླིང་ཡང་། །ཉམས་དགར་འགྱུར་བ་མ་ཡིན་ནོ། །ལྗོན་ཤིང་དྲུང་ནི་འདི་དག་དང་། །རི་བོ་དང་ནི་དེ་བཞིན་ཕུག །འཇིག་རྟེན་རྒྱུ་དང་མི་རྒྱུ་ཀུན། །འཇིགས་པའི་སྒྲ་ནི་འབྱིན་པར་འགྱུར། །དེ་ནས་སུམ་ཅུ་རྩ་གསུམ་ལྷ། །ལག་པ་བསྒྲེངས་
ནས་མྱ་ངན་བྱེད། །སོ་སོའི་གཞལ་མེད་ཁང་རྣམས་ན། །ཇི་ལྟར་ཕན་ཚུན་ཆོ་ངེས་འདེབས། །ང་ཡི་གྲགས་པ་ལྷ་དག་གི །གནས་སུ་ལྷག་པར་གྲགས་པ་དག །རྒྱལ་བའི་དབང་པོ་གང་ཞིག་གི། །ཆོས་སྟོན་པ་དང་བདག་ཏུ་བྲལ། །ལྷ་རྣམས་བདུད་རྩི་མི་ཟ་ཞིང་། །དབྱངས་ཀྱི་སྒྲ་ཡང་མི་འབྱིན་
ལ། །སུམ་ཅུ་རྣམས་སུ་ཟླ་དྲུག་ཏུ། །རྩེད་མོ་དགའ་བ་མེད་པར་འགྱུར། །ལྷ་རྣམས་སྐྱབས་ནི་མེད་དོ་ཞེས། །ལྷ་མིན་ཐོས་ནས་འཇིགས་མེད་པས། །སུམ་ཅུ་རྩ་གསུམ་འདི་དག་དང་། །གཡུལ་ནི་ལྷན་ཅིག་འགྱེད་པར་འགྱུར། །འཛམ་བུའི་གླིང་གི་རྒྱལ་པོ་དག །ཀུན་ཏུ་མཆོད་རྟེན་འཇིག་
པ་ན། །དེ་ཚེ་ལྷ་དང་ལྷ་མ་ཡིན། །གཡུལ་འགྱེད་པ་དག་འབྱུང་བར་འགྱུར། །དེ་ན་དགེ་སློང་ཕལ་ཆེར་ཡང་། །དེ་ཡི་རྒྱུས་ན་ངན་འགྲོར་འདོང་། །དགེ་སློང་མ་ཡང་ཕལ་ཆེར་ནི། །དེ་ཡི་ཚེ་ན་ངན་འགྲོར་འདོང་། །ཁྱིམ་པ་ངང་ཚུལ་ངན་པ་དང་། །བུད་མེད་སྡིག་ཅན་གང་ཡིན་དང་། །ལེགས་
སོ་སྒྲ་འབྱིན་དེ་དག་ཀྱང་། །འདིར་ནི་ངན་འགྲོར་འདོང་བར་འགྱུར། །འཇིག་རྟེན་གཡོ་དང་མི་གཡོ་དང་། །གྲོང་རྡལ་གཞན་དུ་རྒྱུག་པ་དང་། །དེ་བཞིན་རི་དྲུང་རྒྱུག་པ་དག །དེ་ཡི་ཚེ་ན་འབྱུང་བར་འགྱུར། །རྣམ་པར་རྒྱུག་པའི་སེམས་ཅན་རྣམས། །ཚེ་ཡང་ཐུང་བར་འགྱུར་བ་ཡིན། །དེ་ཚེ་ཆོམ་
རྐུན་ཤིན་ཏུ་མང་། །དགོན་པ་དག་ཀྱང་འཇིགས་པ་ཆེ། །ལོ་ཐོག་སྐྲུན་པར་བྱེད་པ་དང་། །ཟ་བ་ལ་སོགས་གནོད་པ་འབྱུང་། །མུ་གེའི་བསྐལ་པ་འབྱུང་བ་དེར། །གང་ཞིག་འཆི་བའི་དུས་བྱས་ནས། །སྡུག་བསྔལ་ཆེན་པོ་འབྱུང་བ་ཡི། །ཕྱིར་ཡང་འགྲོ་བ་ཐོབ་པར་འགྱུར། །མཆོད་རྟེན་ཕྱོགས་བཞིའི་དགེ་

འདུན་ལ། །བསྔོས་པར་གྱུར་པ་གང་ཡིན་པ། །དེ་ཚེ་དེ་ལ་དགེ་སློང་དག །ཕན་ཚུན་ནས་ནི་སྤྱོད་པར་བྱེད། །དེ་ལྟར་ང་ནི་འདས་འོག་ཏུ། །དགེ་འདུན་སྣ་ཚོགས་འབྱུང་བར་འགྱུར། །ཁྱེད་དེར་འབྱུང་བར་མི་འགྱུར་བར། །བརྩམ་པ་དག་ནི་མྱུར་དུ་གྱིས། །བྱིས་པ་ཀུན་ལ་ཤེས་པ་མེད། །བྱིས་
པ་ཀུན་ལ་མཁས་པ་མེད། །བྱིས་པ་དེ་དག་ལས་བྱས་ནས། །མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། །འདོན་དང་འཆད་ལ་བརྩོན་པ་ཡིས། །ཤེས་རབ་ཐོབ་པར་གྱུར་པ་དང་། །ཤེས་རབ་ཀྱིས་ནི་སེམས་ཅན་སྐྱོབ། །མྱུར་དུ་བཟང་འགྲོར་འགྲོ་བར་འགྱུར། །འདི་ལྟར་འཇིག་རྟེན་ཤེས་རབ་གང་། །ཇི་བཞིན་རྟག་ཏུ་དེ་སློབས་
ཤིག །ཆགས་པ་ཐམས་ཅད་བཀག་ནས་ནི། །མྱུར་དུ་བཟང་འགྲོར་འགྲོ་བར་གྱིས། །ང་ནི་རེ་ཞིག་གསུང་སྤྱོད་ཀྱིས། །འཕགས་ལམ་དགེ་བ་བརྒྱད་ཡན་ལག །དགེ་བའི་བརྩོན་འགྲུས་བརྩམ་པར་གྱིས། །མྱུར་དུ་བསམ་གཏན་ཚུལ་བཞིན་གྱིས། །བསྐལ་པ་འདི་ནི་འདས་པ་དང་། །
བསྐལ་པ་དྲུག་ཅུ་ཚང་བར་ཡང་། །སངས་རྒྱས་སྒྲ་ནི་མི་འབྱུང་ན། །འཐོབ་པར་འགྱུར་བ་ག་ལ་ཞིག །ཕན་ཚུན་དག་ནས་འདུས་ན་ཡང་། །བཀྲེས་པས་ཡོངས་སུ་གདུངས་པ་ཡིས། །མ་ཡི་ཤ་དང་བུ་ཡི་ཤ། །ཕན་ཚུན་དག་ཏུ་ཟ་བར་འགྱུར། །དེ་ན་བཤེས་པའི་སྦྱིན་པ་པོ། །ནམ་ཡང་ཁྱིམ་
དུ་འོང་མི་འགྱུར། །དེ་ལྟར་དེ་ཡི་ཁྱིམ་དེར་ནི། །འཇིགས་པ་མི་བཟད་འབྱུང་བར་འགྱུར། །དེ་སྐད་ཐོས་ཤིང་མཐོང་བ་ན། །འཁོར་བ་གནོད་པ་ཅན་འདི་དང་། །བུད་མེད་ལྟ་བུའི་འདོད་རྩ་དང་། །སྲེད་པ་འདི་ནི་སུ་ཞིག་སྐྱེད། །སྡུག་བསྔལ་རྩ་བ་མི་བཟད་འདིར། །དུག་མེད་རྩ་བ་ཡིན་པར་
དགོངས། །སྡུག་བསྔལ་རྩ་བ་ཉེར་ལེན་ཏེ། །དེ་བས་སྡུག་བསྔལ་ཡོངས་སུ་སྤང་། །གང་ཞིག་སྐྱེས་པར་གྱུར་པས་ན། །རྣམ་སྨིན་འབྲས་བུ་ལྷན་ཅིག་ཏུ། །གང་དག་མཚུངས་པར་མི་ཕྲད་པ། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཟག་མེད་ཆོས་ནི་གང་ཡིན་དང་། སྟོང་
པ་དང་ནི་གསོབ་དང་གསོབ། །སྙིང་པོ་མེད་པར་རྣམ་ཤེས་པར། །དེ་དག་མྱུར་དུ་རྟོགས་པར་གྱིས། །སེམས་མེད་སེམས་ཡོད་འདུ་ཤེས་དང་། །འཇིགས་པ་ཆེན་པོ་འབྱུང་འགྱུར་བས། །དེ་ལ་དེ་དག་ཅི་བྱར་ཡོད། །དེ་དག་དེ་ན་དཔྱོད་པ་དང་། །གཅིག་པུ་གནས་ཤིང་སེམས་

པ་ཡིས། །གང་དུ་ཇི་ལྟར་འགྱུར་ཞིག་ཅེས། །མི་བཟད་ཆོ་ངེས་འདེབས་པར་འགྱུར། །ཕུང་པོ་མེད་ལ་ཕུང་བློ་དང་། །བདག་མེད་བདག་གི་འདུ་ཤེས་ཀྱིས། །དེ་དག་རང་གི་མཚན་ཐོས་ནས། །སྡུག་བསྔལ་གྱིས་ནི་སྐྲག་པར་འགྱུར། །ཇི་ལྟར་སངས་རྒྱས་བསྟན་པ་ཡི། །ཕུང་པོའི་དོན་ནི་མ་
ཤེས་པས། །མཐར་ཕྱིན་རྟོགས་པར་འགྱུར་སྙམ་པའི། །འཇིག་དང་བཅས་ལ་བདེ་བར་ལྟ། །འདས་པའི་ཕུང་པོ་གང་ཡིན་དང་། །མ་འོངས་པ་དང་ད་ལྟར་བྱུང་། །དེ་བཞིན་དུས་གསུམ་གང་ཡིན་པ། །ངས་ནི་འདིར་མཚུངས་སྟོང་པར་བསྟན། །འདས་པའི་སངས་རྒྱས་གང་ཡིན་པ། །རྒྱལ་
བ་ཐམས་ཅད་བྱུང་བ་ཡང་། །དེ་དག་མཚན་ཉིད་སྟོང་པ་ཡི། །ཆོས་རྣམས་ཐམས་ཅད་སྟོན་པར་མཛད། །མ་འོངས་པ་ཡི་སྟོན་པ་གང་། །དེ་བཞིན་གཤེགས་པ་འབྱུང་དེ་དག །རང་གི་མཚན་ཉིད་སྟོང་པ་ཡི། །འདྲེན་པའི་ཆོས་ནི་སྟོན་པར་མཛད། །ད་ལྟར་ཁྱོད་སྟོན་ང་དང་ནི། །སྟོན་པ་གང་དག་
རྣམས་བཞུགས་ཀུན། །རང་གི་མཚན་ཉིད་སྟོང་པ་ཡི། །ཆོས་ནི་རྣམ་པར་འཆད་པར་མཛད། །ཇི་ལྟར་སངས་རྒྱས་ཀྱིས་བཤད་པའི། །ཕུང་པོ་འདི་དག་མ་ཤེས་པས། །འདི་ལྟར་བདག་དང་སེམས་ཅན་ཞེས། །འཛིན་པ་བཟང་འགྲོར་མི་འགྲོ་འོ། །རིམས་དྲག་འཇིགས་སུ་རུང་བ་དང་། །
འདི་འདྲ་མི་བཟད་འབྱུང་འགྱུར་བ། །དེར་ཁྱོད་འབྱུང་བར་མི་འགྱུར་བར། །མྱུར་དུ་བརྩོན་འགྲུས་བསྐྱེད་པར་གྱིས། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་
པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མདོ་སྡེ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་དང་། རྣམ་པར་འཐག་པ་ཐེག་པ་ཆེན་པོའི་མདོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་སྡེ་སྣོད་ཅེས་བྱ་བ་དང་། ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་
རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་པྲ་བྷ་དང་། ལོ་ཙཱ་བ་དགེ་སློང་དཔལ་གྱི་ལྷུན་པོས། ཕོ་བྲང་ལྷན་དཀར་དུ་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།། །།

རྒྱ་གར་སྐད་དུ། ཨཱརྱ་རཱ་ཛ་ཨ་བ་བཱ་ད་ཀ་ན་མ་མ་ཧ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་
དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་
འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་རོལ་མོའི་སིལ་སྙན་ལེན་པ་མང་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་
མཉན་དུ་ཡོད་པ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ནས་དེ་བཞོན་དུ་རུང་བའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པ་ལ་ཞོན་ཏེ། བཞོན་པ་ལས་བབས་ནས་རྐང་གིས་ཀུན་དགའ་ར་བར་སོང་བ་དང་། ཡུལ་ཀོ་ས་ལའི་རྒྱལ་
པོ་གསལ་རྒྱལ་གྱིས་ཤིང་ཞིག་གི་དྲུང་ན་བཅོམ་ལྡན་འདས་མཛེས་པ། བལྟ་ན་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་། ཞི་གནས་མཆོག་བརྙེས་པ། དུལ་བ་དང་ཞི་བའི་མཆོག་དང་ལྡན་པ། བསྲུངས་པ། དབང་པོ་དུལ་བ། སྐྱེས་བུ་གླང་པོ། སྐྱེས་
བུ་སེང་གེ །སྐྱེས་བུ་ཁྱུ་མཆོག །སྐྱེས་བུ་ཅང་མཁྱེན་པ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མི་མངའ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་མཛེས་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་
འཕགས་པ་དཔལ་གྱིས་འབར་ཞིང་བཞུགས་པར་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་ཆེས་ཡིད་དགའ་ཞིང་སེམས་མངོན་པར་དད་ནས་དེས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་ལ་དབང་བའི་མཐུ་ཐོབ་པའི་རྒྱལ་པོའི་མཚན་མ་ལྔ་གང་དག་ཡིན་པ་

འདི་ལྟ་སྟེ། ཟེའུ་ཀ་དང་། གདུགས་དང་། རལ་གྲི་དང་། བསིལ་ཡབ་ནོར་བུའི་ཡུ་བ་ཅན་དང་། ལྷམ་རི་མོ་ཅན་དེ་དག་བོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་
ནས་བཅོམ་ལྡན་འདས་ཀྱིས་གནང་སྟེ། ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ནས་བདག་གི་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་བ་དེ་ལྟར་བཅོམ་
ལྡན་འདས་ཀྱིས་བདག་ལ་གདམས་སུ་གསོལ། དེ་ལྟར་བདེ་བར་གཤེགས་པས་བདག་ལ་རྗེས་སུ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་དེ་བཞིན་གཤེགས་
པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཆོས་ཀྱིས་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་འཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་འཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་
པོའམ། རྒྱལ་པོའི་བློན་པོ་གང་ལ་ལ་ཞིག་ཆོས་སྤངས་ནས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་ན་དེ་ཚེ་འདི་ཉིད་ལ་ཡ་རབས་ཀྱིས་སྨད་པར་བྱ་བ་ཡིན་ནོ། །ཕྱིས་ཀྱང་འགྱོད་པར་འགྱུར་རོ། །ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་
རོ། །རྒྱལ་པོ་ཆེན་པོ་རྒྱལ་པོའམ། རྒྱལ་པོའི་བློན་པོ་གང་ལ་ལ་ཞིག་ཆོས་མ་ཡིན་པ་སྤངས་ཏེ། ཆོས་ཀྱིས་རྒྱལ་སྲིད་བྱེད་ཀྱིས། ཆོས་མ་ཡིན་པས་ནི་མི་བྱེད་ན། དེ་ཚེ་འདི་ཉིད་ལ་ཡ་རབས་ཀྱིས་བསྔགས་པར་བྱ་བ་ཡིན་ནོ། །ཕྱིས་འགྱོད་པར་ཡང་མི་འགྱུར་རོ། །ལུས་
ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཕ་མ་ནི་བུ་ལ་སྙིང་བརྩེ་བས་རྟག་ཏུ་བདེ་ཞིང་འཚེ་བ་མེད་པར་འདོད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྒྱལ་པོས་ཀྱང་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་

དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་དག་རྟག་ཏུ་བསྡུ་བ་རྣམ་བཞིས་བསྡུ་བར་བྱའོ། །བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པའོ། །དེ་ལྟར་
བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་སྡུད་པའི་རྒྱལ་པོ་དེས་དོན་གཉིས་བསྡུས་ཤིང་འདུ་བར་འགྱུར་རོ། །གཉིས་གང་ཞེ་ན། ཚེ་འདིའི་དང་། ཚེ་ཕྱི་མའིའོ། །རྒྱལ་པོ་ཆེན་པོ་དེ་ལ་རྒྱལ་པོ་ནི་ཕ་
མ་དང་མཚུངས་སོ། །བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་ནི་རྒྱལ་པོའི་བུ་དང་། བུ་མོ་དང་མཚུངས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་སྐྱེས་པའམ། བུད་མེད་གཅིག་གཉིད་
ཀྱིས་ལོག་པའི་རྨི་ལམ་ན་ཀུན་དགའ་ར་བ་ཉམས་དགའ་བ་དང་། རི་ཉམས་དགའ་བ་དང་། ནགས་ཚལ་ཉམས་དགའ་བ་དང་། ཆུ་ཀླུང་ཉམས་དགའ་བ་དང་། རྫིང་བུ་ཉམས་དགའ་བ་དང་། ཡུལ་ཉམས་དགའ་བ་དང་། ཁང་བཟངས་ཉམས་དགའ་བ་དག་མཐོང་བ་ལས་དེ་སད་ན་ཅི་ཡང་
མི་མཐོང་ངོ་། །རྒྱལ་པོ་ཆེན་པོ་དེ་བཞིན་དུ། རྒྱལ་སྲིད་དང་། སྲོག་དང་། རྒྱལ་སྲིད་ཀྱི་བདེ་བ་དང་། རྒྱལ་པོའི་དབང་ཕྱུག་གི་བདེ་བ་དང་། འདོད་པའི་བདེ་བ་དང་། འདོད་པའི་ལོངས་སྤྱོད་ཀྱི་བདེ་བ་གང་ཡིན་པ་དག་ཀྱང་རྨི་ལམ་དང་འདྲའོ། །འདི་ལྟ་སྟེ། གླང་པོ་
ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བུད་མེད་དང་། ཁང་ཁྱིམ་དང་། ཆུང་མ་དམ་པ་དང་། གཞོན་ནུ་དང་། བློན་པོ་དང་། རྩིས་པ་དང་། བློན་པོ་ཆེན་པོ་དང་། སྒོ་བ་དང་། འཁོར་དང་། ཕ་དང་། མ་དང་། སྤུན་དང་། སྲིང་མོ་དང་། ཆུང་མ་དང་། བུ་དང་།
བུ་མོ་དང་། ན་ཚོད་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། རིན་པོ་ཆེ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་

དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། གོས་དང་། རྒྱན་དང་། ནོར་དང་། འབྲུ་དང་། བང་བ་དང་། མཛོད་ལ་སོགས་པ་དེ་དག་ཐམས་ཅད་བོར་ནས་འགྲོ་དགོས་སོ། །དེ་དག་ཐམས་ཅད་ཀྱང་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། འགྱུར་བའི་ཆོས་ཅན། ཡུན་ཐུང་
བ། མི་གནས་པ། གཡོ་བ། འགུལ་བ། འཇིག་པ། སྐད་ཅིག་པ། མཐར་སྡིག་པ། ཟད་པ་དང་། དེངས་པའི་སྒོ། མཐར་འཇིག་པའི་ཆོས་ཅན། མཐར་འགྱ