Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 063_མདོ་སྡེ།_ཛ
Văn bản gốc(Tây Tạng)
Trang 19 / 19 (50.000 ký tự/trang)
བདག་གི་འཁོར་གང་དག་ཀླུ་དང་། ཀླུ་མོ་དང་། ཀླུ་རྒན་ པོ་དང་། ཀླུ་རྒན་མོ་དང་། ཀླུའི་བུ་ཕོ་དང་། ཀླུའི་བུ་མོ་དང་། ཀླུའི་འཁོར་ཕོ་དང་། ཀླུའི་འཁོར་མོ་རྣམས་དུས་མ་ལགས་པར་རྫི་ཆར་དང་། སེར་དྲག་དང་། ཆར་མོ་ཆེ་དང་། ཐན་ཆེན་དག་གཏོང་བར་བགྱིད་དམ། ལྷགས་མོ་ཆེ་དང་། ཤིན་ཏུ་ཚ་བ་དང་། ཉི་མས་གདུངས་ པ་དག་འབྱུང་བར་བགྱིད་དམ། སེམས་ཅན་རྣམས་ཀྱི་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་གྱི་རོ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་ཆབ་འཚལ་བར་བགྱིད་ན་ཀླུ་དེ་དག་གིས་བདག་བསླུས་པས་དེའི་ལུས་ཐམས་ཅད་འཁུམས་པར་གྱུར་ཅིག ། དེ་དག་རྫུ་འཕྲུལ་དང་བྲལ་ནས་འགྲོ་མི་ནུས་པར་གྱུར་ཅིག །རིམས་ནད་ཀྱིས་གདུངས་པར་གྱུར་ཅིག །ལོངས་སྤྱོད་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྤོབས་པ་མེད་པར་གྱུར་ཅིག །དོན་བྱེད་མི་ནུས་པར་གྱུར་ཅིག་ཅེས་མནས་བསྒག་པར་བགྱིའོ། །ཏདྱ་ཐཱ། ནཱ་ག་ཛན་དུ་ ཤེ། ནཱ་ག་མེ་ནེ། ནཱ་ག་དྷ་ར་གཱུ་གྷྲ་གཱུ་གྷྲ། ཛ་ལ་གཱུ་གྷྲ། ཨ་བི་མཱ་ར་གེ། ས་ཧ་སྲ་མུ་ཁེ། ཀ་ལ་ཏི་མ་པུ་སེ། ནཱ་ག་སྟམ་བྷ་རི། ཛ་ཡ་བ་ཕ་ལེ། བི་མུ་ཤ་ཀྲཻ་སྭཱ་ཧཱ། ཐམས་ཅད་དང་ལྡན་པའི་འཁོར་གྱིས་དེ་ཉིད་དུ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ཉིད་ཀྱི་ཚེ་ཐམས་ཅད་དང་ལྡན་པའི་ ཀླུའི་འཁོར་རྣམས་ཤུགས་དྲག་པོར་འཁྲུགས་ཤིང་དངངས་པར་གྱུར་ཏོ། །དེའི་ཚེ་ཀླུའི་རྒྱལ་པོ་དགའ་བོ་དང་། བསྙེན་དགའ་བོ་གཉིས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་ དང་། མ་འོངས་པའི་དུས་སུ་རྒྱལ་རིགས་གདོལ་པ་དེ་དག་གཞན་ལ་སྦྱིན་པར་མ་དད་ཅིང་བདག་ཉིད་ལོངས་སྤྱོད་པར་འཚལ་ལ། འཇུངས་པ་ལོངས་སྤྱོད་ལ་སེམས་ཀུན་དུ་འཛིན་ཅིང་ལག་མི་རྐྱོང་བས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་དང་། འགྲོན་པོ་ སློང་བ་རྣམས་ཀུན་ནས་ཚིམ་པར་མི་བགྱིད་ལགས་སོ། །ཕོ་བྲང་འཁོར་དང་། ལྗོངས་ཀྱི་མི་དང་། འཁོར་རྣམས་ཡང་དག་པའི་བདེ་བས་ཚིམ་པར་མི་བགྱིད་ལགས་སོ། །རྒྱལ་རིགས་གདོལ་པ་དེ་དག་ལ་ཡུལ་ཕྱོགས་སྲུང་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དགས་མཐུ་བོ་ཆེ་དེ་དག་ཐམས་ཅད་ཀྱང་ཁྲོས་པར་གྱུར་ཏེ། དེ་དག་གི་ཡུལ་འཁོར་དུ་ཐབ་མོ་དང་། རྩོད་པ་དང་། མུ་གེ་དང་། ནད་དང་། ཕ་རོལ་གྱི་དམག་ཚོགས་དག་ཀུན་དུ་འབྱུང་བར་བགྱིད་ལགས་སོ། །འབྲུ་དང་སྨན་གྱི་ བར་གྱི་རོ་རྣམས་མ་རུང་བར་བགྱིད་ཀྱང་དེ་ན་ཀླུ་དང་། ཀླུ་ཆེན་པོ་རྣམས་ལ་སྐྱོན་ནི་མ་མཆིས་ལགས་ཏེ། དེ་ན་ཀླུ་རྣམས་རྒྱུ་དེས་ན་གྲགས་པ་མ་ལགས་པས་ནི་གོས་པར་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དཔེར་བགྱི་ན་ཕྱི་ས་ཁུང་གི་དྲི་མི་བདའ་བ་བསེར་ མས་འཚལ་ན་དྲི་མི་བདའ་བར་འགྱུར་བ་དེ་བཞིན་དུ། བཙུན་པ་བཅོམ་ལྡན་འདས་རྒྱལ་རིགས་གདོལ་པ་རྣམས་ཀྱིས་ཀྱང་ཡུལ་ཕྱོགས་ཐམས་ཅད་སྲུང་བ་དག་ཁྲོས་པར་གྱུར་ཏེ། ཡུལ་འཁོར་དེ་མ་རུང་བར་བགྱིད་ལགས་སོ། །ཀླུ་རྣམས་ཀྱང་གྲགས་པ་མ་ལགས་པས་ གོས་པར་འགྱུར་ལགས་སོ།། །།བམ་པོ་གསུམ་པ་སྟེ་ཐ་མ། ཡང་ན་ཀླུ་ཐམས་ཅད་བདག་གི་བསླབ་པ་ལས་མི་འདའ་བར་བདག་གིས་ལུང་དབོག་པར་བགྱི་སྟེ། ཡུལ་འཁོར་གང་དང་གང་དག་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རི་བྲགས་ཀྱི་གནས་ཡུལ་འཁོར་དེ་ན་ད་ལྟར་དང་མ་འོངས་པའི་དུས་སུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཚུལ་ཁྲིམས་དང་ལྡན་ཞིང་ཐོས་པ་མང་པོ་སྦྱིན་གནས་དེ་ལྟ་བུ་དག་གནས་ཤིང་མཆིས་པ་དེར་བདག་གི་འཁོར་གང་དག་ཀླུ་དང་། ཀླུ་མོ་དང་། ཀླུ་རྒན་ཕོ་དང་། ཀླུ་ རྒན་མོ་དང་། ཀླུའི་བུ་ཕོ་དང་། ཀླུའི་བུ་མོ་དང་། ཀླུའི་འཁོར་ཕོ་དང་། ཀླུའི་འཁོར་མོ་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དག་དུས་མ་ལགས་པར་ར་རྫི་ཆར་དང་། སེར་དྲག་དང་། ཆར་མོ་ཆེ་དང་། ཐན་ཆེན་དག་གཏོང་བར་ བགྱིད་དམ། ལྷགས་མོ་ཆེ་དང་། ཤིན་ཏུ་ཚ་བ་དང་། ཉི་མས་གདུངས་པ་དག་འབྱུང་བར་བགྱིད་དམ། སེམས་ཅན་རྣམས་ཀྱི་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་དང་། རོ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་ཆབ་འཚལ་བར་བགྱིད་ ན་ཀླུ་དེ་དག་གིས་བདག་བསླུས་པས་དེའི་ལུས་ཐམས་ཅད་འཁུམས་པར་གྱུར་ཅིག །དེ་དག་རྫུ་འཕྲུལ་དང་བྲལ་ནས་འགྲོ་མི་ནུས་པར་གྱུར་ཅིག །རིམས་ནད་ཀྱིས་གདུངས་པར་གྱུར་ཅིག །ལོངས་སྤྱོད་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྤོབས་པ་མེད་པར་གྱུར་ཅིག ། དོན་བྱེད་མི་ནུས་པར་གྱུར་ཅིག་ཅེས་མནས་བསྒག་པར་བགྱིའོ། །ཏདྱ་ཐཱ། ཀརྣ་གཱུ་མེ། ཀུམ་བྷ་རཀྵེ། བར་མ་གུ་ཎེ། ཨཱ་ཀ་ལ་ཀྵེ། བཻ་ཤ་ནེ། བི་མཱརྒ་ཀྵེ། ཀུ་ན་བི་ར་གེ། ཨ་ཏ་ས་ལེ། ན་ཡན་ཏུ་མ་བྷེ། ཀཱ་ལ་ཀུ་ཤེ། ནང་གུ་པྲ་བྷེ། གན་དྷར་པ་སེ་སྭཱ་ཧཱ། དེ་ ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ། །ཞེས་བགྱི་བ་སྩལ་ལགས་སོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཞེས་བྱ་བ་ནས་སྔར་ཇི་སྐད་གསུངས་པའི་བར་དུའོ། །ཏདྱ་ཐཱ། ན་བ་བྷི་ཤེ། ན་བ་ན་མ་བྷི་ཤེ། ཨཱ་ནོ་ཀྵེ། ན་བ་ཀུཉྫ་བྷི་ཀྵེ། ཁ་ག་བཻ་ཁ། ས་ར་ཏྲོ་ན་ནྱ། པཱ་པཱ་ཡ་སི་ལེ། ན་རཱ་ཡ་ཎ་གུ་ཎེ། བི་ན་སྟེ་ལེ། ད་ཤ་ཀྲ་མཻ། ཨ་ཀྵུ་དྷཱ་ཉེ་སེ། ཨཱ་ནི་ས་བེ་སྭཱ་ཧཱ། ཀླུའི་རྒྱལ་པོ་ཆུ་ལྷ་ཞེས་བྱ་བ་ནས་སྔར་ཇི་སྐད་གསུངས་པའི་བར་དུའོ། །ཏདྱ་ཐཱ། ཧི་མ་བེ་མེ། པ་ལི་ཀྵི་ཎ་གུ་ཎེ། རུ་ཎ་བིན་དུ་ཏྲི་ཎཻ། ཙ་རཀྵ་དྷ་རེ། མེ་གྷ་སང་ཀྲ་མེ། བྱ་པུ་ཊུ་ཀེ་ཤེ། དྲུ་མོ་དེ། མཱ་ཡེ་ཏ་ན་ཀུ་སེ། ཙ་ར་མ་ཧི་ཀེ །ཙ་ལང་གེ། ནཱ་ནཱ་དཏྟེ། ཀ་ཊུ་ཀ་ཏཱུ་ལེ་སྭཱ་ཧཱ། སྔར་ཇི་སྐད་གསུངས་པའི་བར་དུའོ། །དེའི་ཚེ་ཀླུའི་རྒྱལ་པོ་ཡིད་བཟངས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ལ་རྟེན་པའི་ཀླུ་དང་། ཀླུ་ཆེན་པོ་དེ་དག་ནི་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དག་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་མ་འོངས་ པའི་དུས་སུ་རྒྱལ་རིགས་གདོལ་པ་དེ་དག་གིས་རྒྱལ་རིགས་ཀྱི་ཆོས་སྤངས་ནས་དམངས་རིགས་ཀྱི་ཆོས་རྣམས་སྤྱོད་པར་བགྱིད་དེ། སེམས་ཅན་དམྱལ་བ་མནར་མ་མཆིས་པའི་བར་དག་ལ་གཞོལ་བ་ལགས་སོ། །རྒྱལ་རིགས་གདོལ་པ་དེ་དག་གི་སྐྱོན་གྱིས་ཀླུ་རྣམས་མ་ ནོངས་བཞིན་དུ་གྲགས་པ་མ་ལགས་པས་གོས་པར་འགྱུར་ལགས་སོ། །རྒྱུ་དེས་ན་ཀླུ་རྣམས་ལས་ཀྱི་སྒྲིབ་པ་དག་བགྱིད་པར་འགྱུར་ལགས་སོ། །དེ་ལྟ་ལགས་པས་བདག་ཅག་གིས་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་བཀུར་སྟི་བགྱི་ཞིང་གཟུང་བར་བགྱི་སྟེ། དཔེར་ བགྱི་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ཡུལ་གྱི་བུད་མེད་བཟང་མོ་ཁྲུས་ལེགས་པར་བགྱིས་ཏེ་སྤོས་ཀྱིས་བྱུགས་ནས་གོས་མཆོག་ཏུ་བཟང་བ་བསྐོན་ཏེ། ཡན་ལག་གི་དམ་པ་མགོ་བོ་ལ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཕྲེང་བ་མང་པོ་དག་བཏགས་ཤིང་དཔུང་རྒྱན་དང་། གསེར་སྐུད་དང་། སོར་གདུབ་དང་། ལག་རྒྱན་དང་། རྐང་རྒྱན་དག་གིས་བརྒྱན་ནས་གླང་པོ་ཆེའི་བཞོན་པ་ལ་བསྐྱོན་ཏེ། འཁོར་ཕལ་མོ་ཆེ་དང་ལྷན་ཅིག་ཁྲིད་པ་དེ་བཞིན་དུ་ད་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་དང་ལྡན་པ། དེ་བཞིན་གཤེགས་པས་ཀྱང་ བདག་ཅག་ཀླུ་རྣམས་དུད་འགྲོའི་སྐྱེ་གནས་སུ་བསྡུས་པའི་ལུས་མ་སྣད་མ་ཉམས་ལ། མཆོག་ཏུ་ཁྲོ་བ་དང་། ང་རྒྱལ་དང་། དྲེགས་པའི་དྲི་མས་བསྒོས་པ། བདག་ཅག་ཀླུ་ཐམས་ཅད་རྒྱགས་པས་མྱོས་པ་མ་མཆིས་པའི་ཆོས་ཀྱི་ཆུས་བཀྲུས་ལགས་སོ། ། བདག་ཅག་ལ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་གོས་བསྐོན་ལགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཕྲེང་བས་བཅིངས་ལགས་སོ། །བདག་ཅག་གི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དག་བཟོད་པ་དང་། གཟུངས་དང་། ས་ རྣམ་པ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་ལགས་སོ། །ཐེག་པ་ཆེན་པོའི་ཤིང་རྟ་དག་གིས་བཏེག་ལགས་སོ། །གང་ན་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་བྲལ་བ་ཤིན་ཏུ་ཡོངས་སུ་དག་པར་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་དག་པས་ བསྐོར་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་དག་པ་དག་སྟོན་པ་དེར་བདག་ཅག་མཆི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ད་ལྟར་བདག་ཅག་བཅོམ་ལྡན་འདས་ཀྱི་བཀའ་ལ་བཀུར་སྟི་བགྱིད་ཅིང་འཛིན་པར་བགྱིད་ལགས་སོ། །དེ་ལྟ་ལགས་པས་བདག་ཅག་འཁོར་དང་བཅས་པ་ བཅོམ་ལྡན་འདས་ཀྱི་བཀའ་ལ་ཤིན་ཏུ་གནས་པར་བགྱིད་ལགས་སོ། །གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རི་བྲགས་ཀྱི་གནས་གང་དང་གང་ན་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། ཐེག་པ་ཆེན་པོ་པ་དག་ཁྱིམ་ ན་གནས་པའམ། རབ་ཏུ་བྱུང་བའམ། ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་པའམ། ཐོས་པ་མང་བའམ། ཐོས་པ་ཉུང་བའམ། བརྩོན་འགྲུས་བརྩམས་པའམ། ལེ་ལོ་ཅན་ནམ། མཉམ་པར་གཞག་པའམ། མཉམ་པར་མ་གཞག་པའམ། དྲན་ པ་དང་ལྡན་པའམ། དྲན་པ་ཉམས་པ་རྣམས་བཅོམ་ལྡན་འདས་དང་། ཆོས་དང་། དགེ་འདུན་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་ལ་དགའ་ཞིང་དད་པ་དང་། བཀུར་སྟི་དང་། བླ་མར་བགྱིད་པ་དང་། རི་མོ་བགྱིད་པ་དང་། བྱང་ཆུབ་རྣམ་གསུམ་གང་ཡང་རུང་བ་དག་ ལ་རབ་ཏུ་ཞུགས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་སྦྱིན་གནས་དེ་ལྟ་བུ་དག་གནས་ཤིང་མཆིས་པ་དེ་དང་དེར་བདག་ཅག་ཡིད་ཀྱིས་དགའ་ཞིང་དད་པ་དང་། བཀུར་སྟི་དང་། བླ་མར་བགྱི་བ་དང་། རི་མོ་དག་གིས་གནས་པར་བགྱི་ལགས་སོ། །ཡུལ་འཁོར་དེ་དང་དེའི་གྲོང་དང་། གྲོང་ ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རི་བྲགས་དེར་བདག་གི་འཁོར་ཀླུ་དང་། ཀླུ་མོ་དང་། ཀླུ་རྒན་ཕོ་དང་། ཀླུ་རྒན་མོ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དང་། ཀླུའི་འཁོར་ཕོ་དང་། ཀླུའི་འཁོར་མོ་དག་དུས་མ་ལགས་པར་རྫི་ཆར་དང་། སེར་དྲག་དང་། ཆར་མོ་ཆེ་དང་། ཐན་ཆེན་དག་གཏོང་བར་ བགྱིད་དམ། ལྷགས་མོ་ཆེ་དང་། ཤིན་ཏུ་ཚ་བ་དག་འབྱུང་བར་བགྱིད་དམ། སེམས་ཅན་རྣམས་ཀྱི་ལོ་ཏོག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་གྱི་རོ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་ཆབ་འཚལ་བར་བགྱིད་ན་ཀླུ་དེ་དག་གིས་བདག་བསླུས་པས་དེ་དག་ ཐམས་ཅད་ཀྱི་ལུས་འཁུམས་པར་གྱུར་ཅིག །དེ་དག་རྫུ་འཕྲུལ་ཉམས་ནས་འགྲོ་མི་ནུས་པར་གྱུར་ཅིག །རིམས་ནད་ཀྱིས་ཀུན་ཏུ་གདུངས་པར་གྱུར་ཅིག །དབང་པོ་ཐམས་ཅད་མ་ཚང་བར་གྱུར་ཅིག །ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ལས་བྱེད་ མི་ནུས་པར་གྱུར་ཅིག །ཏདྱ་ཐཱ། བུདྷ་ཛ་ཡེ། བཱ་ལ་ཀྵེ། ཨ་མ་ནི་མེ། བྷུ་ཏ་ས་ལི་ལེ། ཨ་ན་མང་དྷྱེ། པྲ་ཏྱ་ནི་ལེ། ཨ་བ་ནི་ལ་མེ། ཁི་ལ་ཤོ་མེ། ནསྟུ་པི་པཱ་ལེ། ཛི་ས་ཛི་ཧཱ། སྐན་དྷ་པཱ་ལེ། བྷ་ར་ནི་ཀྲི་ཡེ་སྭཱ་ཧཱ། དེར་ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་བཞིན་ དང་མིག་ཡིད་དུ་འོང་བས་ཤིན་ཏུ་དགོད་ཅིང་ཐལ་མོ་སྦྱར་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་སྐད་དུ་སྐྱེས་བུ་དམ་པ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ཡིན་ཏེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་དེ་ལྟར་བྱ་བ་ནི་ལེགས་སོ་ལེགས་སོ་ཞེས་སྨྲས་ནས། ཐམས་ཅད་དང་ལྡན་ པའི་ཀླུའི་འཁོར་དེ་དག་ཤུགས་དྲག་པོས་འཁྲུགས་ཤིང་དངངས་ལ་ཀུན་ཏུ་འགུལ་ཞིང་མངོན་པར་མི་དགའ་བ་དང་ཀུན་ཏུ་འཁོར་བར་གྱུར་ཏོ། །དེའི་ཚེ་དྲི་ཟའི་དྲང་སྲོང་དགའ་བར་འབྱུང་བ་ཞེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ ནས་འདི་སྐད་ཅེས་གསོལ་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། ད་ལྟར་དང་མ་འོངས་པའི་དུས་སུ་གང་དག་རྒྱལ་རིགས་གདོལ་པ་བླུན་པོ་མཁས་སོ་སྙམ་པའི་ང་རྒྱལ་ཅན་ང་རྒྱལ་དང་རྒྱགས་པས་ཉམས་པ། འཇིག་རྟེན་ཕ་རོལ་ལ་མི་ལྟ་ བ། གཡོ་སྒྱུ་ཅན། སྙིང་རྗེ་མ་མཆིས་པ། དགེ་སློང་ལ་ཐོ་འཚམས་པར་བགྱིད་པ་ནས་ཐ་ན་བཅོམ་ལྡན་འདས་ཀྱི་སླད་དུ་སྐྱབས་སུ་མཆིས་ནས་ཉེ་བར་གནས་པ། སྐྲ་བྲེགས་ཏེ་གོས་ངུར་སྨྲིག་བགོས་པ་ལ་ཐོ་འཚམས་པ་དག་འབྱུང་སྟེ། བཅོམ་ལྡན་འདས་ཀྱི་སླད་དུ་ རབ་ཏུ་བྱུང་བ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། དཀོན་མཆོག་གསུམ་གྱི་གདུང་འབར་བར་བགྱིད་པ་དག་ལ་ཐོ་འཚམས་པའི་རྒྱལ་རིགས་གདོལ་པ་དེ་དག་ཏིང་ངེ་འཛིན་གྱི་དབང་གིས་མནས་བསྒག་པར་བགྱི་བ་ནི་ལོངས་སྤྱོད་ཀྱིས་འཁྲུགས་པར་གྱུར་ཅིག ། རྒྱལ་ཕྲན་གྱིས་འཁྲུགས་པར་གྱུར་ཅིག །རྒྱལ་པོས་འཁྲུགས་པར་གྱུར་ཅིག །ནང་དམག་དང་། ཕ་རོལ་གྱི་དམག་ཚོགས་དག་གིས་འཁྲུགས་པར་གྱུར་ཅིག །ཆུ་མེད་པས་འཁྲུགས་པར་གྱུར་ཅིག །ནད་ཀྱིས་འཁྲུགས་པར་གྱུར་ཅིག །གཟས་འཁྲུགས་པར་གྱུར་ཅིག ། བྱ་མ་རྟས་འཁྲུགས་པར་གྱུར་ཅིག །རྩེ་དགས་འཁྲུགས་པར་གྱུར་ཅིག །ཕ་ཚན་གྱིས་འཁྲུགས་པར་གྱུར་ཅིག །འཁོར་གྱིས་འཁྲུགས་པར་གྱུར་ཅིག །འབྱུང་བ་ཆེན་པོས་འཁྲུགས་པར་གྱུར་ཅིག །ཡི་དགས་མཐུ་བོ་ཆེས་འཁྲུགས་པར་གྱུར་ཅིག་ཅེས་བགྱི་བ་ནས། རྒྱལ་རིགས་ཀྱིས་འཁྲུགས་པར་གྱུར་ཅིག །བྲམ་ཟེ་དང་། དམངས་རིགས་དང་། བུད་མེད་དང་། སེང་གེ་དང་། སྟག་དང་། སྤྱང་ཀི་དག་གིས་འཁྲུགས་པར་གྱུར་ཅིག་ཅེས་བགྱི་བའི་བར་དུ་རྒྱལ་རིགས་གདོལ་པ་དེ་དག་མནས་བསྒག་པར་བགྱི་ལགས་སོ། །ཏདྱ་ཐཱ། བ་ནེ་ཡ་ བ་ན་པ་ལེ། མ་ཧཱ་བརྟ་ན་ཏྲཻ། དྲུ་མ་ཙྪ་ཏེ། ཀུ་སུ་མ། བ་ར་ཊེ། ཡུ་ག་ཏེ། སམ་བྷཱ་ཀྵེ། བྷཱི་མ་དྲི་བཱ་ཀྵེ། ས་ལོ་པ་ནཱ་ཡ། པ་རི་བཱ་རཻ། བྷཱུ་མ་དྲུ་ཀྲ་མེ། ནཻ་རན་ཏ་ན། ཛ་སི་ལ་མེ་ན་ཏྲཻ། བཻ་མ་བ་ཏ། མ་ཤྲཱ་ཁཱ་ཛེ། ན་ཡ་ན་ཧིང་ཀུ་ལེ། པི་བད་ཚ། བྷྲི་སེ། དྷ་ན་མུ་ཙེ། སང་ག་བྱོ་ཀྵཻ། པ་ལ་མིན་དྷ་ད་ལཻ། བྷཱུ་མི་པཥྚེ། རོ་མ་ད་ལཻ། བ་ན་ག་ཛཻ། ཏཱུ་ཊ་པ་ཊེ། ཨཱ་པ་ཊེ་ཌྷ། ན་ཡ་དྲི་ཥྚི། ཛི་ཧྭཱ་ཀྲ་ནེ། ཨུ་ཏ་རཀྵེ། གན་དྷར་བྷེ་སི་མི་སྭཱ་ཧཱ། གང་དག་རྒྱལ་རིགས་གདོལ་པ་འཇིག་རྟེན་ཕ་རོལ་ལ་མི་ལྟ་ཞིང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་ཐོ་འཚམས་པ་དེ་དག་དེ་ལྟར་གྱུར་ཅིག །དེའི་ཚེ་ ཐམས་ཅད་དང་ལྡན་པའི་དྲི་ཟའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཐོ་འཚམས་པར་བགྱིད་པའི་རྒྱལ་རིགས་གདོལ་པ་དེ་དག་ལ་བདག་ཅག་ཅི་དགར་བགྱིད་དུ་སྩལ་དུ་གསོལ། བདག་ཅག་རང་རང་གི་གནས་ན་རྩེད་མོ་ལ་ཆགས་ཤིང་ ཡོངས་སུ་སྤྱོད་པར་བགྱིད་དམ། དགའ་སྐྱིད་ཉམས་སུ་མྱོང་བར་བགྱིད་ན་བདག་ཅག་ཀྱང་མནའི་ཁོངས་སུ་གཏོགས་པར་གྱུར་ཅིག །དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སའི་སྙིང་པོས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པར་རྩེ་བ་མངོན་པར་ཤེས་པའི་རྒྱལ་མཚན་གྱི་སྲོག་ཤིང་ཞེས་བྱ་བའི་གཟུངས་ཀྱི་སྒོ་ ཆེན་པོ་བཤད་པར་བགྱི་སྟེ། རྒྱལ་མཚན་གྱི་སྲོག་ཤིང་ཞེས་བྱ་བའི་གཟུངས་ཆེན་པོའི་སྒོ་གང་གི་རྣ་ལམ་དུ་གྲག་པ་དེའི་རྣ་བའི་ནད་དག་རབ་ཏུ་ཞི་བར་བགྱིད་དོ། །དེའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་བགྱིད་དོ། །གལ་ ཏེ་ན་བསྲབས་པར་འགྱུར་རོ། །རྒྱ་མཚོའི་ཤུན་པ་མན་ཛ་ན་ལ་གསང་སྔགས་ཀྱི་ཚིག་འདི་ལན་འབུམ་བཟླས་བརྗོད་བགྱིས་ནས་རྒྱལ་རིགས་ཀྱི་རྔ་ལ་བསྐུས་ནས་རྔ་དེའི་སྒྲ་གང་དང་གང་གི་རྣ་ལམ་དུ་གྲག་པ་དེ་དང་དེའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་ རྣམས་བསྲབས་པར་འགྱུར་རོ། །དེ་དང་དེ་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཤིན་ཏུ་དགའ་ཞིང་བཀུར་སྟི་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དག་རབ་ཏུ་འཐོབ་པར་འགྱུར་རོ། །ཆོས་ཀྱི་རྗེས་སུ་འབྲང་བས་འཇུག་པར་འགྱུར་རོ། །འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་། ལོངས་ སྤྱོད་དང་ཡོངས་སུ་སྤྱོད་པ་དང་མི་འབྲལ་ལ་སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་འོང་བ་དང་། སྙིང་དུ་སྡུག་པར་འགྱུར་རོ། །ཏདྱ་ཐཱ། པཱུརྦ་མཱརྒ་ཨ་མ་ལོ་མ་ཏི། ཀྵིཏྟི་ལ། བྷྲུ་བཻ་པྲ་ན་ཁ་ན། ཌཻ་དུརྨ་ཁི་ལཻ། མཏྶ་ཏཱུ་ལཻ། གཽ་ར་སནྡྷཻ་ན་ཀྵུ་བ་ར་མཻ། བུདྡྷ་ར་ཤྨྱི་པིངྒ་ལ་གྷྲི་མེ། ལོ་ཧོ་ཏཱ་ར་བྷེ། ནངྒ་ལ་སཱུ་རྱེ། བྷ་ག་བ་རི་ཎེ། ཨན་དྷརྦ་ཨུ་རེ། ཀ་ར་ཧྲུ་ཛེ། ཀེ་ཤ་ལོ་ཧི། ས་མཱ་དྷི་དྷུ་རེ་སྭཱ་ཧཱ། དེ་ནས་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་གནང་ངོ་། །ཐམས་ཅད་དང་ལྡན་པའི་འཁོར་དེས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེའི་ཚེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དབྱངས་དང་། སྒྲ་བརྗོད་པར་བགྱིད་པ། གདུགས་དང་རྒྱལ་མཚན་གྱི་སྨོན་ལམ་གྱི་ཚུལ་ཞེས་བགྱི་བའི་གཟུངས་ཆེན་པོ་དེ་བཤད་ པར་འཚལ་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་བདག་ལ་རྗེས་སུ་ཡི་རང་བར་མཛད་དུ་གསོལ། དེ་ནི་མཐུ་ཆེ་ཞིང་སྟོབས་ཆེ་ལ་ཕ་རོལ་གནོན་པ་སྣང་བར་བགྱིད་པ་ཆེན་པོ་ལགས་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་ཐོས་པ་ ཡོངས་སུ་རྫོགས་པར་བགྱིད་པའི་གཏེར་དང་། ཡེ་ཤེས་ཡོངས་སུ་རྫོགས་པར་བགྱིད་པའི་གཏེར་དུ་འགྱུར་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སླད་དུ་ཇི་སྲིད་འཚོའི་བར་དུ་སྡོམ་པ་ལ་གནས་པ་འདི་ལྟ་སྟེ། དགེ་བསྙེན་གྱི་སྡོམ་པ་དང་། དགེ་ སྦྱོང་གི་སྡོམ་པ་དང་། བསྙེན་པར་རྫོགས་པའི་སྡོམ་པ་ལ་གནས་པ་སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པ་དག་གིས་གདུགས་དང་། རྒྱལ་མཚན་གྱི་སྨོན་ལམ་གྱི་ཚུལ་ཞེས་བགྱི་བའི་གཟུངས་ཆེན་པོ་འདི་ལྷག་མཐོང་གི་སྦྱོར་བས་ཉིན་མཚན་བདུན་གྱི་བར་དུ་ཀློག་ན་ཕྱིར་ཞིང་ ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རྟོག་པར་འགྱུར་རོ། །ཉིན་མཚན་བདུན་འདས་ནས་གདུགས་དང་རྒྱལ་མཚན་གྱི་སྨོན་ལམ་ཞེས་བགྱི་བའི་གཟུངས་ཆེན་པོ་ལན་འབུམ་སྙེད་དུ་ཡང་དང་ཡང་དྲན་པར་བགྱིད་པ་དེ་ནི་རྒྱལ་རིགས་རྣམས་དང་། བྲམ་ཟེའི་རིགས་རྣམས་དང་། རྗེའུ་རིགས་རྣམས་དང་། དམངས་རིགས་རྣམས་དད་པར་བགྱིད་པ་ནས་སེམས་ཅན་ཐམས་ཅད་ཀྱི་བར་དུ་ཤིན་ཏུ་མངོན་པར་དད་པར་བགྱིད་པ་ལགས་སོ། །ཐམས་ཅད་ལོངས་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་མཆོག་དང་མི་འབྲལ་ཞིང་མཐོ་རིས་ལ་གཞོལ་བར་ འགྱུར་ལགས་སོ། །དེ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ལགས་སོ། །ཏདྱ་ཐཱ། ཏྲི་ཎི་སང་ཉི་ཀེ། བི་ཏྲི་ཎ་བི་མ་བེ། ཀ་ར་པྲཱ་ཀྵེ། བྷུ་ཏ་སཱུ་མེ་ཙ། པ་ར་ཛི་མེ། ཨ་བྷ་ཀྵེ། ཨ་ཀྵ་ཡ་ལོ་བེ། ཨདྷྱད་མ། ནི་མི་རེ། ཤྲཱི་ ཏ་བི་སྟ་རེ། ཨང་གུ་ཛ་དྷ་ཛྙཱ། ཛ་ཛ་ར་ནོ་སཻ་ཨ་ན་ས་ཤུདྡྷེ། མྲྀ་ག་གྷྲིཀྵེ། ཀུ་ལ་བ་ཊེ། མ་ག་བཱ་བཱ། ཀྵེ་བྷཽ་བ་སྭ་རེ། ཨ་བྷི་ཏི་མབྷུ་རེ། སྭ་ར་ཁ་ཛེ་སྨྲྀཏི་མོ་ནི་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་གདུགས་དང་རྒྱལ་མཚན་གྱི་སྨོན་ལམ་གྱི་ཚུལ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་བཤད་པས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་ཐོས་པའི་མིག་ཀུན་ཏུ་སྟོན་པར་བྱེད་ལ། ངའི་བསྟན་པ་ཡང་རྟོན་པར་བྱེད་པ་ནི་ལེགས་སོ་ལེགས་སོ། །དེ་ ནས་དེ་ཉིད་དུ་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་གྱིས་ཀྱང་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་སྐད་དུ་སྐྱེས་བུ་དམ་པ་ཁྱོད་ཀྱིས་གདུགས་དང་རྒྱལ་མཚན་གྱི་སྨོན་ལམ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་རྫོགས་ པར་བཤད་པས་ད་ལྟར་དང་མ་འོངས་པའི་དུས་སུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཐོས་པ་མང་པོའི་ཚོགས་རྒྱས་པར་བྱེད་པ་དང་སྟོན་པ་ནི་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གླིང་བཞི་པ་འདིའི་མེ་ཏོག་དང་། འབྲས་བུ་དང་། ཤིང་དང་། འབྲུ་དང་། སྨན་དང་། ལོ་ཏོག་དག་ བསྲུང་བར་འཚལ་ལོ། །སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། རྩྭ་དང་། འདབ་མ་དང་། ལོ་མ་ས་ལ་རྟེན་པ་རྣམས་བསྲུང་བར་འཚལ་ལོ། །བཅོམ་ལྡན་འདས་ནང་གུ་དཔལ་རྡུལ་ཞེས་བགྱི་བའི་གཟུངས་ཆེན་པོ་དེ་ད་ལྟར་ འདིར་གླིང་བཞི་པ་དེ་དག་གིས་སྔོན་མ་ཐོས་མ་མཐོང་བས་འདི་ལྟར་ངོ་མཚར་རྨད་དུ་བྱུང་བར་གྱུར་ཏེ། འདུས་པ་ཆེན་པོ་དེ་ལྟ་བུ་དག་བྱུང་བར་བགྱིས་ལགས་སོ། །ནང་གུ་དཔལ་རྡུལ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་ནི་མཐུ་ཆེ་བས་ལོ་ཏོག་ཐམས་ཅད་འཕེལ་བར་བགྱིད་ པ་ལགས་སོ། །ས་བོན་དང་། མྱུ་གུ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ཤིང་དང་། འབྲུ་དང་། སྨན་དང་། རོ་རྣམས་སྐྱེད་པར་བགྱིད་པ་དང་། འཕེལ་བར་བགྱིད་པ་དང་། སྣུམ་མཆིས་པར་བགྱིད་པ་དང་། འཇམ་པར་བགྱིད་པ་དང་། མང་པོར་ བགྱིད་པ་ལགས་སོ། །སེམས་ཅན་ཐམས་ཅད་དད་པར་བགྱིད་པ་དང་། ཚུལ་ཁྲིམས་ཅན་དུ་བགྱིད་པ་དང་། ཐོས་པར་བགྱིད་པ་དང་། ཤེས་པར་བགྱིད་པ་དང་། བྱམས་པ་དང་། སྙིང་རྗེ་ཅན་དུ་བགྱིད་པ་དང་། ཐབས་དང་ལྡན་པར་བགྱིད་པ་ནས་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་སྟོན་པར་བགྱིད་པ་ལགས་སོ། །ཏདྱ་ཐཱ། ཨ་ན་ནྱ་བྷུ་མི། ག་བཱཀྵ་བི་ཛེ། གུ་ལོ་ཙ་ལོ་མེ། ཕཊ་ཀྵ་ལོ་མེ། ཤྲཱི་ཡཀྵ་ཀུ་སུ་མེ། ན་བ་ཀུ་མུན་ཌེ། རཱ་ཛ་བར་མེ། ཙ་ཊ་ན་བ། བ་མ་ཊེ། བི་ཥུ་ལང་གེ །ཨ་བ་བྷ་སུ་ ནེ། ཧ་ས་ག་བྷ་ཀྵེ། ལོ་མ་བྷུ་ཛ་ཀྵེ། གམ་བྷི་ར་པ་སུ་མེ། ཨ་ནོ་མ་ཡ་ས་རེ། པ་ལཱ་ཤ་ཏོ་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ནང་གུ་དཔལ་རྡུལ་ཞེས་བགྱི་བའི་གཟུངས་ཆེན་པོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་སྒྲེང་བར་བགྱིད་དམ། སྐད་ཆེན་ པོར་སྒྲོག་གམ། གསང་སྔགས་ཀྱི་ཚིག་འདི་ཆུ་ལ་ལན་སྟོང་གི་བར་དུ་བཟླས་བརྗོད་བགྱིས་ནས། ཞིང་དང་། ཤིང་དང་། ལོ་ཏོག་སྣ་ཚོགས་ལ་གཏོར་ཏམ། རྔ་དང་། རྫ་རྔ་དང་། དུང་དག་ལ་བསྔགས་ནས། དེ་དག་གི་སྒྲ་གང་དུ་ཐོས་པའི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་གྱི་རོ་དང་། ས་ལ་རྟེན་པའི་ལོ་ཏོག་ཐམས་ཅད་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་སྒྲིབ་པའི་རྒྱུ་ལུས་པ་མ་གཏོགས་པར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ཡི་དགས་མཐུ་བོ་ཆེ་དང་། བདུད་དང་། བདུད་ཀྱི་བུ་དང་། བདུད་ཀྱི་འཁོར་གྱི་ཚོགས་གང་གིས་ཀྱང་གནོད་པར་བགྱི་བའམ། ཆུད་གཟོན་པའམ། ཚིག་པར་བགྱི་བའམ། བསྐམ་པའམ། མདངས་འཕྲོག་པའམ། མཐུ་ཆུང་བར་བགྱི་བའམ། མ་མཆིས་པར་བགྱི་བ་དག་ཏུ་རྔོ་མི་ཐོགས་ན་སེམས་ཅན་དང་། སེམས་ཅན་གྱི་གྲངས་སུ་གཏོགས་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་ཁྱོད་གླིང་བཞི་པ་འདིར་སྦྱིན་པ་ཆེན་པོའི་དཔལ་གྱི་ཤིང་རྟ་ལ་ཞོན་ནས། རིགས་ ཀྱི་བུ་འདིར་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་སེམས་ཅན་དཔག་ཏུ་མེད་པ་རྣམས་རྟོན་པར་བྱེད་པ་ནི་རིགས་ཀྱི་བུ་ཁྱོད་ལེགས་སོ་ལེགས་སོ། །དེ་ནས་དེ་ཉིད་དུ་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་ བུ་ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་ལེགས་སོ་ལེགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་ཁྱོད་ལ་བདག་གིས་དཔལ་མེ་ཏོག་སར་པ་ཞེས་བྱ་བའི་ གཟུངས་ཆེན་པོ་སྒྱིན་གྱིས། གཟུངས་ཆེན་པོ་དེས་ན་རིགས་ཀྱི་བུ་ཁྱོད་ཀྱིས་བྱམས་པ་ཆེན་པོའི་གོ་བགོས་ནས། འདིར་སེམས་ཅན་རྣམས་ལ་ཚིག་གིས་ཆོས་སྟོན་ན་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་སྟོབས་བསྐྱེད་པའི་ཆོས་དེ་དག་སེམས་ཅན་གང་དག་གིས་ཐོས་པའི་ སྡིག་པའི་སེམས་དང་། སྡིག་པའི་ལྟ་བ་དག་སྤོང་བར་བྱེད་དོ། །སྡིག་པའི་གྲོགས་པོ་དང་། སྡིག་པའི་བཤེས་གཉེན་དག་སྤོང་བར་བྱེད་དོ། །སེམས་ཀྱིས་བྱམས་པ་དང་། སྙིང་རྗེ་དང་། དགེ་བའི་རྩ་བ་དག་ཡིད་ལ་བྱེད་པར་འགྱུར་རོ། །སེམས་ཅན་ཐམས་ ཅད་ལ་སྙིང་བརྩེ་བ་དང་། སེམས་འཇིག་རྟེན་ཕ་རོལ་ལ་ལྟ་བ་ཅན་དུ་འགྱུར་རོ། །སེམས་མི་དགེ་བ་བཅུའི་ལས་ཀྱི་ལམ་དག་ལས་ལྡོག་པར་འགྱུར་རོ། །སེམས་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་རྣམ་པར་གནས་པར་འགྱུར་རོ། །སེམས་སེམས་ཅན་ ཐམས་ཅད་ལ་མངོན་པར་དགའ་བར་འགྱུར་རོ། །གཟུངས་ཆེན་པོ་འདི་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཆོས་ཀྱི་ཆར་འབེབས་པར་བྱེད་པའོ། །དགྲ་ཐམས་ཅད་རབ་ཏུ་དད་པར་བྱེད་ཅིང་བཤེས་གཉེན་ཐམས་ ཅད་མངོན་པར་འཕེལ་བར་བྱེད་པའོ། །ཏདྱ་ཐཱ། ལི་བ་ཏ་སྭ་རེ། ཀཱ་ཤཱ་ཡ། བར་མེ། ས་མེ་བག་གྷེ། དྭཱ་རང་ག་ཛ་ལེ། སུ་ཏོ་ཀྵེ། སུ་མ་ཧཱ་བྷ་ཀྵ་རེ། སུ་ཧ་བུང་གེ །གཽ་ཨ་བ་ལོ་ཀ་ད་ལེ། སིད་དྷི་བྷི་བ་ཀྵེ། དྷྱ་ནན་བཱི་བ་རེ། ཨ་བི་ན་དྷ་ལུང་བེ། སོ་ ཙ་ར་ཙ་ལ། ཨ་བ་བྷ་ས་རེ། བ་རཱ་ཧ་ཤཏྟེ། ཨེ་ཀ་ཧཱ་ད་ཏོ་ཡེ། ས་མཱ་དྷི་ཀ་ར་ཎེ། བཱ་ལ་ཛ་བི་ཏི། མ་ཧཱ་དཱ་བྷུ་ཏ་ཀུ་སེ། ཨ་ར་ཎ་ནི་ལེ། མཱ་ལཱ་མ་ཤ་མེ། ནི་ལ་ཀུ་སུ་མེ་སྭཱ་ཧཱ། དཔལ་མེ་ཏོག་སེར་པོ་ཞེས་བྱ་བའི་གཟུངས་འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་བྱམས་པ་ཆེན་པོའི་གོ་བགོས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ན། དེའི་སྒྲ་ཐ་ན་སེམས་ཅན་སྲོག་ཆགས་སུ་གྱུར་པ་ཕྲ་མོ་ཆུང་ངུ་གང་དག་གི་རྣ་ལམ་དུ་གྲག་པ་དེ་དག་གི་སེམས་ཀྱི་རྙོག་པ་ཉེ་བར་ཞི་བར་བྱེད་པ་དང་། དེ་ དག་གི་སེམས་དགེ་བའི་རྩ་བ་ལ་གནས་པར་ཡང་འགྱུར་ན་མིར་གྱུར་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་ལ་ལ་དག་གིས་ཆར་དབབ་པའི་ཕྱིར་དྲི་ཟ་དང་། ཀླུའི་གནས་དག་ཏུ་གཟུངས་ཆེན་པོ་འདི་བཟླས་བརྗོད་བྱས་ཏེ། ན་ལེ་ཤམ་གྱི་ཕྱེ་མ་ དང་། ཨེ་རཎ་ཌའི་མར་དུ་བསྲེས་པ་ལ་དེས་ལན་སྟོང་དུ་བསྔགས་ནས། གོས་ཀྱི་མཐའ་མར་ཕུར་མ་བྱས་ཏེ་ཁྲོན་པར་བཅུག་ན། དེས་ན་དེ་ལ་ཀླུ་རྣམས་དགའ་བར་འགྱུར་ཏེ། ཆར་གྱི་རྒྱུན་ཆེན་པོ་ཡང་འབེབས་པར་བྱེད་དོ། །དེའི་ཚེ་ཡུལ་དེར་ འདུས་པའི་ཀླུ་དང་། ཀླུ་ཆེན་པོ་རྣམས་ཀྱིས་དཔལ་མེ་ཏོག་སར་པ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་ཐོས་ནས་སེམས་རངས་པ་དང་། སྡང་སེམས་མེད་པ་དང་། སེམས་རབ་ཏུ་དགའ་བ་དང་། སེམས་བྱམས་པ་དང་ལྡན་པ་དང་། སེམས་འཇིག་ རྟེན་ཕ་རོལ་ལ་ལྟ་བར་གནས་པར་གྱུར་ཏོ། །སེམས་དཀོན་མཆོག་གསུམ་ལ་དད་ཅིང་། བཀུར་སྟི་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དག་ཐོབ་པར་གྱུར་ཏོ། །སེམས་དུད་འགྲོར་སྐྱེ་བའི་རང་གི་སྡིག་པའི་ལས་དག་རབ་ཏུ་འཆགས་པ་དང་། སེམས་ཐེག་པ་ ཆེན་པོ་བླ་ན་མེད་པ་ལ་འཇུག་པར་གནས་པར་གྱུར་ཏོ། །ཀླུ་དང་། ཀླུ་ཆེན་པོ་དེ་དག་ཐམས་ཅད་ཀྱི་ནང་ནས་མཐུ་ཅི་ཡོད་པ་དང་། ཅི་ནུས་པ་དག་གིས་དེ་ན་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར། ཁ་ཅིག་ནི་གསེར་མང་པོའི་ཆར་མངོན་པར་འབེབས་སོ། །ཁ་ ཅིག་ནི་དངུལ་དང་། ཨ་ག་རུ་དང་། རྒྱ་སྤོས་དང་། གོ་ཤིརྵ་དང་། ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མ་དང་། ཏ་མ་ལའི་ལོ་མའི་ཆར་དག་མངོན་པར་འབེབས་པ་ནས། ཁ་ཅིག་ནི་ཨུཏྤ་ལ་དང་། མེ་ཏོག་སྣ་ཚོགས་དང་། རས་བཅོས་བུ་སྣ་ཚོགས་དང་། གདུགས་ དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་དང་། གསེར་སྐུད་དང་། མུ་ཏིག་གི་དོ་ཤལ་གྱི་བར་དག་གི་ཆར་མངོན་པར་འབེབས་སོ། །དེ་ནས་ཀླུ་དང་། ཀླུ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་བདག་ཅག་ནི་དཀོན་མཆོག་གསུམ་ལ་སེམས་ཤིན་ཏུ་ལེགས་པར་རབ་ཏུ་ཞུགས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཅག་འདི་རྣམས་ཀྱིས་དམ་བཅའ་བར་བགྱི་ བ་ནི་བཙུན་པ་བཅོམ་ལྡན་འདས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་གང་དང་གང་དག་ན་དཔལ་མེ་ཏོག་སར་པ་ཞེས་བགྱི་བའི་གཟུངས་ཆེན་པོ་འདི་རབ་ཏུ་སྒྲོགས་པ་དང་། དེ་བཞིན་དུ་གཟུངས་ལྷག་མ་ཆུ་ཁྱིམ་སྙིང་པོ་ཞེས་བགྱི་བ་དང་། མཚོན་ ཆའི་སྟོབས་ཞེས་བགྱི་བ་དང་། གདུགས་དང་། རྒྱལ་མཚན་གྱི་སྨོན་ལམ་གྱི་ཚུལ་ཞེས་བགྱི་བ་དང་། ནང་གུ་དཔལ་རྡུལ་ཞེས་བགྱི་བ་དང་། དཔལ་མེ་ཏོག་སར་པ་ཞེས་བགྱི་བའི་གཟུངས་ཆེན་པོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞིས་བཤད་པའི་གཟུངས་ དེ་དག་དང་། ཀླུའི་སྙིང་པོ་བཞི་པོ་དག་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རི་བྲགས་ཀྱི་གནས་གང་དང་གང་དག་ཏུ་རེ་རེ་ཙམ་ཡང་སྟོན་ཏམ། འཆད་དམ། རབ་ཏུ་སྒྲོགས་སམ། དྲན་པར་བགྱིད་པ་དེ་དང་དེ་དག་ཏུ་བདག་ཅག་ གིས་དུས་དུས་སུ་ཆར་དབབ་པ་དང་། གདུགས་དང་། བསེར་མ་དག་གཏོང་བར་བགྱིའོ། །དུས་མ་ལགས་པར་ནི་མ་ལགས་སོ། །དེ་དང་དེར་བདག་ཅག་གིས་ཕྱི་དགྲ་དང་། ནང་འཁྲུག་དང་། ཐབ་མོ་དང་། རྩོད་པ་དང་། གནོད་སེམས་དང་། ནད་ དང་། མི་ངས་དང་། མུ་གེ་དག་རབ་ཏུ་ཞི་བར་བགྱི་ལགས་སོ། །དེ་དང་དེར་བདག་ཅག་གིས་སྐྱིད་པ་དང་། ལོ་ལེགས་པ་དང་། དགའ་བར་འགྱུར་བ་དག་བསྒྲུབ་པར་བགྱི་ལགས་སོ། །དེ་དང་དེར་སེམས་ཅན་རྣམས་ཀྱི་ས་བོན་དང་། མྱུ་གུ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ཤིང་དང་། འབྲུ་དང་། སྨན་དང་། རོ་དག་མི་ཉམས་པར་འཕེལ་བར་བགྱི་ལགས་སོ། །ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཕལ་ཆེར་དྲི་ཞིམ་པ་དང་། རོ་ཞིམ་པ་དང་། སྣུམ་པ་དང་། འཇམ་པ་དག་ཏུ་ བསྒྲུབ་པར་བགྱི་ལགས་སོ། །བདག་ཅག་གིས་འཛམ་བུའི་གླིང་འདིའི་རྒྱལ་པོ་རྣམས་ཀྱང་གཅིག་ལ་གཅིག་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། འཁོན་མ་མཆིས་པའི་སེམས་དང་། རྩོད་པ་མ་མཆིས་པའི་སེམས་སུ་བསྒྲུབ་པར་བགྱི་ལགས་སོ། །དེ་ བཞིན་དུ་བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། གནོད་སྦྱིན་རྣམས་ནས་དགེ་བསྙེན་དག་གི་བར་དག་ཏུ་བྱམས་པའི་སེམས་དང་ལྡན་པར་བསྒྲུབ་པར་བགྱི་ལགས་སོ། །གང་ན་གཟུངས་ཆེན་པོ་འདི་རབ་ཏུ་སྒྲོགས་པ་དེར་ནི་ཕན་ཚུན་སེམས་ འཐུན་པར་བསྒྲུབ་པར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་དེ་དག་ཐམས་ཅད་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་གནང་ངོ་། །ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་ དཔའ་རིའི་སྙིང་པོས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ཆོ་ག་ཤེས་ཁྱོད་ལ་སྙིང་བརྩེ་བའི་གྲོགས་འདི་དག་ཡོད་ན་འདིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ད་དུང་དུ་ཅིའི་ཕྱིར་ གདུལ་བའི་ཚོགས་རྣམས་གཞུག་པར་མི་ནུས། དཔལ་ལྷ་མོ་ཆེན་མོས་གསོལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྨོན་ལམ་གྱི་ཁྱད་པར་གྱིས་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་ཐམས་ཅད་དུ་དེ་ལྟ་བུར་སྐྱེ་བ་ལེན་ཅིང་གྲོགས་དགེ་བའི་བཤེས་ གཉེན་འཐུན་པ་དེ་ལྟ་བུ་དག་དང་ཕྲད་པ་ཐོབ་ལགས་སོ། །ད་ལྟར་བདག་ཀྱང་གྲོགས་དགེ་བའི་བཤེས་གཉེན་འཐུན་པ་ཁྱོད་ལྟ་བུ་དང་ཕྲད་པ་ལགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེའི་ལག་ཏུ་ཐོབ་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་བརྗོད་ པར་བགྱི་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། བརྩོན་འགྲུས་བརྩམས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་གནས་པར་བལྟ་བར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དཔལ་ཆོ་ག་ཤེས་ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་ལྟར་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྨོན་ལམ་གྱི་ཁྱད་པར་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་ཐམས་ཅད་དུ་དེ་ལྟ་བུར་སྐྱེ་ བ་ལེན་ལ། བསྡུ་བའི་དངོས་པོ་བཞི་པོ་དག་ལ་བརྩོན་ཞིང་དེར་བརྩོན་པ་བརྟན་པ་དང་། བརྩོན་འགྲུས་བརྩམས་པ་ཡིན་ནོ། །གྲོགས་དགེ་བའི་བཤེས་གཉེན་དེ་ལྟ་བུས་ཡོངས་སུ་ཟིན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་ལག་ཏུ་ཐོབ་པ་ཡིན་ཏེ། དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ཡང་བརྗོད་པར་བྱའོ། །དེས་རྣམ་པར་གནོན་པ་ཡང་བརྗོད་པར་བྱའོ། །མངལ་གྱི་སྐྱོན་ལས་ཐར་བར་ཡང་བརྗོད་པར་བྱའོ། །མི་སློབ་པའི་ས་ལ་གནས་པས་ཟག་པ་ཟད་པར་ཡང་བརྗོད་པར་བྱའོ། །དེ་སངས་རྒྱས་བཅོམ་ལྡན་ འདས་ཐམས་ཅད་ཀྱིས་དགོངས་པ་དང་། བྱིན་གྱིས་བརླབས་པར་ཡང་བརྗོད་པར་བྱའོ། །འདོད་ཆགས་དང་བྲལ་བའི་ས་ལ་ཤིན་ཏུ་གནས་པར་ཡང་བརྗོད་པར་བྱའོ། །དེ་ནས་བརྒྱ་བྱིན་གཟི་བརྗིད་དྲི་མ་མེད་པ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་འཚོ་བའི་འཇིག་རྟེན་འདིར་ཀླུ་དང་། ཀླུ་ཆེན་པོ་རྣམས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་ལ་གནོད་པར་བགྱིད་ལགས། བཀའ་སྩལ་པ། ལྷའི་དབང་པོ་རྒྱུ་དང་། རྐྱེན་གཉིས་ཀྱིས་འཚོ་བའི་འཇིག་རྟེན་འདིར་ཀླུ་དང་། ཀླུ་ཆེན་པོ་རྣམས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་ལ་གནོད་པར་བྱེད་དོ། །གཉིས་གང་ཞེ་ན། འདོད་ཆགས་ཀྱི་དབང་དང་། ཁྲོ་བའི་དབང་གིས་དུས་མ་ཡིན་པའི་སྤྲིན་དག་ འབྱུང་བར་བྱེད་ཅིང་རྫི་ཆར་དང་། སེར་དྲག་དག་འབེབས་པར་བྱེད་དོ། །ལྷགས་པ་དང་། ཚ་བ་དག་འབྱུང་བར་བྱེད་དོ། །དེས་ན་འདིར་སེམས་ཅན་རྣམས་ཀྱི་ས་བོན་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་དང་། རོ་ དག་ཚིག་པར་བྱེད་དོ། །སྐེམས་པར་བྱེད་དོ། །འབྲུལ་བར་བྱེད་དོ། །མ་རུངས་པར་བྱེད་དོ། །དེས་ན་སེམས་ཅན་རྣམས་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་མི་ལྡན་པས་ལུས་དང་། ངག་དང་། ཡིད་ཀྱིས་སྡིག་པའི་ལས་མི་བཟད་པ་རྣམ་པ་སྣ་ ཚོགས་དག་ཀུན་ཏུ་སྤྱོད་པར་བྱེད་དོ། །ལས་ཀྱི་སྒྲིབ་པ་མི་བཟད་པ་དེས་ན་སྔོན་དགེ་བའི་རྩ་བ་བསྐྱེད་པ་ཐམས་ཅད་ཀྱང་སྲེག་པར་བྱེད་དོ། །སྐེམས་པར་བྱེད་དོ། །ཐལ་བར་རློག་པར་བྱེད་དོ། །དགེ་བའི་བཤེས་གཉེན་དག་སྤོང་ཞིང་ངན་སོང་གསུམ་པོ་དག་ ལ་གཞོལ་བར་བྱེད་དོ། །ཁ་ཅིག་གོས་དང་། བཟའ་བ་དང་། བཏུང་བ་ཙམ་གྱི་ཕྱིར་ཚེ་གཅིག་གིས་དེ་ལྟ་བུར་སྡིག་པའི་ལས་མཚམས་མེད་པ་དག་གི་བར་དུ་ཀུན་ཏུ་སྤྱོད་པར་བྱེད་དེ། དེ་བསྐལ་པ་མང་པོ་ཞིག་གི་བར་དུ་ཕྱིར་མིར་སྐྱེ་བ་འཐོབ་པར་མི་འགྱུར་ རོ། །གལ་ཏེ་དེ་དག་ཡུན་རིང་པོ་འདས་ནས་བརྒྱ་ལ་བརྒྱ་ལམ་ན་མིའི་ལུས་ཐོབ་ན་ཡང་ཁ་ཅིག་ནི་ཡན་ལག་ཉམས་པར་འགྱུར་རོ། །ཁ་ཅིག་ནི་དྲན་པ་ཉམས་པར་འགྱུར་རོ། །གདོལ་པའི་རིགས་སུ་ཡང་སྐྱེ་བར་འགྱུར་རོ། །གཡུང་པོའི་རིགས་དང་། སྨྱིག་མ་མཁན་གྱི་རིགས་ དང་། བཀྲེན་པ་དབུལ་པོའི་རིགས་རྣམས་སུ་ཡང་སྐྱེ་བར་འགྱུར་རོ། །བཟའ་བ་དང་བཏུང་བའི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་དང་ཡང་བྲལ་བར་འགྱུར་ལ། ཡང་རྒྱུ་དེས་ན་དགེ་བའི་བཤེས་གཉེན་དང་བྲལ་ནས་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་སྒྲིབ་ པ་མི་བཟད་པ་དག་ཀུན་ཏུ་སྤྱོད་པར་བྱེད་དོ། །ཡང་ཁ་ཅིག་ངན་སོང་གསུམ་པོ་དང་། མནར་མེད་པ་དག་ཏུ་ཡང་གཞོལ་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་མི་ལྡན་པའི་སེམས་ཅན་རྣམས་འཁོར་བར་ཡུན་རིང་དུ་ཉམ་ཐག་པར་འགྱུར་རོ། ། ངན་སོང་གསུམ་པོ་དག་ཏུ་སྡུག་བསྔལ་མི་བཟད་པ་སྣ་ཚོགས་དག་ཉམས་སུ་མྱོང་བར་འགྱུར་རོ། །གསོལ་པ། སྡུག་བསྔལ་གང་ཅུང་ཟད་ཅི་བྱུང་བ་ཐམས་ཅད་ནི་ཟས་ཀྱི་རྐྱེན་ལས་གྱུར་པ་ལགས་ཏེ། ཟས་མ་མཆིས་ན་སྡུག་བསྔལ་འབྱུང་བ་ཡང་མ་མཆིས་ལགས་ སོ། །དེ་ནས་དེའི་ཚེ་བརྒྱ་བྱིན་གཟི་བརྗིད་དྲི་མ་མེད་པས་ཚིགས་སུ་བཅད་དེ་འདི་སྐད་ཅེས་གསོལ་ཏོ། །སྲེད་པའི་དུག་གིས་བསྒྱུར་བས་ན། །ངུ་བ་དང་ནི་དགོད་པར་བགྱིད། །ཉེ་བར་གནས་ཤིང་ལྟུང་བར་བགྱིད། །ཀུན་ཏུ་སྤྱོད་ཅིང་རྣམ་པར་རྒྱུག །ས་གཞི་དག་ལ་ ཏིལ་བརྡུངས་ལྟར། །སྡུག་བསྔལ་འཁྲུལ་འཁོར་གནོད་པར་བགྱིད། །ལྷར་བཅས་འཇིག་རྟེན་ཐམས་ཅད་ལ། །དེ་ལྟར་སྲེད་པས་གནོད་པར་བགྱིད། །ཀྱེ་མ་སྲིད་པའི་ཞགས་པ་ཡིས། །སྲིད་པའི་རྩེ་མོའི་མཐར་གཏུགས་པས། །དེ་ལྟར་ཞགས་འདི་རྒྱ་ཆེ་བ། ། ཁ་ཟས་དག་གི་རྒྱུ་ལས་བྱུང་། །སོ་སོའི་སྐྱེ་བོ་རྒྱུ་གཉིས་ཀྱི། །སྲེད་པའི་རྡུལ་གྱིས་ཡན་ལག་བཅིངས། །རི་དགས་ཞགས་པས་བཅིངས་པ་ལྟར། །འབྲོས་པ་དག་ཏུ་ནུས་མ་ལགས། །ལྷར་བཅས་འཇིག་རྟེན་སེམས་ཅན་དག །སྲེད་པས་གར་བགྱིད་རྩོལ་ བ་ལྟར། །གར་གཞུང་དག་ལ་གར་མཁན་བརྒྱས། །དེ་ནི་གར་བགྱིད་རྩོལ་མི་ནུས། །སྲེད་པའི་དུག་གིས་བསྒྱུར་བས་ན། །ཇི་ལྟར་སྐྱེ་བོ་མྱོས་པ་ལྟར། །བཏུང་བ་མྱོས་བགྱིད་བསླད་པ་ཡིས། །མྱོས་པ་དག་ཏུ་མི་བགྱིད་དོ། །སྲེད་པའི་གནོད་སྦྱིན་གདོན་དག་ གིས། །སྐྱེ་བོ་བརླམས་ནས་འཁྱལ་བ་ལྟར། །འབྱུང་པོའི་གདོན་གྱིས་མྱོས་པ་དག །འཁྱལ་བ་དག་ཏུ་མི་བགྱིད་དོ། །ནོར་འཛིན་དེ་དག་འཛིན་པ་བཏང་། །སྲེད་པའི་འཇིགས་པ་རྣམ་པར་སྤངས། །གང་གིས་སྲེད་པ་བསྐམས་ནས་ཀྱང་། །དེ་དག་འཁོར་བར་མི་ གནས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །ཞེ་སྡང་ཁྲོ་བས་སྐྱེ་དགུ་བརླམས། །སེམས་ཀྱང་གཡེང་འགྱུར་དེ་ཡིས་ན། །དགེ་བ་ཐམས་ཅད་མི་འཚལ་ཞིང་། །བཟོད་རླག་ལས་ལ་སྤྱོད་པར་བགྱིད། །མི་ དགེ་བ་ལ་གནས་བགྱིད་པ། །ཕ་མ་དག་ལ་རིམ་གྲོ་ཆུང་། །གང་དག་མཚམས་མ་མཆིས་བགྱིས་པ། །དཀོན་མཆོག་གསུམ་ལ་བརྙས་པར་བགྱིད། །སྙིང་བརྩེ་སྙིང་རྗེ་མ་མཆིས་པ། །འཇིགས་བགྱིད་གཏུམ་པོ་དྲག་ཤུལ་ཅན། །ཁྲོ་སེམས་དབང་གིས་དེ་དག་ནི། ། སེམས་དམྱལ་མནར་མ་མཆིས་པར་གནས། །སེམས་ཅན་འདི་དག་ཁྲོ་བའི་རྒྱུས། །གཅིག་ལ་གཅིག་ནི་ཟ་བར་བགྱིད། །ཡང་དང་ཡང་ནི་ངན་སོང་དུ། །སྡུག་བསྔལ་དུ་མས་རབ་ཏུ་གཟིར། །སྡིག་པའི་སེམས་ཀྱིས་བྲིད་གྱུར་ཅིང་། །དགེ་བའི་བཤེས་གཉེན་སྤངས་ ནས་ཀྱང་། །སྲིད་པའི་མཚོར་ནི་ལྟུང་བ་སྟེ། །མུན་པ་མུན་གནག་གཞོལ་བ་པོ། །དེ་འདྲའི་སེམས་ཅན་དོན་སླད་དུ། །བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི། །བསམ་པས་བདག་བདེ་བཏང་ནས་ཀྱང་། །སེམས་ཅན་སྡིག་པ་བསལ་སླད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པ་ན། །བསོད་ནམས་ བགྱི་བའི་དངོས་སུམ་གྱིས། །སྡིག་པའི་སེམས་ཅན་གྲོལ་བགྱིད་ཅིང་། །ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་བགྱིད། །སེམས་ཅན་འགའ་ཡི་དོན་སླད་དུ། །ལུས་དང་སྲོག་དག་བཏང་ནས་ཀྱང་། །དཀའ་ཐུབ་བརྟུལ་ཞུགས་སྤྱད་ལྡན་པ། །དཀའ་བ་དག་ནི་མང་དུ་སྤྱད། །གང་ཚེ་སེམས་ཅན་ འགའ་སླད་དུ། །བསྐལ་བརྒྱར་སྡུག་བསྔལ་སེལ་བགྱིད་ན། །སེམས་ཅན་རྣམས་སླད་ཡུན་རིང་དུ། །འཁོར་བར་སྡུག་བསྔལ་བཟོད་པར་བགྱི། །སེམས་ཅན་ཡོངས་སུ་སྨིན་སླད་གནས། །དེ་འདྲའི་བསམ་དང་ལྡན་པ་ཡིས། །སེམས་ཅན་སྲིད་པའི་བསམ་པ་ཅན། །སེམས་ནི་བྱང་ཆུབ་བསྔོ་བགྱིད་སྩལ། ། དེ་ནས་དཔལ་ལྷ་མོ་ཆེན་མོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བྲེ་བོ་ལོ་ཏོག་གིས་བཀང་བ་དེ་ཕུལ་ནས་སྨྲས་པ། གླིང་བཞི་པ་འདིའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་དག་གི་རྒྱུར་ས་བོན་དང་། ལོ་ཏོག་ཐམས་ཅད་འཕེལ་ བར་བགྱི་བ་དང་། གྲུབ་པར་བགྱི་བའི་སླད་དུ་སྐྱེས་བུ་དམ་པ་ཁྱོད་ལ་ལྷུང་བཟེད་དབུལ་ལོ། །དེས་ན་དགེ་བའི་རྩ་བ་ཡང་དག་པར་ཆད་པ། མ་རུངས་པ། གཏུམ་པོ། དྲག་ཤུལ་ཅན་ཀུན་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་བ་དང་། བྱང་ཆུབ་ཀྱི་ས་བོན་ལ་བཞག་པར་རྔོ་ཐོགས་ སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྲེ་བོ་ལོ་ཏོག་གིས་བཀང་བ་དེ་བླངས་ནས་ཕྱོགས་བཅུར་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དང་ བཅས་པ་ཐམས་ཅད་དགོངས་སུ་གསོལ། གང་གིས་གླིང་བཞི་པ་འདིར་ས་བོན་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་དང་། རོ་དང་། སའི་བཅུད་དང་། གཟི་བྱིན་དང་། སེམས་ཅན་གྱི་གཟི་བྱིན་དང་། དམ་པའི་ཆོས་ཀྱི་རོ་དང་། སྙིང་གུ་ དང་། གཟི་བྱིན་དག་མི་ཉམས་ཤིང་འཕེལ་བར་བགྱིད་པ་དང་། དམ་པའི་ཆོས་ཀྱི་སྒྲོན་མ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པར་བགྱིད་པ་དང་། གང་གི་དེ་ལོངས་སྤྱོད་པ་དང་། ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། སྡིག་པ་ལས་ཟློག་པར་བགྱིད་པ་དང་། བྱང་ཆུབ་ཀྱི་སེམས་ལ་དགོད་པར་རྔོ་ཐོགས་པ་དང་། གང་གིས་འདིར་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ངན་སོང་རྣམས་ཡོངས་སུ་སྤངས་ནས་མཐོ་རིས་ལ་གཞོལ་བར་འགྱུར་བ་དང་། གང་གིས་དཔལ་ལྷ་མོ་ཆེན་མོ་དེའི་བསམ་པ་ཡོངས་སུ་རྫོགས་ པར་འགྱུར་བ་དེ་ལྟར་ཕྱོགས་བཅུ་ན་གང་དག་དེ་བཞིན་གཤེགས་པ་མ་ལུས་པར་བཞུགས་ཤིང་འཚོ་ལ་གཞེས་པ་ཐམས་ཅད་འདིར་དགོངས་སུ་གསོལ། ཏདྱ་ཐཱ། མུ་ནི་ཤི་བ། མུ་ནི་ན་ཏྲེ། མུ་ནི་པ་ལ། མུ་ནི་ས་ལེ། སན་ཏ་ཨུ་ས་ཀྵི་ཏི། ཀྵ་ནུ་པྲ་ཎ་ནཱི་ལ་བ་ཡ་བ་སརྦ་བཱི་ཛ་བ་སྟི་ལ་ལི་སྭཱ་ཧཱ། དེ་ནས་བཅོམ་ ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་གནང་ནས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ཆོ་ག་ཤེས་ཁྱོད་ཀྱིས་གླིང་བཞི་པ་འདིར་ས་བོན་དང་། མྱུ་གུ་དང་། ལོ་ཏོག་འཕེལ་བར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁྱོད་ནི་སངས་རྒྱས་བཅོམ་ལྡན་འདས་ འཁོར་ཚོགས་པ་དང་བཅས་པ་མ་ལུས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཀཽ་ཤི་ཀས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་གཟུང་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱའོ། །རིའི་སྙིང་པོས་ཞུས་པ་ཞེས་བྱའོ། །གཟུངས་ཀྱི་ཟ་མ་ཏོག་ཅེས་བྱའོ། །སའི་བཅུད་འཕེལ་བར་བྱེད་པ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་རྣལ་འབྱོར་སེམས་ཅན་ཡོངས་སུ་ སྨིན་པར་བྱེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དཔལ་ལྷ་མོ་ཆེན་མོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་སྙིང་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་རྣམས། བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་ དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དྲཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། མངྒ་ལཾ།། །།