Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 063_མདོ་སྡེ།_ཛ

Văn bản gốc(Tây Tạng)

Trang 17 / 19 (50.000 ký tự/trang)
ཙམ་དུ་འདི་ལྟ་བུའི་དཔེ་དག་ལེགས་པར་
ཡོངས་སུ་བཙལ་བ་ནི་ངོ་མཚར་ཆེ་བ་ལགས་སོ། །ཁྱིམ་བདག་རྣམས་གལ་ཏེ་གྲོང་ཁྱེར་ཆེན་པོ་དེ་ཡུངས་འབྲུ་མ་གྲུགས་པས་བྱུར་བུར་བཀང་ན་ཡུངས་འབྲུ་དེ་དག་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ཡུངས་འབྲུ་དེ་དག་མང་བ་ལགས་སོ། །བདེ་བར་གཤེགས་པ་ཤིན་ཏུ་མང་བ་
ལགས་སོ། །བཀའ་སྩལ་པ། ཁྱིམ་བདག་རྣམས་དེ་བས་ཆེས་མང་ཞིང་ཆེས་གྲངས་མེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དེ་བཞིན་གཤེགས་པ་བགྲོ་བ་དང་། ཆོས་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་བགྲོ་བ་མཛད་
དོ། །དེ་སྐད་ཅེས་བཀའ་སྩལ་ནས། ཁྱིམ་བདག་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དཔེ་ཆ་ཕྲ་ཞིང་ཐག་རིང་བར་མཆི་བ་འདི་ལྟ་བུ་འཚལ་བ་ནི་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཁྱིམ་བདག་རྣམས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ་ནི་དེ་ལྟ་བུ་ཡིན་པར་བལྟ་བར་བྱ་སྟེ། ཇི་ལྟར་ཞུས་པ་བཞིན་ཀུན་ནས་ཡོངས་སུ་བཙལ་བར་བྱའོ། །དེ་བཞིན་གཤེགས་པ་ནི་ཆགས་པ་མེད་པའི་ཡེ་ཤེས་དང་ལྡན་ཏེ། ཆགས་པ་
མེད་པའི་ཆོས་རྟོགས་པས་གང་དང་གང་ཞུས་པ་དེ་དང་དེ་ལ་ཐོགས་པ་མེད་དོ། །ཁྱིམ་བདག་རྣམས་དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་དེའི་སྟོབས་དང་། མཐུ་དང་། བརྩོན་འགྲུས་ཀྱིས་ནམ་མཁའ་མཐའ་ཡས་ཤིང་མུ་མེད་པར་ཕྱོགས་བཞི་གང་དང་གང་དུ་མདའ་འཕངས་པ་དེ་སྲིད་དུ་ཤུགས་ཀྱིས་སོང་

སྟེ་ས་ལ་ལྷུང་ན། ཁྱིམ་བདག་རྣམས་དེ་ཇི་སྙམ་དུ་སེམས། མདའ་དེ་དག་ངེས་པར་ས་ལ་ལྷུང་ངམ། བཅོམ་ལྡན་འདས་སྐྱེས་བུ་དེའི་སྟོབས་དང་། མཐུ་དང་། བརྩོན་འགྲུས་ཀྱིས་ཇི་སྲིད་པ་དེ་སྲིད་དུ་ཤུགས་ཀྱིས་མཆིས་ནས་དོག་ས་ལ་ལྷུང་ཡང་། བཅོམ་ལྡན་འདས་དེ་དག་ནི་ནམ་མཁའ་ལ་ཐོགས་
པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཁྱིམ་བདག་རྣམས་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་གཏིང་དཔག་དཀའ་བ་མཐའ་ཡས་ཤིང་མུ་མེད་པ་སྟེ། མུ་མེད་པ་བཞི་དག་དང་ལྡན་ནོ། །བཞི་གང་ཞེ་ན། ཚུལ་ཁྲིམས་མུ་མེད་པ་དང་ལྡན་པ་དང་། ཏིང་ངེ་འཛིན་མུ་མེད་པ་དང་ལྡན་པ་དང་། ཤེས་
རབ་མུ་མེད་པ་དང་ལྡན་པ་དང་། རྣམ་པར་གྲོལ་བ་མུ་མེད་པ་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིག་རྟེན་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཡེ་
ཤེས་མཐའ་ཡས་པས། །སེམས་ཀྱི་ལས་དག་རྣམ་སྦྱངས་ཏེ། །ཕྱི་ནས་མྱ་ངན་འདས་པ་སྟོན། །ཇི་ལྟར་ནམ་མཁའི་ཁམས་རྣམས་ལ། །མཐའ་དག་དམིགས་མེད་དེ་ཡི་ཕྱིར། །དེ་བཞིན་ཡེ་ཤེས་ཆེན་པོ་ཡི། །འཇུག་པ་ལ་ནི་དམིགས་པ་མེད། །ཡེ་ཤེས་ཆེན་པོ་ཆགས་མེད་པ། །དེ་ལ་ཆགས་པ་
ཡོད་མིན་ཞིང་། །ཡེ་ཤེས་ནམ་མཁར་མཚུངས་ཉིད་དེ། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །ནམ་མཁའི་ཁམས་སུ་མདའ་མང་པོ། །འཕེན་པར་བྱེད་ཅིང་འཕངས་ནས་ཀྱང་། །དེ་དག་ཕྱིར་ནི་ས་ལ་ལྷུང་། །དེ་བཞིན་བྱིས་པ་བླ་ངན་རྣམས། །ཡེ་ཤེས་བཟང་པོ་འདི་ཐོས་ནས། །དེ་དག་
འདིར་ནི་ཕྱིར་ཡང་ལྷུང་། །གང་དུ་མདའ་དག་འཕངས་ནས་ཀྱང་། །དེ་དག་ས་ལ་སླར་ལྟུང་སྟེ། །ནམ་མཁའ་ཡི་ནི་དབྱིངས་དེ་ལ། །ནམ་ཡང་ཆགས་པར་མི་འགྱུར་རོ། །དེ་བཞིན་སངས་རྒྱས་ཡེ་ཤེས་ནི། །ཆགས་པ་དག་ཏུ་མི་དམིགས་སོ། །གང་དུ་བློ་ནི་རབ་གནས་པར། །བྱིས་པ་དེ་དག་
དེར་ལྟུང་སྟེ། །བྱིས་པའི་མཐུ་ནི་རྟོགས་ནས་ཀྱང་། །སངས་རྒྱས་ཡེ་ཤེས་རབ་ཏུ་བསྒྲགས། །དེ་ཕྱིར་ཡེ་ཤེས་བསྒྲགས་པ་ནི། །ང་ལ་མཁྱུད་པ་ཡོད་མ་ཡིན། །ཇི་ལྟར་ནམ་མཁའ་མུ་མེད་ཅིང་། །ཚད་ཡོད་མ་ཡིན་མཐའ་ཡས་ལྟར། །དེ་བཞིན་ཡེ་ཤེས་ཆེན་པོ་ཡི། །མཐའ་ནི་དམིགས་པ་

མི་འགྱུར་རོ། །ང་ཡི་ཡེ་ཤེས་འདི་ལ་ནི། །བྱིས་པའི་བློ་ཅན་ཐེ་ཚོམ་ཟ། །གནས་མི་འགྱུར་ཏེ་ནམ་མཁའ་ལ། །ཇི་ལྟར་མདའ་འཕངས་ལྟུང་བ་བཞིན། །ལྷ་དང་བཅས་པའི་འཇིག་རྟེན་གྱི། །མདུན་དུ་ང་ནི་འདུག་ནས་ཀྱང་། །སེང་གེ་བཞིན་དུ་སྒྲ་སྒྲོགས་པ། །ང་ལ་ཐེ་ཚོམ་ཡོད་མ་ཡིན། །
དེ་ཚེ་ཤཱཀྱ་སེང་གེ་ཡི། །ང་རོ་འདི་ནི་སྒྲོགས་པ་ན། །དེ་ཡི་མོད་ལ་སྲོག་ཆགས་ནི། །བྱེ་བ་བརྒྱད་ཅུ་བྱང་ཆུབ་ཞུགས། །ཤཱཀྱ་སེང་གེའི་ང་རོ་འདི། །བསྒྲགས་པ་དེ་ཡི་མོད་ལ་ནི། །ས་འདི་རྣམ་པ་དྲུག་དག་ཏུ། །ཀུན་ནས་ཀྱང་ནི་གཡོས་པར་གྱུར། །དེ་ཚེ་འོད་ཟེར་བྱུང་གྱུར་ཅིང་། །འོད་ཀྱང་རྒྱ་
ཆེར་བྱུང་བར་གྱུར། །སངས་རྒྱས་ཀྱིས་མཛད་ཆོ་འཕྲུལ་དག །བསམ་མི་ཁྱབ་པ་ངོ་མཚར་བྱུང་། །སངས་རྒྱས་ཞལ་གྱི་སྒོ་ནས་ནི། །དེ་ཡི་ཚེ་ན་ལྗགས་ཕྱུང་སྟེ། །སངས་རྒྱས་ཞིང་ནི་མཐའ་ཡས་པ། །འཇིག་རྟེན་འདི་ནི་ཁེབས་པར་མཛད། །སྐྱེས་བུ་ཁྱུ་མཆོག་ལྗགས་ཀྱིས་ནི། །འཇིག་
རྟེན་འདི་དག་ཁེབས་མཛད་ནས། །ཡན་ལག་བརྒྱད་ལྡན་ཚིག་གིས་ནི། །ཀུན་དགའ་བོ་ལ་འདི་སྐད་གསུངས། །ཀུན་དགའ་ཡང་དག་གསུངས་པ་སྟེ། །ཡང་དག་ཆོས་ནི་སྟོན་མཛད་པ། །སྐྱེས་བུ་དམ་པ་དཀོན་གྱུར་པ། །སངས་རྒྱས་ལ་ནི་མཆོད་པ་བགྱིས། །ཀུན་དགའ་སེམས་
ཅན་མཆོག་མ་ཁ་ཅིག་གིས། །དཔེ་དག་ཐོས་ནས་བྱང་ཆུབ་སྐྱེད་བྱེད་པ། །བྱང་ཆུབ་དོན་གཉེར་བྱང་ཆུབ་སེམས་དཔའ་གང་། །ཡོན་ཏན་བརྒྱན་དེ་དག་ནི་སྦྱིན་པར་བྱ། །ཀུན་དགའ་དགེ་སློང་ཕོ་མོ་དང་། །དགེ་བསྙེན་ཕ་དང་དགེ་བསྙེན་མ། །གང་ཟག་མཆོག་མ་དེ་དག་ནི། །སངས་རྒྱས་
ཉིད་དུ་ལུང་བསྟན་བྱ། །ཀུན་དགའ་ཕྱི་དུས་དགེ་སློང་གང་། །ངས་ནི་དེ་དག་མཐོང་བ་རྣམས། །ཕྱི་མའི་དུས་ཀྱི་ཚེ་དག་ན། །འདི་འདྲའི་མདོ་དག་ཉན་བྱེད་ལ། །མདོ་འདི་དག་ནི་ཐོས་ནས་ཀྱང་། །ཤཱཀྱ་སེང་གེས་བསྟན་པ་ཡི། །མདོ་འདི་ཀྱེ་མའོ་ལེགས་གསུངས་ཞེས། །གང་རྣམས་
དག་ནི་དགའ་བར་འགྱུར། །གང་གིས་མདོ་འདི་ཐོས་ནས་ཀྱང་། །སེམས་ནི་བྱང་ཆུབ་ཕྱིར་བསྔོ་བ། །ཀུན་དགའ་མི་དེ་དག་ལ་ནི། །སངས་རྒྱས་འགྱུར་ཞེས་ངས་ལུང་བསྟན། །གང་གིས་མདོ་འདི་ཐོས་ནས་ཀྱང་། །སེམས་ནི་བྱང་ཆུབ་ཕྱིར་བསྔོ་བ། །འདྲེན་པ་དག་ཏུ་མི་འགྱུར་

ཞེས། །དེས་ནི་ཐེ་ཚོམ་བསྐྱེད་མི་བྱ། །ཀུན་དགའ་ངས་ནི་ཏིང་འཛིན་འདི། །དེ་དག་ལ་ནི་གཞག་བྱ་ཞིང་། །ལྷ་དང་བཅས་པའི་འཇིག་རྟེན་ལ། །ངས་ནི་བྱིན་གྱིས་བརླབ་པར་བྱ། །ངས་ནི་བྱིན་གྱིས་བརླབས་ནས་ཀྱང་། །ཕྱི་དུས་འཇིགས་པ་ཆེན་པོའི་ཚེ། །མདོ་སྡེ་འདི་ནི་འཛམ་གླིང་དུ། །
ཕྱིས་ནི་འབར་བ་དག་ཏུ་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་དག་ལ་བཀའ་སྩལ་པ། ཁྱིམ་བདག་རྣམས་གཞན་ཡང་རབ་ཏུ་ཤེས་པར་བྱ་བ་ནི་གང་དག་ཤར་ཕྱོགས་ལོགས་ན་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཇི་སྙེད་པ་དེ་སྙེད་པས་ཆེས་མང་བའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་
ཅིག་ཏུ་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། །དེ་བཞིན་དུ་ལྷོ་དང་། དེ་བཞིན་དུ་ནུབ་དང་། དེ་བཞིན་དུ་བྱང་དང་། དེ་བཞིན་དུ་འོག་དང་། དེ་བཞིན་དུ་སྟེང་དང་། དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་དང་། ཕྱོགས་མཚམས་བཅུ་པོ་མཐའ་ཡས་ཤིང་ཚད་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་
དེ་དག་ཇི་སྙེད་པ་དེ་སྙེད་པས་ཆེས་མང་བའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། །ཁྱིམ་བདག་རྣམས་གལ་ཏེ་རྡུལ་ཕྲ་རབ་ཀྱི་རྡུལ་ཕྲ་མོ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པའི་བསྐལ་པར་གནས་ཏེ། སངས་
རྒྱས་དེ་དག་གི་མཚན་རབ་ཏུ་བརྗོད་པ་དེ་སྙེད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། །དེ་བཞིན་གཤེགས་པ་དེ་དག་གིས་མཚན་བརྗོད་པ་མ་བྱས་པའི་བར་སྐབས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །དེ་ནས་དེད་དཔོན་བཟང་པོས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དབང་ཆེ་བར་གྲགས་པ་སྟེ། ངོ་མཚར་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་ན་ད་
ལྟར་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་དང་། བཅོམ་ལྡན་འདས་དང་ཐབས་ཅིག་ཏུ་དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་ལགས་སོ། །བཀའ་སྩལ་པ། ཁྱིམ་བདག་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །ཁྱིམ་

བདག་ཕྱོགས་བཅུའི་འཇིག་རྟེན་ན་གང་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།
ཁྱིམ་བདག་དེད་དཔོན་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གང་ལ་གནས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་
དག་དང་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་ལགས། བཀའ་སྩལ་པ། ཁྱིམ་བདག་ཆོས་ཀྱི་དབྱིངས་ངེས་པར་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་པ་གང་ལ་གནས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་
དོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཆོས་ཀྱི་དབྱིངས་ངེས་པར་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བརྗོད་ལགས། བཀའ་སྩལ་པ། ཁྱིམ་བདག་ཇི་ཙམ་དུ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཡིན་ཡང་ཆོས་ཀྱི་དབྱིངས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་
ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་ནི་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་གཟུགས་ཡང་དག་
པར་རྗེས་སུ་མི་མཐོང་ངོ་། །གཟུགས་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་
བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་

མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་རྣམ་པར་ཤེས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་མིག་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །
མིག་གི་ཁམས་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་ཁམས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་མིག་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་
གཟུགས་ཀྱི་ཁམས་ལ་མ་ཡིན་ཞིང་། རྣ་བའི་ཁམས་ལ་སྒྲའི་ཁམས་མ་ཡིན་ནོ། །སྣའི་ཁམས་ལ་དྲིའི་ཁམས་མ་ཡིན་ནོ། །ལྕེའི་ཁམས་ལ་རོའི་ཁམས་མ་ཡིན་ནོ། །ལུས་ཀྱི་ཁམས་ལ་རེག་བྱའི་ཁམས་མ་ཡིན་ཏེ། ཡིད་ཀྱི་ཁམས་ཀྱང་མ་ཡིན་ནོ། །ཁྱིམ་བདག་ང་ཏིང་ངེ་
འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་རྣམས་ལ་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་ཡང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་
རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སའི་ཁམས་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་
སུ་མི་མཐོང་ངོ་། །སའི་ཁམས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཆུ་དང་། མེ་དང་། རླུང་ལ་ཡང་སྦྱར་བར་བྱའོ། །ཁྱིམ་བདག་
ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་འདས་པའི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདས་པའི་ཆོས་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་འདས་པའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །འདས་པའི་ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མ་འོངས་པའི་ཆོས་ཀྱི་དབྱིངས་ལ་ཡང་མ་འོངས་པའི་ཆོས་ཀྱི་དབྱིངས་ཡང་
དག་པར་རྗེས་སུ་མི་མཐོང་ངོ་། །མ་འོངས་པ་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མ་འོངས་པ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་མ་འོངས་པའི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་
ཀྱི་དབྱིངས་ལ་ད་ལྟར་བྱུང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ད་ལྟར་བྱུང་བ་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ད་ལྟར་བྱུང་བ་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ད་ལྟར་བྱུང་
བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་ཡང་སོ་སོའི་སྐྱེ་བོའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སོ་སོའི་སྐྱེ་བོའི་ཆོས་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སོ་སོའི་སྐྱེ་བོའི་ཆོས་ལ་མ་གཏོགས་པར་
ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་སོ་སོའི་སྐྱེ་བོའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་སློབ་པའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སློབ་པའི་
ཆོས་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སློབ་པའི་ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་སློབ་པའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་
གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་རང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་སངས་རྒྱས་ཀྱི་ཆོས་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་

མཐོང་ངོ་། །རང་སངས་རྒྱས་ཀྱི་ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་རང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁྱིམ་བདག་ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་སངས་
རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་ལ་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་
དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཆོས་ཀྱི་
དབྱིངས་ཞེས་བགྱི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ནི་དབྱིངས་མེད་པ་སྟེ། འཇམ་དཔལ་ངས་དེ་ལས་དགོངས་ནས་ཆོས་ཀྱི་དབྱིངས་ཞེས་བསྟན་ཏོ། །འཇམ་དཔལ་ཆོས་ཐམས་ཅད་ལས་ངེས་པར་བྱུང་བ་ཞེས་བྱ་བ་ནི་འཇམ་དཔལ་ཆོས་ཐམས་ཅད་ཁམས་ལས་
ངེས་པར་བྱུང་བ་དེའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ངེས་པར་བྱུང་བ་ཞེས་བགྱི་བ་ཅིའི་སླད་དུ་ངེས་པར་བྱུང་བ་ཞེས་བགྱི་བ་ལགས། །བཀའ་སྩལ་པ། འགྲོ་བ་ཡང་མེད། འོང་བ་ཡང་མེད་པ་དེའི་ཕྱིར་ངེས་པར་བྱུང་བ་ཞེས་བྱ་སྟེ། འཇམ་དཔལ་ཆོས་ཐམས་ཅད་ཀྱི་ཚུལ་ནི་དེ་ལྟ་བུ་
སྟེ། འཇམ་དཔལ་ཆོས་རྣམས་ཀྱི་འཇུག་པ་ནི་དེ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འཇུག་པ་ཞེས་བགྱི་བ་ཅིའི་སླད་དུ་འཇུག་པ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་དེའི་ཕྱིར་འཇུག་པ་ཞེས་བྱའོ། །དེའི་ཚེ་གཞོན་ནུ་པད་མ་དཔལ་གྱི་
སྙིང་པོ་ཞེས་བྱ་བ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་གཞོན་ནུ་པད་མའི་དཔལ་གྱི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཆོས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། ཏིང་ངེ་འཛིན་འདི་ནི་སོ་སོའི་སྐྱེ་བོ་

དང་ཐུན་མོང་མ་ལགས་སོ། །རང་སངས་རྒྱས་དང་ཐུན་མོང་མ་ལགས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་གང་དག་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་པ་དེ་དག་དང་ཡང་ཐུན་མོང་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ན་ཏིང་ངེ་འཛིན་འདི་ནི་ལྡན་པ་ཡང་མ་ལགས། མི་ལྡན་
པ་ཡང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གང་ཕྲད་པར་འགྱུར་བའམ། ཕྲད་པར་འགྱུར་བ་མ་ལགས་པའི་ཆོས་དེ་དག་མ་མཆིས་པའི་སླད་དུའོ། །ཆོས་འགའ་ཞིག་མ་མཆིས་ན་ནི་དེ་ལྟ་ཡང་ལགས་ན་འགའ་ཡང་མ་མཆིས་པ་དེ་ལ་ནི་ཕྲད་པ་ཡང་མ་མཆིས་མི་ཕྲད་
པ་ཡང་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ན་ཏིང་ངེ་འཛིན་འདི་ནི་ཐུན་མོང་མ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ལ་སུ་ཡང་སྙོམས་པར་མི་འཇུག་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
པའི་སླད་དུའོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་མཉམ་པ་ཉིད་ལ་ནི་སྙོམས་པར་འཇུག་པ་ཡང་མ་མཆིས། ཞུགས་པ་ཡང་མ་མཆིས་ལགས་ཏེ། དེ་ལྟར་ན་ཏིང་ངེ་འཛིན་འདི་ནི་བརྗོད་པར་བགྱི་བ་མ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ནི་སེམས་ཅན་
ཐམས་ཅད་དང་ཐུན་མོང་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་མཉམ་པ་ཉིད་ཐོབ་ལགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་ཏིང་ངེ་འཛིན་འདི་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་
ཏིང་ངེ་འཛིན་འདི་ནི་སུས་ཀྱང་ཐོབ་པ་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མཉམ་པ་ཉིད་ཀྱི་ཚོགས་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མི་དམིགས་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་
ཅད་དང་ཐུན་མོང་ལགས་པ་དེ་ལྟར་ཏིང་ངེ་འཛིན་འདི་ཡང་ཐུན་མོང་ལགས་སོ། །ཇི་ལྟར་སེམས་ཅན་ཐམས་ཅད་མི་འཕྲོགས་པ་དེ་ལྟར་ཏིང་ངེ་འཛིན་འདི་ཡང་མི་འཕྲོགས་པའོ། །བཅོམ་ལྡན་འདས་གཞན་ཡང་གང་སེམས་ཅན་གྱིས་རྣམ་པར་དབེན་པའི་ཏིང་ངེ་འཛིན་དེ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་

ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་རྣམ་པར་དབེན་པ་ཉིད་དེ་ནི་ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ནི་བསམ་གྱིས་མི་ཁྱབ་པ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། སེམས་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་སླད་དུའོ། །ཏིང་ངེ་འཛིན་
འདི་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ནི་ཆོས་གང་ལ་ཡང་མི་སེམས་པས་བསམ་གྱིས་མི་ཁྱབ་པ་ཉིད་དེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པས་སེམས་མ་མཆིས་པ་ལགས་ཏེ། གང་མ་མཆིས་པ་དེ་ནི་ཏིང་ངེ་
འཛིན་ལགས་སོ། །བཅོམ་ལྡན་འདས་སེམས་ནི་སེམས་མ་མཆིས་པ་ལགས་ཏེ། དེ་ཡང་ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ནི་གང་མཚན་མ་དེ་དག་ལ་མི་གནས་པ་སྟེ། གང་མི་གནས་པ་དེ་ནི་ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་
ཏིང་ངེ་འཛིན་འདི་ནི་ཉམས་པ་ཡོངས་སུ་མ་རྫོགས་པའི་ཚུལ་གྱིས་ཐོབ་པ་མེད་པ་སྟེ། བཅོམ་ལྡན་འདས་གང་ཡོངས་སུ་མ་རྫོགས་པ་དེ་ནི་ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ནི་ཉམས་པ་སྟེ། སངས་རྒྱས་ཀྱི་ཡུལ་ཇི་ཙམ་པ་དེ་ཙམ་དུ་འདི་ནི་ཏིང་ངེ་འཛིན་
ལགས་སོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་ཞེས་བགྱི་བ་ཡུལ་མ་མཆིས་པ་སྟེ། གང་ཡུལ་མ་མཆིས་པ་དེ་ནི་ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ནི་མ་བསྟན་པ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་གཞན་ལ་ཐ་སྙད་
བརྗོད་ལ། ཐ་སྙད་བརྗོད་པའི་ཆོས་དེ་དང་དེ་དག་ནི་ཆོས་དེ་ལ་མ་མཆིས་ཏེ། གང་མ་མཆིས་པ་དེ་ནི་ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ནི་ཡི་གེ་མ་མཆིས་པ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཡི་གེ་དེ་དག་ནི་མ་མཆིས་པ་ལགས་ལ།
གང་མ་མཆིས་པ་དེ་ནི་ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་འདི་ནི་བརྗོད་པ་མ་མཆིས་པ་སྟེ། གང་བརྗོད་པ་མ་མཆིས་པ་དེ་ནི་བརྗོད་པ་སྟེ། དེ་ལྟར་ན་ཏིང་ངེ་འཛིན་འདི་ནི་བརྗོད་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྣམ་པར་རིག་པ་

མ་མཆིས་པ་སྟེ། གང་རྣམ་པར་རིག་པ་མ་མཆིས་པ་དེ་ནི་ཏིང་ངེ་འཛིན་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཏིང་ངེ་འཛིན་འདི་ནི་རྣམ་པར་རིག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་ཏིང་ངེ་འཛིན་གང་དང་གང་བསྟན་པ་དེ་དང་དེའི་ཆོས་དེ་དང་དེ་དག་དེ་ན་མ་མཆིས་ལ། གང་
གཞན་ཡང་མ་མཆིས་པ་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། གང་དག་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ནི་ཏིང་ངེ་འཛིན་ལགས་སོ། །གང་ཏིང་ངེ་འཛིན་དེ་ནི་མཉམ་པ་ཉིད་ལགས་ལ་ཆོས་དེ་དག་ཀྱང་མཉམ་པ་ཉིད་ལགས་ཏེ། ཆོས་དེ་དག་ནི་ངེས་པར་བྱུང་བ་མ་ལགས་པས། བཅོམ་ལྡན་འདས་དེ་ལྟར་ན་
ཏིང་ངེ་འཛིན་འདི་ནི་བརྗོད་པར་བགྱི་བ་མ་ལགས་སོ། །དེ་ནས་གནས་བརྟན་ཤ་ར་དྭ་ཏིའི་བུས་གཞོན་ནུ་པད་མ་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །པད་མ་དཔལ་གྱི་སྙིང་པོ་ཁྱོད་ཏིང་ངེ་འཛིན་འདི་ལ་འདོད་པ་མེད་དམ། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁོ་བོ་ནི་ཏིང་ངེ་འཛིན་འདི་ལ་འདོད་པ་
མ་མཆིས་སོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ་གལ་ཏེ་ཆོས་འདི་དག་ལ་བདག་ཅིག་ཁོ་བོས་ཡང་དག་པར་རྗེས་སུ་མཐོང་ན་ནི་ཆོས་དེ་དག་ལ་ཁོ་བོ་འདོད་པར་ཡང་འགྱུར་རོ། །སྨྲས་པ། པད་མ་དཔལ་གྱི་སྙིང་པོ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ལ་དེ་ཡང་དག་པར་རྗེས་སུ་མ་
མཐོང་ངམ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ལ་བདག་ཅིག་ཁོ་བོས་ཡང་དག་པར་རྗེས་སུ་མཐོང་བ་དེ་ལྟར་གྱུར་ན་ནི་སངས་རྒྱས་ཀྱི་ཆོས་རྣམས་བདག་གིས་འདུས་བྱས་པར་ཡང་འགྱུར་རོ། །སྨྲས་པ། པད་མ་དཔལ་གྱི་སྙིང་པོ་ཁྱོད་ཀྱིས་ཅི་སངས་རྒྱས་ཀྱི་
ཆོས་རྣམས་ཡང་དག་པར་རྗེས་སུ་མཐོང་ངམ། སྨྲས་པ། བཙུན་པ་ཤཱ་རིའི་བུ་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མཐོང་ན་ནི་སངས་རྒྱས་ཀྱི་ཆོས་དེ་དག་དངོས་པོར་བྱས་པར་ཡང་འགྱུར་ན། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་རོ། །བཙུན་པ་ཤཱ་
རིའི་བུ་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཡོད་པར་གྱུར་ན་སངས་རྒྱས་ཀྱི་ཆོས་ལས་གཞན་པར་ཡོངས་སུ་རྟོགས་པར་ཡང་འགྱུར་ལ། སངས་རྒྱས་ཀྱི་ཆོས་རྣམས་སེམས་དང་བཅས་པར་ཡང་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གཞོན་ནུ་པད་མ་དཔལ་གྱི་སྙིང་པོ་ལ་ལེགས་སོ་

ཞེས་བྱ་བ་བྱིན་ནོ། །ལེགས་ས་ཞེས་བྱ་བ་བྱིན་ནས་ཀྱང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་གང་དང་གང་དྲིས་པ་དེ་དང་དེ་ལ་མི་གནས་པའི་ཆོས་ཡང་དག་པར་བསྒྲགས་པ་དེ་དག་ནི་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་གཞོན་ནུ་པད་མ་
དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །པད་མ་དཔལ་གྱི་སྙིང་པོ་ཁྱོད་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ། །དེ་སྐད་ཅེས་སྨྲས་པ་དང་། གཞོན་ནུ་པད་མ་དཔལ་གྱི་སྙིང་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་
ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་འགའ་ཞིག་མཆིས་ན་ནི། བཙུན་པ་ཤཱ་རིའི་བུ་འདི་ལྟར་ཁོ་བོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་ཡང་འགྱུར་རོ། །
སྨྲས་པ། པད་མ་དཔལ་གྱི་སྙིང་པོ་ཁྱོད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་མི་སེམས་སམ། སྨྲས་པ། བཙུན་པ་ཤཱ་རིའི་བུ། དེ་ལྟ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ་དེ་ལྟ་ན་ནི་བྱང་
ཆུབ་དེ་ནི་ངར་འཛིན་པར་འགྱུར་རོ། །བཙུན་པ་ཤཱ་རིའི་བུ་དེ་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་པ་ཅི་ཞིག་ཡོད། སྨྲས་པ། པད་མ་དཔལ་གྱི་སྙིང་པོ་ཁྱོད་ཤཱཀྱ་ཐུབ་པ་འདི་ད་ལྟར་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་དེ་ལྟར་མི་སེམས་སམ། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཆོས་ཀྱང་མི་དམིགས་ན་བྱང་ཆུབ་ལྟ་ག་ལ་ཞིག་དམིགས། དེ་ལྟར་ན་ཤཱཀྱ་ཐུབ་པ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་པ་ཅི་ཞིག་ཡོད། སྨྲས་པ། པད་མ་དཔལ་གྱི་སྙིང་པོ་ཁྱོད་ཅི་ལ་སྤྱོད། དེ་ནས་གཞོན་ནུ་པད་མ་དཔལ་གྱི་སྙིང་པོས་དེའི་ཚེ་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ལྟ་བུ་དག་མངོན་པར་འདུས་བྱས་སོ། །རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ལྟ་བུ་དག་

མངོན་པར་འདུས་བྱས་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དག་འོད་ཀྱིས་ཁྱབ་པར་བྱས་ནས་བདག་ཉིད་མི་སྣང་བར་བྱས་སོ། །མི་སྣང་བར་བྱས་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཤཱ་རིའི་བུས་ཁོ་བོ་མཐོང་ངམ། པད་མ་དཔལ་གྱི་སྙིང་པོ་
ཁྱོད་མ་མཐོང་སྟེ། ཁྱོད་ཀྱི་སྒྲ་ཙམ་ཞིག་ཐོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཅི་སྒྲ་གང་ཡིན་པ་དེ་པད་མ་དཔལ་གྱི་སྙིང་པོ་ཡིན་ནམ། སྨྲས་པ། གཞོན་ནུ་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་པད་མ་དཔལ་གྱི་སྙིང་པོ་ཞེས་བྱ་བརྒྱུར་བྱས་ནས་མིང་དུ་བཏགས་པ་དེ་ཅི་ཞིག་ཡིན།
སྨྲས་པ། པད་མ་དཔལ་གྱི་སྙིང་པོ་ཞེས་བྱ་བའི་མིང་དེ་ནི་བརྡར་བཏགས་པའི་ཚིག་གོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཅི་བརྡར་བཏགས་པའི་ཚིག་ལ་སྤྱོད་པ་འགའ་ལྟ་མཆིས་སམ། སྨྲས་པ། པད་མ་དཔལ་གྱི་སྙིང་པོ་མེད་དོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་བརྡར་བཏགས་པའི་ཚིག་
དེ་ནི་ཚིག་མ་ཡིན་པ་སྟེ། གང་ཚིག་མ་ཡིན་པ་དེའི་སྤྱོད་པ་ནི་རྣམ་པར་རིག་པ་མ་ཡིན་པ་སྟེ། དེ་ནི་ཐེག་པ་འདི་ལ་ཡང་མ་མཆིས། ཐེག་པ་གཞན་ལ་ཡང་མ་མཆིས། དེ་ནི་ཚུ་རོལ་ན་ཡང་མ་མཆིས། ཕ་རོལ་ན་ཡང་མ་མཆིས། གཉི་གའི་བར་ན་ཡང་མ་མཆིས་པས་དེ་ནི་ངེས་པར་མྱ་ངན་ལས་འདས་
པ་སྟེ། བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་དེ་ལྟ་བུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེའི་ཚེ་འཛུམ་པ་མཛད་དེ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ་དེའི་ཚེ་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས། ཁ་དོག་དུ་མ་
འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་འོད་ཀྱིས་ཁྱབ་པར་བྱས་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ་སླར་
ལོག་ནས་ཀྱང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་འོད་ཀྱིས་ཁྱབ་པར་བྱས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་

ཏུ་གཡོས་ཏེ། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག །རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དེའི་ཚེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་
འདས་ལ་ཚིགས་སུ་བཅད་པས་བསྟོད་པ། གང་ཟག་མཆོག་མ་རྣམ་འདྲེན་རྒྱལ་བའི་མཆོག །རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། །མགོན་པོ་བདེ་གཤེགས་འཛུམ་མཛད་རྒྱུ་གང་ལགས། །རྒྱལ་བའི་འཇིག་རྟེན་འཛུམ་མཛད་རྐྱེན་གང་ལགས། །རྒྱལ་བའི་ཞིང་འདི་
འོད་ཀྱིས་སྣང་མཛད་ཅིང་། །ཕྱོགས་བཅུ་འདི་ཀུན་འོད་ཀྱིས་གསལ་མཛད་པས། །ཐུགས་བརྩེར་ལྡན་པ་འཛུམ་མཛད་རྒྱུ་རྐྱེན་གང་། །འཇིག་རྟེན་ཕན་མཛད་བདག་ལ་བཀའ་སྩལ་གསོལ། །སངས་རྒྱས་ཞིང་འདིར་གནས་པའི་སེམས་ཅན་གང་། །བདེ་དང་ནད་མེད་དགའ་ཞིང་
རབ་ཏུ་རངས། །འདོད་པའི་བདེ་དང་ཏིང་འཛིན་བདེ་བ་དག །རི་རབ་སྟེང་ན་གནས་པའི་ལྷ་བཞིན་ནོ། །མགོན་པོ་སེམས་ཅན་དམུས་ལོང་ཁ་ཅིག་དག །དེ་ཚེ་དེ་དག་མིག་གིས་གཟུགས་རྣམས་མཐོང་། །སེམས་ཅན་གང་དག་འོན་པར་གྱུར་པ་རྣམས། །དེ་དག་རྣ་བས་སྒྲ་ཡང་
ཐོས་པར་གྱུར། །སེམས་ཅན་རྣམས་ཀྱིས་འཕྲལ་དུ་གཏེར་རྙེད་ཅིང་། །བཅིངས་པ་ཐམས་ཅད་དེ་རིང་ཐར་གྱུར་ལ། །སྦྲུམ་པ་རྣམས་ནི་བདེ་ཞིང་ཤིས་པར་བཙས། །དེ་ལྟར་རྨད་བྱུང་གདའ་བ་ངོ་མཚར་ཏོ། །བདག་གི་རྐང་པ་ལ་ནི་མེ་ཏོག་རེག །ཡིད་དུ་འོང་བའི་སྤོས་དང་
ཕྱོགས་སུ་ལངས། །སངས་རྒྱས་ཞིང་རྣམས་བརྒྱན་པས་ལྷ་ངེར་གདའ། །མགོན་པོ་བདེ་གཤེགས་འཛུམ་མཛད་རྒྱུ་གང་ལགས། །ཟླ་བའི་འོད་དང་ཉི་མའི་འོད་ཀུན་དག །རྒྱལ་བའི་སྤྱན་སྔ་ན་ནི་ལྷ་མེར་མིན། །སངས་རྒྱས་ཞིང་འདི་ཐམས་ཅད་གསལ་མཛད་པ། །ཇི་
ལྟར་དབང་ཕྱུག་དབང་སྒྱུར་ཇི་བཞིན་ནོ། །འདི་ན་སེམས་ཅན་ཁ་ཅིག་ནད་ཀྱིས་ཐེབས། །གང་དག་ནད་པ་ཉམ་ཆུང་མཐུ་ཆུང་བ། །སེམས་ཅན་མང་པོ་དེ་རིང་ནད་མེད་གྱུར། །སུ་ཡི་མཐུ་ལགས་འདིར་ནི་ལུང་བསྟན་གསོལ། །དེར་འཛུམ་མཛད་པ་ཇི་འདྲར་གདའ་

བ་དག །དེ་འདྲ་ནམ་ཡང་མ་མཐོང་མ་ཐོས་པས། །དེང་ནི་ཐམས་ཅད་ཐེ་ཚོམ་གྱུར་ལགས་ན། །སྐྱེས་འདུལ་ཁ་ལོ་སྒྱུར་བ་དེ་ལུང་སྟོན། །བདག་ནི་ཁྱོད་ཀྱི་འདྲིའོ་རིམ་གྲོ་འཚལ། །འཛུམ་པ་མཛད་པའི་རྒྱུ་རྐྱེན་གང་ཅི་ལགས། །གང་དག་ཐོས་ནས་ཡི་རངས་
འགྱུར་བ་ཡི། །མགོན་པོ་དེ་རིང་བདག་ལ་དེ་ལུང་སྟོན། །དེང་སུའི་དོན་ཆེན་རྒྱ་ཆེན་འགྱུར་བ་དང་། །ཆོས་ཀྱི་མཛོད་འདི་སུ་ཞིག་འཛིན་པ་དང་། །དེང་བདུད་དཔུང་བཅས་བཞོན་དང་བཅས་པ་དག །སུ་འཇོམས་དེ་ནི་བདག་ལ་ལུང་བསྟན་གསོལ། །ཆོས་རྣམས་ཐམས་ཅད་མཐར་
ནི་ཕྱིན་པ་པོ། །ཐུབ་པ་ཁྱོད་འདྲ་མ་མཆིས་གོང་ན་ག་ལ་མཆིས། །མི་མཆོག་ཆོས་དབྱིངས་ཁྱོད་ལ་ཞུ་ལགས་ན། །དོན་དམ་མཁས་པས་དེ་ནི་ལུང་བསྟན་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་
པ། གཞོན་ནུ་པད་མ་དཔལ་གྱི་སྙིང་པོས་བསྟན་པ་འདི་བཤད་པ་ན་སྲོག་ཆགས་སུམ་ཁྲི་བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་ཞུགས་སོ། །ཀུན་དགའ་བོ་དེང་བསྟན་པ་འདིའི་དབང་དུ་བྱས་ནས་ངའི་ཐད་ནས་བྱང་ཆུབ་ཀྱི་ཕྱིར་ཞུགས་པ་དག་ཁྱོད་ཀྱིས་མཐོང་ངམ། ཁྱིམ་བདག་འདི་རྣམས་ནི་འདི་
ནས་ཤི་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་ཀྱང་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དེ་དག་འཛམ་བུའི་གླིང་དུ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་དག་འཛམ་བུའི་གླིང་དུ་སྐྱེས་པའི་མོད་ལ་ཆོས་ཀྱི་
རྣམ་གྲངས་འདི་ཡང་ཉན་པར་འགྱུར་རོ། །དེ་ནས་སྲོག་ཆགས་སུམ་ཁྲི་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་ཀྱང་སླད་མའི་ཚེ་སླད་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བགྱིའོ། །དེའི་ཚེ་དེའི་དུས་ན་འཁོར་དེ་ཉིད་ན་དགེ་སློང་ལྔ་བརྒྱ་
ཙམ་ཞིག་འདུས་ཤིང་འདུག་པར་གྱུར་པ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་སླད་མའི་ཚེ་སླད་མའི་དུས་ན་ཆོས་ཀྱི་རྣམ་

གྲངས་འདི་རྒྱས་པར་བགྱིའོ། །དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དག་འདུས་ཤིང་འདུག་པར་གྱུར་ཏེ། དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་
གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་བདག་ཅག་གིས་ནི་ཆོས་སྨྲ་བ་དེ་དག་བསྲུང་ཞིང་བསྐྱབ་པར་བགྱིའོ། །བརྩོན་པར་བགྱིའོ། །ཀུན་ཏུ་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལས་འོད་ཕྱུང་སྟེ། འོད་རེ་རེ་ལས་ཀྱང་སྤྲུལ་པ་དག་སྤྲུལ་ཏོ། །
སྤྲུལ་པ་རེ་རེ་པོས་ཀྱང་དགེ་སློང་དེ་དག་ལ་མེ་ཏོག་དང་། སྤོས་རྣམ་པ་སྣ་ཚོགས་ཀྱིས་གཏོར་ཏོ། །མངོན་པར་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་རྫུ་འཕྲུལ་མངོན་པར་འདུ་མཛད་པ་འདི་ལྟ་བུ་མངོན་པར་འདུ་མཛད་དེ། ཁྱིམ་བདག་གི་བུ་བཟང་སྐྱོང་དང་། དེད་དཔོན་བཟང་
པོ་དང་། ཕུག་སྦས་དང་། སྡོང་བུས་བྱིན་དང་། ཆུ་ལྷ་དང་། དབང་པོས་བྱིན་དང་། རིགས་ཀྱི་བུ་མིས་བྱིན་དང་། སྐྱེས་བུ་དམ་པ་བརྒྱད་པོ་དེ་དག་ཐམས་ཅད་ཀྱིས་ཤར་ཕྱོགས་ལོགས་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་
འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དག་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་འདི་བསྟན་ཅིང་བཤད་པ་ན།
ཁྱིམ་བདག་བརྒྱད་པོ་དེ་དག་གིས་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོས་ནས་རབ་ཏུ་སྒྲོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཀུན་དགའ་ཁྱོད་ཀྱིས་འདི་དག་ན། །དགེ་སློང་བརྒྱད་པོ་ངའི་མདུན་ན། །ཡེ་
ཤེས་ཆེན་པོ་བྱིན་བརླབ་གསོལ། །ཐུབ་པ་ཆེན་པོ་བྱིན་བརླབ་གསོལ། །མགོན་པོ་བདག་ཅག་སླད་དུས་ཚེ། །འདི་འདྲའི་ཆོས་དག་བཤད་བགྱི་ཞེས། །ཐལ་མོ་སྦྱར་ནས་ཆོས་ཀྱི་ཕྱིར། །གསོལ་བ་འདེབས་པ་མཐོང་གྱུར་ཏམ། །གང་དང་ཐབས་ཅིག་བགྲོ་མཛད་ཅིང་། །

གང་ན་སངས་རྒྱས་གང་སྒྲོགས་རྣམས། །གང་དག་མདོ་འདི་འཛིན་བྱེད་པ། །དེ་ལ་ཐམས་ཅད་སྲུང་བར་མཛད། །གང་དག་བལྟ་དཀའ་ཆོས་སྤྱོད་པས། །སངས་རྒྱས་དེ་དག་དང་མི་འབྲལ། །གང་ཞིག་འདི་ནི་ལུང་ནོད་པ། །དེ་བཞིན་ཉིད་ལ་གནས་པར་
འགྱུར། །ང་ཡིས་བགྲོ་བ་བཤད་པ་འདི། །གང་དག་ལུང་ནོད་འགྱུར་བ་རྣམས། །དེ་དག་གི་ནི་མདུན་ན་ཡང་། །སངས་རྒྱས་བཞུགས་ཤིང་ཞལ་ཡང་སྟོན། །སངས་རྒྱས་བགྲོ་བ་གསུངས་འདི་ནི། །གང་དག་ལུང་ནོད་འགྱུར་བ་ཡི། །དགེ་སློང་དེ་དང་དེ་དག་
རྣམས། །ང་ཡི་ཆོས་སྲུང་སྐྱོང་བར་འགྱུར། །ང་ཡིས་བགྲོ་བ་བཤད་པ་འདི། །གང་དག་ལུང་ནོད་འགྱུར་བ་རྣམས། །དེ་དག་གིས་ནི་བྱང་ཆུབ་བཟུང་། །སངས་རྒྱས་རྣམས་ཀྱི་མཐའ་ཡས་མཛད། །སངས་རྒྱས་བགྲོ་བ་དམ་པ་འདི། །གང་དག་ལུང་ནོད་འགྱུར་བ་
རྣམས། །སངས་རྒྱས་ཡེ་ཤེས་བླ་མེད་ལ། །དེ་དག་ཐམས་ཅད་ངེས་པར་གནས། །སངས་རྒྱས་བགྲོ་བ་དམ་པ་འདི། །གང་དག་ལུང་ནོད་འགྱུར་བ་རྣམས། །དེ་དག་གིས་ནི་བདུད་བཏུལ་ཅིང་། །བྱང་ཆུབ་སྙིང་པོར་གནས་པ་ཡིན། །སངས་རྒྱས་བགྲོ་བ་དེ་བཞིན་ཉིད། །འདི་
ནི་གང་དག་ལུང་ནོད་པ། །དེ་དག་གིས་ནི་བདུད་བཏུལ་ཅིང་། །བྱང་ཆུབ་སྙིང་པོར་གནས་པ་ཡིན། །བསྟན་པ་དེ་ཡང་གཟུངས་དེ་ཡིན། །ཏིང་ངེ་འཛིན་ཀྱང་བསྟན་པ་ཡིན། །སེམས་ཅན་དེ་དག་འདི་དག་བསྟན། །སངས་རྒྱས་བདེན་པ་གཞན་མི་འགྱུར། །གང་གིས་
བྱང་ཆུབ་དག་གི་ཕྱིར། །སངས་རྒྱས་འདི་དག་ཀུན་འདོད་པ། །དེས་ནི་ང་ཡིས་བཤད་པ་ཡི། །བགྲོ་བ་འདི་ནི་ལུང་མནོད་བྱ། །མི་གང་འདས་པའི་རྫོགས་སངས་རྒྱས། །དེ་དག་ལྟ་བར་འདོད་པས་ནི། །ཆོས་ཉིད་ཡེ་ཤེས་ཆེན་པོ་ཡི། །བགྲོ་བ་མྱུར་དུ་ལུང་མནོད་བྱ། །
ཁ་ཅིག་མདོ་འདི་ཚུལ་ལ་ནི། །སྤྲོ་བར་བྱེད་པ་དེ་དག་ལ། །ཕྱི་དུས་ཚེ་ན་ང་ཡིས་ནི། །འདི་འདྲ་བ་ཡི་ཆོས་བཤད་བྱ། །ང་ཡི་ཆོས་ནི་འདི་འདྲ་དག །ཐོས་ནས་བཟུང་སྟེ་མང་དུ་ཐོས། །དེ་དག་གིས་ནི་ཏིང་ངེ་འཛིན། །སྣང་བྱེད་ཅེས་བྱ་དེ་རིང་ཐོབ། །ཕྱི་མའི་དུས་ན་དེ་དག་

གིས། །ཏིང་ངེ་འཛིན་ལ་གནས་ནས་ནི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ང་ཡི་ཆོས་ནི་འཛིན་པར་འགྱུར། །དེ་ཚེ་གང་དག་ཁ་ཅིག་གིས། །མདོ་འདི་འཛིན་འགྱུར་ང་ཡིས་ནི། །དེ་བཞིན་གཤེགས་པ་མ་མཐོང་ཞེས། །ཐེ་ཙོམ་དག་ནི་བསྐྱེད་མི་བྱ། །ཕྱི་དུས་ངན་འགྲོ་ཆེན་པོ་སྟེ། །
དེ་ཚེ་གང་དག་མི་རྣམས་ཀྱིས། །ཏིང་འཛིན་མིང་ནི་ཉན་བྱེད་པ། །ཐམས་ཅད་ང་ཡི་མདུན་ན་འཁོད། །མདོ་འདི་དག་ནི་བསྒྲགས་པ་ཡིས། །ང་ཡི་སྲས་ནི་འདིར་ཡོད་རྣམས། །ཕྱི་དུས་དམ་ཆོས་འཇིག་པའི་ཚེ། །དེ་དག་ཆོས་ནི་སྐྱོང་བར་འགྱུར། །གང་དག་ཁ་ཅིག་མདོ་འདི་ནི། །ཐོབ་པར་
བྱ་ཕྱིར་དེ་ཚེ་བརྩོན། །ཀུན་དགའ་དེ་དག་ཐམས་ཅད་ནི། །སངས་རྒྱས་སྤྱན་གྱིས་ངས་མཐོང་ངོ་། །ཀུན་དགའ་དེ་ཕྱིར་ཁྱོད་ལ་ནི། །བྱང་ཆུབ་མཆོག་མ་གཏད་བྱ་སྟེ། །སྲོག་ཆགས་རྣམས་ལ་བཤད་པ་ལྟར། །ཁྱོད་ལ་འདི་ནི་གཞག་པར་བྱ། །ཁ་ཅིག་མདོ་འདི་བསྲུང་བའི་ཕྱིར། །
དེ་ཚེ་བརྩོན་པར་བྱེད་པ་དག །དེ་དག་གིས་ནི་ང་བསྲུངས་པས། །སངས་རྒྱས་བསྲུངས་པའང་མཐའ་ཡས་སོ། །དེ་ལྟར་ཆོས་བསྲུངས་བྱས་པས་ནི། །མི་དེ་དག་ནི་བསྲུང་བར་འགྱུར། །མདོ་འདི་ཕྱོགས་བཞིར་དེ་དག་གིས། །བཙལ་ཀྱང་རྙེད་པར་མ་གྱུར་ལ། །ངས་བསྟན་པ་
ཡི་སངས་རྒྱས་གང་། །ཕྱོགས་བཅུ་དག་ན་གང་རྣམས་དག །དེ་ལྟར་སངས་རྒྱས་དེ་དག་ལ། །སྦྱིན་པ་བསམ་མི་ཁྱབ་པ་ཕུལ། །རྣམ་སྨིན་དེ་དག་ཇི་སྙེད་པ། །ངས་བཤད་པ་ནི་མཉན་པར་གྱིས། །མདོ་འདི་རྙེད་པར་མ་གྱུར་པ། །རྙེད་པར་གྱུར་ན་སྨོས་ཅི་དགོས། །སངས་རྒྱས་
ཞིང་འདི་ཐམས་ཅད་དག །མ་ལུས་པར་ནི་མི་ཞིག་གིས། །ཇི་ལྟར་བྱེ་མས་བྱུར་བུར་ནི། །རབ་ཏུ་བཀང་བར་གྱུར་པ་དག །སྐྱེས་བུ་ལ་ལས་དེ་དག་ཀུན། །ཤར་ཕྱོགས་ལོགས་སུ་དེ་དག་འདོར། །བྱེ་མའི་རྡུལ་ནི་རེ་རེ་ནས། །ལག་པ་གཅིག་གིས་བླངས་ནས་ཀྱང་། །འཇིག་རྟེན་ཁམས་
དག་མཐའ་ཡས་པའི། །འཇིག་རྟེན་ཁམས་ནི་དེ་དག་ཏུ། །བྱེ་མའི་རྡུལ་ནི་ཇི་སྙེད་ཉིད། །མ་ལུས་པར་ནི་འཇོག་བྱེད་པ། །དེ་བཞིན་དུ་ནི་སྦྱར་བྱས་པ། །མཁས་པ་གང་གིས་མི་ཤེས་ན། །བྱེ་མ་དག་གི་རྡུལ་གྱུར་པ། །འཇིག་རྟེན་ཁམས་སུ་བགྲང་བྱ་སྟེ། །དེ་བཞིན་ལྷོ་ཕྱོགས་དག་ཏུ་ཡང་། །མི་

དག་གིས་ནི་འདོར་བར་བྱེད། །བྱེ་མའི་ཕུང་པོ་ཇི་སྙེད་དེ། །གང་དག་ང་ཡིས་སྔར་བསྟན་པ། །དེ་བཞིན་ཕྱོགས་བཞི་དག་ཏུ་ཡང་། །མི་ཡིས་བྱེ་མ་འདོར་བར་བྱེད། །སྔར་ནི་ཇི་སྙེད་བསྟན་པ་ཡི། །དེ་སྙེད་བྱེ་མར་གྱུར་པ་དང་། །ཇི་སྙེད་བསྟན་པའི་བྱེ་མ་སྙེད། །དེ་སྙེད་འཇིག་རྟེན་ཁམས་
དེ་དག །འདིར་ནི་དེ་དག་ཐམས་ཅད་ཀྱང་། །གྲོང་ཁྱེར་གྲུ་བཞི་གཅིག་གྱུར་ལ། །སྐྱེས་བུ་ལ་ལ་བྱུང་བས་ནི། །གྲོང་ཁྱེར་བརྩིགས་པ་དེ་དག་ཏུ། །རིན་པོ་ཆེ་ཡིས་བཀང་བྱས་ཏེ། །སྐྱོབ་པ་སངས་རྒྱས་རྣམས་ལ་ཕུལ། །སྦྱིན་དེ་དེ་དག་ལ་ཕུལ་བས། །འཇིག་རྟེན་མགོན་པོ་བསམ་མི་ཁྱབ། །རྐང་
གཉིས་གཙོ་བོར་གྱུར་ཅིག་ཅེས། །བྱང་ཆུབ་མཆོག་ཏུ་སྨོན་པར་བྱེད། །དེ་ནི་བྱང་ཆུབ་ཉིད་ཚོལ་ལ། །མདོ་འདི་དག་ནི་མི་ཚོལ་ཏེ། །ངས་བཤད་པ་ཡི་བགྲོ་བ་དག །མདོ་འདི་དག་ནི་རྙེད་མི་འགྱུར། །གང་ཞིག་མདོ་འདི་ཚོལ་བྱེད་པ། །དེ་སྙེད་བསོད་ནམས་འཕེལ་བར་འགྱུར། །མང་དུ་ཐོས་པ་
ཀུན་དགའ་བོ། །འདི་ལས་བྱང་ཆུབ་ལྷག་པར་ནི། །བགྲོ་མཛད་དེ་བཞིན་དགེ་སློང་དང་། །དགེ་སློང་མ་དག་ངས་ལུང་བསྟན། །ངས་བཤད་པ་ཡི་བགྲོ་བ་འདི། །གང་དག་ཚོལ་བྱེད་དེ་དག་གིས། །ང་སྔོན་བྲམ་ཟེ་ཁྱེའུ་དེའི་ཚེ། །གང་གིས་བྱང་ཆུབ་ཕྱིར་ལུང་བསྟན། །དེ་ཚེ་ཐོག་མར་བྱང་ཆུབ་
ཕྱིར། །གང་ལ་བསོད་ནམས་ངས་བསྐྲུན་པ། །མར་མེ་ཞེས་བྱ་བསམ་མི་ཁྱབ། །ཡེ་ཤེས་ལྡན་ཆེན་མཐོང་བ་ཡིན། །གང་དག་འདི་ལུང་ནོད་དེ་དག །རྫོགས་པའི་སངས་རྒྱས་དེ་མཐོང་ངོ་། །རྟག་པར་སེམས་ཅན་ཀུན་བདེ་ཕྱིར། །གྲངས་མེད་བདུན་བརྒྱ་རྫོགས་པ་སྟེ། །གཅིག་ཀྱང་མ་
ཚང་མེད་པར་ནི། །བྱང་ཆུབ་ཆེད་དུ་ངས་བཙལ་ལོ། །མང་ཐོས་ང་དང་ལྷན་ཅིག་ཏུ། །དེ་དག་གིས་ཀྱང་བསོད་ནམས་བསྐྱེད། །གང་དག་འདི་ནི་ལུང་ནོད་ཅིང་། །བྱང་ཆུབ་མཆོག་མར་སྨོན་བྱེད་པ། །དེ་དག་བྱང་ཆུབ་མི་ཉམས་ཤིང་། །དེ་དག་བྱང་ཆུབ་དཀོན་པ་མེད། །གང་དག་ངས་བཤད་
པ་ཡི་མདོ། །འདི་ནི་གང་དག་ལུང་ནོད་པ། །དེ་དག་སངས་རྒྱས་བྱང་ཆུབ་རྒྱུ། །ང་ཡིན་ཏེ་ནི་ཐེ་ཚོམ་མེད། །གང་དག་ཕྱི་མའི་དུས་དེ་ཚེ། །མི་རྣམས་ཀྱིས་ནི་ཚུལ་འདི་མཐོང་། །ཕྱི་མའི་དུས་ན་དགེ་སློང་དག །སངས་རྒྱས་བྱ་བ་བྱེད་པར་འགྱུར། །ངས་བསྟན་པ་ཡི་བགྲོ་བ་དག །འདི་ནི་གང་དག་

འཛིན་འགྱུར་བ། །ཀུན་དགའི་དེ་ཕྱིར་དེ་ལ་ནི། །འདི་འདྲའི་མདོ་དག་ངས་གཏད་བྱ། །སངས་རྒྱས་ཀྱིས་བཤད་བགྲོ་བ་དག །ཡུལ་ཕྱོགས་གང་དུ་འདི་གསུང་བ། །ས་ཡི་ཕྱོགས་ནི་དེ་དག་ཏུ། །དེ་ཚེ་གནོད་སྦྱིན་མདངས་འཕྲོགས་པས། །སེམས་ཅན་རྣམས་ཀྱི་མདངས་མི་འཕྲོག །མང་ཐོས་དེ་ལྟར་ཤེས་པར་
གྱིས། །གང་དག་དུག་དང་བཅས་པའི་ལུས། །ཡུལ་ཕྱོགས་སུ་ནི་བསྐུར་བྱ་སྟེ། །དེ་ན་དེ་དག་དུག་མེད་པར། །འགྱུར་བ་ལ་ནི་ཐེ་ཚོམ་མེད། །སངས་རྒྱས་ཀྱིས་བཤད་བགྲོ་བ་དག །མདོ་འདི་གང་དུ་གསུངས་པ་ཡི། །ས་ཕྱོགས་དེ་ནི་ཀུན་དགའ་བོ། །མཆོད་རྟེན་གྱུར་པར་ཤེས་པར་གྱིས། །སྔོན་གྱི་
མགོན་པོ་འདས་པ་སྟེ། །འཇིག་རྟེན་སྣང་བྱེད་གང་དག་གིས། །ས་ཡི་ཕྱོགས་ནི་འདི་ཉིད་དུ། །མདོ་འདི་དག་ནི་རབ་ཏུ་བཤད། །སེམས་ཅན་མྱ་ངན་འཇིགས་བྱེད་པ། །ད་ལྟར་རྫོགས་སངས་རྒྱས་ངས་ཀྱང་། །ས་ཡི་ཕྱོགས་ནི་འདི་ཉིད་དུ། །མདོ་མཆོག་དག་ནི་བཤད་པར་བྱ། །འཇིག་རྟེན་མགོན་པོ་བསམ་
མི་ཁྱབ། །རྫོགས་པའི་སངས་རྒྱས་བྱམས་པས་ཀྱང་། །ས་ཡི་ཕྱོགས་ནི་འདི་ཉིད་དུ། །མདོ་སྡེ་འདི་ནི་འཆད་པར་འགྱུར། །མང་ཐོས་བྱམས་པ་འདི་ཡིས་ནི། །མདོ་འདི་སྟོན་པར་བྱེད་པ་ན། །ཐེར་འབུམ་བརྒྱད་ཅུ་ཚང་བ་དག །བྱང་ཆུབ་ཏུ་ཡང་ལུང་སྟོན་འགྱུར། །བདག་ནི་གང་གིས་ཡོངས་སྨིན་
བྱས། །ཀྱེ་མའོ་སངས་རྒྱས་ཤཱཀ་ཐུབ་ཅེས། །སྐད་ཅིག་དེ་ལ་ང་ཡི་མིང་། །རྫོགས་སངས་རྒྱས་ཀྱིས་བརྗོད་པར་འགྱུར། །བྱམས་པ་ཡི་ནི་ཐང་དག་ནས། །སྲོག་ཆགས་བྱེ་བ་གྲངས་མེད་པས། །ང་ཡི་མིང་ནི་ཐོས་ནས་ཀྱང་། །བྱང་ཆུབ་མཆོག་ཏུ་སྨོན་པར་བྱེད། །སྐད་ཅིག་དེ་ལ་སངས་རྒྱས་ལ། །དེ་
བཞིན་གཤེགས་པ་བྱམས་པ་ཡང་། །འཛུམ་པ་དག་ནི་མཛད་འགྱུར་ཞིང་། །དེ་ནི་ཆོ་འཕྲུལ་བསམ་མི་ཁྱབ། །ཕྱི་མའི་དུས་ན་གང་ཁ་ཅིག །ཚུལ་འདི་དག་ནི་ཚོལ་བྱེད་པ། །ཀུན་དགའ་དེ་ནི་དེ་ཡི་ཚེ། །བྱམས་དང་ཕྲད་པར་ལུང་བསྟན་བྱ། །ཤཱཀྱ་སེང་གེ་དེ་ཡིས་ནི། །མདོ་འདི་བཤད་པ་དེ་མོད་ལ། །སྲོག་
ཆགས་སྟོང་ཕྲག་བརྒྱད་ཅུ་གང་། །བྱང་ཆུབ་ལ་ནི་མངོན་པར་ཞུགས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་དེ། བཞི་གང་ཞེ་ན། ཀུན་དགའ་བོ་འདི་ལ་དགེ་སློང་ལྷག་པའི་

ང་རྒྱལ་ཅན་ཡིན་ཏེ། ལྷག་པའི་ང་རྒྱལ་ཅན་དེས་ལྷག་པའི་ང་རྒྱལ་མེད་པའི་ཆོས་ཐོས་ན་སྐྲག་ཅིང་དངང་ལ་རབ་ཏུ་དངང་བར་འགྱུར་རོ། །གཡང་ས་ཆེན་པོར་ཡང་ལྟུང་བར་འགྱུར་རོ། །དེས་གཏིང་དཔག་མེད་པ་ཡང་སྤོང་བར་བྱེད་ཅིང་མི་འཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ། །ཀུན་དགའ་བོ་
གཞན་ཡང་དགེ་སློང་དེ་ནི་བདག་ཏུ་མངོན་པར་ཞེན་ཅིང་མཚམས་དྲལ་བ་ཡིན་ཏེ་ཀུན་དགའ་བོ་ཆོས་གཉིས་པོ་འདི་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ཅིང་མི་འཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ། །ཀུན་དགའ་བོ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་ཆོ་ག་ལ་ལོག་པར་
ཞུགས་པ་ཡིན་ཏེ་དེ་ཚུལ་ཁྲིམས་འཆལ་པ་དང་ལྡན་པས་ཚུལ་ཁྲིམས་ཀྱི་གཏམ་ཐོས་ན་ཞུམ་པར་འགྱུར་ཏེ་ཀུན་དགའ་བོ་ཆོས་གསུམ་པོ་འདི་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ཅིང་མི་འཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ། །ཀུན་དགའ་བོ་གཞན་ཡང་དགེ་སློང་དམིགས་པར་ལྟ་
བ་ཅན་བདག་ཏུ་སྨྲ་བ་ཡིན་ཏེ་དེས་སྟོང་པ་ཉིད་ཀྱི་གཏམ་ཐོས་ན་ཆགས་པ་མེད་པ་ལ་སྐྲག་ཅིང་དངང་ལ་རབ་ཏུ་དངང་བར་འགྱུར་ཏེ་ཀུན་དགའ་བོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ་ནི་སྤོང་བར་བྱེད་ཅིང་མི་འཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་
སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ལྷག་པའི་ང་རྒྱལ་ཅན། །མ་ཐོབ་ཐོབ་པའི་འདུ་ཤེས་ཅན། །དེ་ནི་དེས་ན་ངས་བསྟན་པའི། །ཟབ་པའི་ཆོས་ནི་སྤོང་བར་བྱེད། །འཇིག་རྟེན་རྒྱང་པན་འདྲེས་པ་ཡི། །དགེ་
སློང་ཆོས་སྨྲ་གང་ཡིན་པས། །ངས་བསྟན་པ་ཡི་མདོ་ཟབ་པ། །འདི་ནི་རབ་ཏུ་སྤོང་བར་བྱེད། །བདག་ཏུ་སྨྲ་བའི་དགེ་སློང་གང་། །དམིགས་པ་ལ་ནི་རབ་གནས་པས། །བདག་མེད་ཆོས་དག་ཐོས་ནས་ཀྱང་། །ང་ཡི་བསྟན་པ་སྤོང་བར་བྱེད། །དགེ་སློང་ཚུལ་ཁྲིམས་འཆལ་པ་གང་། །སྡིག་པའི་ཆོས་ཅན་མི་
སྡོམ་པས། །ཡོ་བྱད་བསྙུངས་པའི་ཆོས་ཐོས་ན། །ང་ཡི་བསྟན་པ་སྤོང་བར་བྱེད། །སྐྱོབ་པ་ཤཱཀྱ་སེང་གེ་ངའི། །བསྟན་པ་ཤེས་རབ་འཆལ་པ་ཡིས། །སྤངས་ནས་ཀྱང་ནི་ལུས་ཞིག་ནས། །ངན་འགྲོ་རྣམས་སུ་སྐྱེ་བར་འགྱུར། །ཀུན་དགའ་བོ་ཆོས་བཞི་དང་ལྡན་པའི་དགེ་སློང་གིས་དེ་བཞིན་

གཤེགས་པས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་དག་ཐོས་ན་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དག་རབ་ཏུ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་འདི་ལ་བཞི་གང་ཞེ་ན། དགེ་སློང་ལྷག་པའི་ང་རྒྱལ་མེད་པ་ཅན་ཡིན་ནོ། །འཇིག་རྟེན་རྒྱང་པན་པ་དང་མ་འདྲེས་པ་ཡིན་ནོ། །གཞན་དག་ལ་ཆོས་དག་
པ་སྟོན་པ་ཡིན་ནོ། །དམིགས་པ་དང་ལྡན་པ་མ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་མ་ཡིན་ནོ། །དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཀུན་དགའ་བོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་དགེ་སློང་གིས་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་དག་ཐོས་ན་དགའ་བ་
དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དག་རབ་ཏུ་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ང་རྒྱལ་མེད་པ་གང་། །ཡང་དག་ཆོས་ལ་རབ་གནས་དེས། །
ཟབ་པའི་ཆོས་དག་ཐོས་ནས་ནི། །དགའ་བ་མཚུངས་མེད་དེས་འཐོབ་བོ། །ཆོས་ཉིད་ཟབ་པ་ཐོབ་ནས་ཀྱང་། །ཡང་དག་ཆོས་ལ་རབ་གནས་པས། །དམན་པ་འདི་ནི་རབ་བསྒྲགས་ཏེ། །འཇིག་རྟེན་རྒྱང་པན་སྟེན་མི་བྱེད། །བདག་མེད་ཆོས་དག་ཐོས་ནས་ཀྱང་། །གཅིག་ཏུ་མྱུར་བར་ཞུམ་མི་
འགྱུར། །ཟླ་བ་ཡར་གྱི་ངོ་ལྟར་ནི། །དེ་ཡི་ཡེ་ཤེས་རྣམ་པར་འཕེལ། །བདག་མེད་ཆོས་དག་ཐོས་ནས་ཀྱང་། །གང་གི་ཐེ་ཚོམ་ཡོད་མིན་ཞིང་། །ཟླ་བ་ཡར་གྱི་ངོ་ལྟར་ནི། །དེ་ཡི་ཡེ་ཤེས་རྣམ་པར་འཕེལ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ལྷ་དང་། མི་དང་།
ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྟོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་།
ལོ་ཙྪ་བ་བན་དེ་དཔལ་གྱི་དབྱངས་ཀྱིས་བསྒྱུར་ཅིང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། མ་ཧཱ་སན་ནི་པཱ་ཏཱད་མ་ཧཱ་ཡཱ་ན་སཱུ་ཏྲཱཏཏ་ཐཱ་ག་ཏ་ཤྲཱི་ས་མ་ཡ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཚངས་པ་ཆེན་པོའི་ཕུར་བུ་མཐའ་ཡས་མུ་མེད་པ་ལུང་བསྟན་པ། དྲང་སྲོང་རྣམས་ཀྱི་གནས་ཐུབ་པའི་རྟེན་རི་ཐེར་སྒྲ་ལ་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ། བཅོམ་
ལྡན་འདས་ཀྱི་ཉན་ཐོས་བགྲང་བ་ལས་འདས་པ་དག་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་དེར་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འཁོར་
འདུས་པ་ཆེན་པོ་དེ་ན་དཔལ་ལྷ་མོ་ཆེན་མོ་ཆོས་ཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐག་མི་རིང་བ་ཞིག་ན་འདུག་གོ། །དེ་ནས་དཔལ་ལྷ་མོ་ཆེན་མོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་
པ་བཅོམ་ལྡན་འདས་འདི་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོའི་གཟིངས་ཀྱིས་སྐྱེ་བའི་རྒྱ་མཚོ་ལས་སྒྲོལ་བར་མི་བགྱིད་པ་དག་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པ་འདི་ན་སེམས་ཅན་བསོད་ནམས་སུ་གདགས་པ་དང་
བྲལ་བ་དག་ཕལ་ཆེ་ལགས་ཏེ། རྒྱུ་དེ་དང་རྐྱེན་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འདིར་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དག་བསྐྱེད་པར་བགྱིད་ལགས་སོ། །འདི་ན་སེམས་ཅན་རྣམས་གང་གིས་ན་རྒྱུ་མ་མཆིས་པར་སྨྲ་ཞིང་ལོངས་སྤྱོད་དང་བྲལ་ལ། ཚོལ་ཁྲོས་སྡུག་
བསྔལ་ཞིང་ཉམ་ཐག་པ་དང་། དོན་མ་མཆིས་པར་འབད་པ་དེ་དག་ནི་སྦྱིན་པ་རྣམ་པར་བགེད་པ་མ་མཆིས་པར་ཡོངས་སུ་སྨིན་པར་བགྱིད་པའི་རྔོ་མི་ཐོགས་ཏེ། དེ་ལྟ་བས་ན་བདག་ཅག་གིས་སྦྱིན་པའི་གོ་བགོས་ཏེ། བརྩོན་འགྲུས་བརྩམ་པར་བགྱི་ཞིང་། འདི་ལྟར་བདག་ཅག་གིས་སྦྱིན་

པའི་གཟིངས་ཀྱིས་སྐྱེ་བའི་རྒྱ་མཚོ་ལས་བསྒྲལ་བར་བགྱིའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀུན་ཏུ་སྤྱོད་པར་བགྱི་བའི་དངོས་པོས། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་བླ་ན་མ་མཆིས་པ་ལ་འཇུག་པར་བགྱིད་པ་ནས་ཆོས་ཀྱི་རྒྱལ་པོ་བླ་ན་མ་
མཆིས་པར་དབང་བསྐུར་བ་རབ་ཏུ་ཐོབ་པར་བགྱིད་པའི་བར་དུའོ། །བཙུན་པ་བཅོམ་ལྡན་འདས་འདི་ན་སེམས་ཅན་རྟག་པར་སྨྲ་བ་འདི་དག་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་རྒྱ་ཆེན་པོ་དང་བྲལ་ལ་ཚོལ་ཁྲོས་སྡུག་བསྔལ་ཞིང་ཉམ་ཐག་པ་དག་མཆིས་ཏེ། དེ་དག་ཚུལ་ཁྲིམས་རྣམ་པར་
བགེད་པ་མ་མཆིས་པར་ཡོངས་སུ་སྨིན་པར་བགྱིད་པར་རྔོ་མི་ཐོགས་པས། འདིར་སེམས་ཅན་རྟག་པར་སྨྲ་བ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྙིང་རྗེ་ཆེན་པོ་དག་སྐྱེད་པར་བགྱིད་ཅིང་། ཚུལ་ཁྲིམས་ཀྱི་གོ་བགོས་པའི་གཟིངས་ཀྱིས་སེམས་ཅན་རྟག་པར་
སྨྲ་བ་འདི་དག་སྐྱེ་བའི་རྒྱ་མཚོ་འདི་ལས་བསྒྲལ་བར་བགྱིའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀུན་ཏུ་སྤྱོད་པར་བགྱིད་པའི་དངོས་པོས་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་
རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་བླ་ན་མ་མཆིས་པ་ལ་འཇུག་པར་བགྱིད་པ་ནས་ཆོས་ཀྱི་རྒྱལ་པོ་བླ་ན་མ་མཆིས་པར་དབང་བསྐུར་བ་རབ་ཏུ་ཐོབ་པར་བགྱིད་པའི་བར་དུའོ། །བཙུན་པ་བཅོམ་ལྡན་འདས་འདི་ན་སེམས་ཅན་གང་དག་ཕྲ་མ་དང་། ཚིག་རྩུབ་པོ་དང་། ཆགས་སེམས་དང་། གནོད་
སེམས་ཀུན་དུ་སྤྱོད་པའི་ཡིད་ཀྱིས་དེ་དག་འཇིག་ཚོགས་ལ་ལྟ་བ་དང་ལྡན་ཞིང་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་བྲལ་ལ་ཚོལ་ཁྲོས་སྡུག་བསྔལ་ཞིང་ཉམ་ཐག་པ་དག་མཆིས་ཏེ། སེམས་ཅན་དེ་དག་རབ་ཏུ་འབྱུང་བའི་ཚུལ་ཁྲིམས་དང་། སྡོམ་པ་མ་མཆིས་པར་ཡོངས་སུ་
སྨིན་པར་བགྱིད་པར་རྔོ་མི་ཐོགས་པས་སེམས་ཅན་ཕྲ་མ་དང་། ཚིག་རྩུབ་པོ་དང་། ཆགས་སེམས་དང་། གནོད་སེམས་ཀུན་ཏུ་སྤྱོད་ཅིང་། འཇིག་ཚོགས་ལ་ལྟ་བ་དང་ལྡན་པ་ཡང་བ་སྤྱོད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྙིང་རྗེ་ཆེན་པོ་དག་སྐྱེད་པར་བགྱིད་

དེ། བཅོམ་ལྡན་འདས་སེམས་ཅན་དེ་དག་མི་རྟག་པའི་ཚུལ་གྱིས་བསྟན་པ་ལ་འཇུག་པར་བགྱིད་པ་དང་། རབ་ཏུ་འབྱུང་བའི་སྡོམ་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ཡང་བདག་ཅག་གིས་བཟོད་པ་དང་། བརྩོན་འགྲུས་བརྩམས་ནས་བདག་ཅག་གིས་རབ་ཏུ་
འབྱུང་བའི་སྡོམ་པའི་གཟིངས་ཀྱིས་སྐྱེ་བའི་རྒྱ་མཚོ་ལས་བསྒྲལ་བར་བགྱིའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་རྟག་པའི་ཚུལ་གྱིས་སེམས་ཅན་རྣམས་རབ་ཏུ་འབྱུང་བའི་ཚུལ་ཁྲིམས་དང་། སྡོམ་པས་ཡོངས་སུ་སྨིན་པར་
བགྱིད་དེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་བླ་ན་མ་མཆིས་པར་འཇུག་པར་བགྱིད་པ་ནས་ཆོས་ཀྱི་རྒྱལ་པོ་བླ་ན་མ་མཆིས་པར་དབང་བསྐུར་བ་ཐོབ་པར་བགྱིད་པའི་བར་དུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དག་བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་ཞིང་སློབ་པ་ན་བསམ་གཏན་གྱི་ཡན་ལག་རྣམས་འཚལ་བ་དང་། འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་དང་། ཡན་ལག་ལྔ་དང་ལྡན་ཞིང་ཡན་ལག་ལྔ་སྤངས་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིས་རྣམ་པར་
རྩེ་བ་མངོན་པར་འཚལ་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་། བཀུར་སྟི་བགྱི་བ་དང་། དམ་པའི་ཆོས་མཉན་པའི་སླད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱིས་མཆི་བ་ལ་མཁས་པ་དང་། སེམས་ཅན་རྣམས་ཀྱི་ལམ་
གསུམ་མོ། །གསུམ་འདི་ལྟ་སྟེ། ལས་ཀྱི་ལམ་དང་། ཉོན་མོངས་པའི་ལམ་དང་། སྡུག་བསྔལ་གྱི་ལམ་དག་སྐེམས་པར་བགྱིད་པ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་རྫོགས་པར་བགྱིད་པ་དག་ཇི་ལྟ་བུ་ལགས། དེ་བཞིན་དུ་བསམ་གཏན་གྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ཇི་ལྟ་བུ་ལགས། དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དཔལ་ཆོ་ག་ཤེས་ལེགས་སོ་ལེགས་སོ། །དཔལ་ཆོ་ག་ཤེས་ཁྱོད་ཀྱིས་གང་གི་ཚེ་ཆོས་བཞི་པོ་འདི་ལ་ཡོངས་སུ་རྫོགས་པར་སྤྱད་ཅིང་གོམས་པར་བྱས་ཀྱང་ཁྱོད་ཀྱིས་སེམས་ཅན་གཞན་དང་། གང་ཟག་གཞན་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ། དཔལ་ཆོ་ག་
ཤེས་དེའི་ཕྱིར་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཞིག་དང་བཤད་དོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུའོ། །དཔལ་ཆོ་ག་ཤེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་
བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་ཞིང་སློབ་པ་ན་བསམ་གཏན་གྱི་ཡན་ལག་རྣམས་ཤེས་པ་དང་། འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་དང་། ཡན་ལག་ལྔ་དང་ལྡན་ཞིང་ཡན་ལག་ལྔ་སྤངས་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིས་རྩེ་བ་མངོན་པར་ཤེས་
པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་། བཀུར་སྟི་བྱ་བ་དང་། དམ་པའི་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱིས་འགྲོ་བ་ལ་མཁས་པ་དང་། སེམས་ཅན་རྣམས་ཀྱི་ལམ་གསུམ་པོ་ལས་ཀྱི་ལམ་དང་། ཉོན་
མོངས་པའི་ལམ་དང་། སྡུག་བསྔལ་གྱི་ལམ་དག་བསྐམས་པ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྫོགས་པར་བྱེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་འགྱུར་བ་
དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཇི་ལྟ་བུ་ཡིན་ཞེ་ན། དཔལ་ཆོ་ག་ཤེས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཐམས་ཅད་ཀྱི་དང་པོར་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་མཚན་མའི་
དམིགས་པ་ཐམས་ཅད་ལ་སེམས་གཏོད་པར་བྱེད་དེ། དེ་གཡེང་བ་མེད་པའི་སེམས་ཀྱིས་དབུགས་རྔུབ་པར་བྱེད་དོ། །དབུགས་འབྱུང་བར་བྱེད་དོ། །དེ་དང་པོར་དབུགས་རྔུབ་པའི་སེམས་ཀྱིས་སེལ་བར་བྱེད་པ་དེ་དག་ནི་དེའི་རྣམ་པར་རྟོག་པ་ཡིན་ནོ། །དེ་ངེས་པར་འབྱུང་བ་ན་དབུགས་

འབྱུང་བའི་སེམས་ཀྱིས་སེལ་བ་དེ་དག་ནི་དེའི་རྣམ་པར་དཔྱོད་པ་ཡིན་ནོ། །དེ་ལ་དགའ་ཞིང་ཚིམ་པ་གང་ཡིན་པ་དང་། སེམས་རྩེ་གཅིག་པ་ཉིད་གང་ཡིན་པ་དང་། གཡེང་བ་མེད་པ་གང་ཡིན་པ་དེས་ན་དེ་ངེས་པར་འབྱུང་བ་ལ་གནས་ཤིང་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་
སྤོང་བའི་སེམས་དང་ལྡན་པ་ཡིན་ནོ། །དེ་ལྟར་ན་དེར་དེས་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་བཅས་པའི་བསམ་གཏན་དང་པོ་ཐོབ་པ་ཡིན་ནོ། །དེ་ལ་མཚན་མ་འདི་དག་འབྱུང་སྟེ། དེའི་ལུས་ཐམས་ཅད་གཡོ་བར་འགྱུར་རོ། །དྲོ་བར་འགྱུར་རོ། །དེར་དེ་འདོད་པའི་འདུན་པའི་སྒྲིབ་
པ་སྤོང་བ་ཡིན་ནོ། །དེ་མི་དགེ་བའི་ཆོས་ཐམས་ཅད་གནོན་པར་བྱེད་དོ། །དེ་གང་གི་ཚེ་བརྩོན་པ་དྲག་པོས་ཡིད་ལ་བྱེད་ཅིང་གནས་པ་དེས་ན་དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་བ་ཡིན་ཏེ། དེས་ན་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མེད་པའི་བསམ་
གཏན་གཉིས་པ་ཐོབ་པ་ཡིན་ནོ། །དེ་ལྟར་དེའི་ལུས་ཐམས་ཅད་ཤིན་ཏུ་སིམ་པ་དང་། བདེ་བ་དང་། ཚིམ་པར་འགྱུར་བ་ནི་དཔེར་ནའོ་མ་འཇམ་ཙམ་གྱིས་ལུས་ལ་ཅིག་ཅར་བླུགས་ན་བདེ་བ་མྱོང་བ་བཞིན་ནོ། །དེས་བདག་ནི་འདི་ལྟར་གྱུར་པར་ཤེས་ཏེ། དེས་ཟང་ཟིང་མེད་པའི་དགའ་བ་དང་
བདེ་བ་དེ་ལྟ་བུ་དང་ལྡན་ནོ་སྙམ་དུ་ཤེས་སོ། །བྱང་ཆུབ་སེམས་དཔའ་དེས་དཀོན་མཆོག་གསུམ་ལ་དད་པ་ཐོབ་ནས། དེ་འདི་སྙམ་དུ་བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་བགོས་ནས། བསམ་གཏན་ལ་ཡང་མངོན་པར་བརྩོན་པར་བྱ་ཞིང་། བདག་གིས་ཅི་
ནས་ཀྱང་ལུས་དང་སེམས་ཀྱི་བདེ་བ་ཡང་དོར་བར་བྱའོ་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་གོམས་པར་བྱ་བ་སེམས་ཀྱི་དམིགས་པ་དག་འདོར་བར་བྱེད་དོ། །དེ་སྣའི་རྩེ་མོར་སེམས་གཏོད་པར་བྱེད་དེ་གང་
གིས་འཇུག་པ་དང་། ངེས་པར་འབྱུང་བ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ལ་གནས་པའི་སེམས་ཀྱིས་ཉེ་བར་རྟོག་པར་བྱེད་དོ། །དེ་སེམས་དེའི་སྐད་ཅིག་མ་ལ་ཞིག་པ་དང་། སྐྱེ་བ་དང་། འཇིག་པ་ཉེ་བར་རྟོག་པར་བྱེད་དེ། སེམས་དང་། ཡིད་དང་། རྣམ་པར་

ཤེས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་ལ་ཆུ་ཟླ་དང་། མིག་ཡོར་དང་། སྨིག་རྒྱུ་ལྟ་བུ་དང་། གློག་ལྟ་བུ་དང་། བདག་པོ་མེད་པ་དང་། ཐམས་ཅད་སྐད་ཅིག་མ་འཇིག་པ་དང་ལྡན་པར་རྟོགས་ཏེ། དེ་དེ་ལྟར་དགའ་བ་དང་། བདེ་བ་རབ་ཏུ་གཏོང་བར་བྱེད་དེ། དེས་
དེར་བསམ་གཏན་གསུམ་པ་ཡང་ཐོབ་པ་ཡིན་ནོ། །གང་དུ་ཆོས་དེ་དག་འཕེལ་བཞིན་དུ་འགོག་པ་ཡིད་ལ་བྱེད་པའི་སེམས་ཀྱིས་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་པ་དེ་ལ་མཚན་མ་འདི་དག་འབྱུང་སྟེ། དེས་མིག་གཉིས་ཀ་བཙུམས་ཀྱང་ཉི་མའི་སྣང་བ་ཆེན་པོ་ལྟ་བུར་སྣང་བ་དག་
ཡང་དག་པར་ལྟ་བར་བྱེད་པ་ན། དེ་འདི་སྙམ་དུ་མཚན་མའི་སྟོབས་སྣང་བའི་རྐྱེན་ལས་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམ་པར་འཕེལ་ཞིང་འབར་བས་བདག་གིས་ཅི་ནས་ཀྱང་། ཡིད་ལ་བྱེད་པའི་སེམས་ཀྱི་
དམིགས་པའི་སྣང་བ་དག་དོར་བར་བྱའོ་སྙམ་དུ་སེམས་སོ། །དེ་དེར་དེའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་གང་ཡིན་པ་ཡིད་ལ་བྱེད་པ་ཀུན་འབྱུང་བ་དག་སྐྱེ་ཞིང་འཇིག་པ་དང་། འགོག་པའི་ཚུལ་གྱིས་རབ་ཏུ་ཞི་བར་བྱེད་ལ། འགོག་པའི་གྲོང་ཁྱེར་ཤིན་ཏུ་
ཡོངས་སུ་དག་པར་འཇུག་པར་ཡང་བྱེད་དོ། །དེ་ལུས་དང་། ངག་དང་། ཡིད་ལ་བྱེད་པ་ཤིན་ཏུ་སྦྱངས་པ་ལ་གནས་སོ། །ཡང་དེ་ལས་ཀྱང་ལྡང་ངོ་། །ཡང་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་མཚན་མ་དག་འཛིན་པར་བྱེད་ལ། རེག་པ་ཡིད་ལ་བྱེད་པས་མཚན་མ་ལ་ཉེ་
བར་རྟོག་པར་ཡང་བྱེད་དོ། །ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག་པར་ཡང་བྱེད་ལ། ཡང་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་སྐྱེ་བ་དང་། འཇིག་པའི་མཚན་མའི་དམིགས་པ་དག་ཡང་དག་པར་ལྟ་བར་ཡང་བྱེད་དོ། །སྨོན་པའི་ཏིང་ངེ་འཛིན་དེ་ལ་ཡང་གནས་ལ་ཡང་
ན་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་ཞི་བ་དང་། འགོག་པ་ལ་ཡང་དག་པར་ལྟ་བར་ཡང་བྱེད་དོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་རྣམ་པར་ཐར་པ་གསུམ་བསྒོམ་

པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ། ཡང་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བར་མི་སྨོད་ཅིང་འཇིག་པའི་ཚུལ་གྱིས་དམིགས་པས་ཉེ་བར་རྟོག་པར་ཡང་བྱེད་དོ། །དེ་ལ་ཡང་དག་པའི་སྤོང་བ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ། ཡང་ན་དབུགས་རྔུབ་
པ་དང་། དབུགས་འབྱུང་བའི་སྐྱེ་བ་དང་། ནུབ་པའི་མཚན་མ་ལ་ཉེ་བར་རྟོགས་པར་ཡང་བྱེད་དོ། །དེ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ། ཡང་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་མཚན་མ་ལ་དམིགས་པས་ཉི་ཟེར་གྱི་རྡུལ་དང་འདྲ་བར་ཕྱེ་མར་
རླགས་པ་བཞིན་དུ་རང་གི་ལུས་ལ་ཉེ་བར་རྟོག་པར་ཡང་བྱེད་དོ། །དེ་དབང་པོ་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ། ཡང་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བ་སྐྱེ་བ་དང་། ནུབ་པའི་ཚུལ་གྱིས་འདུ་བྱེད་གསུམ་ལ་ཉེ་བར་རྟོག་པར་ཡང་བྱེད་དོ། །དེ་སྟོབས་ལྔ་བསྒོམ་
པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ། ཡང་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་ཚོར་བའི་མཚན་མ་གསལ་བའི་ཚུལ་གྱིས་ཕུང་པོ་དག་ལ་ཞི་བ་དང་ཉེ་བར་ཞི་བར་རྟོག་པར་ཡང་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ།
ཡང་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་རླུང་གི་རྣལ་འབྱོར་ཡིད་ལ་བྱེད་པས་སའི་ཁམས་གཟུགས་སུ་སྣང་བ་ཐམས་ཅད་རྡུལ་དུ་རླགས་ཏེ་གཏོར་ནས་མཚན་མ་མེད་པ། ལུས་པ་མེད་པ། བརྗོད་དུ་མེད་པ། མཚན་ཉིད་མེད་པ། རྣམ་པར་རིག་པ་མེད་པ། འདུ་བྱེད་གསུམ་ཞི་བ།
ཉེ་བར་ཞི་བ། འགགས་པ། དམིགས་པ་མེད་པའི་ཏིང་ངེ་འཛིན་དག་རབ་ཏུ་ཐོབ་བོ། །བསམ་གཏན་ལ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དེ་ལྟ་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་ཐུན་མོང་བ་ཡིན་ལ། བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡང་ཐུན་མོང་ཡིན་ནོ། །གང་དག་ཁ་ཅིག་དེ་ལ་གནས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཡིན་ནོ། །བརྩོན་འགྲུས་ཞན་པ་ཁ་ཅིག་ནི་ཉན་ཐོས་ཀྱི་ཆོས་རྣམས་ལ་འཕེལ་ལོ། །ཁ་ཅིག་ནི་དགྲ་

བཅོམ་པའི་འབྲས་བུ་ལ་གནས་པའི་བར་དུའོ། །གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འབད་པ་བརྟན་པ། སེམས་ཅན་ཐམས་ཅད་ལ་ལྟ་ལ། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་གོམས་པར་བྱས་ཏེ། བསམ་གཏན་ཡོངས་
སུ་སྦྱོང་བས་རྣམ་པར་རྩེ་བའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དེ་ལྟ་བུ་དེ་ལ་གནས་ནས་རྣམ་པར་ལྡོག་པར་ཡང་མི་བྱེད་ལ། ཉན་ཐོས་ཀྱི་ངེས་པ་ལ་འཇུག་པར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གོ་ཆ་ཆེན་པོ་བགོས་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སོ་སོ་
ཡང་དག་པར་རིག་པ་ལ་སྦྱོར་བ་ཡོངས་སུ་སྦྱོང་བ་ལ་གནས་པ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་འགྱུར་བའི་བར་དུའོ། །དཔལ་ཆོ་ག་ཤེས་ཡུལ་འཁོར་དེ་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་
དང་། དགེ་བསྙེན་མ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་བསམ་གཏན་ཡོངས་སུ་སྦྱོང་བས་རྣམ་པར་རྩེ་བ་ཡིད་ལ་བྱེད་པ་
དེ་ལྟ་བུ་དག་གིས་གནས་པ་ནས་ཡུལ་འཁོར་དེ་ལྷའི་དབང་པོ་ཐམས་ཅད་ཀྱིས་ལེགས་པར་བསྲུངས་པར་འགྱུར་རོ། །ཡུལ་འཁོར་དེ་ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་
འཕྱེ་ཆེན་པོའི་དབང་པོ་དང་། ཡི་དགས་ཀྱི་དབང་པོ་དང་། ཤ་ཟའི་དབང་པོ་ཐམས་ཅད་ཀྱིས་ལེགས་པར་བསྲུངས་པར་འགྱུར་རོ། །དེ་ན་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པའི་སྦྱིན་གནས་དག་འཁོད་པའི་བར་དུའོ། །ཡུལ་འཁོར་དེའི་རྒྱལ་པོ་ཡང་ཡིད་དང་འཐད་པའི་ཆོས་བཅུ་ཐོབ་པར་
འགྱུར་ཏེ། བཅུ་གང་ཞེ་ན། ནད་མེད་པ་དང་། ནད་ཐམས་ཅད་རབ་ཏུ་ཞི་བ་དང་། ཚེ་རིང་བ་དང་། གཟུགས་བཟང་བ་དང་། མདོག་བཟང་པོ་དང་ལྡན་པ་དང་། ཡན་ལག་དང་ཉིང་ལག་སྡུག་པ་དང་། འཁོར་སྐྱེ་བོ་བཟང་བ་དང་། ལས་ཀྱི་མཐའ་ལེགས་པར་སྤྱད་པ་སྤྱོད་པ་དང་། བྱམས་

པ་དང་། སྙིང་རྗེ་ལ་སྦྱོར་བ་དང་། སྙན་པར་གྲགས་པ་དག་སྟེ། ཏིང་ངེ་འཛིན་དེ་ལྟ་བུ་དག་དང་ལྡན་པའི་སྦྱིན་གནས་སྣོད་དུ་གྱུར་པ། མཐོ་རིས་སུ་འགྲོ་བའི་ཡུལ་འཁོར་དེ་ནི་ཡོན་ཏན་དང་། ཕན་ཡོན་ཆེན་པོ་བཅུ་པོ་དེ་དག་གིས་རྒྱས་པར་འགྱུར་རོ། །རང་གི་དཔུང་དང་། གཞན་གྱི་
དཔུང་དང་། ཆོམ་རྐུན་དང་། མི་རྒོད་དང་། རི་དགས་དང་། སྟག་དང་། སྦྲང་མ་དང་། ཤ་སྦྲང་དང་། ཕྱེ་མ་ལེབ་དང་། ཆར་ཆེས་པ་དང་། ཐན་ཆེས་པ་དང་། དུས་མ་ཡིན་པའི་རླུང་དང་། ལྷགས་པ་དང་། ཉི་མས་གདུངས་པ་དང་། ཚ་བའི་རེག་པ་དག་གིས་གནོད་པར་མི་འགྱུར་རོ། །
ཡུལ་འཁོར་དེ་ས་གཞི་མཉམ་སྟེ། དགོན་པ་དང་གཅོང་རོང་མེད་དོ། །ཚ་བ་དང་ཁ་བ་མེད་དོ། །དེ་ན་ས་བོན་སྣ་ཚོགས་དག་འཕེལ་ལོ། །འབྲུ་དང་། སྨན་དང་། རྩྭ་དང་། ཤིང་དང་། ཤིང་ལྗོན་པ་དང་། ཆུ་དག་ཕུན་སུམ་ཚོགས་ཤིང་ཆུད་མི་ཟ་བར་འབྱུང་ངོ་། །དེ་ན་མེ་ཏོག་དང་། སྨན་
དང་། འབྲུ་དང་། རོ་རྣམས་ཆུད་མི་ཟ་བར་ཕུན་སུམ་ཚོགས་པར་འགྱུར་རོ། །ཡུལ་འཁོར་དེར་ཡིད་དུ་མི་འོང་བའི་སྒྲ་དང་། ཕྱི་དགྲ་དང་། ནང་འཁྲུག་གི་དཔུང་དག་དང་། ལོ་ཉེས་དང་། ནད་དང་། དུས་མ་ཡིན་པའི་ནད་དང་། འཆི་བ་དག་མི་འབྱུང་ངོ་། །དེ་ན་སེམས་ཅན་རྣམས་ཚེ་
རིང་ཞིང་ཁ་དོག་དང་ལྡན་ནོ། །བདེ་བ་མང་ཞིང་སེམས་ལ་རྙོག་མ་མེད་དོ། །རྩེ་དགའ་དང་མཚུངས་པར་ལྡན་ཞིང་ཆོས་སྤྱོད་ལ་མཐོ་རིས་དག་ལ་གཞོལ་ལོ། །ཡུལ་འཁོར་དེ་ན་སྦྱིན་གནས་སྣོད་དུ་གྱུར་པ་དག་རྣལ་འབྱོར་ཡིད་ལ་བྱེད་པ་དང་འཐུན་པར་མངོན་པར་དགའ་བ་དང་
བཅས་པས་གནས་སོ། །དེ་ན་བཟའ་བཏུང་གི་ལོངས་སྤྱོད་མ་ཚང་བ་མེད་དོ། །འབྱུང་བ་ཆེན་པོ་ཡིད་དུ་འོང་བ་དག་གིས་བརྟན་ཏོ། །དབང་པོ་དང་ཁམས་དག་རྒྱས་ཤིང་མི་འཐུན་པ་མེད་དོ། །ཡུལ་འཁོར་དེ་ན་མི་རྣམས་དཔའ་ཞིང་དྲན་པ་དང་ལྡན་ལ། བྱམས་པ་དང་། སྙིང་རྗེ་དང་
ལྡན་ཞིང་མཐོ་རིས་དག་ལ་གཞོལ་ལོ། །དཔལ་ཆོ་ག་ཤེས་ཡུལ་འཁོར་དེ་ཆོས་བཅུ་པོ་དེ་དག་གིས་ལེགས་པར་བརྒྱན་པ་ཡིན་ནོ། །དཔལ་ཆོ་ག་ཤེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཀྱི་སྒྲིབ་པ་ནི་འདི་ཡིན་ཏེ། ཐེག་པ་ཆེན་པོ་གཏོང་བ་དང་། སླུ་ཞིང་ཉན་ཐོས་ཀྱི་ས་ལ་

འཇོག་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཉན་ཐོས་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བའི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ལྟ་བུ་ཡིན་ནོ། །ཉན་ཐོས་གང་དག་གི་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པར་མི་ཤེས་པ་དེ་དག་ནི་ཁམས་
གསུམ་གྱི་བཙོན་རའི་གནས་ཀྱི་ཡན་ལག་ལྔ་མ་སྤངས་ཤིང་ཡན་ལག་ལྔ་དང་ལྡན་པ་ཡིན་ནོ། །གང་དག་ཁམས་གསུམ་ལས་ཡང་དག་པར་འདས་པ། མི་སློབ་པའི་ས་ལ་རབ་ཏུ་གནས་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པས་རྣམ་པར་རྩེ་བ། མངོན་པར་ཤེས་པ་ཕ་རོལ་
ཏུ་ཕྱིན་པ་ཐོབ་པ། བསྐལ་པས་ངེས་པར་འབྱུང་བ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཞལ་ནས་སྐྱེས་པ། ཆོས་དང་ལྡན་ཞིང་ཆོས་ཀྱི་སྤྲུལ་པ་དེ་དག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་དག་ལ་མཆོད་པ་དང་། བཀུར་སྟི་བྱ་བ་དང་། ཆོས་མཉན་པའི་ཕྱིར་སངས་
རྒྱས་ཀྱི་ཞིང་གཞན་དག་ཏུ་འགྲོ་བར་ཡང་མི་ནུས་ལ་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་ལམ་གསུམ་པོ་དག་ཀྱང་བསྐམ་པར་མི་ནུས་སོ། །གང་ན་ཉན་ཐོས་བསམ་གཏན་གྱིས་རྣམ་པར་རྩེ་བ་མངོན་པར་ཤེས་པ་དག་ནི་དེ་ལྟ་བུ་ཡིན་ལ། ཡུལ་འཁོར་དེའི་ཡོན་ཏན་
དང་ཕན་ཡོན་ནི་དེ་ལྟ་བུ་ཡིན་ཏེ། སྔར་ཇི་སྐད་གསུངས་པ་ལྟ་བུའོ། །འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་བཅོ་ལྔ་པ་རིའི་སྙིང་པོའི་ལེའུ་ལས། ཉན་ཐོས་མཚོན་པ་སྟེ་དང་པོ་རྫོགས་སོ།། །།དཔལ་ཆོ་ག་ཤེས་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
དང་། ཉན་ཐོས་དང་། རང་རྒྱལ་ཐམས་ཅད་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་ཐུན་མོང་དུ་གཞག་པ་དང་། གང་གིས་བྱང་ཆུབ་སེམས་དཔའ་སེམས་ད