Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ
Văn bản gốc(Tây Tạng)
Trang 13 / 19 (50.000 ký tự/trang)
དིར་ལོ་མང་དུ་བཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདས་པའི་བསྟན་པ་ཡང་ལོ་མང་དུ་གནས་ནས། དམ་པའི་ཆོས་ ནུབ་པར་གྱུར་པའི་ཚེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་བྲི་བའི་དུས་ན། ཆོས་མ་ཡིན་པའི་ཕྱོགས་འཕེལ་བའི་ཚེ། དགེ་སློང་སངས་རྒྱས་ཀྱི་བློ་གྲོས་ཞེས་བྱ་བ་ཞིག་དགོན་པ་ན་གནས་ཏེ། དགེ་སློང་དེ་ལ་སེམས་ཅན་དགེ་བའི་རྩ་བ་དང་ལྡན་པ་གཅིག་གིས། རིན་ ཐང་མེད་པའི་གོས་བྱིན་ནས། དགེ་སློང་དེས་རྗེས་སུ་གཟུང་བའི་ཕྱིར་བླངས་ཏེ། ཨི་ཤིན་འདའི་ར་བའི་དྲུང་ནས་ཕར་བསྟན་ཏེ་སོང་བ་དང་། ཨི་ཤིན་འདའི་མིས་གོས་དེ་མཐོང་ནས་སེམས་བཟློག་སྟེ། ནུབ་མོ་མུན་ཁུང་ན་དགེ་སློང་དེའི་ཐད་དུ་སོང་སྟེ། གོས་དེ་ཕྲོགས་ ནས་རི་ཁྲོད་དུ་ཁྲིད་དེ། གཅེར་བུར་ཕྱུང་ནས། ཤིང་ལ་ལག་པ་གྱེན་དུ་དམ་པོར་བཅིངས་ཏེ་སོང་ངོ་། །དེའི་ནུབ་མོ་མུན་ཁུང་ན་མེ་ཏོག་ཐུ་བའི་བྲམ་ཟེ་སྐོན་པ་ཐོགས་ཏེ། འབྲོག་དགོན་པར་འོངས་ནས་ནམ་ལངས་ཏེ། ཙམ་པ་ཀ་ཞིག་གི་དྲུང་ན་སྟག་འདུག་པས་སྐྲག་ སྟེ། སྟག་དེས་བསད་ལ་ཐུག་པ་དང་། ཅི་ཐར་དུ་བྲོས་ཏེ། བདག་ཉིད་རབ་ཏུ་མི་དགའ་ཞིང་སོང་སོང་ན་དགེ་སྦྱོང་གཅེར་བུར་བཅིངས་པ་མཐོང་ནས། །ཀྱེ་མ་དགེ་སྦྱོང་དགོན་པ་པ་ངུར་སྨྲིག་ཅན་འདིར་འོངས་ན། ངུར་སྨྲིག་གི་རྒྱལ་མཚན་གྱིས་ནི་ཐར་བར་མི་འགྱུར་བ་ལྟ་ ཞིག་སྙམ་སྟེ། ལག་པ་བསྒྲེང་ནས་ལུས་གཅེར་བུར་བྱུང་ལ་དཀའ་ཐུབ་སྤྱད་པར་བྱའོ་སྙམ་ནས། ལམ་འདི་ངེས་པར་ཐར་བའི་ལམ་དུ་ལེགས་པར་བསྒྲུབ་པ་ཡིན་ནམ་ཞེས་དམ་པའི་ཆོས་གཞིག་པའི་ཕྱིར་བདག་གི་གོས་ངན་པ་བོར་ཏེ། སྐྲ་བཏོགས་ནས་མགོ་རེག་གཅེར་ བུ་པའི་དགེ་སྦྱོང་དུ་གྱུར་ཏེ། དེ་ལས་དགེ་སྦྱོང་གཅེར་བུ་པ་བྱུང་ངོ་། །དགེ་སློང་དེ་བདག་ཉིད་བཅིངས་པ་ཁྲོལ་ནས་ཤིང་ཤུན་བླངས་ཏེ་ས་སེར་པོས་བྱུགས་ནས། ཐང་ལ་འགྲོ་བ་བྲམ་ཟེ་ཞིག་གིས་མཐོང་ནས། སྔར་བཤད་པ་བཞིན་དུ་མཐོང་བ་དང་། འདི་ནི་ངུར་ སྨྲིག་གྱོན་པའི་དགེ་སློང་སྟེ། ངུར་སྨྲིག་བོར་ལ། བཙག་གིས་བྱུགས་ཏེ་སོང་ན། ཐར་པའི་ལམ་ནི་འདི་ཡིན་པ་སྙམ་སྟེ། །འདི་ནི་དགེ་བར་འགྲོ་བའམ། ཅི་ཞེས་དེ་ཀུན་དུ་རྒྱུ་བར་གྱུར་ཏེ། །དེ་ལས་མུར་འདུག་ཀུན་དུ་རྒྱུ་བ་བྱུང་ངོ་། །དགེ་སློང་ཕྱེ་མ་རེད་ཚུར་ཞུགས་ ཏེ། རང་གི་ཀླད་པའི་རྨ་ཆུས་བཀྲུས་ནས་སྐྲ་འཇམ་པོས་ཀླད་པའི་རྨ་གཡོགས་ཏེ། སྦྲུལ་བསད་པའི་རས་བ་ལང་རྫིས་བོར་བ་གྱོན་ཏེ། ཁྲུས་བྱེད་པ་དེ་སྐྱེས་བུ་ཤིང་ཐུ་བ་གཞན་ཞིག་གིས་མཐོང་སྟེ། སྔ་མ་ལྟར་དགེ་སློང་དེ་ཉོན་མོངས་པ་མཐོང་ནས། དགེ་སྦྱོང་འདི་ནི་ ངུར་སྨྲིག་གྱོན་ཏེ། རྒྱལ་མཚན་ངུར་སྨྲིག་གིས་ནི་ཐར་པར་མི་འགྱུར་བ་སྙམ་དུ་བསམས་ནས། རལ་པ་རིང་པོར་བྱས་ཏེ། རྩྭ་གོས་གྱོན་ནས་དུས་གསུམ་དུ་ཁྲུས་བྱེད་པའི་དཀའ་ཐུབ་སྤྱོད་པ་ཡིན་དུ་བཟུང་ནས། དེ་དགེ་བ་ཡིན་ནམ་ཞེས་འདི་ཉིད་ཐར་ པའི་ལམ་སྟེ། གཞན་མ་ཡིན་ནོ་ཞེས་དཀའ་ཐུབ་ཅན་དུ་གྱུར་ཏེ། དེ་ཚུན་ཆད་ཡ་མཚན་ཅན་དཀའ་ཐུབ་བྱེད་པ་བྱུང་ངོ་། །དགེ་སློང་དེ་ཚུར་ཞུགས་ཏེ་རྨ་མང་པོ་ཐམས་ཅད་ལ་རྣག་གིས་ཡོག་སྟེ། རང་གི་ལུས་རྡུལ་གྱིས་གང་ཞིང་སྦྲང་མ་འདུ་ཞིང་དགེ་སློང་དེ་སྐྲ་འཇམ་ པོས་གཡོགས་པ་མཐོང་ནས། མུར་འདུག་སྤྱོད་པ་དང་། ཕྱུགས་བདག་པ་རྣམས་དེ་ལྟར་བྱུང་ངོ་། །དགེ་སློང་དེ་བ་ལང་གི་ལྕི་བ་ཡར་ཀེ་མའི་མེ་བུས་ཏེ་བསྲོ་བ་སྐྱེས་བུ་ཉོན་མོངས་པ་གཞན་ཞིག་གིས་མཐོང་ནས། བ་ལང་གི་ལྕི་བའི་རིལ་བུ་ཅན་ཐོག་མ་དེ་ནས་ བྱུང་ངོ་། །དགེ་སློང་དེ་རྨ་ལ་སྡུག་བསྔལ་རེག་པར་ཤེས་ནས། དཔའ་བོ་ལྟར་འདུག་པ་སྐྱེས་བུ་ཉོན་མོངས་པ་གཞན་ཞིག་གིས་སྔ་མ་བཞིན་དུ་མཐོང་སྟེ། ངུར་སྨྲིག་གྱོན་པ་ནི་ཐར་པར་མི་འགྱུར་རོ་སྙམ་ནས་ཅི་ལེགས་པར་འགྲོའམ་སྙམ་སྟེ། མི་གཡོ་བའི་སར་ འགྲོ་བ་ཐར་པ་ཡིན་སྙམ་དུ་བསམས་ནས། མི་གཡོ་བའི་ས་མྱ་ངན་དུ་འགྲོ་བར་གྱུར་ཏོ། །དེ་ལྟར་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་གི་བར་དུ་གྱུར་པ་རྣམས་ཀྱང་སོ་སོ་ནས་དེར་ལྷགས་ཏེ། དགེ་སློང་དེ་ཅི་དང་ཅི་ལྟ་བ་མཐོང་ནས་ལོག་པའི་ལྟ་བས་གཞན་དང་གཞན་ དུ་བརྟགས་སོ། །འདི་ལྟ་སྟེ་དཔེར་ན། ཕན་ཚུན་དུ་རི་དགས་སུ་མཐོང་ནས། རི་དགས་གསད་སྙམ་དུ་བསམས་ཏེ། གཅིག་ལ་གཅིག་གསོད་པ་དེ་བཞིན་དུ་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་ཀྱང་དེ་ལྟར་བྱུང་ངོ་། །དཔེར་ན་དབྱར་ཟླ་ར་བ་རི་དགས་རྣམས་སྨིག་ རྒྱུ་བ་ལ་ཆུ་ཡིན་སྙམ་དུ་བསམས་ཏེ། མཆི་བར་འགྱུར་བ་དེ་བཞིན་དུ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ན་དགེ་སློང་གི་གཞི་ལས་གཞན་དུ་གྱུར་ཏེ། འཇམ་དཔལ་དེ་ལྟར་འཇིག་རྟེན་པའི་ཚུལ་ཁྲིམས་དང་། སྤྱོད་པ་དང་། བྱ་བའི་མཆོག་ཐམས་ཅད་ཀྱང་སངས་ རྒྱས་ཀྱིས་སྤྲུལ་པའོ། །དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ན་དེ་ལྟ་བུ་བྱུང་ན་ཆོས་ནུབ་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་བདག་གི་དེ་ཁོ་ན་ནི་འདི་འདྲ་དེ་འདྲའོ་ཞེས་ལོག་པར་ལྟ་བ་བཞིན་དུ་འདི་ལྟ་སྟེ། ཐར་པ་དང་བདག་དང་འཇིག་རྟེན་ལས་འདས་པ་ལ་ལྡེམ་ པོ་ངག་མི་ཤེས་པས་བདག་མེད་པ་སངས་རྒྱས་ཀྱི་ཚིག་གོ་ཞེས་མུར་འདུག་བྱུང་བ་ལྟར་རྣམ་པར་རྟོག་གོ། །རྗེས་སུ་དཔག་པས་ཚུགས་པའི་འཇིག་རྟེན་པ་ལ་ཡང་གཏི་མུག་གི་ཆོས་ཀྱི་དབང་དུ་སོང་ངོ་། །འཇིག་རྟེན་ལས་འདས་པ་ལ་ཡང་ལྡེམ་པོ་ངག་ཏུ་བཤད་པ་མི་ ཤེས་པས་ཤེས་པ་ཉམས་ཏེ། དེའི་ཕྱིར་ཕྱོགས་གཉིས་སྤངས་ཏེ། བདག་ཏུ་གཏོགས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་དང་། དེ་བཞིན་གཤེགས་པ་དང་། དགེ་འདུན་གྱི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པའི་ཐེག་པ་དབུ་མའི་ལམ་དུ་བསྟན་ཏོ། །དབུ་མའི་ལམ་ཞེས་བྱ་ བ་ནི་ཐེག་པ་ཆེན་པོའི་བླ་དགས་སོ། །སོར་མོའི་ཕྲེང་བས་སྨྲས་པ། དབུ་མའི་ལམ་མི་ཤེས་པས་སེམས་ཅན་རྣམས་དབུ་མའི་ལམ་གཞན་དུ་རྟོག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ་མདོ་སྡེ་འདི་བཤད་པ་ཐོས་ནས་སེམས་ཅན་མང་ དུ་མདོ་སྡེ་འདི་ལ་ཡིད་ཆེས་པར་འགྱུར་རོ། །མ་འོངས་པའི་དུས་ན་སེམས་ཅན་མང་དུ་མདོ་སྡེ་འདི་ལ་སྨོད་པར་འགྱུར་རོ། །སོར་མོའི་ཕྲེང་བས་གསོལ་པ། བཅོམ་ལྡན་འདས་ཕྱོགས་གང་དུ་མདོ་སྡེ་ལ་སྨོད་པ་ཇི་སྙེད་འབྱུང་བ་དང་། འདོད་ཆེན་པ་ཇི་སྙེད་འབྱུང་ བ་བཤད་དུ་གསོལ། ཕྱོགས་གང་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་བ་སྟོན་པ་ཡང་དེ་བཞིན་གཤེགས་པས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་པའི་དུས་ན་ཡུལ་གྱི་དབུས་འདིར་མདོ་སྡེ་ལ་སྨོད་པའི་སེམས་ཅན་བྱེ་བ་ བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་ངོ་། །འདོད་ཆེན་པ་བྱེ་བ་ཕྲག་བདུན་འབྱུང་ངོ་། །ཤར་ཕྱོགས་སུ་མདོ་སྡེ་ལ་སྨོད་པ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་ངོ་། །འདོད་ཆེན་པ་བྱེ་བ་ཕྲག་བདུན་འབྱུང་ངོ་། །ལྷོ་ཕྱོགས་སུ་མདོ་སྡེ་ལ་སྨོད་པ་སྟོང་ཕྲག་དགུ་ བཅུ་རྩ་བརྒྱད་འབྱུང་ངོ་། །འདོད་ཆེན་པ་བྱེ་བ་ཕྲག་དྲུག་ཅུ་འབྱུང་ངོ་། །ནུབ་ཕྱོགས་སུ་མདོ་སྡེ་ལ་སྨོད་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འབྱུང་ངོ་། །འདོད་ཆེན་པ་བྱེ་བ་ཕྲག་ལྔ་བཅུ་འབྱུང་ངོ་། །བྱང་ཕྱོགས་སུ་མདོ་སྡེ་ལ་སྨོད་པ་བྱེ་བ་ཕྲག་དགུ་བཅུ་རྩ་ བརྒྱད་འབྱུང་ངོ་། །འདོད་ཆེན་པ་བྱེ་བ་ཕྲག་བཞི་བཅུ་འབྱུང་ངོ་། །ཁ་ཆེ་བའི་ཡུལ་དུ་ཡང་ངའི་བསྟན་པ་གླེགས་བམ་ལྷག་མའི་མཛོད་དང་གཏེར་མི་སྟོར་ཏོ། །བྷ་རུ་ཀ་ཙར་ཡང་ངའི་གླེགས་བམ་ལྷག་མའི་མཛོད་དུ་འགྱུར་རོ། །རི་བྷིན་དྷྱ་ལ་ཡང་དེ་བཞིན་ནོ། ། ཁ་ཆེའི་ཡུལ་གྱི་དགེ་སློང་རྣམས་བསྒྲུབ་པའི་དོན་མི་ཤེས་ནས་ཐེག་པ་ཆེན་པོ་ཐམས་ཅད་ལ་སྨོད་པ་འབྱུང་སྟེ། ང་ལ་སྐུར་པ་དེ་ཇི་ལྟ་བྱ་ཞེས་ང་ཡང་ངོ་ཚ་བ་སྐྱེའོ། །ལྷོ་ཕྱོགས་པའི་རྒྱུད་དུ་ཐེག་པ་ཆེན་པོ་སྟོན་པར་འགྱུར་ཏེ། །ནན་ཏན་སྙིང་པོར་བྱེད་པ་དེ་བཞིན་ གཤེགས་པའི་སྤྱད་པ་སྤྱོད་པ་དངོས་པོ་ཆེན་པོ་བརྒྱད་དང་བྲལ་བ། དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་དང་། ཞི་བ་དང་། དེ་བཞིན་གཤེགས་པའི་སྙིང་པོ་བརྟན་པའོ་ཞེས་སྟོན་པར་འགྱུར་རོ། །ངའི་ཉན་ཐོས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ནན་ཏན་སྙིང་པོར་བྱེད་པར་འགྱུར་རོ། །ངའི་བསྟན་པ་ཁུར་དུ་ཐོགས་པར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་ལྷོ་ཕྱོགས་སུ་བཅོམ་ལྡན་འདས་ཀྱི་བསྟན་པ་གནས་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་ཏེ། ལྷོ་ཕྱོགས་པའི་རྒྱུད་དུ་ངའི་བསྟན་པ་ལོ་དུ་མ་ཞིག་གནས་པར་འགྱུར་རོ། །ཁྱོད་ལྟ་བུ་ཤིན་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་རང་གི་སྲོག་བཏང་ནས། དེ་བཞིན་གཤེགས་པ་རྟག་པ་ དང་། །དེ་བཞིན་གཤེགས་པ་ཐེར་ཟུག་དང་། དེ་བཞིན་གཤེགས་པ་གཡུང་དྲུང་ངོ་ཞེས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་འགྱུར་ཏེ། དཔེར་ན་དེ་བཞིན་གཤེགས་པ་ཐམས་ཅད་འཇིག་རྟེན་གྱི་ཁམས་འདིར་ རྒྱལ་པོའི་སྲིད་ཆེན་པོ་མི་བཞེད་ཅིང་ཁུར་ཆེན་པོ་ཐོགས་ཏེ། སྟོང་གསུམ་པ་རྣམས་བསྒྲལ་ལོ་ཞེས་བསྐལ་པ་བྱེ་བ་མང་པོར་བསྒྲལ་བ་དེ་བཞིན་དུ་ངའི་ཉན་ཐོས་ཐམས་ཅད་ཀྱང་བསྐལ་པ་བྱེ་བ་མང་པོར་ངའི་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ན། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་ བར་དུ་གནས་པར་འགྱུར་བའི་ཚེ། དམ་པའི་ཆོས་ཀྱི་ཁུར་ཁྱེར་བར་མི་འདོད་དོ། །ཡང་འཇམ་དཔལ་ཁྱོད་ལྟ་བུའི་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བའི་ཚེ། དམ་པའི་ཆོས་ཀྱི་ཁུར་ཆེན་པོ་ཁྱེར་ཏེ། བདག་གིས་དམ་པའི་ཆོས་ཕྲག་ལ་བསྐུར་རོ་ སྙམ་ནས། འཛམ་བུའི་གླིང་དང་། གླིང་ཕྲན་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐེར་ཟུག་ཞི་བ། གཡུང་དྲུང་ཡིན་ནོ་ཞེས་རང་གི་སྲོག་ཀྱང་བཏང་སྟེ་རབ་ཏུ་བསྟན་པར་བྱའོ། །སེམས་ཅན་རྣམས་ཡིད་ཆེས་ཀྱང་རུང་། མི་ཆེས་ ཀྱང་རུང་། ངའི་ལུས་བསད་དམ། དུམ་བུར་བྱས་ཀྱང་རུང་། གདོད་བདག་གི་ལུས་རྟག་པའི་སྐུར་འགྱུར་ཏེ། ཁུར་ཁྱེར་བ་རབ་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལྷོ་ཕྱོགས་ཀྱི་རྒྱུད་ནས་འབྱུང་ངོ་། །ངའི་ཉན་ཐོས་དེ་ལྟ་བུ་དང་། ཁྱོད་ལ་སོགས་ པ་སེམས་ཅན་བྱེ་བ་མང་པོ་ཡོད་དེ་དེའི་ཕྱིར་ལྷོ་ཕྱོགས་ཀྱི་རྒྱུད་རབ་ཏུ་བསྔགས་སོ། །ངའི་ཆོས་ཐ་མ་དེར་སྟོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མཐུ་དང་། གཟི་བརྗིད་ཀྱིས་འཛམ་བུའི་གླིང་གི་སྐྱེ་བོ་མ་ལུས་པར་འཛེམ་པ་དང་། འཇིགས་པ་དང་། ང་རྒྱལ་གྱི་རྒྱུས་ནན་ཏན་དུ་བྱེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། རྒྱལ་པོ་དག་རྒྱལ་པོ་གཞན་གྱི་ཁྲིམས་བྱས་པ་ཐོས་ནས། བདག་ཉིད་ཀྱང་སྐྱེ་དགུ་སྐྱོང་བ་དེ་བཞིན་དུ་ཁ་ཆེའི་ཡུལ་གྱི་འཁོར་དང་། ཡུལ་བྷ་རུ་ཀ་ཙ་བ་རྣམས་ཀྱང་ངོ་ཚ་བ་དང་། ང་རྒྱལ་བསྐྱེད་ནས་ ཐེག་པ་ཆེན་པོས་འཇིགས་ཤིང་སྐྲག་པས་གསངས་ཏེ་སྟོན་པར་འགྱུར་གྱི། དེ་དག་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མི་འགྱུར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སོག་བུར་གྱི་ཕུང་པོའི་ནང་དུ་མེ་བཅུག་ན། སོག་མའི་ཕུང་པོའི་དབུས་ཚིག་ པའི་ལྷག་མ་ལུས་ཏེ། མཐའ་འཁོར་མི་ཚིག་པ་དེ་བཞིན་དུ་འཇམ་དཔལ་དང་པོ་ང་སྐྱེས་པའི་ས་ན་ནན་ཏན་ལྷུར་བྱེད་པ་ཞིག་སྟེ། ཚིག་པ་ལས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྷག་མ་ལུས་ཏེ། མཐའ་འཁོར་ན་གནས་པའི་ས་དེར་བྱང་ཆུབ་སེམས་དཔའ་སྐྱེས་ནས་དམ་ པའི་ཆོས་འབྱིན་པར་འགྱུར་བ་དེར་རྫོགས་པའི་སངས་རྒྱས་སྣང་བར་གྲགས་པ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་གཡོག་མང་པོ་དང་བཅས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ནས། ལྷའི་མཆོད་པ་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་མདོ་སྡེ་འདི་བསྲུང་ཞིང་རྗེས་སུ་གཏད་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ། དེ་བཞིན་གཤེགས་པས་མདོ་ སྡེ་འདིའི་མིང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་མདོ་སྡེ་འདིའི་མིང་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བར་ཟུང་ཤིག །ཀཽ་ཤི་ཀ་མདོ་སྡེ་འདི་ནི་འཇིག་རྟེན་ན་ཤིན་ཏུ་རྙེད་པར་དཀའ་སྟེ། ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ། །དེ་ནས་དབང་ པོའི་བུ་ཐུ་བོ་མངོན་དུ་ཁྲོ་ཞེས་བྱ་བ་སྡུག་པ་དགའ་བ་ཡིད་དུ་འོང་བ་དེས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བདག་གི་ཕ་ནམ་ལྷ་མ་ཡིན་དང་འཐབ་པའི་ཚེ། ཁ་ལོ་སྒྱུར་བ་བསམ་འཛིན་ ཞེས་བགྱི་བ་ལ། ལྷ་རྣམས་འཕེལ་བ་དང་། ལྷ་མ་ཡིན་བས་པར་འགྱུར་བ་དེ་ལྟར་ཤིང་རྟ་དྲོངས་ཤིག་ཅེས་བགྱིས་པ་དང་། ལྷ་གཞན་དུ་མ་དགོངས་ཤིག །བདག་ནི་སྔར་གུམ་སྟེ། ཁྱོད་ནི་སླད་ཀྱིས་སོ། །གྲུབ་ཀྱང་རུང་། མ་གྲུབ་ཀྱང་རུང་སྟེ། བདག་གི་ སྲོག་ཀྱང་བོར། གཞན་དང་མཛའ་བའང་སྤངས་ནས་གོ་ཆ་ཆེན་པོ་བགོས་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཀྱང་མ་མཆིས་པའི་དུས་ན། དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། བདག་ཀྱང་བྱང་ཆུབ་སེམས་དཔའ་གང་དེ་བཞིན་ གཤེགས་པ་རྟག་པ་ཉིད་དང་། ཐེར་ཟུག་ཉིད་དང་། གཡུང་དྲུང་ཉིད་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་ལས་དེ་སླད་ཀྱིས་འདི་སྙམ་དུ་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པར་བྱ་བའི་བསྟན་པའི་སེམས་ཅན་མང་པོར་མི་འདུག་གིས། །ད་ནི་མི་བསྟན་ཏོ་སྙམ་སྟེ། དེའི་ཐབས་བྱས་པ་ཐོས་ནས། བདག་ཀྱང་སྐྱེས་བུ་བསམ་འཛིན་ཅེས་བགྱི་བ་དེ་འདྲ་བར་ཆོས་ཀྱི་ཤིང་རྟ་སྦྱར་ཏེ། ཅི་ནས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དང་། ཐེར་ཟུག་པ་ཉིད་དང་། གཡུང་དྲུང་ཉིད་དང་། ཞི་བ་ཉིད་དུ་འཇིག་རྟེན་དུ་རྒྱས་པར་འགྱུར་བ་དེ་ ལྟར་བདག་གི་སྲོག་ཀྱང་བཏང་སྟེ། བདག་གི་དགེ་སློང་གི་ཚུལ་གྱིས་བསྟན་ཅིང་བསྐལ་པ་ཐམས་ཅད་དུ་རྣམ་པར་དག་པར་བགྱིས་པར་གྱུར་ཅིག །དེ་ནས་དབང་པོའི་བུ་མང་པོ་དང་། བུད་མེད་དང་། བུ་མོ་དང་། ལྷ་གཞན་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ནས། བཅོམ་ལྡན་འདས་བདག་ཅག་ཀྱང་སྲོག་ཀྱང་བཏང་སྟེ། དགེ་སློང་གི་ཚུལ་དང་། དགེ་སློང་མའི་ཚུལ་དང་། དགེ་བསྙེན་གྱི་ཚུལ་དང་། དགེ་བསྙེན་མའི་ཚུལ་གྱིས་སྐྱེས་བུ་དམ་པ་དེའི་གཡོག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་ སོ་ལེགས་སོ། །རིགས་ཀྱི་བུ་དམ་པའི་ཆོས་འདོད་པ་ཁྱེད་ཐམས་ཅད་དེ་བཞིན་གྱིས་ཤིག །ངས་ཀྱང་དམ་པའི་ཆོས་འདོད་པ་དེ་དག་བསྲུང་བར་བྱའོ། །དེ་དག་གི་ཐད་དུ་ང་རྟག་ཏུ་འཆག་ཅིང་གནས་སོ། །ཁྱེད་རྣམས་ཅི་ནས་ཀྱང་ཁ་ལོ་སྒྱུར་བ་དང་། ངའི་བྱས་པ་ ཤེས་ཤིང་བརྟན་པར་གྱིས་ལ། དེ་ནས་ཁྱེད་ཐམས་ཅད་ཀྱིས་རྟག་པའི་གནས་ནི་དེ་བཞིན་གཤེགས་པའི་གནས་ཡིན་ནོ་ཞེས་སྟོན་ཅིག །དེ་ནས་ཡུལ་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་དང་། དམག་དཔོན་ལ་བསྒོ་བ། དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་དོང་ལ། མིའི་གཟུགས་སུ་སྲིན་པོ་མི་ཉིས་སྟོང་དུ་གཅིག་གིས་མ་ཚང་བ་བསད་དེ། སོར་མོའི་ཕྲེང་བ་བྱས་ནས་བྱང་ཁྲག་གིས་བསྐུས་ཤིང་སྟོབས་དང་རྩལ་ཆེན་པོ་རབ་ཏུ་འཁྱམ་ཞིང་གྲོང་ཁྱེར་འདི་ནས་གནག་པའི་དགོངས་བཞི་བཅུ་ཙམ་ན་འདུག་ཅིང་། བདག་གི་མ་ཡང་དེང་གསད་དེ་ མི་ཉིས་སྟོང་དུ་ཚང་བར་བྱའོ་སྙམ་ནས། དེ་རབ་ཏུ་དགའོ་ཞེས་གྲག་གིས་མ་རུངས་པ་སྡིག་ཅན་གཏུམ་པོ་འདི་བསད་ན། གདོད་བདག་ཅག་གྲོང་དང་། གྲོང་ཁྱེར་དང་། རི་ཁྲོད་ཀྱི་གྲོང་དང་། ལུང་པའི་གནས་ན་དམག་མི་ཐམས་ཅད་ཀྱང་རང་གི་ཁྱིམ་ནས་འབྱུང་ངོ་། ། དེ་བས་ན་བྱ་ཁྲས་བྱ་རོག་དང་། བྱ་བྲན་སྐྲག་པ་བཞིན་དུ་བདག་ཅག་གི་སྐྱེ་བོ་ཐམས་ཅད་དང་། ཤིང་ཐུན་དང་། རྩྭ་རྔ་བ་དང་། ཡུལ་གཞན་གྱི་མི་དང་། སྐྱེ་བོ་འདྲོན་པའི་རྣམས་ཀྱང་དེའི་མིང་ཙམ་གྱིས་མི་རྒྱུ་ཞིང་མི་སྨྲ་བར་གྱུར་ཅིང་འདུག་གིས་མྱུར་དུ་སྦྲོན་པ་ཁྱེར་ཏེ། ཡུལ་མཛོད་ འཛིན་གྱི་རྒྱལ་པོ་གསལ་རྒྱལ་ཡན་ལག་བཞི་པའི་དཔུང་གི་ཚོགས་དང་ལྷན་ཅིག་ཏུ་ཆས་ཏེ། སྲིན་པོ་མ་རུངས་པ་གཏུམ་པོ་སོར་མོའི་ཕྲེང་བ་བསད་པར་བྱིན་གྱིས་བཀྲབས་པ་ཐམས་ཅད་ཀྱང་རལ་གྲི་དང་། གཞུ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཐུང་དང་། ཕུབ་ལག་ན་ཐོགས་ཏེ། མཚོན་ཆ་དང་། ལག་ཆ་ཐམས་ཅད་རྣོན་པོར་བྱོས་ཏེ། ལེགས་པར་ཆོས་ལ་གཤེགས་ཤིག །གང་གིས་སྲིན་པོ་མ་རུངས་པ་སོར་མོའི་ཕྲེང་བ་བསད་དམ། མཚོན་གྱིས་བཏབ་བམ། བལ་གླང་ཞོན་པ་དག་སྨས་སམ། གང་དག་སྨས་ཀྱང་གཡུལ་ལས་ཕྱིར་མི་ལྡོག་ན་བལ་ གླང་འདོད་ན་ཡང་བལ་གླང་གི་མཆོག་སྦྱིན་ནོ། །རྟ་འདོད་ན་ཡང་རྟ་བཞོན་པ་སྦྱིན་ནོ། །གསེར་འདོད་ན་ཡང་གསེར་དང་གསེར་གྱི་དོང་ཙེ་དང་ནམ་ས་ཡ་སྦྱིན་ནོ། །དངུལ་འདོད་ན་ཡང་དངུལ་ས་ཡ་སྦྱིན་ནོ། །རྡོ་རྗེ་དང་། ནོར་བུ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། རིན་ པོ་ཆེ་སྣ་བདུན་ས་ཡ་སྙེད་སྦྱིན་ནོ། །གོས་འདོད་པ་ལ་ཡང་ལྷའི་གོས་དང་། དར་དང་། རས་ཕྲན་ཀོ་ཏམ་པ་དང་། ཡུལ་བང་གི་རས་དང་། ཡུལ་མ་ཏུ་ར་དང་། བ་རུ་ཀ་ཙ་དང་། བ་རིང་དྲ་དང་། ལྷོ་ཕྱོགས་པ་དང་། སང་ཀ་ཤི་ཀ་དང་། ཀུ་རུ་པན་ཙ་ལའི་རས་བམ་རྣམ་པ་མང་པོ་ སྦྱིན་ནོ། །ཞིང་དོར་དང་། གྲོང་དང་། མ་ཧེ་དང་། བུད་མེད་འདོད་པའང་ཐམས་ཅད་ཀྱི་མཆོག་སྦྱིན་ནོ་ཞེས་བསྒྲགས་སོ། །དེ་ནས་སོར་མོའི་ཕྲེང་བའི་མིང་ཙམ་གྱིས་ཞམ་རིང་བ་ལ་གཏོགས་སོ་ཅོག་སྐྲག་སྟེ། གཅིག་ཀྱང་ཕྱིར་མ་བྱུང་ངོ་། །བཙུན་མོའི་འཁོར་དང་། ཞམ་རིང་པ་ཡང་ ཁྱི་དང་འདྲ་བར་གཞན་གྱི་དབང་དུ་གྱུར་པས་འཚོ་བ་འཆི་བ་ལ་ཐུག་པར་གྱུར་ཏེ། རང་རང་གི་ལག་ཆ་ཐོགས་ནས། བལ་གླང་པ་དང་། རྟ་པ་དང་། དཔུང་བུ་ཆུང་བ་རྣམས་རབ་ཏུ་བརྒྱན་ཏེ། རྒྱལ་པོ་ག་ལ་བ་དེར་འོངས་སོ། །དེ་ནས་བཙུན་མོ་ཡང་ཀྱི་ཧུད་འབོད་ཅིང་སྡིག་ཅན་ དེའི་གན་དུ་མ་བཞུད་ཅིག །སྐྱེ་བོ་ཐམས་ཅད་དང་གཞན་གྱི་ཡུལ་འཁོར་རྣམས་ནི་མ་མཆིས་ཀྱང་མི་མདོའི། ལྷ་ལ་ཆུང་ཟད་ནོངས་པ་བྱུང་ང་རེ། དེ་ནས་མོ་འདེབས་པ་དང་། ལོ་རྩི་བ་དང་། མདུན་ན་འདོན་པ་དང་། རིག་པ་དང་། ལྟས་འདེབས་པ་རྣམས་ལ་སོར་མོའི་ཕྲེང་བ་དེ་ རིང་སོད་དམ་མི་སོད་དྲིས་ན། མོ་འདེབས་པ་དང་། ལོ་རྩི་བ་རྣམས་ཀྱིས་དེ་རིང་སོར་མོའི་ཕྲེང་བ་ཐལ་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེ་དག་གི་ཚིག་ལ་ཡིད་མ་ཆེས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཡན་ལག་བཞིའི་དཔུང་གི་ཚོགས་ཀྱི་དམག་དང་ལྷན་ཅིག་ ཏུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རྒྱལ་པོ་འཇིགས་ཤིང་སྐྲག་པས་གདོང་དང་དཔྲལ་བ་རྡུལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐམས་ཅད་དང་ལྡན་པས། ཡུལ་མཛོད་ འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱེད་ཀྱི་གདོང་དང་དཔྲལ་བ་རབ་ཏུ་རྡུལ་ན་ཅི། རྒྱལ་པོས་གསོལ་པ། ལག་པ་འདི་རྐང་པ་འདི་ལགས་ན། བཅོམ་ལྡན་འདས་སོར་མོའི་ཕྲེང་བ་ཞེས་བགྱི་བ་སྲིན་པོ་མི་སྟོང་དགུ་བརྒྱ་བཀུམ་ ནས། སོར་མོའི་ཕྲེང་བ་བརྒྱུས་ཏེ་ཕྲེང་བ་ཐོགས་ནས། བདག་དང་འཐབ་ཅེས་སྡོད་ཅིང་མཆིས་སོ། །བདག་ལ་འདུ་བ་ཐམས་ཅད་ཀྱི་སྒོ་ཡང་བཅད་དེ་ཤིང་ཨ་ཤོ་ཀའི་དྲུང་ན་གཅིག་པུ་མཆིས་པ་བྱ་རོག་དང་། ཁྲ་འཁོར་བ་དེའི་མིང་ཙམ་གྱིས་སྐྲག་སྟེ། བདག་གི་གསོལ་པ་དེ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཅི་ཐབ་མོ་བྱེད་པར་འདོད་དམ། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས་ཚད་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་ པོ་ཆེན་པོ་ངའང་འགྲོའམ། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་གཤེགས་སོ་ཞེས་བཀའ་སྩལ་པ་ནི་སེམས་ཅན་མང་པོ་ལ་སྐལ་བ་མཆིས་པ་ལྟ་སྟེ། ད་ནི་སོར་མོའི་ཕྲེང་བ་དེ་ཡང་གུམ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གལ་ཏེ་ སོར་མོའི་ཕྲེང་བ་འདིར་འོངས་ན་ཇི་ལྟར་བྱ། དེ་ནས་ཡན་ལག་བཞི་པའི་དཔུང་གི་ཚོགས་སྙིང་རབ་ཏུ་དངངས་སྐྲག་ནས་རྒྱལ་པོས་དེ་བཞིན་གཤེགས་པའི་ཆེ་བའི་བདག་ཉིད་ཤེས་པས་སྙིང་དགའ་སྟེ། མི་འཇིགས་ནས་རྒྱལ་པོས་གསོལ་པ། སོར་མོའི་ཕྲེང་བ་གལ་ཏེ་འདིར་མཆིས་ན། གཅིག་པུ་ལུས་པར་འགྱུར་ལགས་གྲང་། དེ་ནས་བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སོར་མོའི་ཕྲེང་བ་འདིའི་དཔལ་ལ་ལྟོས། དེ་ནས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས་སོར་མོའི་ཕྲེང་བ་ལ་རིང་ཞིག་ཏུ་མིག་མི་ འཛུམས་པར་བལྟས་ན། སོར་མོའི་ཕྲེང་བ་མིག་དམར་ལ་བདག་ཉིད་ཆེ་བའི་གཟུགས་མཐོང་ནས། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ཤིན་ཏུ་འཇིགས་ཤིང་སྐྲག་སྟེ་བ་སྤུ་ཡང་ལངས་ནས། ཡི་དགས་འདུལ་བ་ལྟར་གོ་ཆ་རྣམས་ཞིག་ཅིང་མཚོན་ཐམས་ཅད་ཤུབས་ནས་བྱུང་ སྟེ། མདའ་སྟེའུ་ཀ་ལྟར་ཐམས་ཅད་དུ་ལྟུང་བ་ཡང་བྱི་ལ་ལྟར་དེ་བཞིན་གཤེགས་པའི་སེང་གེའི་ཁྲིའི་དྲུང་དུ་མཆིས་སོ། །དེ་བཞིན་གཤེགས་པ་སྒྲ་གཅན་འཛིན་བཞིན་དུ་སྙོམས་པར་གཟིགས་པ་ལ་སྐྱབས་སུ་མཆིའོ། །དེ་ནས་ཡན་ལག་བཞི་པའི་དཔུང་གི་ཚོགས་ཐམས་ཅད་ སྒྲ་དེ་ཐོས་ནས། གླང་པོ་དང་། རྟ་དང་། བལ་གླང་དང་། རྐང་ཐང་པའི་དམག་དེ་རྣམས་སྡེ་གྱེས་པ་བཞིན་དུ་ཉམས་ཏེ། ལ་ལ་ནི་བརྒྱལ། ལ་ལ་ནི་འགྱེལ། ལ་ལ་ནི་འཆི་ལ་ཐུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་ པ། རྒྱལ་པོ་ཆེན་པོ་ཚིགས་སུ་བཅད་པ་འདི་ཉོན་ཅིག་དང་། གནོད་པ་མེད་པར་འགྱུར་གྱིས་མ་སྐྲག་ཅིག །གང་ཞིག་སྔ་ན་བག་མེད་པ། །བག་ཡོད་པར་ནི་ཕྱིས་གྱུར་ན། །སྤྲིན་ལས་བྱུང་བའི་ཟླ་བ་བཞིན། །འཇིག་རྟེན་འདི་ན་སྣང་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ སྐྱེ་བོ་ཐམས་ཅད་དབུགས་དབྱུང་བའི་ཕྱིར་འཇིགས་པ་མེད་པའི་རྣམ་པ་ཞེས་བྱ་བའི་འོད་ཟེར་བཏང་སྟེ། སེམས་ཅན་གང་འོད་ཟེར་དེས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་བདེ་བར་གྱུར་ཏེ། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་འཁོར་དང་། བུ་དང་། གྲོང་གི་སྐྱེ་བོ་སེམས་ཅན་ ཐམས་ཅད་དེ་བཞིན་གཤེགས་པས་སོར་མོའི་ཕྲེང་བ་བཏུལ་ལོ་སྙམ་སྟེ་ཐམས་ཅད་དེར་ལྷགས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་འོ་བཅོམ་ལྡན་འདས་ནི་མི་འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མིར་བཅས་པ་རྣམས་སྟོན་པས་སྡིག་པའི་ཆོས་ ཅན་འདི་ལྟ་བུ་ཡང་དམ་པའི་ཆོས་ལ་བཞག་པས་ན། ཀྱེ་མ་བཅོམ་ལྡན་འདས་ནི་འཇིག་རྟེན་ཐམས་ཅད་ལ་ཕན་པར་མཛད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པས། སྔར་བག་མེད་པ་ལྟ་བུར་བསྟན་ལ། ཕྱིས་བདག་གི་ཆེ་བ་ ཉིད་ཀྱང་སྟོན་པས་དེ་འཇིག་རྟེན་ན་སྤྲིན་ལས་གྲོལ་བའི་ཟླ་བ་ལྟ་བུར་མཛེས་པར་གྱུར་ཏེ། སེམས་ཅན་བྱེ་བ་མང་པོ་བསྒྲལ་ནས། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱང་སྟོན་ཏོ། །རྒྱལ་པོ་ཆེན་པོ་སོར་མོའི་ཕྲེང་བ་ནི་སྡིག་ཅན་མ་ཡིན་ཏེ། ཐབས་འཆང་བའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཞེས་བྱའོ། །རྒྱལ་པོ་ཆེན་པོས་གསོལ་པ། མཁན་པོའི་མཆིས་བྲང་དང་ལྷན་ཅིག་ཏུ་ལས་ངན་པ་སྤྱོད་ཅིང་མཁན་པོའི་དམོད་པའི་ཆོས་ཀྱི་འདྲེར་གྱུར་ན་ཅིའི་སླད་དུ་སྡིག་པར་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ་མཁན་པོའི་ཆུང་མ་དང་ ལྷན་ཅིག་ཏུ་ལས་ངན་པ་སྤྱོད་པ་མ་ཡིན་གྱི། མཁན་པོའི་ཆུང་མས་གཟུགས་མཐོང་ནས་སེམས་གྱུར་ཏེ། སྡིག་པ་རབ་ཏུ་བྱེད་པ་ལྟར་མཁན་པོའི་ཆོས་ཀྱིས་རྩེ་བར་ཐམས་ཅད་རྟོག་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་འདི་ལྟ་སྟེ་དཔེར་ན། གླང་པོ་ ཆེ་བརྡེག་པ་ནི་བོང་བུས་མི་བཟོད་དོ། །དེ་བཞིན་དུ་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་མི་མཆོག་གླང་པོ་ཆེའི་དགོངས་ཏེ་གསུངས་པའི་གསང་བའི་སོས་ཕོག་པའང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་མི་བཟོད་དོ། །དེ་ལྟར་ན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་ གསང་བས་ཕོག་པའང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཟོད་དོ། །རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་ བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་ཞེས་བྱ་བ་ད་ལྟར་བཞུགས་པ་འཚོ་ཞིང་གཞེས་ཏེ། དེ་ན་ཉན་ཐོས་དང་རང་ སངས་རྒྱས་ཐམས་ཅད་ཀྱང་མེད། ཐེག་པ་གཅིག་ལས་ཐེག་པ་གཞན་གྱི་མིང་ཡང་མེད། རྒ་བ་དང་། ན་བ་དང་། སྡུག་བསྔལ་ཡང་མེད། ཡིད་མི་བདེ་བ་ཡང་མེད། རབ་ཏུ་བདེ་བ་ཐམས་ཅད་དང་ལྡན་ཏེ། སེམས་ཅན་དེ་དག་ཚེ་དཔག་ཏུ་མེད། སེམས་ཅན་དེ་དག་ཐམས་ཅད་ གཟི་བརྗིད་དང་། ཁ་དོག་ཚད་མེད་དེ། འགྲོ་བ་དེ་དག་གི་དཔེ་དང་རྒྱུ་དང་། བྱེད་པ་མེད་པ་དང་། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ལྟ་བུ་དཔེ་མེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱོར་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །དེ་བཞིན་གཤེགས་པ་དེ་ནི་སོར་མོའི་ཕྲེང་བ་འདི་ཉིད་ཡིན་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆེ་བ་དེ་འདྲ་སྟེ། སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་ མི་ཁྱབ་བོ། །དེ་ནས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པ་རྣམས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་དང་། ཡན་ལག་བཞི་པའི་དཔུང་གི་ཚོགས་དང་བཅས་པས་མོ་འདེབས་པ་དང་། ལོ་རྩི་བ་རྣམས་ ལ། ཀྱེ་མ་བརྫུན་སྨྲ་བ་ཁྱེད་ངའི་དྲུང་ན་མ་གནས་ཤིག་ཅེས་བརྒྱད་ཅིང་སྨད་ནས་བསྐྲད་དོ། །དེ་ནས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཁམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་དང་། གྲོང་དང་ གྲོང་ཁྱེར་དང་། ཚོང་འདུས་དང་། ལུང་པའི་མི་རྣམས་དང་། རི་ཁྲོད་པ་དང་། མཉན་དུ་ཡོད་པའི་ཡུལ་ན་གནས་པའི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་མཐུས་ལྷགས་ཏེ། སོར་མོའི་ཕྲེང་བའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། མགྲིན་གཅིག་ཏུ་ཚིགས་ སུ་བཅད་པ་འདི་དག་གསོལ་ཏོ། །མཐའ་ཡས་སྐུ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་ཀྱི་སྐུ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །སོར་ཕྲེང་ཁྱོད་ཀྱི་ཞབས་ལ་མགོས་གཏུགས་ནས། ཁྱོད་ཀྱི་འཇམ་པའི་ཞབས་ལ་བཟོད་པར་གསོལ། །དེ་བཞིན་གཤེགས་པ་སོར་ཕྲེང་ མཚན་འཛིན་པ། །བྲམ་ཟེའི་གཟུགས་ཀྱིས་བདག་ཅག་དོན་ཕྱིར་གཤེགས། །སངས་རྒྱས་སྐུ་མདོག་དཔལ་འབར་དེང་འདིར་གཤེགས། །དཔལ་ལྡན་གཟི་བརྗིད་མཐུ་མངའ་བཟོད་པར་གསོལ། །ཚིག་གིས་མངོན་དུ་གསུང་བ་མཐའ་ཡས་སྐུ། །ཁྱོད་ནི་ཡང་དང་ ཡང་བྱིང་མང་པོ་ཡི། །ཡང་དག་སངས་རྒྱས་སྐྱབས་བྱེད་སྐྱབས་སུ་གྱུར། །གཉེན་མེད་རྣམས་ཀྱི་གཉེན་དུ་གྱུར་པ་ཁྱོད། །སངས་རྒྱས་འཇིག་རྟེན་འདས་པ་གཉིས་མཛེས་ཏེ། །འདི་ན་ཆོས་སྤྱོད་ཤིན་ཏུ་ངོ་མཚར་རྨད། །མེ་ལས་པད་མོ་སྐྱེ་བ་ངོ་མཚར་བཞིན། །འཇིག་ རྟེན་སངས་རྒྱས་གཉིས་སྟོན་མཆོག་དེ་འདྲ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། ལྟོས་རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་ནས། བྱང་ཕྱོགས་ལོགས་སུ་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྟག་པར་རབ་ཏུ་དགའ་བ་སྡུག་ཅིང་མོས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ནོར་བུ་རིན་པོ་ཆེ་བརྩེགས་པའི་རྒྱལ་པོ་ད་ལྟར་བཞུགས་ཏེ། འཚོ་ཞིང་ གཞེས་པ་དེ་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་མེད། ཐེག་པ་གཅིག་ལས་ཐེག་པ་གཞན་གྱི་མིང་ཡང་མེད། རྒ་བ་དང་། ན་བ་དང་། སྡུག་བསྔལ་ཡང་མེད། བདེ་བ་ཐམས་ཅད་དང་རབ་ཏུ་ལྡན་པར་གྱུར་ཏེ། སེམས་ཅན་དེ་དག་ཚེ་དཔག་ཏུ་མེད། གཟི་བརྗིད་ དང་། ཁ་དོག་དཔག་ཏུ་མེད། འཇིག་རྟེན་ན་དཔེ་དང་། རྒྱུ་དང་བྱེད་པ་མེད་དེ། རྟག་ཏུ་དགའ་ཞིང་མོས་པ་དང་། དཔེ་མེད་པ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ནོར་བུ་རིན་པོ་ཆེ་བརྩེགས་ པའི་རྒྱལ་པོ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱོར་ཏེ་རྗེས་སུ་ཡི་རང་བར་བྱོས་ཤིག །དེ་བཞིན་གཤེགས་པ་དེ་གཞན་མ་ཡིན་གྱི། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པ་དང་། སོར་མོའི་ཕྲེང་བ་གཉིས་ཀྱི་མིང་ གང་གིས་ཐོས་སམ། དེ་ལ་རྟག་ཏུ་ཕྱག་འཚལ་ན། སེམས་ཅན་དེ་དག་གི་ཁྱིམ་ཉིད་དུ་དགའ་བ་ཅན་གྱི་འཇིག་རྟེན་མཐོང་སྟེ། ངན་འགྲོ་རྣམ་པ་བཞིའི་སྒོ་གཅད་པར་འགྱུར་རོ། །དེ་གཉིས་ཀྱི་མིང་ཐོས་ནས་ཕྱི་རོལ་པ་རྣམས་དང་། ཕས་ཕམ་པ་དང་། མཚམས་མེད་པར་གྱུར་ པས་འཕྱ་བའམ། སྟིང་བའམ། འདྲན་ཏོར་རམ། གཞན་གྱིས་བཟླས་སམ། རྙེད་པ་དང་། བཀུར་སྟི་དང་། ཚིགས་བཅད་ཀྱི་ཕྱིར་ཡང་རུང་སྟེ། དེ་དག་གིས་ངན་འགྲོ་བཞིའི་སྒོ་གཅད་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་འདི་གཉིས་ཀྱི་མིང་ གིས་བསྲུང་བར་བྱས་ན་དགོན་པ་ཐམས་ཅད་དང་། འཇིགས་པའི་དུས་ཐམས་ཅད་དུའང་བསྲུང་བར་འགྱུར་རོ། །ཕྱིས་འཇིགས་པ་ཐམས་ཅད་ཀྱང་བསྲུང་བར་འགྱུར། འཇིགས་པ་བྱུང་བ་ཐམས་ཅད་ཀྱང་ཞི་བར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟས་ཀྱང་མི་ཚུགས་སོ། །ཡང་བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་ཚིག་ནི་ཆེ་བའི་བདག་ཉིད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ཆེ་བའི་བདག་ཉིད་ནི་དེ་ལྟའོ། ། སོར་མོའི་ཕྲེང་བ་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་ཆེ་བའི་བདག་ཉིད་གླང་པོ་ཆེ་འདི་གཉིས་ལ་རྗེས་སུ་ཡི་རང་བར་གྱིས་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་སྐྱེད་ཅིག །སོར་མོའི་ཕྲེང་བའི་མ་ཡང་མ་བརྗེད་པར་གསོས་ཤིག །ངས་སོར་མོའི་ཕྲེང་བའི་ལག་ནས་དེའི་ མ་རྒན་མོ་ཐར་བར་བྱས་ཏེ་སོར་མོའི་ཕྲེང་བ་ཁྱོད་ཀྱིས་མ་མ་བསད་ཅིག །བསད་པས་མཐོ་རིས་སུ་མི་འགྲོའོ་ཞེས་བྱས་པ་དང་། རལ་གྲི་ཐོགས་ཏེ་འོངས་ནས་སྐད་ཅིག་དེ་ཉིད་ལ་དེའི་བར་དུ་འདུག་པ་ནི་ཆོས་ལ་གཞུག་པའི་ཐབས་སོ། །དེ་ནས་སོར་མོའི་ཕྲེང་བའི་མ་ཏ་ལ་བདུན་ཙམ་གྱི་ ནམ་མཁའ་ལ་འདུག་ནས་ཚིགས་སུ་བཅད་པ་འདི་ཞེས་སྨྲས་སོ། །དེ་བཞིན་གཤེགས་ཀྱི་སྒྱུ་མ་སྤྲུལ་པ་ནི། །སེམས་ཅན་མང་པོ་དག་གིས་མི་ཤེས་ཏེ། །སངས་རྒྱས་སྒྱུ་མའི་རྒྱལ་པོའི་སྐུ་ཆེ་ཞིང་། །དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ་མངའོ། །དེ་འདི་སྐད་ཅེས་སྨྲས་ ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ཅི་སྒྱུ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འདི་ནི་སྤྲུལ་པ་ཡིན་ནོ། །སྤྲུལ་ པའི་མས་ཇི་ལྟར་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྱུ་མ་ཡང་དེ་བཞིན་ནོ། །དེ་ནས་སོར་མོའི་ཕྲེང་བའི་མཁན་པོ་ནོར་བུ་བཟང་པོ་ཞེས་བྱ་བ་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འདུག་ནས་ཚིག་འདི་ཞེས་སྨྲས་སོ། །སེང་གེ་དང་ཝ་འདྲེ་ཡུན་རིང་ཞིག་ཏུ་མཛའ་བོར་བྱས་ ཀྱང་། དེས་སེང་གེའི་ང་རོའི་སྒྲ་འཛིན་པར་མི་ནུས་ཏེ། ཝ་འདྲེ་ཡང་ཐོས་པ་ཙམ་གྱིས་མཆིའོ། །ཡང་ཅི་ཝ་འདྲེ་དེ་དོམ་གྱི་སྐད་དུ་འབྱིན་ན། སེང་གེའི་རྒྱལ་པོ་ཆེན་པོ་སྒྲ་སྐད་འབྱིན་པ་ཡིན་ནམ། སེང་གེ་ཡང་ཝ་དང་དོམ་གྱི་སྒྲ་སྐད་དུའང་ང་རོ་མི་འབྱིན་གྱི། སེང་གེའི་སྒྲར་སྒྲོགས་ སོ། །དེ་བཞིན་དུ་ཝ་འདྲེ་ལྟ་བུ་བདག་གིས་བྱང་ཆུབ་སེམས་དཔའ་སེང་གེ་ལྟ་བུའི་མཁན་པོ་བྱས་ཏེ། ཡུན་རིང་མོ་ཞིག་ཏུ་ལྷན་ཅིག་འཁོད་ཀྱང་བྱང་ཆུབ་སེམས་དཔའི་སྒྲ་སྐད་འཛིན་ལྟ་ག་ལ་ནུས་ཏེ། གལ་ཏེ་འདི་ཐབས་མ་ཡིན་ན་དེའི་རྩལ་གྱིས་འཆི་བར་འགྱུར་ཏེ། ཡི་དགས་ལྟ་བུ་ བདག་གི་གླེན་པའི་ཆོས་ལ་སྤྱོད་པ་དང་། ཉན་དུ་གཞུག་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ནི་གླེན་པའི་ཆོས་མི་སྤྱོད་པ་སྟེ། སྤྱོད་པ་ཡང་ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་བྱམས་པར་སྤྱོད་པའི་སངས་རྒྱས་ཀྱི་སྤྲུལ་པ་སྒྱུ་མ་མང་པོ་ནི་སེམས་ཅན་བྱེ་བ་དང་། བྲམ་ཟེའི་མཁན་ པོས་མི་ཤེས་ཏེ། སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཀྱི་སྒྱུ་མ་མཁྱེན་ཏེ། དེ་བཞིན་གཤེགས་པ་སངས་རྒྱས་ནི་སྒྱུ་མའི་རྒྱལ་པོའོ། །མཁན་པོའི་ཆུང་མ་དགའ་བྱེད་མས་སྨྲས་པ། ཀྱེ་མ་སེམས་ཅན་འདི་བྲམ་ཟེའི་བུ་མོ་འཇོ་མའི་དཀུ་མཐོང་ཡང་སངས་རྒྱས་ཀྱི་ཆེ་བ་ཡིན་པར་མི་ཤེས་སོ། །ཇི་ལྟར་ཙན་ ཙ་སྒྱུ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་སངས་རྒྱས་ཀྱིས་སྒྱུ་མ་སྤྲུལ་པའོ། །དེ་བས་ན་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བདག་གིས་བསྙད་དོ། །གདོལ་པས་ཁྱོད་ལ་བསྙེན་པར་མི་ནུས་ན། རྒྱལ་པོ་སེམས་ཅན་མང་པོ་དང་འགྲོ་བའི་དཔལ་དང་། བྱིན་གྱིས་བརྒྱལ་བར་འགྱུར་ན། མདུན་དུ་ འདུག་པ་ལྟ་ཅི་སྨོས། དེ་ལྟར་མིས་མིའི་དྲུང་དུ་བསྟན་པར་མི་ནུས་ན། ལྷ་དང་མི་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟན་པར་བྱ་བ་དང་། དེ་བཞིན་གཤེགས་པའི་ཐུགས་བསྒྱུར་བར་ལྟ་ག་ལ་ནུས་ཏེ། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་ཚད་མེད་པ་དང་། ནམ་མཁའ་ལྡིང་གིས་དེ་ལ་གནོད་པར་བྱེད་དོ། །གལ་ཏེ་འདི་ལྟ་བུའི་སེམས་འབྱུང་ན། བཅོམ་ལྡན་འདས་ཀྱང་སྡིག་བྱེད་པ་རྣམ་པ་མང་པོ་སྟོན་ཏེ། མ་འོངས་པའི་སེམས་ཅན་འདི་ལྟ་བུའི་སྡིག་མ་རུངས་པ་བྱེད་པ་འབྱུང་བ་དག་ལ་ཡང་དེ་ བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་སྒྱུ་མ་ཆེན་པོའི་ཐབས་ཀྱི་སྐུ་སྟོན་ཏོ་ཞེས་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་རྒྱལ་པོ་ཤིན་ཏུ་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཅི་སྒྱུ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མཁན་པོ་དང་། མཁན་ པོའི་ཆུང་མ་དང་། དེའི་མ་སྒྱུ་མ་གསུམ་གྱིས་སྨྲས་པ་བཞིན་ཏེ། ངའི་སྒྱུ་མ་ནི་བསམ་གྱིས་མི་ཁྱབ་པས་ན་རྣམ་པ་དེ་གསུམ་དུ་སྤྲུལ་པ་ཡིན་ཏེ། སེམས་ཅན་བྱེ་བ་མང་པོ་བསྒྲལ་བའི་ཕྱིར་སོར་མོའི་ཕྲེང་བ་དེ་ལྟར་བྱོན་པ་ཡིན་ནོ། །རྒྱལ་པོས་གསོལ་པ་བཅོམ་ལྡན་འདས་བདག་གིས་དགུང་བདུན་ནས་སྦྱིན་པ་ཆེན་ པོ་སྩལ་ན། དེ་བཞིན་གཤེགས་པ་སོར་མོའི་ཕྲེང་བ་ལྷོ་ཕྱོགས་ལོགས་ཀྱི་སྦྱིན་གནས་སུ་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་གྱུར་ཅིག །དེ་ནས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདི་ དག་སྨྲས་སོ། །སྒྱུ་མའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔའ་ཆེན་ཐབས་ཀྱི་སྐུ། །ཐབས་ཀྱི་མཚན་ཉིད་རབ་ཏུ་ཕུན་སུམ་ཚོགས། །ཐབས་མཆོག་དམ་པའི་ཆོས་རྣམས་རབ་ཏུ་སྟོན། །ཐབས་ཀྱི་དབྱིངས་རྣམས་སུ་ཡང་འཇོག་པར་མཛད། །ཐབས་ཀྱིས་སྤྲུལ་པ་དག་ནི་ཡོངས་སུ་ སྟོན། །དེ་བཞིན་གཤེགས་པའི་སྐུ་ཡང་མཐའ་ཡས་ཏེ། །བློ་གྲོས་མཐའ་ཡས་གྲགས་པའང་མཐའ་ཡས་སོ། །དེ་བཞིན་གཤེགས་པའི་གཟི་བརྗིད་མཐའ་ཡས་ཏེ། །བདེ་གཤེགས་མཐའ་ཡས་སྟོབས་ཆེན་སྟོན་མཛད་པ། །གསང་བ་མཐའ་ལས་མཐའ་ཡས་དགོངས་དག་སྟོན། །འཇིག་རྟེན་རབ་ཏུ་སྣང་ མཛད་མཐའ་ཡས་སོ། །དེ་བཞིན་གཤེགས་པའི་འོད་ཟེར་མཐའ་ཡས་པ། །ཡོན་ཏན་མཐའ་མེད་གྲངས་ལས་ཤིན་ཏུ་འདས། །དེ་བཞིན་གཤེགས་ནི་མཚུངས་མེད་དཔག་ཏུ་མེད། །ཆགས་མེད་ཡེ་ཤེས་ནམ་མཁའ་ལྟ་བུར་སྟོན། །དེ་བཞིན་གཤེགས་པའི་སྐུ་ནི་ནམ་མཁའ་བཞིན། །འཇམ་དཔལ་ གཞོན་གྱུར་ཕན་བྱེད་ཞི་བར་བྱེད། །སོར་ཕྲེང་སླད་དུ་བདེ་གཤེགས་གཤེགས་པ་ནི། །གཤེགས་དང་མ་གཤེགས་ཤེས་ཀྱང་བརྗོད་མི་ནུས། །བདེ་གཤེགས་སྒྲ་གཅན་ཟིན་ལྟར་སྙོམས་པར་གཟིགས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དགྱེས་སོ། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ ཟར་བཅས་པའི་འཇིག་རྟེན་དང་། ཉན་ཐོས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས་དེ་དག་ཐམས་ཅད་ཀྱང་སོར་མོའི་ཕྲེང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་ དཔའི་སྤྱོད་པ་དང་། དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཤིན་ཏུ་རྒྱས་པའི་ལུང་ཐེག་པ་ཆེན་པོའི་མདོ་ལས་མེ་ཏོག་ཨུ་དུམ་བཱ་ར་ལྟར་རབ་ཏུ་རྙེད་དཀའ་བ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དྷརྨ་ཏཱ་ཤཱི་ལ་དང་། རྒྱའི་ལོ་ཙྪ་བ་བན་དེ་ཏོང་ཨཱ་ཙརྱ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། རཱ་ཛ་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཆལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། དེ་རིང་རྒྱལ་པོ་གཟུགས་ཅན་ སྙིང་པོ་གདུལ་བར་བྱ་བའི་དུས་ལ་བབ་ཀྱིས་ཡུལ་མ་ག་དྷཱར་འགྲོ་བར་བྱའོ་ཞེས་གསུངས་ནས། འཁོར་དང་བཅས་པ་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་ལྡིངས་ཏེ་གཤེགས་པ་བློན་པོ་ཟླ་བ་བཟང་པོས་མཐོང་ནས་རྒྱལ་པོ་ལ་སྨྲས་པ། ལྷ་ལགས་སངས་རྒྱས་འཁོར་དང་བཅས་པ་འོ་སྐོལ་གྱི་ཡུལ་དུ་ བྱོན་པས་གྲོང་ཁྱེར་བརྒྱན་པ་དང་བསྙེན་བཀུར་བྱ་བར་རིགས་སོ། །རྒྱལ་པོས་སྨྲས་པ། འཛམ་བུའི་གླིང་ན་ང་ལས་ཆེ་བ་མེད་པར་སུ་ལ་བསྙེན་བཀུར་བྱེད་ཅེས་སླར་ཉིད་དུ་དྲེགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་གི་སྒོར་གདན་བཤམས་པ་ལ་བཅོམ་ལྡན་འདས་ འཁོར་དང་བཅས་པ་བཞུགས་སོ། །དེ་ལྟར་བཞུགས་པར་ཤེས་ནས་རྒྱལ་པོས་གྱད་ཆེན་པོའི་འདེགས་པ་ཞེས་བྱ་བ་རྦད་དེ་རྡོ་ཤིན་ཏུ་ཆེ་བ་བཅོམ་ལྡན་འདས་ལ་འཕངས་སོ། །རྡོ་དེ་ནམ་མཁའ་ལ་ལྡིང་ཞིང་དེ་ལས་སྒྲ་འདི་སྐད་ཅེས་གྲག་གོ། །ཀྱེ་མ་འདུས་བྱས་རྟག་པ་མེད། །སྐྱེ་ཞིང་འགོག་ པའི་ཆོས་ཅན་ཡིན། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུ་བ་ཡོད་ན་འབྲལ་བ་ཡོད། །བསགས་པ་ཡོད་ན་འཛད་པ་ཡོད། །ལང་ཚོའི་མདོག་ཀྱང་ནད་ཀྱིས་འཕྲོག །འཚོ་བའི་ཚེ་ཡང་འཆི་བས་འཕྲོག །ཆགས་པར་གྱུར་ན་སྡུག་བསྔལ་འཕེལ། །སྐྱོ་བར་བྱས་ན་ཐར་བར་འགྱུར། །ཞེས་ པ་དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཐོས་པས་མོས་པར་གྱུར་ཏེ་ཐད་དུ་སོང་ནས་ཐལ་མོ་སྦྱར་ཏེ་འཁོད་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆོས་ལ་མོས་པར་བྱ། ཁོང་དུ་ཆུད་པར་བྱ། བསྒོ་བར་བྱ། ཡིད་འབྱུང་བར་བྱའོ། །རྒྱལ་པོས་གསོལ་པ། བཅོམ་ ལྡན་འདས་གང་ལ་སྐྱོ་བར་བགྱི། ཡིད་འབྱུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་ལས་སྐྱོ་ཞིང་ཡིད་འབྱུང་བར་བྱའོ། །རྒྱལ་པོས་གསོལ་པ། ཅིའི་ཕྱིར་འཁོར་བ་ལས་སྐྱོ་ཞིང་ཡིད་འབྱུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་ བ་འདི་མི་རྟག་པ་དང་། སྡུག་བསྔལ་བའི་ཕྱིར་རོ། །རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་འདི་ཇི་སྐད་མི་རྟག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་ཀྱི་འཇིག་རྟེན་འདི་ཡང་མི་རྟག་ལ། བཅུད་ཀྱི་སེམས་ཅན་ཡང་མི་རྟག་གོ། །རྒྱལ་པོས་ གསོལ་པ། སྣོད་ཀྱི་འཇིག་རྟེན་ཇི་ལྟར་མི་རྟག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་ཀྱི་འཇིག་རྟེན་རི་རབ་གླིང་ཁམས་ཀྱང་། །འཇིག་པའི་དུས་ཚེ་བསྐལ་པའི་མེ་བྱུང་ནས། །ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་སོ། །ཆུ་དང་རླུང་གིས་འཇིག་པ་དེ་བཞིན་ནོ། ། གཞན་ཡང་དབྱར་དྲོད་སྐྱེ་ལ་དགུན་གྲང་སྐམ། །ལོ་ལེགས་ལོ་ཉེས་ཐན་ཞོད་ངེས་པ་མེད། །ལོ་ཟླ་འདས་ཤིང་འཇིག་པའི་དུས་དང་ཉེ། །དེ་ལ་སོགས་ཏེ་མི་རྟག་མངོན་སུམ་ནི། །རྟག་པ་ཡིན་ན་ཅི་ཕྱིར་འགྱུར་ཞིང་འགྲོ། །རྒྱལ་པོས་གསོལ་པ། བཅུད་ཀྱི་སེམས་ཅན་ཇི་ལྟར་མི་ རྟག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུད་ཀྱི་སེམས་ཅན་ཚེ་འདི་ཉིད་ལ་ཡང་། །ཉིན་ཞག་ལོ་ཟླ་རིམ་གྱིས་གཅོད་བྱེད་པས། །ཉིན་ཞག་འདས་ཤིང་འཆི་དང་ཕར་ཕར་ཉེ། །མི་ཤིར་འདོད་ཀྱང་རང་ལ་རང་དབང་མེད། །སྐྱེ་རྒ་ན་འཆི་རང་ཐག་རི་མོ་འདྲ། །འཆི་ བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ། །འཆི་བའི་རྐྱེན་ནི་བསམ་གྱིས་མི་ཁྱབ་སྟེ། །འཆི་རྐྱེན་མ་སོང་དངོས་པོ་གང་ཡང་མེད། །ལུས་འདི་ཟས་ཀྱིས་འཚོ་ཡང་བརྣངས་ནས་འཆི། །འཇིག་རྟེན་འདི་ན་ཆེ་ཆུང་ཕྱུག་དབུལ་ཀུན། །འཆི་བདག་དབང་དུ་མི་འགྱུར་གང་ཡང་མེད། །སྔ་མ་ཤི་བའི་ མི་རྣམས་ཀུན་གྱིས་ཀྱང་། །རྟག་ཏུ་རེ་ནས་བུ་དང་ནོར་བསགས་ཀྱང་། །བུ་ནོར་ཕྱིར་ལུས་བདག་ལ་ཕན་པ་མེད། །རང་གི་དགེ་སྡིག་གཉིས་དང་འགྲོགས་ཏེ་འཆི། །ད་ལྟར་རང་གི་གནས་པའི་རིང་འདི་ལའང་། །དགའ་བཤེས་གཉེན་འདུན་མཛའ་དང་མི་མཛའ་དང་། །ན་ཚོད་འཐུན་དང་ རྒན་གཞོན་ཇི་སྙེད་ཅིག །ཤི་བ་མཐོང་ཞིང་ཐོས་པ་མ་ཡིན་ནམ། །ས་སྟེང་གནས་པའི་སེམས་ཅན་འདི་ཀུན་ཡང་། །ལོ་བརྒྱ་ཚུན་ཆད་སྡོད་ཀྱང་མ་ལུས་འཆི། །དེ་བས་རང་རེའང་འཆི་བའི་ཆོས་ཅན་ཡིན། །དེང་འཆི་སང་འཆི་སུས་ཀྱང་མི་ཤེས་ཏེ། །ཚོད་ འཛིན་པ་ཡང་མི་འཇིགས་སྦྱིན་མེད་པས། སང་ཕོད་དེང་སང་བདག་ཉིད་ཇི་ལྟར་འགྱུར། །འཆི་བའི་ཚེ་ན་ཕ་མ་བུ་ཚ་དང་། །ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར་ཀུན་ཀྱང་། །བདག་ཉིད་འཆི་བའི་ཕྱི་ན་འོང་མེད་པས། །སྡུག་བསྔལ་སྐལ་ལེན་འགའ་ཡང་ཡོད་མ་ཡིན། །དེ་བས་སྐྱེས་ ཀྱང་བདག་ཉིད་གཅིག་པུ་སྐྱེས། ཐ་མ་འཆི་ཡང་བདག་ཉིད་གཅིག་པུ་འཆི། །སྐད་ཅིག་ཚེ་ལས་འཐུན་པ་ཉེ་གཞི་རྣམས། །འགྲོན་པོ་གནས་འཐུན་ཙམ་སྟེ་སོ་སོར་འགྲོ། །སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི། །གཉེན་དང་ནོར་རྫས་ཡུལ་མཁར་ཀུན་བོར་ནས། །བདག་ ཉིད་གཅིག་པུ་འཇིགས་པའི་ལམ་དུ་འགྲོ། །ཇི་ཙམ་སྡིག་དང་བསྡོས་ནས་ནོར་བསགས་ཀྱང་། སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་འཁུར། །བསགས་པའི་ནོར་ནི་ཁོང་དག་བུ་ཚས་འཁྱེར། །དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན། །བདག་ལ་ཤིན་ཏུ་ཕངས་པའི་ ལུས་འདི་ཡང་། །ཤི་བའི་དུས་སུ་རྫ་ཞིག་བཞིན་དུ་འབོར། །ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་ཀྱང་འབྱེ། །དབང་མེད་བདག་ཉིད་གཅིག་པུ་འཁྱམས་ནས་ནི། །ལས་ཀྱི་དབང་གིས་གང་དུ་སྐྱེས་གྱུར་ན། །དེ་བས་ལུས་ཀྱི་ཕྱིར་ནི་སྡིག་མི་བྱ། །ལུས་འདི་ས་གཏིང་ འགྲོ་སྟེ་ཆོག་མི་ཤེས། །མི་གཙང་ལས་བྱུང་མི་གཙང་ཕུང་པོ་ཡིན། །ན་རྒ་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས། །ཤི་ནས་ལུས་བོར་ས་ཡི་ཕྱོགས་ཙམ་བཙོག །བྱ་དང་ཁྱི་སྤྱང་ལ་སོགས་རྣམས་ཀྱིས་ཟ། །བསྙེན་བཀུར་འབད་ཀྱང་འཆི་བདག་སྲིན་པོས་འཕྲོག །མཁས་ པས་སྨོད་ཅིང་བླུན་པོ་ཆགས་པའི་གནས། །དེ་བས་མཁས་པ་ལུས་ལ་སུ་ཞིག་ཆགས། །ལུས་ཀྱི་ཕྱིར་ནི་ཡ་ངར་འཇུག་མི་བྱ། །འདི་ལ་གླ་རྔན་གོས་ཟས་བྱིན་ནས་སུ། །ཡུན་གྱི་ཕན་ཕྱིར་བསོད་ནམས་སོག་ཏུ་གཞུག །བདག་གི་གྲོགས་ནི་དགེ་སྡིག་གཉིས་ལས་མེད། ། དེ་ཡང་དགེ་བ་མཐོ་རིས་ཐར་པའི་རྒྱུ། །སྡིག་པ་ངན་སོང་སྡུག་བསྔལ་འབྱུང་བའི་རྒྱུ། །མ་ཤི་བར་དུའང་ལུས་ནི་མི་རྟག་སྟེ། །བུ་ཆུང་བྱིས་པ་གཞོན་ནུ་ཉིད་དུ་འགྱུར། །དེ་ནས་དར་ལ་བབ་དང་དར་ཡོལ་དང་། །རྒས་པར་གྱུར་ཏེ་ལུས་འདི་རྟག་ན་ནི། །གནས་སྐབས་དེ་སྙེད་ཅིག་ནི་ ཅིས་ཏེ་འགྱུར། །ལོངས་སྤྱོད་བདེ་སྡུག་རྣམས་ཀྱང་མི་རྟག་སྟེ། །བཙན་ཕྱུག་འཛོམ་པ་སྡུག་ཕོངས་ཅན་དུ་འགྱུར། །སྡུག་ཕོངས་ཅན་ཡང་བཙན་ཕྱུག་འཛོམ་པར་འགྱུར། །ལང་ཚོ་ལོངས་སྤྱོད་ན་རྒ་འཆི་བས་འཇོམས། །འཇིག་རྟེན་ཆོས་འདི་ཐམས་ཅད་མི་རྟག་གོ། །རྒྱལ་ པོ་གཟུགས་ཅན་སྙིང་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་པ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་པ་ལ་ནམ་ཡང་བདེ་བ་མེད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྡུག་བསྔལ་གཙོ་བོ་སྐྱེ་རྒ་ན་འཆི་ བཞི། །དམྱལ་བར་སྐྱེས་ན་སྡུག་བསྔལ་འདི་འདྲའོ། །དམྱལ་སྲུངས་དང་ནི་དམྱལ་བའི་མེ་མཐོང་ནས། །ཤིན་ཏུ་སྐྲག་དངངས་ཆོ་ངེས་ཆེར་འདེབས་ཤིང་། །རང་ལ་རྔན་འགྲང་སྔོན་གྱི་སྡིག་པ་ལ། །ཤིན་ཏུ་འགྱོད་ཀྱང་ཕན་པ་ཅི་ཡང་མེད། །ལུས་འདི་ཤིན་ཏུ་ཆེ་ལ་ གཞོན་ཤ་ཅན། །ཚོར་བ་ཆེ་ཞིང་དྲག་པོའི་ལུས་ཐོབ་ནས། །ཁ་ཅིག་རང་ལུས་མེ་ཡི་ཕུང་པོར་འབར། །ཁ་ཅིག་ལྕགས་མཁར་ཁང་པ་སྦྲུམ་མར་རྡུང་། །འགྲེ་ལྡོག་བྱེད་ཅིང་ཕྱོགས་ནི་ཀུན་ནས་སྲེག །ཁ་ཅིག་ལྕགས་ལས་བྱས་པའི་སྣོད་ཆེན་དུ། །སྤྱི་ཚུགས་འབྲུ་ ཉུངས་ཆུ་ཁོལ་ཐུག་བཞིན་འཚེད། །ཁ་ཅིག་སོག་ལེས་འདྲ་ཞིང་གཏུན་ལ་རྡུང་། །ཁ་ཅིག་གནས་དང་ཁང་པར་སྲུང་ཞིང་སྲེག །མེ་མ་མུར་དང་ཐལ་ཚན་ཆུ་ལ་སོགས། །སྡུག་བསྔལ་མང་པོ་བསམ་གྱིས་མི་ཁྱབ་བོ། །མི་ཡི་ལོ་ནི་འབུམ་དང་བརྒྱད་ཁྲི་ལ། །དམྱལ་བ་ཁ་ ཅིག་ན་ནི་ཉིན་ཞག་གཅིག །དེ་ལ་སོགས་པ་བསྐལ་པའི་བར་དུ་གནས། །ཤི་བར་དགའ་ཡང་འཆིར་ནི་མི་བཏུབ་བོ། །ལས་མ་ཟད་པ་ཁ་ཅིག་འཇིག་ཆགས་ཚེ། །འཇིག་རྟེན་བརྒྱུད་ཅིང་འཇིག་ཆགས་མེད་པར་སྐྱེ། །ཡི་དགས་སྐྱེས་པ་བཀྲེས་དང་སྐོམ་པས་གདུངས། །མགོ་ བོ་རི་ཙམ་ཁ་ནི་ཁབ་མིག་ཙམ། །སྐེ་རྩ་རབ་ཕྲ་གསུས་པ་ཡུལ་ལྗོངས་ཙམ། །བཟའ་བཏུང་མཐོང་ཡང་གཞན་གྱིས་བསྲུངས་པ་དང་། །རྣག་ཁྲག་ངན་སྐྱུགས་ལ་སོགས་གཞན་དུ་མཐོང་། །ཁ་ཅིག་ཟོས་ཀྱང་ཁྲོ་ཆུ་ཁོལ་མར་འགྲོ། །བྱོལ་སོང་སྐྱེས་ན་གཅིག་ལ་ གཅིག་ཟ་དང་། །རང་ལ་དབང་མེད་བཀོལ་བཏགས་རྡེག་འཚོག་དང་། །གཞན་གྱིས་གསོད་སོགས་གཏི་མུག་རྨོངས་པས་སྡུག །མིར་སྐྱེས་ན་ཡང་མངལ་ན་གནས་པའི་ཚེ། །མ་ནི་འགྲངས་ཚེ་བྲག་བར་བཙིར་བ་འདྲ། །བཀྲེས་པའི་ཚེ་ན་སྤྱང་ལ་བཏང་བ་སྙམ། །དྲག་ཤུལ་ བྱེད་ཚེ་གཏུན་ལ་རྡུང་བ་སྙམ། །བཙས་པའི་ཚེ་ན་པགས་པ་བཤུས་ནས་ནི། །རྩིག་པའི་ལོགས་ལ་དྲུད་པ་བས་ཀྱང་རྩུབ། །ཚ་འབྲུམ་བཀྲེས་སྐོམ་རྐང་ལག་ན་ནས་སྡུག །ཆེར་སྐྱེས་ན་ཡང་སོ་ནམ་བྲེལ་ཕོངས་དང་། །ཉེ་དུ་བྲལ་དང་དགྲས་བཅོམ་བུ་ལོན་དང་། །བཀྲེས་ སྐོམ་ཚ་གྲང་དོན་ལ་སོགས་པས་སྡུག །ཕོངས་པ་རྣམས་ནི་བཙལ་ཐབས་མེད་ནས་སྡུག །ཡོད་པ་རྣམས་ཀྱང་འཚོ་སྐྱོང་མེལ་ཚེས་སྡུག །ཞིང་རྨོ་ཚོང་བྱེད་འདུ་བྱེད་ལས་ཀྱི་སྡུག །དེ་ལ་སོགས་པའི་སྡུག་བསྔལ་བསམ་མི་ཁྱབ། །སྡུག་བསྔལ་གཞི་ནི་ཕལ་ཆེར་ལྟོ་རྒྱབ་ གཉིས། །འཇིག་རྟེན་འདི་ཡི་བདེ་བའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་ཕྱི་མའི་ངན་སོང་སྡུག་བསྔལ་རྒྱུ། །ལྷ་མིན་སྐྱེས་ན་ང་རྒྱལ་ཕྲག་དོག་དང་། །ཁྲོ་གཏུམ་འཐབ་རྩོད་ལ་སོགས་དབང་གིས་སྡུག །ལྷར་སྐྱེས་ཀྱང་ནི་འཆི་འཕོ་ལྟུང་བ་དང་། །འཆི་ལྟས་ལྔ་དང་འདུ་ བྱེད་དབང་གིས་སྡུག །རྒས་པ་ཡང་ནི་འདི་ལྟར་སྡུག་བསྔལ་ཏེ། །མགོ་དཀར་གཉེར་འདུས་གཞན་གྱིས་མཐོང་མི་མོས། །ཁ་སྣ་ཆུ་འཛག་རྐང་ལག་ཀུན་ཀྱང་འདར། །སེམས་ཀྱིས་དྲན་ཡང་ལུས་ལ་ཉམ་སྟོབས་མེད། །བུ་ཚ་ཀུན་ཀྱང་ཤི་ན་རུང་སྙམ་སེམས། །ཞལ་ཏ་ བྱས་ཀྱང་མི་ཉན་དབང་ཡང་ཤོར། །ཁ་ཅིག་སྲིན་རྒན་ཤི་འཕྱིས་ཞེས་ཀྱང་ཟེར། །ཁ་ཅིག་བེར་དབྱུག་ཐོགས་ནས་རྡུང་བར་བྱེད། །དེ་ལྟར་མཐོང་ཐོས་ཤིར་འདོད་ཤིར་མ་བཏུབ། །ན་བ་རྣམས་ནི་འདི་ལྟར་སྡུག་བསྔལ་ཏེ། །ལུས་ཀྱི་འབྱུང་ཆེན་བཞི་ནི་མ་སྙོམས་པས། །རླུང་མཁྲིས་བད་ ཀན་འདུས་པས་ལུས་གདུངས་ཏེ། །ལོངས་སྤྱོད་མཐོང་ཡང་འདི་ལ་འདོད་པ་མེད། །ལུས་ཀྱི་ཉམ་སྟོབས་ཤོར་བས་ལྡང་མི་ནུས། །མཛེས་པའི་གཟི་མདངས་ཤོར་བས་ཡི་དགས་འདྲ། །འཆི་བ་རྣམས་ཀྱང་འདི་ལྟར་སྡུག་བསྔལ་ཏེ། །གཉེན་བཤེས་ཚོགས་ཀྱིས་ཆོ་ངེ་ འདེབས་བྱེད་ཀྱང་། །དེ་ལ་ཉན་ལྟ་བསམ་པའི་ཡུལ་མེད་དེ། །གནད་གཅོད་པ་ནི་མཚོན་ཆས་གཏུབ་པ་འདྲ། །མཛའ་དང་མི་མཛའི་དོན་དུ་སྔར་བྱས་པའི། །དགེ་སྡིག་ལས་ནི་རྨི་ལམ་ཡུལ་བཞིན་སྣང་། །གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་པས་བསྐོར། །བྲེད་ཤ་ཐོན་ནས་ ཀུན་ཏུ་བལྟས་བྱས་ཀྱང་། །མགོན་སྐྱབས་བྱེད་པ་སུ་ཡང་མ་མཐོང་ནས། །ཤིན་ཏུ་འཇིགས་བཞིན་ཀུན་ཏུ་ཡི་མུག་སྟེ། །བདག་ཉིད་གར་འགྲོ་གཏོལ་མེད་བར་དོ་འབྱུང་། །མི་རྟག་སྡུག་བསྔལ་མི་ཟད་ཡུན་རིང་འདི། །ཐོག་མ་མེད་ནས་ད་ལྟའི་བར་དུ་ཡང་། །འཕགས་ལམ་མ་ ཐོབ་བར་དུ་རྟག་ཏུ་གདུང་། །རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་འཁོར་བ་འདི་ཤིན་ཏུ་སྡུག་བསྔལ་བ་ལགས་ན་བདེ་ལེགས་དང་ལྡན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་ལས་འདས་པ་ནི་བདེ་ལེགས་ཕུན་སུམ་ཚོགས་པ་ཡིན་ནོ། །རྒྱལ་པོས་ གསོལ་པ། ཇི་ལྟར་བདེ་ལེགས་ཕུན་སུམ་ཚོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་འདས་པ་ཞི་བ་བདེ་བའི་མཆོག །རྣམ་རྟོག་བདག་ཏུ་འཛིན་དང་ཉོན་མོངས་མེད། །ངན་སོང་གསུམ་སོགས་བཀྲེས་སྐོམ་གྲང་དྲོ་དང་། །སྐྱེ་རྒ་ན་འཆི་ལ་སོགས་སྡུག་ བསྔལ་མེད། །འཁོར་བ་མི་རྟག་སྡུག་བསྔལ་གཏན་ཟད་ནས། །ལས་སུ་གཞན་དོན་འབའ་ཞིག་སྤྱོད་བྱེད་ཅིང་། །མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བ་ལས་ཡིད་བྱུང་ནས་རྒྱལ་སྲིད་མཆིལ་མའི་ ཐལ་བ་ལྟར་བོར་ཏེ། མྱ་ངན་ལས་འདས་པ་བསྒྲུབ་པ་ལ་གཞོལ་བར་གྱུར་ཏོ། །དེ་ལྟར་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་གོ། །མེ་ཏོག་རྣམས་ཀྱི་ནང་ན་པད་མ་དཀར་ པོ་མཆོག་གོ། །འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པའི་འདུ་ཤེས་མཆོག་གོ། །བསམ་པ་རྣམས་ཀྱི་ནང་ན་འཁོར་བ་ལས་ཡིད་བྱུང་བ་མཆོག་གོ། །རྒྱལ་པོ་ཆེན་པོ་འཁོར་བ་ལས་ཡིད་བྱུང་བ་ལེགས་སོ། །སྐྱོ་བ་སྐྱེས་པ་ལེགས་སོ། །ཆགས་ན་འཁོར་བ་ ཡིན་ནོ། །མ་ཆགས་ན་མྱ་ངན་ལས་འདས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྒྱལ་པོ་གཟུགས་ཅན་སྙིང་ པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །༄༅༅། །རྒྱ་གར་སྐད་དུ། རཱ་ཛ་དེ་ཤ་ནཱ་ མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱི་ན་འཁོར་ རྣམས་ལ་ཆོས་སྟོན་པ་ན། བད་ས་ལའི་རྒྱལ་པོ་འཆར་བྱེད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་འཁོར་དང་བཅས་པ་བད་ས་ལའི་ཡུལ་དུ་གཤེགས་པ་དང་། བད་ས་ལའི་རྒྱལ་པོ་འཆར་བྱེད་གྲོང་ཁྱེར་ཆེན་པོ་གསེར་ཅན་ཞེས་བྱ་བ་གཞོམ་པའི་ཕྱིར་དམག་བཞི་དང་ཆས་པ་དང་ཕྲད་ པས་རྒྱལ་པོ་འཆར་བྱེད་ཁྲོས་ཏེ། འདི་འདྲ་བའི་བཀྲ་མི་ཤིས་པ་དང་ཕྲད་པས་བསད་པར་རིགས་སོ་ཞེས་ནས་མདའ་སྟེའུ་ཁ་ཉ་རྔ་མ་བླངས་ཏེ། བཅོམ་ལྡན་འདས་ལ་འཕངས་སོ། །དེ་ནས་མདའ་དེ་ནམ་མཁའ་ལ་འཁོར་ཞིང་འདི་སྐད་ཅེས་གྲག་གོ། །ཞེ་སྡང་གིས་ནི་སྡུག་བསྔལ་ སྐྱེད། །འདིར་ཡང་ཤ་ཐང་འཐབ་དང་རྩོད། །ཕྱི་མར་དམྱལ་བའི་སྡུག་བསྔལ་འབྱུང་། །དེས་ན་ཞེ་སྡང་འཐབ་རྩོད་སྤང་། །ཞེས་བྱ་བའི་ཚིག་དེ་རྒྱལ་པོ་འཆར་བྱེད་ཀྱིས་ཐོས་པར་གྱུར་པ་དང་། བཅོམ་ལྡན་འདས་ལ་མོས་པར་གྱུར་ཏེ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འཐབ་རྩོད་ནི་འདིར་ཤ་ཐང་ལ་ཕྱི་མར་ངན་སོང་དུ་སྐྱེ་ན་ཅིའི་ཕྱིར་རྟག་ཏུ་འཐབ་རྩོད་འབའ་ཞིག་བྱེད། རྒྱལ་པོས་གསོལ་པ། གཽཏ་མ་བདག་གིས་གང་དང་འཐབས་ཀྱང་ཕམ་མ་མྱོང་སྟེ་རྒྱལ་བས་བདག་ནི་དམག་དང་འཐབ་པ་ལ་ མོས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དགྲ་འདི་ནི་དགྲ་ཆུང་ངུ་ཡིན་ཏེ། རྒྱལ་པོ་ཆེན་པོ་འདི་མ་ཡིན་པའི་དགྲ་ཆེན་པོ་ཤར་གཉེར་བ་ཞིག་ཡོད་དོ། །རྒྱལ་པོས་གསོལ་པ་དགྲ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགྲ་ཆེན་པོ་ཉོན་མོངས་པ་བདག་ཏུ་འཛིན་པ་ཞེས་བྱ་བ་ཞིག་ཡོད་དོ། །རྒྱལ་པོས་གསོལ་པ་དགྲ་དེ་ཇི་ལྟ་བུ་ལགས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་རྟོག་བདག་ཏུ་འཛིན་པའི་དགྲ་ཆེན་པོ། །འདི་ནི་རྒྱུ་བཞིན་དངོས་པོ་མེད་བཞིན་དུ། །ཐོག་མ་མེད་ནས་ བདག་ལ་གནས་ནས་ནི། །བདག་གི་ཆོས་སྐུ་ཡིད་བཞིན་རིན་ཆེན་དེ། །གཟོད་མའི་མུ་ནས་དགྲ་ཡིས་བརྐུས་ནས་སུ། །མཚན་མའི་ཚང་ཚིང་གསེབ་ཏུ་སྦས་ནས་བདག །ད་རུང་འཆིང་ཞིང་འཁོར་བར་འཁྱམ་དུ་འཇུག །འཇིག་རྟེན་དགྲས་ནི་བསད་ནས་ནོར་འཕྲོག་ཙམ། ། དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས། །དགྲ་འདི་ཞི་བདེ་ཐར་པའི་སྲོག་ཀྱང་གཅོད། །དེ་བསྟེན་བསོད་ནམས་འཁོར་བར་འདམ་དུ་འཆིང་། །རྒྱལ་པོས་གསོལ་པ། དགྲ་ཆེན་པོ་དེ་དང་ཇི་ལྟར་འཐབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ རྟོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་། །དད་པས་སྦྱིན་དང་ཚུལ་ཁྲིམས་མཁར་བརྩིགས་ཏེ། །དགེ་བའི་དཔུང་བྱས་བཟོད་པའི་གོ་གྱོན་ལ། །བརྩོན་འགྲུས་ལྕག་ཐོགས་བསམ་གཏན་གཞུ་བདུངས་ཏེ། །བདག་མེད་སྟོང་པའི་མདའ་ཡིས་བདག་འཛིན་བསད། །རྒྱལ་པོས་ གསོལ་པ་བདག་མེད་པ་ཞེས་པ་དེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་བདག་མེད་རྒྱལ་པོ་མཉན་པར་གྱིས། །གང་ཟག་ལྔ་ཕུང་རྒྱུན་ཡིན་ཅི་ཕྱིར་ན། །རྒྱུ་ནི་ལས་དང་ཉོན་མོངས་པས་གང་ནས། །འབྲས་བུ་ཕུང་པོར་ཟག་སྟེ་དེ་ཡི་བདག ། བདག་ནི་སེམས་ཅན་སོ་སོའི་ལུས་འདི་ལ། །ང་དང་བདག་ཏུ་བཟུང་ནས་ཆགས་གྱུར་ཏེ། །བདག་ནི་ན་དང་ཤི་བཀྲེས་གྲང་གིས་དོགས། །བསྟོད་ན་དགའ་ཞིང་སྨད་ན་མི་དགའ་སྟེ། །དེ་ལ་དམིགས་ནས་མུ་སྟེགས་ལྔ་རྣམས་འཇུག །ང་འམ་བདག་དེ་ཡོད་པ་མ་ཡིན་ཏེ། ། ཕུང་པོ་འདི་ལ་བརྟགས་ནས་འཁྲུལ་པ་ཡིན། །མིང་ནི་བདག་མ་ཡིན་ཏེ་བཏགས་པ་ཙམ། །ལུས་ནི་བདག་མ་ཡིན་ཏེ་ཤ་རུས་རྣམས། །འབྱུང་ཆེན་འདུས་པ་ཕྱི་རོལ་རྩིག་པ་འདྲ། །སེམས་ཀྱང་བདག་མ་ཡིན་ཏེ་དངོས་པོ་མེད། །ཆོས་ལ་བདག་མེད་རྒྱལ་པོ་མཉན་པར་གྱིས། ། ཆོས་ནི་གཟུགས་སོགས་དངོས་པོ་ཐམས་ཅད་ཡིན། །བྱེད་པ་མེད་ལ་མཚན་ཉིད་འཛིན་ཕྱིར་རོ། །དེ་དག་ལོག་རྟོག་མཚན་མར་བཅས་པ་དང་། །ལྟ་མི་འཐུན་པ་ཡིན་ཏེ་དེ་མེད་དོ། །ཅི་ཕྱིར་ཞེ་ན་ཕྱི་ནང་ཆོས་འདི་ལ། །དངོས་འདི་སྤངས་ནས་སྟོང་ཉིད་མི་བཙལ་གྱི། །སྣང་བ་ཉིད་ན་ སྟོང་པ་ཉིད་ཡིན་ཕྱིར། །གཞིག་བཅོམ་མི་རྟག་ཙམ་ལ་སྟོང་མིང་གདགས། །སྣང་ལ་རང་བཞིན་མེད་པར་ཅིས་མངོན་ན། །ཡོད་མེད་དབུས་དང་གསུམ་དུ་མི་གནས་ཏེ། །ཡོད་པར་གྲགས་པ་འཁོར་བ་མྱ་ངན་འདས། །འཁོར་བའི་རང་བཞིན་ཡུལ་སེམས་རྣམ་གཉིས་ཏེ། །ཡུལ་འདི་ དངོས་པོ་མེད་པར་འདི་ལྟར་བརྟག །རང་སྣང་རྡུལ་བཤིག་རྡུལ་ཡང་ཆས་གཞིག་མེད། །དངོས་སྣང་ཐམས་ཅད་སེམས་ཡིན་རྨི་ལམ་བཞིན། །སེམས་ཀྱང་ཁ་དོག་དབྱིབས་སོགས་རྣམས་དང་བྲལ། །དེས་ན་འཁོར་བ་སྟོང་ཞིང་བདག་མེད་དོ། །འཁོར་བ་མེད་པས་མྱ་ངན་འདས་པའང་ མེད། །ཡོད་པ་མ་གྲུབ་པས་ན་མེད་པའང་མེད། །མཐའ་གཉིས་མེད་ཕྱིར་དབུས་ཀྱང་མེད་པ་ཡིན། །དེ་ལྟར་རྒྱལ་པོས་བདག་མེད་བསྒོམ་བྱས་ན། །བདག་འཛིན་འཁོར་བ་རྩད་ནས་ཆོད་པར་འགྱུར། །རྒྱལ་པོས་གསོལ་པ། སྔ་གོང་ཡན་ཆད་དགྲ་མ་ཡིན་པ་ལ་དགྲར་བཟུང་སྟེ་བདག་ཞེ་སྡང་ གིས་མནར་བར་གྱུར་ཏོ། །ད་ནི་བདག་གིས་ཡང་དག་པའི་དགྲ་ངོ་ཤེས་པས་དགྲ་དེ་དང་འཐབ་པའི་ཕྱིར་བདག་མེད་པ་ལ་མོས་པར་གྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ། །བདག་ཏུ་འཛིན་པའི་དགྲ་ཕམ་པར་བྱས་སོ། །བཅོམ་ལྡན་འདས་ ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བད་སའི་རྒྱལ་པོ་འཆར་བྱེད་ལ་སོགས་པ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཛཱ་ཏ་ཤ་ཏྲུ་ཀཽ་ཀྲྀཏྟྱ་བི་ནོ་ད་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ཞེས་ བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཀྱི་ཕུང་པོ་ལ། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་ གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་ལྷགས་པ་བརྒྱད་ཁྲི་བཞི་སྟོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། མི་སྐྱེ་བའི་ཆོས་ལ་ བཟོད་པ་ཐོབ་པ། ཏིང་ངེ་འཛིན་དང་གཟུངས་སྒྲུབ་པ་ཤེས་ཤིང་མཁས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཇི་ལྟར་མོས་པ་བཞིན་དུ་ཆོས་སྟོན་པ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དང་། དེ་མ་ཡིན་ པ་གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བརྒྱ་སྟོང་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །ཡང་དེའི་ཚེ་དེའི་དུས་ན་འཇམ་དཔལ་གཞོན་ནུར་གྱུར་པ་རི་ཞིག་གི་བང་རིམ་གྱི་ ངོས་ལ་སྐྱེས་བུ་དམ་པ་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་ཏུ་གནས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཀླུ་དཔལ་དང་། ཀླུས་བྱིན་དང་། དཔལ་འབྱུང་དང་། དཔལ་གྱི་སྙིང་པོ་དང་། པད་མ་བླ་མའི་དཔལ་དང་། པད་མ་དཔལ་འབྱུང་དང་། སྐྱེ་བོ་འཛིན་དང་། ས་འཛིན་དང་། ལག་ ན་རིན་ཆེན་དང་། ལག་ན་རིན་ཆེན་ཕྱག་རྒྱ་དང་། སེང་གེའི་བློ་གྲོས་དང་། སེང་གེའི་འགྲོས་བསྒྲགས་དབྱངས་དང་། ནམ་མཁའ་མཛོད་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོས་སྒྱུར་བ་དང་། ཚིག་གི་རབ་ཏུ་ཐ་དད་པ་ཐམས་ཅད་ལ་སྤོབས་པ་དང་། སྤོབས་ པའི་ཕུང་པོ་དང་། བློ་གྲོས་རྒྱ་མཚོ་དང་། ལྷུན་པོ་ཆེན་པོ་དང་། མཐོང་ན་དགའ་བ་དང་། རབ་ཏུ་དགའ་བའི་རྒྱལ་པོ་དང་། མཐའ་ཡས་མཐོང་བ་དང་། མཐའ་ཡས་དམིགས་པར་གནས་པ་དང་། བདུད་ཀྱི་ལྟ་བ་ཡང་དག་པར་འཇོམས་པ་དང་། མྱ་ངན་མེད་སྦྱིན་དང་། དོན་ཐམས་ཅད་གྲུབ་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། སྐྱེས་བུ་དམ་པ་ཉི་ཤུ་རྩ་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་གནས་སོ། །དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་བཞི་ཡང་ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དུ་འབྲང་བར་གྱུར་ཏེ། ལྷའི་བུ་ཀུན་ནས་མེ་ཏོག་ཅེས་བྱ་བ་དང་། ལྷའི་བུ་མེ་ཏོག་འོད་ཟེར་ཅན་ཞེས་བྱ་བ་དང་། ལྷའི་བུ་མེ་ཏོག་མན་དཱ་ར་བའི་དྲི་ཞེས་བྱ་བ་དང་། ལྷའི་བུ་ཆོས་ལ་གནས་པར་རྟག་ཏུ་བརྩོན་པ་ཞེས་བྱ་བ་དེ་དག་དང་། ལྷའི་བུ་མང་པོ་གཞན་དག་ཀྱང་འདི་ལྟ་སྟེ། ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དུ་འབྲང་བར་ གྱུར་ཏོ། །འདི་ལྟ་སྟེ། སྐྱེས་བུ་དམ་པ་དེ་དག་དང་། ལྷའི་བུ་དེ་དག་ཚོགས་ཤིང་འཁོད་པ་ལས་བར་སྐབས་སུ་ཀྱེ་གྲོགས་པོ་དག་སངས་རྒྱས་ཀྱི་ཡེ་ཤེས་ནི་རྒྱ་ཆེ་བ། དཔག་ཏུ་མེད་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། མཉམ་པ་མེད་པ། གཞལ་དུ་མེད་པ། མི་རྟོགས་ པ། མི་མཉམ་པ་དང་མཉམ་པ། བླ་ན་མེད་པ་ཡིན་ཏེ། དེ་ནི་གོ་ཆ་དམ་པ་མ་ཡིན་པས་རྟོགས་པར་མི་ནུས་ན་གོ་ཆ་ཇི་ཙམ་ཞིག་བགོས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་ཞེས་དེ་ལྟ་བུའི་གཏམ་རྗོད་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་ཀླུ་དཔལ་ གྱིས་སྨྲས་པ། དགེ་བའི་རྩ་བའི་ཚོགས་བསགས་པ་བསྔོ་བ་ལ་ཆོག་མི་ཤེས་པའི་དགེ་བའི་རྩ་བ་ལ་གཞོག་པར་གནས་ཤིང་མི་བརྗེད་པའི་གོ་ཆ་བགོས་པས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ཀླུས་བྱིན་གྱིས་སྨྲས་པ། སེམས་སྙོམས་པ་དང་། སེམས་ དུལ་བ་དང་། སེམས་འཇམ་པ་དང་། སེམས་དྲང་བ་དང་། སེམས་མཉེན་པ་དང་། སེམས་ཅང་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡི་དམ་བརྟན་པོ་སྙིང་པོ་ལ་གནས་པའི་གོ་ཆ་བགོས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས། ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ ཆུབ་སེམས་དཔའ་དཔལ་འབྱུང་གིས་སྨྲས་པ། ཀྱེ་གྲོགས་པོ་དག་བསྐལ་པའི་གྲངས་ཀྱིས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། བསྐལ་པ་དཔག་ཏུ་མེད་པར་གོ་ཆ་བགོས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་དཔལ་གྱི་ སྙིང་པོས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདག་གི་བདེ་བ་ལ་ཆགས་ཤིང་གནས་པས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། བདག་གི་བདེ་བ་ལ་མ་ཆགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་ནུས་ཏེ། གང་ཟང་ཟིང་མེད་པ་ལན་དུ་བྱ་བ་མ་ཡིན་པའི་བདེ་ བ་དེ་སེམས་ཅན་ཐམས་ཅད་ལ་བསྟབས་སོ་ཞེས་སེམས་ཅན་ཐམས་ཅད་བདེ་ཞིང་བདེ་བ་དང་ལྡན་པ་ལ་གཞོག་པར་བྱེད་པ་དེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་པད་མ་བླ་མའི་དཔལ་གྱིས་སྨྲས་པ། བདག་ཉིད་མ་དུལ། མ་བསྲུངས། མ་བྱང་བ་དེས་ཕ་རོལ་མ་དུལ་མ་བསྲུངས། མ་བྱང་བ་དུལ་བར་བྱ་བ་དང་། ཞི་བར་བྱ་བའི་གནས་དེ་ནི་མེད་ཀྱིས། བདག་ཉིད་ཤིན་ཏུ་དུལ། ཤིན་ཏུ་བསྲུངས། ཤིན་ཏུ་བྱང་བ་དེས་ཕ་རོལ་མ་དུལ། མ་བསྲུངས། མ་བྱང་བ། དུལ་བར་བྱ་བ་དང་། ཞི་བར་བྱ་བའི་གནས་དེ་ནི་ཡོད་དོ་ཞེས་ བཅོམ་ལྡན་འདས་ཀྱིས་ཀྱང་དེ་སྐད་གསུངས་ཏེ། དེ་བས་ན་དུལ་བ་དང་ཞི་གནས་ཀྱི་རྣལ་འབྱོར་ལ་ཞུགས་ཤིང་ཕ་རོལ་དུལ་བ་དང་། ཞི་གནས་དང་འཐུན་པར་བྱ་བ་ལ་མཁས་པས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་པད་མ་དཔལ་འབྱུང་གིས་སྨྲས་པ། ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཆོས་དང་འབྲེལ་པས་འཇིག་རྟེན་ལས་འདའ་བར་མི་ནུས་ཀྱི། གང་འཇིག་རྟེན་གྱི་ཆོས་དང་མ་འབྲེལ་བ་དེ་ནི་འཇིག་རྟེན་ལས་འདའ་བར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་གང་རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་སྡུག་བསྔལ་བས་མི་འཕྲོགས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཁེངས་པ། མ་དུད་པ་དེས་ནི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་སླའོ། །བྱང་ཆུབ་སེམས་དཔའ་སྐྱེ་བོ་འཛིན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་གཞན་ ལ་ཀླན་ཀ་ཚོལ་བས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། གཅིག་པུ་གཉིས་སུ་མེད་ལ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་གོ་ཆ་ཆེན་པོ་བགོས་པས་སེམས་ཅན་ཐམས་ཅད་ཀྱི་གང་ཅི་ཡང་རུང་། ཡོངས་སུ་ཐོབ་པར་བྱ་བ་དེ་ཐམས་ཅད་བདག་ གིས་ཡོངས་སུ་ཐོབ་པར་བྱའོ་ཞེས། དགེ་བའི་རྩ་བ་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སེམས་བསྐྱེད་དེ། ཡུད་ཙམ་དུ་ཡང་བརྩོན་འགྲུས་མི་གཏོང་ཞིང་དེ་ལྟར་བརྩོན་འགྲུས་ལ་གནས་པའི་བྱང་ཆུབ་ སེམས་དཔས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ས་འཛིན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་འདི་ལྟ་སྟེ། དཔེར་ན་ས་ནི་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་ཀྱི་གནས་ཡིན་ཏེ། དེ་ལ་གནས་ཤིང་རྩྭ་དང་། ཤིང་ གེལ་པ་དང་། སྨན་དང་། ནགས་ཚལ་གྱི་ས་བོན་ཐམས་ཅད་སྐྱེ་བར་འགྱུར་མོད་ཀྱི་ས་ཆེན་པོ་དེ་ནི་ལན་རེ་བ་ཡང་མེད་དོ། །སེམས་ཅན་ཐམས་ཅད་ཀྱང་ས་ཆེན་པོ་ལས་འཚོ་མོད་ཀྱི། ས་ཆེན་པོ་ནི་སྐྱོ་བར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆགས་པ་དང་། ཞེ་སྡང་བའི་སེམས་དང་བྲལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་དང་ལན་རེ་བ་མེད་པའི་ཕྱིར་ས་དང་འདྲ་བར་སེམས་བསྐྱེད་ན་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག་འདི་ནི་གོ་ ཆ་ཆེན་པོ་ཡིན་ཏེ། དམན་པ་ལ་མོས་པས་ནི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། གང་གཉིད་ལོག་པའི་རྨི་ལམ་ན་ཡང་ཐེག་པ་གཉིས་ལ་སེམས་མི་འཇུག་ཅིང་རིན་པོ་ཆེའི་སེམས་ཐམས་ཅད་མཁྱེན་པའི་སེམས་དེ་ཕ་རོལ་དག་ཀྱང་འདོད་པར་བྱེད་དུ་འཇུག་ལ་རིན་པོ་ཆེའི་ སེམས་དེ་ལ་སེར་སྣ་མི་བྱེད་ཀྱི། སེམས་ཅན་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་གོ་ཆ་དེ་སྐོན་པར་བྱེད་ཅིང་སེམས་མཉམ་པ་མེད་པ་དེ་འང་གང་བའམ་བྲི་བར་ཡང་མི་མཐོང་ཞིང་། དེ་ལྟར་སེར་སྣ་མེད་པའི་སེམས་ཀྱིས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ལག་ན་ རིན་ཆེན་ཕྱག་རྒྱས་སྨྲས་པ། ཀྱེ་མའོ་སེམས་ཅན་འདི་དག་ནི་འགྲོ་བ་དྲུག་ཏུ་ལྷུང་གིས། དེ་དང་དེ་དག་ཏུ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ཕྱག་རྒྱ་རིན་པོ་ཆེའི་ཕྱག་རྒྱ་གསུམ་གྱིས་བཏབ་པ་སྦྱིན་པར་བྱ་སྟེ། སེམས་ཅན་ཐོས་པ་ཉུང་བ་རྣམས་ལ་ནི་ ཐོས་པའི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་སེར་སྣ་ཅན་རྣམས་ལ་ནི་གཏོང་བའི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་ངང་ཚུལ་ངན་པ་ཅན་རྣམས་ལ་ནི་ཚུལ་ཁྲིམས་ཀྱི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་གནོད་སེམས་ཅན་རྣམས་ལ་ནི་བཟོད་པའི་ལག་པ་སྦྱིན་པར་ བྱའོ། །སེམས་ཅན་ལེ་ལོ་ཅན་རྣམས་ལ་ནི་བརྩོན་འགྲུས་ཀྱི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་དྲན་པ་ཉམས་པ་རྣམས་ལ་ནི་བསམ་གཏན་ཐོབ་པའི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་ཤེས་རབ་འཆལ་པ་རྣམས་ལ་ནི་ཤེས་རབ་ཀྱི་ལག་པ་སྦྱིན་པར་བྱ་སྟེ། སེམས་ ཅན་དག་ཆོས་དཀར་པོ་གང་དང་གང་དག་ལས་བྲལ་བར་གྱུར་པའི་ཆོས་དེ་དང་དེ་དག་ཉིད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལག་པ་སྦྱིན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བའི་ལག་པ་ཡང་རིན་པོ་ཆེའི་ཕྱག་རྒྱ་གསུམ་གྱིས་གདབ་པར་བྱའོ། །གསུམ་གང་ དག་ཡིན་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བསྔོ་བ་རིན་པོ་ཆེའི་ཕྱག་རྒྱས་གདབ་པར་བྱ་བ་དང་། བདག་གི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པ་རིན་པོ་ཆེའི་ཕྱག་རྒྱས་གདབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ ནམ་མཁའི་རང་བཞིན་གྱི་ཕྱག་རྒྱས་གདབ་པར་བྱ་བ་སྟེ། རིགས་ཀྱི་བུ་དེ་འདྲ་བའི་གནས་ལ་གནས་པས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་སེང་གེའི་བློ་གྲོས་ཀྱིས་སྨྲས་པ། ཀྱེ་མའོ་གྲོགས་པོ་དག་འདི་ནི་མི་འཇིགས་ པའི་གོ་ཆའོ། །འདི་ནི་མི་སྐྲག་པའི་གོ་ཆའོ། །འདི་ནི་མ་ཞུམ་པའི་གོ་ཆའོ། །འདི་ནི་ལེ་ལོ་མེད་པའི་གོ་ཆའོ། །ཀྱེ་གྲོགས་པོ་དག་དེ་བས་ན་མི་འཇིགས་པ་དང་། སེམས་མི་སྐྲག་པ་དང་། མ་ཞུམ་པ་དང་། ལེ་ལོ་མེད་པ་དང་། འཇིགས་ཤིང་སྐྲག་པ་སྐྱི་བུང་ཞེས་བྱེད་པ་ དང་བྲལ་བ་དང་། འཁོར་བའི་ཉེས་པ་མི་སྐྱེད་པ་དང་། མྱ་ངན་ལས་འདའ་བའི་ཡོན་ཏན་ཡང་དག་པར་མཐོང་བ་དང་། བདེ་བ་དང་སྡུག་བསྔལ་བའི་ཆོས་ལ་སྙོམས་པར་གནས་པ་དང་། མི་གཉིས་པ་ལ་གནས་པ་དང་ལྡན་པས་ཐམས་ཅད་མཁྱེན་པ་རྟོགས་པར་སླའོ། །བྱང་ཆུབ་སེམས་ དཔའ་སེང་གེའི་འགྲོས་བསྒྲགས་དབྱངས་ཀྱིས་སྨྲས་པ། ཀྱེ་གྲོགས་པོ་དག་འགྲོས་དེ་ནི་སྐྱེས་བུ་ངན་པའི་མ་ཡིན་གྱི། དེ་ནི་སྐྱེས་བུ་དམ་པའི་འགྲོས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དག་ནི་སྡིག་པའི་ལྟ་བ་དང་བྲལ་བས་ཡང་དག་པ་ལ་ཞུགས་པ་ཡིན་ནོ། །སྐྱེས་བུ་དམ་པ་ དག་ནི་རྟག་པར་དྲང་བའི་རང་བཞིན་དང་ལྡན་པས་གཡོ་མེད་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་བླ་མ་ལ་རིམ་གྲོ་སྐྱེས་པས་ང་རྒྱལ་བཅོམ་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་བསྟན་ན་འཐུན་པར་ལེན་པས་ཚིག་བཟང་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཡང་དག་པའི་འཚོ་བ་ལ་གནས་པས་ལས་ ཀྱི་མཐའ་གྲགས་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་སྐྱོ་བ་དང་བྲལ་བས་འདོད་ཆགས་དང་བྲལ་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཁོང་ཁྲོ་བ་དང་བྲལ་བས་ཞེ་སྡང་དང་བྲལ་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བས་མུན་པ་མུན་ནག་དང་བྲལ་བ་ཡིན་ནོ། །སྐྱེས་བུ་དམ་པ་ དག་ནི་སྡུག་བསྔལ་བ་དང་དབུལ་པོ་ལ་སྙིང་རྗེ་བར་གྱུར་པས་འཇམ་པ་རྣམས་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པས་འཛེམ་པ་དང་བཅས་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་དེ་དག་བྱ་བ་ལ་ཡང་དག་པར་ཞུགས་པས་ཇི་སྐད་སྨྲས་ པ་བཞིན་དུ་བྱེད་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་རྟག་ཏུ་བརྟུལ་བ་བརྟན་པས་ལྷག་པའི་བསམ་པ་དང་ལྡན་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ལོག་པའི་ཆོས་དང་བྲལ་བས་བདེན་པ་ལ་གནས་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཆོས་ཀྱི་དགའ་བས་དགའ་ཞིང་མགུ་བས་ཆོས་འདོད་པ་ཡིན་ ནོ། །སྐྱེས་བུ་དམ་པ་དག་ནི་ལུས་དང་སྲོག་གཏོང་བས་དམ་པའི་ཆོས་ཡོངས་སུ་འཛིན་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་སེམས་ཅན་ཐམས་ཅད་དང་འབྲེལ་བས་མི་གཏོང་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་དོན་དམ་པའི་རྗེས་སུ་འཇུག་པས་ཉེས་པ་མཐོང་བ་ཡིན་ནོ། །སྐྱེས་བུ་དམ་པ་ དག་ནི་སྡིག་པའི་ཆོས་རྣམ་པར་སྤངས་པས་དགེ་བའི་ཆོས་ལ་ཞུགས་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་དབུལ་པོ་རྣམས་ཀྱི་གཏེར་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ནད་པ་རྣམས་ཀྱི་སྨན་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་འཇིགས་པ་རྣམས་ཀྱི་མགོན་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ དཔུང་གཉེན་མ