Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ
Văn bản gốc(Tây Tạng)
Trang 10 / 19 (50.000 ký tự/trang)
ས་པའི་སངས་རྒྱས་ལ་མྱུར་དུ་བཟོད་པར་གསོལ་ཅིག །དེ་ནས་སོར་མོའི་ཕྲེང་བ་ལ་ལྷ་མོས་སླར་འདི་སྐད་ཅེས་སྨྲས་སོ། །བུད་མེད་ཀྱི་དངོས་པོ་ རིགས་དམའ་བའོ་ཞེས་ཟེར་བ་ཅི་ལ་ལྡེམ་པོ་ངག་ཏུ་སྨྲ། སོར་མོའི་ཕྲེང་བ་བུད་མེད་དམ། སྐྱེས་པ་ཡིན་པར་ཇི་ལྟར་ཤེས། སོར་མོའི་ཕྲེང་བ་ཁྱོད་མྱུར་དུ་སྨྲོས་ཤིག །ཁྱོད་ཤ་ཟའི་དངོས་པོ་ད་དུང་མ་ཞིའོ། །དེ་ནས་སོར་མོའི་ཕྲེང་བས་ལྷ་མོ་དེ་ལ་སླར་འདི་སྐད་ ཅེས་སྨྲས་སོ། །རྒྱལ་པོའི་མལ་དུ་ཁྱི་སོང་ནས་རི་མོ་བྱེད་པའི་སེམས་ཅན་གྱིས་མི་གཙང་བར་བྱས་པ་དེ་བཞིན་དུ་ལྷ་མོ་ཁྱོད་ཀྱང་ཐབས་ཀྱི་ཆོས་ཀྱིས་རྩེ་བས་བུད་མེད་ཀྱི་དངོས་པོར་བསྒྱུར་ཏེ། འདོད་པའི་ཡུལ་ལ་སེམས་ཤིང་རི་མོ་བྱེད་དོ། །དེ་བས་ན་ལྷ་མོ་ཁྱོད་ བུད་མེད་ཀྱི་དངོས་པོ་སྤོངས་ལ་སྐྱེས་པ་དང་། བུད་མེད་ཅེས་བྱ་བ་རབ་ཏུ་སྟོང་པར་སྒོམས་ཤིག །རབ་ཏུ་སྟོང་པ་ལ་གོམས་ན་སྐྱེས་པའི་དངོས་པོ་མྱུར་དུ་འཐོབ་པོ། །དེ་ནས་དེའི་ཚེ་ཤཱ་རིའི་བུ་དང་། མཽང་གལ་གྱི་བུ་གཉིས་རྫུ་འཕྲུལ་གྱི་སྟོབས་ཀྱིས་ངང་པའི་རྒྱལ་པོ་བཞིན་ དུ་ནམ་མཁའ་ལས་འོངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས། །སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ ཀྱིས་འཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ཤེས་པར་གྱིས་ཤིག །དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་དོང་ལ་ཚངས་པ་མཚུངས་པར་སྤྱད་པ་རྣམས་ལྟར་བཅུག་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་འདོང་ ངོ་། །བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ནས། འཇིག་རྟེན་སྐྱེ་བོའི་ཕུང་པོ་མང་པོ་ལྟར་ནམ་མཁའ་ལས་ཟླ་བ་དྲི་མ་མེད་པ་དང་། ངང་པའི་རྒྱལ་པོ་ལྟར་ཆས་ཏེ་འདོང་ངོ་། །དེ་ནས་སོར་མོའི་ཕྲེང་བས། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་སླར་ཚིགས་སུ་ བཅད་པ་སྨྲས་པ། རྫུ་འཕྲུལ་ལྡན་པ་གང་ཡིན་འཇིག་རྟེན་ན། །རྫུ་འཕྲུལ་རྩ་བ་ལས་ནི་ཅི་ཞིག་སྐྱེ། །རྫུ་འཕྲུལ་ལྡན་ཐོབ་འགྱུར་བ་མྱུར་སྨྲོས་ལ། །ཁྱོད་ཀྱིས་ང་ཡི་ཐེ་ཙོམ་མྱུར་དུ་སོལ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་སོར་མོའི་ཕྲེང་བ་ལ་ ཚིགས་སུ་བཅད་པས་སླར་སྨྲས་པ། གལ་ཏེ་འཇིག་རྟེན་དག་ན་སྦྱིན་བདག་རྣམས། །རྟག་ཏུ་ལྷམ་ཡང་རབ་ཏུ་སྦྱིན་པར་བྱེད། །གལ་ཏེ་དགེ་སློང་ཚུལ་ཁྲིམས་རྫོགས་པ་ལ། །ལྷམ་གྱི་རྣམ་པ་ཤིན་ཏུ་ཕུལ་བ་སྟེ། །རྣམ་པ་གཉིས་པོ་དེ་དག་གིས། རྫུ་འཕྲུལ་འདོད་པ་རྫུ་འཕྲུལ་འཐོབ། །སོར་ཕྲེང་དེ་ལྟར་ཤེས་པར་གྱིས། །རྫུ་འཕྲུལ་འདོད་ན་དེ་ལྟར་སྤྱོད། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ། སོར་མོའི་ཕྲེང་བས་སླར་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བཙུན་པ་མཽང་གལ་གྱི་བུ་སྦྲང་བུའི་སྤྱད་པ་སྤྱོད་དེ། རྫུ་འཕྲུལ་ཀུན་བཟུང་བ་མི་ཤེས་སོ། །སྦྲང་བུ་ཡང་ནམ་མཁའ་ལ་འགྲོ། སྦྲང་བུའི་རྫུ་འཕྲུལ་གྱི་སྟོབས་ཅན་ཁྱོད་ཅང་མ་ཟེར་ཅིག །བདག་གྲོལ་ནས་དགྲོལ་བར་བྱའོ་སྙམ་སྟེ། ཕན་པའི་སེམས་དེས་ནི་རྫུ་འཕྲུལ་དང་ལྡན་པ་མྱུར་དུ་འགྲུབ་བོ། །དམ་པའི་ ཆོས་ཕན་པར་སྟོན་པ་ཉམ་ཐག་པའི་ཚེ། དེའི་མདུན་དུ་བདག་གི་སྲོག་བོར་ན། དེས་རྫུ་འཕྲུལ་དང་ལྡན་པ་འགྲུབ་བོ། །སེམས་ཅན་བྱེ་བ་མང་པོ་བསྒྲལ་བ་ལས་ལྷག་པ་རྒྱལ་བའི་ཚལ་ན་རྫུ་འཕྲུལ་ག་ལ་ཡོད་ཀྱིས་ང་མི་འགྲོའོ། །དེ་ལྟར་ཐེག་པ་ཆེན་པོ་དཔག་ཏུ་ མེད་པས་ན། དེ་བཞིན་གཤེགས་པའང་དཔག་ཏུ་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོར་མོའི་ཕྲེང་བས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་དག་ན་ཤེས་རབ་ཆེ་བ་གང་། །ཇི་ལྟ་བུར་ན་བློ་གྲོས་སྐྱེ་བར་འགྱུར། །ཡེ་ཤེས་ ཆེན་པོ་ཁྱོད་ཀྱིས་མྱུར་བར་ཡང་། །མྱུར་དུ་སྨྲོས་ཏེ་ང་ཡི་ཐེ་ཙོམ་ཆོད། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པ་སླར་སྨྲས་པ། ཚུལ་ཁྲིམས་ལྔ་རྣམས་རབ་ཏུ་བསྲུངས་པས་ན། །བློ་མཆོག་ཤེས་རབ་ཆེན་པོ་འཐོབ་པར་ འགྱུར། །ལུས་འདི་བོར་ནས་རང་གི་བློར་བཅས་ཏེ། །གང་དང་གང་དུ་འདོད་པ་དེར་སྐྱེ་སྟེ། །དེ་དང་དེར་ནི་ཤེས་རབ་ཆེན་པོར་འགྱུར། །ཕྱོགས་སུ་སྙན་པ་རྣམས་གྲགས་སོར་མོའི་ཕྲེང་། །དཔའ་ཆེན་བློ་ལྡན་དེ་ལྟར་ཤེས་པར་གྱིས། །དེ་ནས་སོར་མོའི་ཕྲེང་ བས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་རྟག་པའོ་ཞེས་བསྟན་པ་མི་འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་སྐྱེ་སྟེ། དེ་ལྟར་སྟོན་པ་ཤེས་རབ་དང་ལྡན་པ་དེ་ནི་སངས་རྒྱས་ཡིན་ཏེ། ཀྱེ་མ་བཙུན་པ་ཤེས་རབ་ཆེན་ པོ་ཤཱ་རིའི་བུ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྦྲང་བུ་ལྟ་བུར་འགྲོ་བ་ཁྱོད་ནི་ཤེས་རབ་དང་ལྡན་པ་མི་ཤེས་སོ། །སྦྲང་བུ་ལྟ་བུའི་ཤེས་རབ་ཅན་ཁྱོད་ཅང་མ་ཟེར་ཅིག །བཙུན་པ་ནི་སྦྲང་བུ་ལྟ་བུའི་ཤེས་རབ་ཅན་ནོ། །དེ་ནས་དེའི་ཚེ་ཀུན་དགའ་བོ་དེར་འོངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །སོར་མོའི་ཕྲེང་བ་ཁྱོད་ཀྱིས་འཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་དགའོ། །སོར་མོའི་ཕྲེང་བ་མྱུར་དུ་གསུང་རབ་ཡན་ ལག་དགུ་པ་ལྷོགས་ཤིག །དེ་ནས་གནས་བརྟན་ཀུན་དགའ་བོ་ལ། སོར་མོའི་ཕྲེང་བས་སླར་འདི་སྐད་ཅེས་སྨྲས་སོ། །ཁྱོད་མང་དུ་ཐོས་པའི་མཆོག་ཏུ་དེ་བཞིན་གཤེགས་པས་གསུངས་ན། བཙུན་པ་ཀུན་དགའ་བོ་ཁྱོད་ལ་དྲི་ཡིས་སྨྲོས་ཤིག །འཇིག་ རྟེན་ན་མང་དུ་ཐོས་པ་གང་། ཇི་ལྟར་ན་མང་དུ་ཐོས་པར་འབྱུང་། བཙུན་པ་ཀུན་དགའ་བོ་ངས་དེ་སྐད་དྲིས་པ་མྱུར་དུ་སྨྲོས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། སོར་མོའི་ཕྲེང་བ་ལ་སླར་འདི་སྐད་ཅེས་སྨྲས་སོ། །མདོ་སྡེ་ཡན་ལག་དགུ་པ་ ཀློག་པ་དང་། གཞན་ལ་ཡང་སེར་སྣ་མེད་པར་རབ་ཏུ་སྟོན་པ་དེ་ལས་མང་དུ་ཐོས་ཤིང་བསམ་གྱིས་མི་ཁྱབ་པའི་གཟུངས་ཕུན་སུམ་ཚོགས་པ་ཐོས་པར་འགྱུར་རོ། །དེ་ནས་སོར་མོའི་ཕྲེང་བས་གནས་བརྟན་ཀུན་དགའ་བོ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འཇིག་ རྟེན་ན་དེ་བཞིན་གཤེགས་པ་ནི་ཐེར་ཟུག་གཡུང་དྲུང་ངོ་ཞེས་བསྟན་པ་སྟོན་པ། བསྟན་པ་དེ་ནི་འཇིག་རྟེན་ན་མང་དུ་ཐོས་པ་ཡིན་ཏེ། མང་དུ་ཐོས་པ་དེ་ལྟ་བུར་ཤེས་པར་གྱིས་ཤིག །ཀྱེ་མ་བཙུན་པ་ཀུན་དགའ་བོ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། མང་དུ་ཐོས་པ་འབྱུང་ བའི་སྒོ་མི་ཤེས་སོ། །སྦྲང་བུ་ལ་ཡང་མང་དུ་ཐོས་པ་ཡོད་ཀྱིས། སྦྲང་བུ་ལྟ་བུའི་མང་དུ་ཐོས་པ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་གནས་བརྟན་སྒྲ་གཅན་ཟིན། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་འཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་དགའོ། །སོར་མོའི་ཕྲེང་བ་མྱུར་དུ་གུས་པར་བསླབ་པ་ཟུང་ཤིག །དེ་ནས་སོར་མོའི་ཕྲེང་བས། སྒྲ་གཅན་ཟིན་ལ་སླར་སྨྲས་པ། བཙུན་པ་སྒྲ་གཅན་ཟིན་ཁྱོད་ བསླབ་པ་ལ་དགའ་ཞིང་གུས་པའི་མཆོག་ཏུ་དེ་བཞིན་གཤེགས་པས་གསུངས་ན། འཇིག་རྟེན་ན་བསླབ་པ་ལ་གུས་པ་གང་ཡིན། དེ་བཞིན་གཤེགས་པའི་སྲས་ཕངས་པ་མྱུར་དུ་སྨྲོས་ལ་ངའི་ཐེ་ཙོམ་ཆོད་ཅིག །དེ་ནས་གནས་བརྟན་སྒྲ་གཅན་ཟིན་གྱིས་སོར་མོའི་ ཕྲེང་བ་ལ་ཚིགས་སུ་བཅད་པས་སྨྲས་པ། སངས་རྒྱས་གསུང་རྣམས་ཤིན་ཏུ་གུས་པར་གཟུང་། །དེ་ནས་བསླབ་ལ་གུས་ཤིང་ཚུལ་ཁྲིམས་ལྡན། །ཁོང་དཔའ་དབང་གྱུར་ཁོང་དཔའ་མཆོག་འཛིན་པ། །སོར་མོའི་ཕྲེང་བ་དེ་ལྟར་ཤེས་པར་གྱིས། །སོར་མོའི་ཕྲེང་ བས་སྒྲ་གཅན་ཟིན་ལ་སླར་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་དེ་བཞིན་གཤེགས་པ་ནི་མཆོག་ཏུ་རྟག་པའོ་ཞེས་གུས་པས་བསྟན་པ་ནི་གུས་པའི་མཆོག་ཅེས་བྱ་སྟེ། བཙུན་པ་སྒྲ་གཅན་ཟིན་སྟོན་པ་དེ་ནི་འཇིག་རྟེན་ན་བསླབ་པ་ལ་གུས་པའི་མཆོག་ཏུ་ཤེས་པར་ གྱིས་ཤིག །ཀྱེ་བཙུན་པ་སྒྲ་གཅན་ཟིན་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྦྲང་བུ་ལྟ་བུ་ཁྱོད་བསླབ་པ་ལ་གུས་པར་མི་ཤེས་སོ། །སྦྲང་བུ་ལ་ཡང་གུས་པ་ཡོད་ཀྱིས། སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་གནས་བརྟན་མ་འགགས་པ། བཅོམ་ལྡན་ འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །སོར་མོའི་ཕྲེང་བ་ཁྱོད་ཀྱིས་འཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་ པ་ང་དགའོ། །སོར་མོའི་ཕྲེང་བ་ད་རིང་པོར་མི་ཐོགས་པར་ལྷའི་མིག་ཅན་དུ་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་མ་འགགས་པ་ལ་སོར་མོའི་ཕྲེང་བས་སླར་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མ་འགགས་པ་ཁྱོད་དེ་བཞིན་གཤེགས་པས་ལྷའི་མིག་ཅན་གྱི་ མཆོག་ཏུ་གསུངས་ན། འཇིག་རྟེན་ན་ལྷའི་མིག་ཅན་གང་། ལྷའི་མིག་ཇི་ལྟར་སྐྱེ། མྱུར་དུ་སྨྲོས་ལ་ངའི་ཐེ་ཙོམ་ཆོད་ཅིག །དེ་ནས་སོར་མོའི་ཕྲེང་བ་ལ་ཚེ་དང་ལྡན་པ་མ་འགགས་པས་སླར་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །མར་མེས་རྟག་ ཏུ་མིག་འཐོབ་འགྱུར། །ཡང་ན་གཞན་ལ་ནན་ཏན་དུ། །ཆོས་བཤད་པས་ཀྱང་ཤེས་པར་བྱ། །གཟུགས་ཅན་ནང་ན་གཟུགས་མཆོག་ཅན། །དེ་ལྟར་སོར་ཕྲེང་ཤེས་པར་གྱིས། །དེ་ནས་སོར་མོའི་ཕྲེང་བས་ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ། ། དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་ནན་ཏན་དུ་མི་འཆབ་ཅིང་། སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པ་སྟོན་ན། དེས་ལྷའི་མིག་འཐོབ་པར་འགྱུར་ཏེ། དེ་ནི་འཇིག་རྟེན་ན་ལྷའི་མིག་ཅན་ནོ། །ཀྱེ་མ་བཙུན་པ་མ་འགགས་པ་ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། ལྷའི་ མིག་བསྐྱེད་པ་མི་ཤེས་སོ། །སྦྲང་བུ་ཡང་རང་གི་ཡུལ་མཐོང་གིས་སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་གནས་བརྟན་དགེ་སྦྱོང་གི་ཁོལ་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་ སོ་ལེགས་སོ། །སོར་མོའི་ཕྲེང་བ་ཁྱོད་ཀྱིས་འཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་དགའོ། །སོར་མོའི་ཕྲེང་བ་ད་ནི་བཟོད་པ་ལ་མང་དུ་བསྒོམ་པར་བྱའོ། །དེ་ནས་སོར་མོའི་ཕྲེང་བས། གནས་བརྟན་དགེ་སྦྱོང་གི་ཁོལ་པོ་ལ་འདི་སྐད་ཅེས་སྨྲས་སོ། ། འཇིག་རྟེན་དག་ན་བཟོད་པ་རྫོགས་པ་སུ། །བཟོད་པ་འདོད་པས་ཇི་ལྟར་བཟོད་པར་འགྱུར། །ཇི་ལྟ་བུར་ན་བཟོད་པར་འགྱུར་བ་ཡང་། །མྱུར་དུ་སྨྲོས་ལ་ང་ཡི་ཐེ་ཙོམ་ཆོད། །དེ་ནས་གནས་བརྟན་དགེ་སྦྱོང་གི་ཁོལ་པོས། སོར་མོའི་ཕྲེང་བ་ལ་སླར་སྨྲས་པ། དགེ་སློང་བཟོད་པ་འདོད་པ་ཡིས། །སྟེའུ་དང་ཙན་དན་འདྲ་བར་བྱ། །དེ་ནས་བཟོད་པ་ཐོབ་པར་འགྱུར། །དེ་ནི་འཇིག་རྟེན་རྡུལ་བཟོད་ཡིན། །སོར་ཕྲེང་དེ་ལྟར་ཤེས་པར་གྱིས། །དེ་ནས་སོར་མོའི་ཕྲེང་བས་གནས་བརྟན་དགེ་སྦྱོང་གི་ཁོལ་པོ་ལ་འདི་སྐད་ཅེས་ སླར་སྨྲས་སོ། །འཇིག་རྟེན་ན་དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་སྟོན་པ་ལ་མི་མཁས་པ། ལོག་པར་ལྟ་བའི་མི་དག་ཞེ་སྡང་ཞིང་བསྟན་པ་ནི་བདག་མེད་པའོ་ཞེས་བདག་ཉིད་དེ་ལྟར་འཇོག་སྟེ། དེ་དག་ནི་ཚིག་ལ་གོམས་པར་མི་བྱེད་ཅིང་། མཚུངས་པ་མེད་དོ་སྙམ་ ནས། རང་གི་སྲོག་ཀྱང་བཏང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་སྟོན་པ་དེ་ནི་བཟོད་པའི་དམ་པ་སྟེ། འཇིག་རྟེན་ན་ཕན་པར་སྟོན་པའོ། །འཇིག་རྟེན་ན་བཟོད་པ་དུལ་བ་ཞི་བ་འཇིགས་པ་མེད་པའོ། །ཀྱེ་མ་གནས་བརྟན་དགེ་སྦྱོང་གི་ཁོལ་པོ་ཁྱོད་ནི་སྦྲང་བུའི་སྤྱད་ པ་སྤྱོད་དེ། བཟོད་པ་བསྐྱེད་པར་མི་ཤེས་སོ། །སྦྲང་བུ་ཡང་བཀྲེས་པ་དང་། སྐོམ་པ་བཟོད་ཀྱིས། སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག། །།བམ་པོ་གསུམ་པ། དེ་ནས་གང་པོ་བྱམས་མའི་བུས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །སོར་མོའི་ཕྲེང་བ་ཁྱོད་ཀྱིས་འཐུན་པ་དང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་ཡང་དགའོ། །སོར་མོའི་ཕྲེང་བ་སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པའི་ཆོས་ཀྱི་གཏམ་སྟོན་ཅིག །དེ་ནས་ སོར་མོའི་ཕྲེང་བས། གང་པོ་བྱམས་མའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །གང་པོ་ཁྱོད་སངས་རྒྱས་ཀྱིས་ཆོས་སྨྲ་བའི་མཆོག་ཏུ་གསུངས་ན། བཙུན་པ་འཇིག་རྟེན་ན་ཆོས་སྨྲ་བ་གང་ཡིན། ཇི་ལྟར་ན་དགེ་སློང་དོན་ཤེས་པ་ཡིན། བཙུན་པ་ཆོས་སྨྲ་བའི་ མཆོག་གིས་ཤོད་ཅིག །དེ་ནས་སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀུན་དང་ཉན་ཐོས་ཀྱིས། །གང་དེ་ཀུན་དུ་མ་བརྙེས་པ། །ཆོས་དེ་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། ། དེ་སྐད་གསུངས་པའི་དོན་ཅི་གང་པོས་སྨྲས་པ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང་། བདག་དང་། སྲོག་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་ཤིན་ཏུ་ནན་ཏན་དུ་བཙལ་ ཀྱང་མ་རྙེད་ནས། བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་གོ་སྙམ་སྟེ་འདས་སོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང་། སྲོག་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་ཤིན་ ཏུ་ནན་ཏན་དུ་བཙལ་ཀྱང་མི་བརྙེས་སོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང་། སྲོག་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དག་ནན་ཏན་དུ་བྱས་ཏེ་བཙལ་ཀྱང་རྙེད་པར་མི་འགྱུར་རོ། ། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དུས་གསུམ་དུ་ཆོས་ཐམས་ཅད་ལ་སྲོག་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བུ་དང་། སེམས་ཅན་གྱི་ཁམས་དང་། བདག་ནན་ཏན་དུ་བཙལ་ཀྱང་མ་རྙེད་མི་རྙེད་རྙེད་པར་མི་འགྱུར་ཏེ། དེ་ལྟར་ སྲོག་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བུ་དང་། སེམས་ཅན་དང་། བདག་གི་དབྱིངས་མེད་པར་སྟོན་ཏོ། །དེ་ལྟར་བདག་མེད་པར་སྟོན། དེ་ལྟར་སྟོང་པར་སྟོན་ཏེ། དེ་ལྟ་བུའི་ཆོས་ཀྱི་གཏམ་སྟོན་ཏོ། །སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་སླར་འདི་སྐད་ ཅེས་སྨྲས་སོ། །ཀྱེ་མ་བཙུན་པ་གང་པོ་ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། །སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱིས། སྦྲང་བུ་ལྟར་བླུན་པོ་ཁྱོད་ཅང་མ་ཟེར་ཅིག །གང་པོ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་མི་ཤེས་པས་བདག་མེད་པ་ལ་ ཆོས་སུ་སེམས་པ་ནི་གཏི་མུག་གི་ཆོས་ཀྱི་མར་མེའི་ནང་དུ་ཕྱེ་མ་ལེབ་ལྟར་ལྷུང་ངོ་། །གང་དེར་སངས་རྒྱས་ཀྱིས་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་ནས་འདས་སོ། ། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་བདག་གི་ཁམས་མེད་པ་མི་བརྙེས་སོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་སེམས་ཅན་གྱི་ཁམས་མེད་པ་བརྙེས་པར་མི་འགྱུར་རོ། ། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱིས་ཀྱང་དུས་གསུམ་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་མི་བརྙེས་བརྙེས་པར་མི་འགྱུར་ཏེ། ཚིགས་སུ་བཅད་པ་དེའི་དོན་ནི་འདིའོ། །ཡང་སངས་རྒྱས་ཀུན་གྱིས་གང་མ་བརྙེས་ཞེས་བྱ་བ་ནི་འདས་པའི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་ནན་ཏན་དུ་བཙལ་ཀྱང་འཇིག་རྟེན་པའི་བདག་ཐེ་བོ་ཙམ་དང་། ཅི་ཙེའི་འབྲུ་དང་། འབྲས་དང་། ཡུངས་འབྲུ་དང་། ཏིལ་གྱི་རིལ་བུ་ཙམ་དམར་པོ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། ཐུང་ངུ་དང་། རིང་པོ་དང་། ཤིན་ཏུ་རིང་པོ་ལ་སོགས་པ་སྙིང་ག་ན་འབར་ཞིང་འདུག་ཅེས་བྱ་བ་དང་། ལྟེ་བའི་དྲུང་དང་། མགོ་དང་། མིག་དང་། རྣ་བ་ལ་མེ་མར་གྱི་སྙིང་པོ་དམར་པོ་སྣུམ་གྱི་རྐྱེན་གྱིས་འབར་བ་ལྟ་བུ་འདུག་གོ་ཞེས་བྱ་བ་ལ་སོགས་ཏེ། རྟོག་པ་རྣམ་པ་མང་པོ་ནི་ཇི་ལྟར་ འཇིག་རྟེན་པ་རྣམས་བདག་ལ་སྒོམ་པ། གང་དེ་དག་གི་རྟག་པ་བརྟེན་པ་ཐེར་ཟུག་སྟེ། བདག་ནི་འདི་འདྲའོ་ཞེས་བྱ་སངས་རྒྱས་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་ཀྱིས་མ་བརྙེས་ནས་མངོན་པར་སངས་རྒྱས་ནས་སྲོག་ཆགས་རྣམས་ལ་བཤད་དོ་ཞེས་བྱ་སྟེ། ཚིགས་ སུ་བཅད་པ་དེའི་དོན་ནི་འདི་ཡིན་གྱི། གང་པོ་ནི་ཕྱིན་ཅི་ལོག་ཏུ་རྣམ་པར་བརྟགས་པས་ན་དེའི་དོན་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་གང་མ་བརྙེས་ཞེས་བྱ་བ་དེ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་ བརྙེས་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ ཀྱང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཐའ་ཡས་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །དུས་གསུམ་དུ་ཉན་ཐོས་དང་། རང་སངས་རྒྱས་སྦྲང་མ་ལྟ་བུ་རྣམས་དེ་བཞིན་ གཤེགས་པའི་སྙིང་པོ་ཡོད་ཅེས་གྲག་སྟེ། མིག་གིས་ནི་བལྟ་མི་ནུས་སོ་ཞེས་འདྲི་བ་དེ་ལ་བྱེད་པའི་རྒྱུ་ནི་བསྟན་ཏོ། །འདི་ལྟ་སྟེ། སྒྲ་གཅན་ཟིན་དཔལ་གྱི་བསླབ་པ་དང་། ཚུལ་ཁྲིམས་ལྷུར་བྱེད་པས་སྲོག་ཆགས་ཅན་གྱི་ཆུ་ལ་ཤིན་ཏུ་ནན་ཏན་དུ་བལྟ་སྟེ། སྲོག་ ཆགས་ཡིན་ནམ་མ་ཡིན། འོན་ཏེ་རྡུལ་འདྲ་བ་ཞིག་སྟེ། ཐམས་ཅད་མ་ཡིན་ནོ་སྙམ་པ་ལས་རིམ་གྱིས་བརྟགས་ན་སྲོག་ཆགས་ཕྲ་མོ་ཡིན་པར་མཐོང་བ་དེ་བཞིན་དུས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟག་རྣམས་ཀྱིས་རང་གི་ལུས་ལ་བདག་གི་དབྱིངས་ཡོད་པར་བདག་ཉིད་ ཀྱིས་ཀྱང་མཐོང་སྟེ། འདི་འདྲ་བ་དེ་ལྟ་བུ་མཐའ་ཡས་པའི་དབྱིངས་སུ་མཐོང་ངོ་། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ཏེ། གང་དག་ཀུན་ཏུ་འབར་བ་དང་། རབ་ཏུ་འབར་བ་ལྟ་བུའི་འཇིག་རྟེན་དུ་རང་གི་སྲོག་ཀྱང་བཏང་སྟེ་ སྟོན་པར་འགྱུར་བ་ནི་རབ་ཏུ་དཀའ་བ་བྱེད་པ་ཕན་པར་སྟོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྟག་དེ་དག་ལ་ང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་གྱི། གཞན་ལ་མི་སྟོན་ཏོ། །སེམས་ཅན་དེ་དག་ནི་བདག་ཉིད་དེ་བཞིན་གཤེགས་པ་ཡིན་ནོ། །དཔེར་ན། འཕྲུལ་ གྱི་མིག་དང་ལྡན་པའི་ནང་ན་མ་འགགས་པ་བཞིན་ཏེ། མ་འགགས་པ་དང་ལྷན་ཅིག་ཏུ་བྱིས་པ་ཤའི་མིག་ཅན་སོང་ནས་ནམ་མཁའ་ལ་བྱ་སོང་བའི་རྗེས་ལ་བལྟས་ན། བྱིས་པ་ཤའི་མིག་ཅན་གྱིས་ཅི་ནམ་མཁའི་བྱ་རྗེས་མཐོང་ངམ། གནས་བརྟན་མ་འགགས་པས་ནི་ གསལ་བར་མཐོང་སྟེ། སྐྱེས་བུ་ཤའི་མིག་ཅན་ཡང་གནས་བརྟན་གྱི་དྲིང་ལ་རབ་ཏུ་ཡིད་ཆེས་ནས་འགྲོ་བ་དེ་བཞིན་དུ། བྱིས་པ་ཤའི་མིག་ཅན་དང་འདྲ་བ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མདོ་སྡེ་ཐམས་ཅད་ཀྱི་ཚུལ་ལ་ཡིད་ཆེས་ནས་དེ་བཞིན་གཤེགས་ པའི་སྙིང་པོ་ཡོད་པར་ཤེས་ཀྱི། དེ་བཞིན་གཤེགས་པའི་ཡུལ་གྱི་དབྱིངས་ལྟ་ཡང་དག་པར་ག་ལ་མཐོང་། དེ་སྟེ་ཉན་ཐོས་དང་། རང་སངས་རྒྱས་གཞན་གྱི་དྲིང་ལ་འཇོག་ན། མི་དམུས་ལོང་ཙམ་ལྟ་ག་ལ་ཡིད་ཆེས། སྔོན་བྱུང་བས་འདི་མངར་སྣ་བཞི་ཅན་དུ་ གྱུར་ཏོ་ཞེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དུ་མི་གསུང་བ་རྣམས་ལས་ཁོ་བོས་ཐོས་ཏེ། སེམས་ཅན་གང་དག་གིས་མངར་སྣ་བཞི་མྱོང་བའི་སེམས་ཅན་དེ་དག་ད་དུང་ཡང་བྱིས་པའི་ཚེ་ས་ཟ་སྟེ། གང་གིས་ཡུན་རིང་པོ་ནས་བསྙེན་པ་རོ་ཞིམ་པོ་དེ་ སེམས་ཅན་རྣམས་ད་དུང་ཡང་གཏོང་མི་ནུས་སོ། །དེ་བཞིན་དུ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་དྲུང་དུ་གང་གིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསྒོམས་ཤིང་མང་དུ་བྱས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ ཡིད་ཆེས་ཏེ། སེམས་ཅན་དེ་དག་ནི་ཡུན་རིང་པོ་ནས་བསྒོམས་ཤིང་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་སྟེ་གཞན་མ་ཡིན་ནོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དང་། ཐོས་ནས་ཡིད་ཆེས་པར་འགྱུར་བའི་སེམས་ཅན་ དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྲས་ས་ལ་ཟ་བ་ལྟ་བུ་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བའོ། །གང་སྔོན་ཕྱུགས་སུ་གྱུར་ཏེ། རང་གི་མ་ལ་རྒལ་ཞིང་མ་རྣམ་པར་མྱོས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཉལ་བའི་ཚེ་སོ་སྒྲ་ཁྲིག་ཁྲིག་ཟེར་ ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་དེ་ཁོ་ན་ཉིད་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ནའང་སེམས་ཅན་གང་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དེ་ དག་ནི་ཕྱུགས་སུ་གྱུར་པ་ཆོས་ཉིད་མི་ཤེས་པའོ། །སྔོན་ཕུག་རོན་དུ་གྱུར་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་གཟུགས་འདོད་ཅིང་གཡེམ་པའི་དབང་དུ་སོང་སྟེ། ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཤིང་དྲག་ཤུལ་གྱི་ལས་བྱེད་དོ། །མ་འོངས་ པ་ན་ཡང་སེམས་ཅན་གང་གཡེམ་པའི་དབང་དུ་སོང་བ་དག་ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཏེ། སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི་ཕུག་རོན་དུ་གྱུར་པ་ཡུན་རིང་པོ་ནས་ཉོན་མོངས་པ་ལ་གོམས་པ་གང་ཡིན་པའོ། །གང་སྔོན་ངོ་ཚ་མེད་པའི་ ཁྭར་གྱུར་པ། ཤིན་ཏུ་བྱས་པ་མི་གཟོ་བ་མི་གཙང་བ་ཟ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དབུལ་ཞིང་ངོ་ཚ་བ་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཕན་པར་སྟོན་པའི་དྲུང་ནས། དེ་བཞིན་ གཤེགས་པའི་སྙིང་པོ་ཐོས་ན་དགོད་དེ་འགྲོའོ། །བདག་གི་དབྱིངས་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི། བཙུན་པ་གང་པོ་དེ་ནི་ངོ་ཚ་མེད་པ་མི་གཙང་བ་ཟ་བའི་ཁྭ་ཡིན་ནོ། །སྔོན་སྤྲེའུ་མི་སྡུག་པར་གྱུར་ཏེ། ཡིད་རྒྱ་མཚོ་སྣ་ཚོགས་རྣམ་པར་བཀྲ་ བའི་རླབས་ལྟ་བུར་གཡོ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སེམས་འཁྲུག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་ སེམས་འཁྲུག་ཅིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་སྤྲེའུ་ལྟ་བུར་དགོད་པ་དམན་པ་ཡིན་ནོ། །སེམས་ཅན་གང་སྔོན་འུག་པར་གྱུར་པ་ཉིན་པར་ཤིན་ཏུ་མི་མཐོང་ཞིང་མཚན་མོ་མཐོང་བ་དེ་བཞིན་ གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ད་དུང་ཡང་འཇིག་རྟེན་ན་བླ་མ་མཐོང་ནས་ལྟའང་མི་འདོད་དོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དག་ཕན་པར་སྟོན་པའི་དྲུང་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ལ་སངས་རྒྱས་ཀྱིས་ལུང་ བསྟན་པ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་བཙུན་པ་གང་པོ་གང་འུག་པར་གྱུར་པ་ཡིད་མི་ཆེས་པ་ཡིན་ཏེ། མོ་མཁན་གྱི་ཚིག་བཞིན་ནོ། །བཙུན་པ་གང་པོ་སྔོན་གྲམ་ཁྲོད་དུ་སྐྱེས་པ་ཤིན་ཏུ་དོན་མེད་པའི་གཞུང་གིས་གོས་པ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་བདག་མེད་པ་ཞེས་བྱ་བ་དགོངས་པའི་ཚིག་ཏུ་མི་ཤེས་པས། སེམས་ཅན་གྲམ་ཁྲོད་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ན་ཡང་ཤིན་ཏུ་དོན་མེད་པའི་གཞུང་ལ་ཆགས་པའི་ལྡེམ་པོ་དག་ཏུ་ གསུངས་པ་མི་ཤེས་པ། གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ངེས་པར་གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་ཡིན་ནོ། །གང་སྔོན་སྒོ་གང་ཡང་རུང་བ་ན་འདུག་ཅིང་རྐུན་པོ་དམའ་ བའི་སེམས་ཅན་དེ་དག་ནི་ཁྱི་ལྟ་བུ་ཞེས་བྱ་སྟེ། མ་འོངས་པའི་དུས་ན་ཡང་སེམས་ཅན་གང་གཞན་གྱི་ཁྱིམ་དུ་རྒྱུ་ཞིང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དེ་དག་ནི་ཁྱི་དང་འདྲ་བར་དམའ་བ་ཡིན་ ནོ། །སྔོན་བྱི་ལར་གྱུར་པའི་སེམས་ཅན་གང་རྟག་ཏུ་ཤ་ཟ་བ་ལ་ཆགས་ཤིང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཤ་ལ་ཆགས་ཤིང་། སྲོག་གཅོད་པ་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོར་འགྱུར་རོ། །མ་འོངས་པ་ ན་ཡང་སེམས་ཅན་གང་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོ་གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་མི་བཟད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་གཞན་མ་ཡིན་ཏེ། གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོའོ། །གང་ བྱི་བ་དང་། མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆང་འཐུང་ཞིང་བྱི་བ་དང་། མ་ནིང་དུ་གྱུར་ཏེ། ཤིན་ཏུ་མི་གཙང་བ་འཐུང་བ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཆང་འཐུང་ཞིང་མ་ནིང་ལྟ་བུ་དམའ་ བ་དེ་དག་ནི་འཇིག་རྟེན་པའི་རོས་ངོམས་པས་དེ་བཞིན་གཤེགས་པའི་སྙིང་པོ་མི་འདོད་དེ། དེ་དག་ནི་གཞན་མ་ཡིན་གྱི་མ་ནིང་དང་བྱི་བ་གང་ཡིན་པ་དེ་དག་ཏུ་བལྟའོ། །གང་ཅེ་སྤྱང་དུ་གྱུར་པའི་སེམས་ཅན་ཁྲེལ་མེད་ཅིང་གཡོ་ངན་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ ཕྱིར་ཕྱོགས་པ་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་ཤིང་སེམས་ཅན་གཡོན་ཅན་ཅེ་སྤྱང་ལྟ་བུར་གྱུར་ཏོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་པ་འདི་ ལྟར་གནང་ངོ་ཞེས་ལོག་པར་རྟོག་པ་དེ་དག་ནི་ངེས་པར་ཅེ་སྤྱང་དུ་གྱུར་པའོ། །སྔོན་སེམས་ཅན་གང་སྲིན་བུ་མི་སྡུག་པ་སྡིག་པར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་ པོ་ཐོས་ནས་རབ་ཏུ་འབར་ཏེ། སྙིང་ཞེ་སྡང་བར་གྱུར་པ་དེ་ནི་ངེས་པར་སྡིག་པ་དང་མཚུངས་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ངེས་པར་སྡིག་པ་ལྟ་བུ་ཚ་བའི་ལས་བྱེད་པའོ། །གང་སྔོན་སྦྲུལ་གདུག་པ་མི་ཟད་པར་གྱུར་པ། དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་བསྔགས་པར་སྨྲ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་ང་རྒྱལ་ཆེ་ཞིང་འཇིགས་པའི་གཟུགས་སྦྲུལ་གདུག་པ་མི་ཟད་པར་ འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཕན་པར་བསྟན་པ་ལ་མི་བསྔགས་པར་སྨྲ་ཞིང་སྡིག་པ་སྤྱོད་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ངེས་པར་སྦྲུལ་གདུག་པ་མི་ཟད་པའོ། །སྔོན་སེམས་ཅན་ གང་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རེ་ཆུང་བ་མིའི་ཡོན་ཏན་མི་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་བཙུན་པར་མི་བྱེད་ཅིང་། མདོ་སྡེ་ལ་སྨོད་པ་དེ་དག་ད་དུང་ཡང་མདོ་སྡེ་ལ་སྨོད་དེ། སེམས་ཅན་དེ་དག་ནི་ངེས་པར་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རེ་ཆུང་བ་ཡིན་ཏེ། མ་འོངས་ པ་ན་ཡང་སེམས་ཅན་གང་གཉིད་ཆེ་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སྨོད་པ་དེ་དག་ནི་གཞན་མ་ཡིན་ཏེ། ངེས་པར་ཁོ་རེ་ཆུང་ཞིང་ཞན་པའོ། །སྔོན་མ་ཧེ་ཁོ་རེ་ཆུང་བར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ངེས་ པར་ཞེན་ཅིང་བརྐམ་སྟེ། ལྟ་བ་གསུམ་གྱིས་འཇུངས་པའི་མ་ཧེ་ལྟ་བུའོ། །མ་འོངས་པ་ན་ཡང་བརྐམ་ཞིང་ཁྲོ་ལ་ཞེན་ཅིང་ཁོ་རེ་ཆུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། ངེས་པར་ལྟ་བ་གསུམ་གྱིས་ འཇུངས་པའི་མ་ཧེའོ། །སེམས་ཅན་གང་སྔོན་དོམ་དུ་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། སེམས་ཅན་དེ་དག་ནི་ད་དུང་ཡང་ཡིད་དུ་མི་འོང་བ་སྒྲོགས་ཏེ། ངེས་པར་དོམ་དང་ཅེ་སྤྱང་ལྟ་བུའོ། །མ་འོངས་པ་ན་ཡང་སེམས་ ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་དུ་མི་འོང་བར་སྒྲོགས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དོམ་དང་ཅེ་སྤྱང་ལྟ་བུའོ། །གང་སྔོན་བྱ་ཀ་ལན་ད་ཀར་གྱུར་པ། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ ཏེ། ད་དུང་ཡང་སེམས་ཅན་གང་མིག་རྟུལ་བ་དེ་དག་ནི་ངེས་པར་བྱ་ཀ་ལན་ད་ཀར་གྱུར་པའོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་པ་འཆབ་ཅིང་མ་རུངས་པ་སྡིག་པའི་ལས་བྱེད་པ་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་ པའི་སྙིང་པོ་མི་སྟོན་པ་དེ་ནི་ངེས་པར་མིག་རྟུལ་བའི་བྱ་ཀ་ལན་ད་ཀ་ཡིན་ནོ། །གང་སྔོན་བོང་བུར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་དགོས་པར་སེམས་བསྐྱེད་པ་དེ་དག་ནི་ད་དུང་ཡང་དབུལ་ཞིང་བོང་བུ་ལྟ་བུར་ཟས་རྩུབ་པོ་ཟ་བར་འགྱུར་རོ། །མ་འོངས་པ་ན་ཡང་ དབུལ་པོ་གཞན་གྱིས་མངག་པའི་རིགས་ངན་པར་སྐྱེའོ། །གང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཤིང་བདག་མེད་པ་ལ་སྒོམ་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་འདོད་ལྡན་དང་། གདོལ་པ་དང་། བྱ་པ་དང་། བོང་བུ་ལྟ་བུའོ། །གང་སྔོན་ ལྷ་མ་ཡིན་ལུས་ཐུང་ངུར་གྱུར་ཅིང་མཆེ་བ་རིང་བ་མི་སྡུག་པ་ཁོག་པ་ལྟ་བུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་བ་དེ་དག་ནི་ད་དུང་ཡང་ལུས་ཐུང་ཞིང་ཁོག་པ་ལྟ་བུར་གྱུར་ཏེ། དེ་དག་ནི་ངེས་པར་ལྷ་མ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཁོག་པ་ལྟ་བུ་ཐུང་ཞིང་ མཆེ་བ་རིང་བ་གཏུམ་པོ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའི་སེམས་ཅན་ཡིན་ནོ། །གང་སྔོན་ཡི་དགས་ཁ་ནས་མེ་ལྕེ་འབྱུང་བར་འགྱུར་བ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ སྨོད་ཅིང་འཕྱ་བའི་སེམས་ཅན་དེ་དག་ནི་ད་དུང་མཆུ་དང་རྐན་སྐམས་ཤིང་། ཡི་དགས་རིད་པ་ཁ་ནས་མེ་ལྕེ་འབྱུང་བའི་སྲོག་ཆགས་སུ་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་ལུས་ཤིན་ཏུ་རིད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་ བ་དེ་དག་ནི་བཙུན་པ་གང་པོ་གཞན་མ་ཡིན་ཏེ། ངེས་པར་ཡི་དགས་ཁ་ནས་མེ་ལྕེ་འབྱུང་བ་ཉམ་ཆུང་བ་ཡིན་ནོ། །དེ་དག་སྔོན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་རྣམས་མཛེ་ན་བར་འགྱུར་ཏེ། ད་དུང་ཡང་སེམས་ཅན་ གང་ཞན་ཅིང་མཛེ་ན་བར་འགྱུར་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་སྨོད་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་མཛེན་བར་འགྱུར་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་ གང་པོ་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་སྨོད་པ་ཡིན་ནོ། །སྔོན་གང་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བ་རྣམས་ནི་བོང་ཆེན་པོར་གྱུར་ཏེ། ད་དུང་ཡང་བོང་ཆེ་ཞིང་ཞན་པ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བའོ། །མ་ འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་བོང་ཆེན་པོ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་སུན་འབྱིན་པའོ། །གང་སྔོན་ཕུན་སུམ་ཚོགས་པའི་དུས་ན་རྒུད་ པར་གྱུར་ཏེ། ནད་མང་བའི་སེམས་ཅན་རྣམ་པ་མང་པོ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །ད་དུང་ཡང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་ གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་འགྱུར་བ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་སྟེ། བཙུན་པ་གང་པོ་དེ་དག་ནི་ངེས་པར་གཞན་མ་ཡིན་གྱི་དེ་བཞིན་ གཤེགས་པ་གསལ་བའི་སྐུ་མི་གསལ་བའོ་ཞེས་སུན་འབྱིན་པའོ། །སྔོན་གང་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་ལ་ཐེར་ཟུག་མ་ཡིན་པར་ལྟ་བའི་སེམས་ཅན་དེ་དག་ནི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་སྟེ་མི་རྟག་པར་གྱུར་ཏོ། །ད་དུང་ཡང་སེམས་ཅན་གང་ལ་ལ་ རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་དང་། གསལ་བ་ལ་སྨོད་པའོ། མ་འོངས་པ་ན་ཡང་སེམས་ཅན་གང་མི་རྟག་ཅིང་ཚེ་ཐུང་བར་འགྱུར་བ་དེ་དག་ནི་ཐེར་ཟུག་གི་སྐུ་ལ་སྨོད་པ་ཡིན་ཏེ། བཙུན་པ་གང་པོ་དེ་ དག་ནི་གཞན་མ་ཡིན་གྱི་ངེས་པར་དེ་བཞིན་གཤེགས་པ་ཐེར་ཟུག་གི་སྐུ་ལ་སྨོད་པའོ། །སྔོན་སེམས་ཅན་གང་བུ་མེད་པར་གྱུར་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མི་རྟག་པར་འཛིན་པ་རྣམས་ཏེ། ད་དུང་ཡང་ སེམས་ཅན་གང་བུ་མེད་པར་གྱུར་པ་དེ་དག་ནི་མྱ་ངན་ལས་འདས་པ་ལ་ཞིག་པར་ལྟ་བའོ། །མ་འོངས་པ་ན་ཡང་སེམས་ཅན་གང་བུ་མེད་པ་མ་རུངས་པ་དེ་དག་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞིག་པར་ལྟ་བ་རྣམས་ཏེ། གཞན་མ་ཡིན་གྱི་བཙུན་ པ་གང་པོ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞིག་པར་ལྟ་བ་རྣམས་སོ། །སྔོན་སེམས་ཅན་གང་དེ་བཞིན་གཤེགས་པ་ཕ་མ་ཕྲད་པ་ལས་སྐྱེས་པར་རྟོག་པའི་སེམས་ཅན་དེ་དག་ནི་ཕ་མ་དང་བྲལ་བར་འགྱུར་རོ། །ད་དུང་ཡང་སེམས་ ཅན་གང་ཕ་མ་དང་བྲལ་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པ་ལ་ཁ་ཟེར་བའོ། །མ་འོངས་པ་ན་ཡང་སེམས་ཅན་གང་སངས་རྒྱས་ལ་ཕ་མ་ཕྲད་པ་ལས་སྐྱེས་པར་ལྟ་བ་དེ་དག་ཕ་མ་མེད་པར་འགྱུར་ཏེ། དེ་དག་ནི་གཞན་མ་ཡིན་གྱི། བཙུན་པ་གང་པོ་དེ་བཞིན་ གཤེགས་པ་ལ་ཁ་ཟེར་བ་ཕ་མ་དང་བྲལ་བའོ། །སྔོན་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རུས་པ་དང་། རྒྱུས་པ་དང་། རྐང་དང་། ཁྲག་ཅན་གྱི་མིའི་ལུས་སོ་ཞེས་བརྫུན་ཟེར་ཞིང་། འཇིག་རྟེན་དང་འཐུན་པར་འཇུག་པ་ལས་ཕྱིར་ཕྱོགས་པའི་སེམས་ ཅན་དེ་དག་ནི་འཇིག་རྟེན་ན་མི་སྡུག་པའི་སྐྱོན་ཅན་དུ་འགྱུར་རོ། །ད་དུང་ཡང་སེམས་ཅན་དེ་དག་ནི་ཡན་ལག་ཐམས་ཅད་མ་ཚང་ཞིང་ཁ་མནམ་པ་འཇིག་རྟེན་དང་འཐུན་པར་འཇུག་པ་ལས་ཐམས་ཅད་ཕྱིར་ཕྱོགས་པར་འགྱུར་རོ། །མ་འོངས་པ་ན་ ཡང་སེམས་ཅན་གང་ཁ་མི་གཙང་བའི་དྲི་མི་ཞིམ་པར་མནམ་པ་ཞ་བོ་གཞོགས་ཉམས་པ་ཡན་ལག་ཐམས་ཅད་མ་ཚང་བ་འཇིག་རྟེན་དང་འཐུན་པར་འཇུག་པ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་འཇིག་རྟེན་ཐམས་ཅད་ཀྱིས་ སྤངས་པའོ། །སེམས་ཅན་ཐམས་ཅད་ཀྱི་ལས་སྔར་བཤད་པ་རྣམས་ཤིན་ཏུ་ཡ་ང་བ་ཡིན་ཏེ། གལ་ཏེ་མིའི་སྐྱེ་གནས་སུ་སྐྱེ་བ་ཐོབ་ན་ཡང་འཇིག་རྟེན་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་གྱི་སྐལ་བ་ཅན་དུ་འགྱུར་རོ། །རང་གིས་བྱས་པས་མ་རིག་པ་ཡུན་རིང་པོར་མྱོང་ཞིང་གནས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བདག་ཉིད་ཆེན་པོ་ལས་ཕྱིར་ཕྱོགས་པ་དེ་དག་ལ་དགེ་བ་ཡུངས་འབྲུ་ཙམ་ཡང་རྙེད་པར་ དཀའོ། །སྔོན་གང་དེ་བཞིན་གཤེགས་པ་མང་པོ་ལ་མཉེས་པར་བྱས་པས་དེ་བཞིན་གཤེགས་པའི་ཆེ་བ་ཐོས་ནས། སེ་གོལ་གཏོགས་པའི་སྲིད་དུ་འཛིན་ན་ཡང་དགེ་བའི་རྩ་བ་དེས་སེམས་ཅན་དེ་དག་དབང་པོ་ཐུལ་བ་དང་། ཕྱུག་ཅིང་རིགས་ཆེན་པོར་འགྱུར་རོ། ། ད་ལྟར་ཡང་སེམས་ཅན་གང་དབང་པོ་ཐུལ་ཅིང་བྲན་བཟའ་མང་པོའི་ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེའི་རིགས་ཆེན་པོར་གྱུར་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྣ་བ་ལ་རེག་པ་ཙམ་གྱིས་མཉེས་པར་བྱེད་ཅིང་བསོད་ནམས་ཀྱི་ ལས་ཤིན་དུ་བྱེད་དོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས། དེ་བཞིན་ཉིད་དུ་བསྒྲུབ་པ་དང་། མི་གང་བྲན་བཟའ་མང་ཞིང་རིགས་ཆེ་བའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བསོད་ནམས་བྱས་པའི་སེམས་ཅན་ དོན་དང་ལྡན་པ། ཡིད་དང་འཐད་པ། གཟུགས་དང་། མདོག་དང་། སྟོབས་དང་། སྙེམས་པ་ཕུན་སུམ་ཚོགས་པ། བློ་གྲོས་དང་། དྲན་པ་དང་། ཡིད་རྣོ་བར་ལྡན་པ། དབྱངས་ཡིད་དུ་འོང་ཞིང་མཐོང་ན་དགའ་བ། རྒྱལ་པོ་དང་། བློན་པོ་དང་། རྒྱལ་བུ་དང་། འཁོར་ ལོས་སྒྱུར་བ་དང་། དེ་བཞིན་དུ་དགེ་ཞིང་ང་རྒྱལ་མེད་པའི་སེམས་ཅན་མིག་གཉིད་ཐུལ་བ། བཤོར་བ་བག་ཡོད་པ། དེ་ལ་སོགས་པ་མཐོ་རིས་དང་། སའི་སྟེང་གི་ཕུན་སུམ་ཚོགས་པ་ལྷའི་དབང་པོ་དང་། ཚངས་པའི་དབང་པོ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་ པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང་། གཙེ་བ་མེད་པ་དང་། ཚེ་རིང་བ་དང་། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་གཡུང་དྲུང་ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་ འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཅིང་ཡུན་རིང་དུ་སྲ་བ་དང་། རྟག་པར་འགྱུར་རོ། །སངས་རྒྱས་ནི་འཇིག་རྟེན་ཐམས་ཅད་དང་རྗེས་སུ་འཐུན་པར་འཇུག་པས་རོལ་པ་ཡིན་པར་ཤེས་ཤིང་། གང་དེ་བཞིན་གཤེགས་པ་འཁྲིག་པ་ལས་བྱུང་བ་ མ་ཡིན་ནོ་ཞེས་སྟོན་པ་དེ་དག་ནི་ཡེ་ཤེས་དང་ཡོན་ཏན་རྙེད་པའི་བསོད་ནམས་ཀྱིས་བུ་མང་ཞིང་ཕ་མ་རིང་དུ་འཚོ་བ་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པའི་མཆོག་ རྣམས་དང་། ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པར་ཐོས་པས་སྔོན་བྱུང་བ་དང་། ད་ལྟར་དང་། མ་འོངས་པ་དང་། དུས་གསུམ་དུ་ཡང་ཕུན་སུམ་ཚོགས་པ་ཐམས་ཅད་དང་མཐོ་རིས་དང་། སའི་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྙས་པའི་རྒྱུས་ནི་འགྲོ་བ་ལྔའི་གནས་ཐམས་ཅད་ན་ཡན་ལག་མ་ཚང་བར་འགྱུར་རོ། །འཁོར་བ་སྡུག་བསྔལ་བར་འཁྱམ་པ་ན་སྡུག་བསྔལ་བ་མྱོང་བར་འགྱུར་རོ། ། སེམས་ཅན་གང་སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང་། སེམས་ཅན་གང་ཕན་པར་སྟོན་ཅིང་བདག་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ལ་སེམས་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པ་རྙེད་པར་འགྱུར་རོ། །བཙུན་པ་གང་པོ་སངས་ རྒྱས་མང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སྨོད་པའི་སེམས་ཅན་དེ་དག་ནི་བདག་ཉིད་ཀྱི་ས་བོན་བསྲེགས་ཤིང་ཀྱེ་མ་དུས་གསུམ་དུ་བསམ་གྱིས་མི་ཁྱབ་པར་མྱ་ངན་དུ་བྱ་བ་ཡིན་ནོ། །ཆོས་སྟོན་པར་འདོད་པས་འདི་ལྟར་བསྟན་ ཏེ། དེ་བཞིན་གཤེགས་པ་རྟག་པ་དང་། ཡང་དག་པ་ཉིད་དུ་ཤིན་ཏུ་བསྔགས་པར་བྱའོ། །དེ་ལྟར་མི་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བ་དེ་དག་ནི་དཔེར་ན། གདོལ་པ་ལ་རྒྱལ་པོའི་བལ་གླང་ལྟ་བུར་དེ་ལ་སེང་གེའི་ཁྲི་ཡང་མི་འོས་སོ། །སངས་རྒྱས་ ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ ཉིད་ཀྱིས་བཙལ་ཀྱང་དབྱིངས་མ་བྱུང་བ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱུང་བའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ ཀྱིས་བཙལ་ཀྱང་དབྱིངས་མི་རྟག་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་རྟག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་ བཞིན་གཤེགས་པའི་སྙིང་པོ་ཐེར་ཟུག་མ་ཡིན་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་ཐེར་ཟུག་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ ནན་ཏན་དུ་བཙལ་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་གཡུང་དྲུང་མ་ཡིན་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་གཡུང་དྲུང་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནད་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་ནད་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ལ་རྒ་ཤི་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་རྒ་ཤི་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་འཇིགས་པ་མ་བརྙེས་ཏེ། མི་འཇིགས་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང་། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་གཞིག་ཏུ་རུང་བ་མ་བརྙེས་ཏེ། མི་ཤིགས་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ལ་དྲི་མ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །དཔེར་ན་ཆུ་དང་ འབྲུ་མར་འདྲེས་པ་མི་དམིགས་པ་དེ་བཞིན་དུ་སངས་རྒྱས་ཀྱི་དབྱིངས་ཀྱང་ཉོན་མོངས་པ་བྱེ་བས་གཡོགས་མོད་ཀྱི། ཉོན་མོངས་པ་དང་སངས་རྒྱས་ཀྱི་དབྱིངས་འདྲེས་པར་གྱུར་པའི་གནས་མེད་དོ། །དབྱིངས་ཀྱང་ཉོན་མོངས་པ་བྱེ་བའི་ནང་ན་འདུག་མོད་ཀྱི། བུམ་པའི་ ནང་ན་མར་མེ་འདུག་པ་བཞིན་དུ་བུམ་པ་བཅག་ན་མར་མེ་རབ་ཏུ་འབར་ཞིང་མཛེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་རྫོགས་པའི་སངས་རྒྱས་སོ། །ཡང་ན་རྫོགས་པའི་སངས་རྒྱས་ཀྱི་ཉན་ཐོས་ནི་བུམ་པ་ལྟ་བུ། ཉོན་མོངས་ པ་མེད་པ་ནི་མར་མེ་ལྟ་བུ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ། སུ་ཡང་རུང་སྟེ་དེ་ཉིད་རྫོགས་པའི་སངས་རྒྱས་ཞེས་བྱའོ། །བཙུན་པ་གང་པོ་སྒྲོལ་བ་ལམ་དུ་ཞུགས་པས་ཉོན་མོངས་པ་ བྱེ་བ་བུམ་པ་ལྟར་བཅག་ན། ཕྱིས་གདོད་དབྱིངས་ཐམས་ཅད་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་བཞིན་དུ་མཐོང་ངོ་། །དཔེར་ན་ཟླ་བ་དང་། ཉི་མ་སྤྲིན་གྱིས་གཡོགས་ན་སའི་སྟེང་དུ་མི་སྣང་ཞིང་སྤྲིན་ལས་གྲོལ་ན། ཟླ་བ་དང་། ཉི་མ་སའི་སྟེང་དུ་སྣང་བ་དེ་བཞིན་དུ། དེ་བཞིན་ གཤེགས་པའི་སྙིང་པོ་ཉོན་མོངས་པ་བྱེ་བས་ཁེབས་ན་མི་སྣང་ངོ་། །ཟླ་བ་དང་། ཉི་མ་བཞིན་དུ་ཉོན་མོངས་པ་ལས་གྲོལ་ན། སངས་རྒྱས་ཀྱི་དབྱིངས་ཀྱི་ཉི་མ་དང་ཟླ་བ་ཡང་སྣང་ངོ་། །ཀྱེ་མ་བཙུན་པ་གང་པོ་ཁྱོད་ནི་སྦྲང་བུའི་སྤྱད་པ་ལྟ་བུ་ལ་སྤྱོད་དེ། ཆོས་ཀྱི་ གཏམ་སྟོན་མི་ཤེས་སོ། །སྦྲང་བུ་ཡང་སྒྲ་འབྱིན་ན་དེ་ཡང་ཤེས་པ་ཡིན་ནམ། ལན་གཉིས་སུ་མ་སྨྲ་བར་སྦྲང་བུ་ཁྱོད་མྱུར་དུ་སོང་ཤིག། །དེ་ནས་གནས་བརྟན་མཛེས་དགའས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སོར་མོའི་ཕྲེང་བ་ལ་ འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །སོར་མོའི་ཕྲེང་བ་ཁྱོད་ཀྱིས་འཐུན་པ་དང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་ཡང་དགའོ། །ད་སངས་རྒྱས་ཀྱི་གཟུགས་འདོད་པར་གྱིས་ལ་བྲམ་ཟེ་ཁྱོད་དེ་ལྟར་ཤེས་པར་གྱིས་ཤིག །དེ་ནས་སོར་ མོའི་ཕྲེང་བས། མཛེས་དགའ་ལ་སླར་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཛེས་དགའ་ཁྱོད་ནི་བྱད་བཞིན་བཟང་བའི་མཆོག་ཡིན་ན། འཇིག་རྟེན་ན་རབ་ཏུ་བྱད་བཞིན་བཟང་བ་གང་ཇི་ལྟར་ན་མི་རྣམས་ཀྱི་གཟུགས་མཛེས་པ་བཟང་པོར་འགྱུར། མྱུར་དུ་སྨྲོས་ ཏེ་ངའི་ཐེ་ཙོམ་ཆོད་ཅིག །དེ་ནས་སོར་མོའི་ཕྲེང་བ་ལ་མཛེས་དགའས་སྨྲས་པ། ལག་པ་རབ་བཀྲུས་སོར་བཅུ་ཐལ་སྦྱར་ཏེ། །དེ་བཞིན་གཤེགས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་། །རྟག་ཏུ་ནད་པའི་རིམ་གྲོ་བྱེད་པ་ནི། །དེ་ལས་སྐྱེས་བུ་བྱད་བཞིན་བཟང་པོར་འགྱུར། ། སོར་མོའི་ཕྲེང་བས་མཛེས་དགའ་ལ་སླར་སྨྲས་པ། དེ་བཞིན་གཤེགས་པ་ལ་རུས་པའང་མེད། རྒྱུས་པ་ཡང་མེད་ན། སྐུ་གདུང་དང་རིང་བསྲེལ་ལྟ་ག་ལ་ཡོད་དེ། རིང་བསྲེལ་མེད་པ་ཐབས་ཀྱི་མཆོག་ཆོས་ཀྱི་སྐུ་ནི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་སྟེ། དེ་ བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་པའོ། །མ་དད་པ་རྣམས་དད་པ་བསྐྱེད་པའི་ཕྱིར་རིང་བསྲེལ་བཞག་པའི་ཐབས་མཛད་དེ། སངས་རྒྱས་ཀྱི་མཆོད་རྟེན་བྱ་བའི་ཕྱིར་རིང་བསྲེལ་བཞག་གོ། །དེ་ནི་སངས་རྒྱས་ཀྱི་ཆོས་ཉིད་དེ། འཇིག་རྟེན་གྱི་ཚངས་པ་ དང་། དབང་ཕྱུག་དང་། ཀཱ་ཏྱཱ་ཡའི་བུ་མོ་དང་། འགྲོ་སྐེམས་གཞོན་ནུའི་གཟུགས་ཁང་པ་དང་། སོ་ཕག་གི་ཁྱིམ་གྱི་གནས་སུ་ཆ་བྱད་བཅོས་པའི་གཟུགས་རྣམ་པ་མང་པོ་བྱས་ཏེ་གཞག་པ་དེ་དག་སྐྱབས་མ་ཡིན་པར་བྱས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ སྐུ་གདུང་དེ་ལྟར་ཐབས་ཡིན་པ་ཤེས་པ་དེ་ནི། འཇིག་རྟེན་ན་བྱད་བཞིན་བཟང་བའི་མི་ཡིན་ཏེ། ཐབས་ཀྱི་ཡེ་ཤེས་རྩ་བ་དེས་གཟུགས་མཛེས་པར་འགྱུར་གྱི། རྟོག་པ་གཞན་ནི་བྱིས་པ་ལྟར་འཁྱམ་པ་ཡིན་ནོ། །མཛེས་དགའ་ཁྱོད་གཟུགས་བཟང་པོར་འགྱུར་བའི་ སྒོ་ཡང་མི་ཤེས་སོ། །ཀྱེ་མ་བཙུན་པ་མཛེས་དགའ་ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། གཟུགས་འབྱུང་བའི་སྒོ་ཡང་མི་ཤེས་སོ། །སྦྲང་བུ་ཡང་གཟུགས་ཕུན་སུམ་ཚོགས་པ་ཡོད་ཀྱིས་སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་གནས་བརྟན་ཉེ་སྦྱོར་གྱིས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །སོར་མོའི་ཕྲེང་བ་ཁྱོད་ཀྱིས་འཐུན་པ་དང་། རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་ཡང་དགའོ། །སོར་མོའི་ཕྲེང་བ་ད་འདུལ་བ་ལ་ བརྩོན་པར་གྱིས་ཤིག །དེ་ནས་སོར་མོའི་ཕྲེང་བས། གནས་བརྟན་ཉེ་སྦྱོར་ལ་སླར་སྨྲས་པ། བཙུན་པ་ཉེ་སྦྱོར་ཁྱོད་འདུལ་བ་འཛིན་པའི་མཆོག་ན། འཇིག་རྟེན་ན་འདུལ་བ་འཛིན་པ་གང་། ཇི་ལྟར་ན་འདུལ་བ་བཅའ་བ་ལ་མཁས་པ་ཡིན། མྱུར་དུ་ སྨྲོས་ཏེ་ངའི་ཐེ་ཙོམ་ཆོད་ཅིག །དེ་ནས་གནས་བརྟན་ཉེ་སྦྱོར་གྱིས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་རྣམས་ནི་རྫོགས་པར་བྱ། །རང་གི་སེམས་ཀྱང་ཡོངས་སུ་གདུལ། །དེ་ནི་སངས་རྒྱས་རྣམས་ཀྱི་ཡང་། །འདུལ་ བ་བསྡུས་པའི་སྙིང་པོའོ། །དེ་ནས་སོར་མོའི་ཕྲེང་བས། གནས་བརྟན་ཉེ་སྦྱོར་ལ་སླར་འདི་སྐད་ཅེས་སྨྲས་སོ། །སྐྱོན་ཆགས་པ་ཡ་མཚན་ཅན་རྣམས་ཀྱི་ནོར་དང་། ཆོས་གོས་ལ་སོགས་པ་དང་། གླེགས་བམ་དང་། ལྷུང་བཟེད་དང་། ཆུ་ཚགས་དང་། སྐ་རགས་དང་། ཁབ་རྣམས་ཐམས་ཅད་དུ་ཐམས་ཅད་དགག་ཅིང་བླང་བར་བྱ་སྟེ། མི་བགྲུངས་པ་ཚར་གཅད་ཅིང་ནན་ཏུར་བྱ་བ་ཡིན་ནོ། །དེ་ཐམས་ཅད་ནི་ཚུལ་ཁྲིམས་དང་ལྡན་པའི་ནོར་ཏེ། སྐྱོན་ཆགས་པའི་ཡ་མཚན་ཅན་གྱི་ནོར་མ་ཡིན་ནོ། །དཔེར་ན་རྒྱལ་པོའི་རལ་གྲི་གདོལ་ པའི་ཁྱིམ་ན་འདུག་ན་རལ་གྲི་དེའི་མཐུས་ཕྲོགས་ཀྱང་ཉེས་པ་མེད་དེ། དེ་ནི་གདོལ་པའི་ནོར་མ་ཡིན་གྱི་རྒྱལ་པོའི་དཀོར་རོ། །དེ་བཞིན་དུ་དེ་ནི་ཚུལ་ཁྲིམས་དང་ལྡན་པའི་ནོར་ཏེ། བཟུང་ནས་ནན་གྱིས་ཁྱེར་བ་དེ་ནི། འཇིག་རྟེན་ན་འདུལ་བ་འཛིན་པ་སྟེ། དེ་ལ་ཉེས་ བྱས་ཙམ་གྱི་ལྟུང་བ་ཡང་མེད་དོ། །ཆོ་ག་དང་མི་ལྡན་པ་ཡང་མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའི་བཀའ་རྫོགས་པའོ། །དེ་བཞིན་གཤེགས་པ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་དང་མཚུངས་པར་གཟིགས་པའོ། །ཀྱེ་མ་བཙུན་པ་ ཉེ་སྦྱོར་ནི་སྦྲང་བུའི་སྤྱད་པ་ལྟ་བུ་སྤྱོད་དེ། འདུལ་བ་བསྡུས་པའི་སྙིང་པོ་མི་ཤེས་སོ། །སྦྲང་བུ་ཡང་བྱ་བ་ཤེས་ཀྱིས་སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །སོར་མོའི་ཕྲེང་བ་ཁྱོད་ཀྱིས་འཐུན་པ་དང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་ཡང་དགའོ། །ད་ནི་ཆོས་ལ་སྟོང་པ་ཆེན་པོ་ཅི་ཡང་མེད་པ་བསྒོམ་པར་བྱའོ། །དེ་ནས་སོར་མོའི་ཕྲེང་ བས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་སྟོང་པ་ཆེན་པོ་མཐོང་བའི་མཆོག་ན། འཇིག་རྟེན་ན་སྟོང་པ་མཐོང་བ་གང་ཡིན། སྟོང་པ་སྟོང་པ་ཞེས་བྱ་བའི་དོན་ཅི། ཤེས་པ་ཆེན་པོ་དང་ལྡན་པ་མྱུར་དུ་སྨྲོས་ཏེ་ངའི་ཐེ་ཙོམ་ མྱུར་དུ་ཆོད་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པས་སྨྲས་པ། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་ཉིད་མེད་པའོ། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་མ་མེད་ ལས་སྐྱེས། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་གཟུགས་མེད་གྱུར་པའོ། །ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཡེ་ཤེས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །གཟུང་དུ་ མེད་ཅིང་རེག་ཏུ་མེད། །ཆགས་མེད་ཡེ་ཤེས་དེ་བཞིན་གཤེགས། །ཐར་པ་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཐར་པ་སངས་རྒྱས་དེ་བཞིན་གཤེགས། །སྟོང་པ་ཅི་ཡང་མེད་པ་དག །སོར་ཕྲེང་ཁྱོད་ཀྱིས་ག་ལ་ཤེས། ། དེ་ནས་སོར་མོའི་ཕྲེང་བས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ་དཔེར་ན། སྤྲིན་ཆེན་པོ་ལས་ཆར་རབ་ཏུ་བབ་པ་དང་། སྐྱེས་བུ་བྱིས་པའི་རང་བཞིན་ཅན་གྱིས། སེར་བའི་འབྲུ་བླངས་ཏེ། ནོར་བུ་རིན་པོ་ཆེ་ བཻ་དཱུརྱར་བསམས་ནས། ཁྱིམ་དུ་ཁྱེར་བ་དང་། ཧ་ཅང་གྲང་ཆེས་ནས་གཟུང་མ་ནུས་ཏེ་གཏེར་དུ་བྱའོ་སྙམ་ནས། བུམ་པའི་ནང་དུ་ལེགས་པར་བཅུག་པ་དང་། སེར་བའི་རིལ་བུ་དེ་ཞུ་བར་མཐོང་ནས། སྟོང་པའོ་སྙམ་སྟེ་ཅང་མི་ཟེར་བར་གྱུར་པ་དེ་བཞིན་ དུ་བཙུན་པ་འཇམ་དཔལ་ཤིན་ཏུ་སྟོང་པ་ཉིད་ལ་བསྒོམས་ཤིང་། སྟོང་པར་ཟབ་ཏུ་བསམས་པས་ཆོས་ཐམས་ཅད་ཞིག་པ་མི་ཟད་པར་མཐོང་ངོ་། །ཐར་པ་སྟོང་པ་མ་ཡིན་པ་ལ་ཡང་སྟོང་པར་མཐོང་ཞིང་རྟོག་གོ། །འདི་ལྟ་སྟེ་དཔེར་ན། སེར་ བའི་རིལ་བུ་ལ་ནོར་བུ་སྙམ་དུ་བསམས་ནས། ནོར་བུ་ཡང་སྟོང་པར་བསྒོམ་པ་དེ་བཞིན་དུ། ཁྱོད་ཀྱང་སྟོང་པ་མ་ཡིན་པའི་ཆོས་ལ་སྟོང་པར་སེམས་ཏེ། ཆོས་སྟོང་པ་མཐོང་ནས་སྟོང་པ་མ་ཡིན་པའི་ཆོས་ལ་ཡང་སྟོང་པར་འཇིག་པར་བྱེད་དོ། །སྟོང་པའི་ཆོས་ཀྱང་ གཞན། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། སེར་བའི་རིལ་བུ་ལྟ་བུར་ཉོན་མོངས་པ་བྱེ་བ་ནི་སྟོང་པའོ། །སེར་བའི་རིལ་བུ་ལྟ་བུར་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ནི་མྱུར་དུ་འཇིག་གོ། །ནོར་བུ་བཻ་དཱུརྱ་བཞིན་དུ་སངས་རྒྱས་ནི་རྟག་པ་སྟེ། ཐར་པའི་ མཐའ་ཡང་ནོར་བུ་བཻ་དཱུརྱ་བཞིན་ནོ། །ནམ་མཁའ་ཡང་སངས་རྒྱས་རྣམས་ཀྱི་གཟུགས་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་གཟུགས་མེད་པ་ཡིན་ནོ། །སངས་རྒྱས་ཀྱི་ཐར་པ་ཡང་གཟུགས་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ ཀྱི་ཐར་པ་གཟུགས་མེད་པ་ཡིན་ན། ཇི་ལྟར་ཐར་པའི་མཚན་ཉིད་སྟོང་པ་ཞེས་བྱ། དབྱེ་བ་མེད་པའི་འདུ་ཤེས་སུ་མ་བྱེད་ཅིག །འཇམ་དཔལ་གང་གྲོང་ཁྱེར་བརྩིགས་པའི་ཁྱིམ་སྟོང་པ་ནི་མི་མེད་པས་སྟོང་ངོ་། །བུམ་པ་ནི་ཆུ་མེད་པས་སྟོང་ངོ་། །ཀླུང་ནི་ཆུ་མི་འབབ་ པས་སྟོང་ངོ་། །ཅི་གྲོང་གི་བར་སྐབས་ཁྱིམ་མེད་པ་ལ་སྟོང་པ་སྟོང་པ་ཞེས་བྱའམ། ཅི་ཁྱིམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི། མི་མེད་པས་སྟོང་པ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ ཡིན་གྱི། ཆུ་མེད་པས་སྟོང་པ་ཞེས་བྱའོ། །ཅི་ཀླུང་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི། ཆུ་མི་འབབ་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་ཐར་པ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་གྱི། ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་ པ་སྟོང་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་བྱེ་བའི་མི་དང་། ལྷ་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང་མི་སྟོང་པའི་དོན་དེ་ ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང་ཐམས་ཅད་སྟོང་པར་སྒོམ་སྟེ། གཅེར་བུ་པའི་སྦྲང་མ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། སོར་མོའི་ཕྲེང་བ་ལ་སླར་འདི་སྐད་ཅེས་སྨྲས་སོ། །སོར་མོའི་ཕྲེང་བ་ཁྱོད་འབྲོག་དགོན་པ་ན་སྟག་བཞིན་དུ་ ཉན་ཐོས་ཐམས་ཅད་གསོད་ན། དེ་ལྟར་དེ་བཞིན་གཤེགས་པའི་སྲས་རྣམས་ལ་མ་བརྙས་ཤིག །སྦྲང་བུ་ཁྱོད་སུ་ཞིག་དེ་ནས་སོར་མོའི་ཕྲེང་བས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །དཔེར་ན། འབྱམ་པོ་ཡི་དགས་ལྟ་བུར་བཀྲེན་ པ་དག་ལམ་དུ་ཞུགས་ན། སྟག་གི་དྲི་མནམ་པ་ཙམ་གྱིས་ཀུན་དུ་འབྲོས་པ་དེ་བཞིན་དུ་ཉན་ཐོས་རྣམས་ཀྱང་ཐེག་པ་ཆེན་པོ་མི་ཤེས་པས་འབྱམ་པོ་ལྟ་བུར་བྱང་ཆུབ་སེམས་དཔའི་དྲི་མནམ་ན་ཀུན་དུ་འབྲོས་སོ། །དཔེར་ན། སེང་གེའི་རྒྱལ་པོས་རི་ཁྲོད་ནས་སེང་གེའི་ མཐུ་རྩལ་གྱིས་སྒྲ་བསྒྲགས་ན། སེང་གེའི་སྒྲ་ཐོས་པས་རི་དགས་དང་ཝ་ལ་སོགས་པ་ཐམས་ཅད་མི་འཚོ་ཞིང་འཆི་བར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་བསྒྲགས་ཏེ། སེང་གེའི་མཐུ་རྩལ་གྱིས་རྣམ་པར་གནོན་པ་ན། བྱང་ཆུབ་ སེམས་དཔའི་སྒྲ་ཐོས་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལྡེམ་པོ་ངག་ལ་ཀུན་དུ་རྨོངས་སོ། །ངས་ཀྱང་རེ་ཞིག་ཝའི་སྒྲ་ཕྱུང་ན་ཡང་ཉན་ཐོས་ཐམས་ཅད་ལན་ལྡོན་མི་ནུས་ན། གལ་ཏེ་སེང་གེའི་སྒྲ་ཕྱུང་ན་ཉན་ཐོས་རྣམས་ཇི་ལྟར་འགྱུར། དེ་ནས་ འཇམ་དཔལ་གཞོན་ནུར་གྱུར་པས་སོར་མོའི་ཕྲེང་བ་ལ་སླར་འདི་སྐད་ཅེས་སྨྲས་སོ། །སྦྲང་བུ་ལྟ་བུ་ཁྱོད་སུ་ཞིག །སོར་མོའི་ཕྲེང་བས་ཤིན་ཏུ་གཏུམ་པའི་ལས་བྱས་སོ། །ཁྱོད་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་ཡིན་དུ་ཟིན་ན། བདུད་སྡིག་ཅན་དག་ཅི་འདྲ། ཀྱེ་མ་འཇིག་རྟེན་རྣམས་ནི་བདག་ཉིད་མི་ཤེས་ཏེ། བདག་གི་ཉེས་པ་མི་མཐོང་གི །གཞན་གྱི་ཉེས་པ་མཐོང་ངོ་། །སོར་མོའི་ཕྲེང་བས་སྡིག་པ་ཇི་སྙེད་ཅིག་བྱས། དེ་ནས་སོར་མོའི་ཕྲེང་བས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་ སོ། །ཀྱེ་མ་འཇིག་རྟེན་ན་དམ་པའི་ཆོས་འཇིག་པའི་སྐྱེས་བུ་གཉིས་ཡོད་དེ། གང་ཤིན་ཏུ་སྟོང་པ་ཉིད་དུ་ལྟ་བ་དང་། གང་འཇིག་རྟེན་ན་བདག་ཏུ་སྨྲ་བ་འདི་གཉིས་ནི་དམ་པའི་ཆོས་འཇིག་པ་དང་། དམ་པའི་ཆོས་ཁས་འབུབ་པའོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྡིག་ པ་དང་། མི་སྡིག་པ་མི་ཤེས་སོ། །ཀྱེ་མ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་མི་ཤེས་སོ། །ཀྱེ་མ་བྱང་ཆུབ་སེམས་དཔའ་སྟག་རྣམས་འཇིགས་པ་མེད་པའོ་སྙམ་དུ་སེམས་ན། ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུ་དང་། །སེང་གེའི་བྱེ་བྲག་ཀྱང་མི་ཤེས་སོ། ། བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པས་བསྔགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉོན་ཅིག །དཔེར་ན། སྒྱུ་མའི་རྒྱལ་པོས་སྒྱུ་མ་ལ་འདུས་པའི་དབུང་དུ་ཇི་ལྟར་གཅོད་པ་དང་། གཏུབ་པ་སྟོན་ཏེ་སྒྱུ་མ་བྱེད་པས་བཟའ་བ་དང་། རྙིས་པ་ཡང་སྟོན། སྒྱུ་མ་བྱེད་ པ་རྣམ་པ་མང་པོ་སྒྱུ་མའི་མཆོག་སྒྱུ་མ་བྱེད་པའི་སྒྱུ་མ་ཇི་ལྟ་བ་དེ་བཞིན་དུ། སངས་རྒྱས་རྣམས་ཀྱི་བསྟན་པ་ཡང་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སྟག་རྣམས་ཀྱང་བདག་ཉིད་སྐྱེ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྒྱུ་མ་རྣམ་པ་མང་པོ་སྟོན་ཏོ། ། ནད་ཀྱི་བསྐལ་པ་བར་མ་ལ་བདག་ལ་ནད་མེད་དོ་ཞེས་སེམས་ཅན་རྣམས་ན་བའི་ཕྱིར་ཟས་ཀྱི་མཆོག་ཏུ་འགྱུར་རོ། །མེའི་བསྐལ་པ་བར་མ་ལ་ས་རྣམས་སྲེག་ཅིང་རྟག་པར་འདུ་ཤེས་པའི་སེམས་ཅན་རྣམས་ལ་མི་རྟག་པར་སྟོན་ཏོ། །མཚོན་གྱི་བསྐལ་པ་བར་མ་ལ་སེམས་ཅན་ རྣམས་ཀྱི་ཕྱིར་བདག་གིས་བསྟན་ཏོ་སྙམ་སྟེ། ཐམས་ཅད་མཚོན་དང་། ལྕགས་སུ་བྱས་ནས། སངས་རྒྱས་ཀྱིས་ཕན་ཚུན་དུ་གསོད་པ་བསྟན་ཀྱང་སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། དེ་དག་ནི་སྒྱུ་མ་སྤྲུལ་པ་བཞིན་ནོ། །སངས་རྒྱས་ནི་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་ཡུངས་འབྲུའི་སྦུ་གུར་འཇུག་སྟེ། སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་རོ། །ཡང་དེ་ནས་ཕྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་འཇོག་པར་ཡང་སྟོན་ཏོ། །རྒྱ་མཚོའི་ཆུ་དང་། ཆུའི་ཕུང་པོ་དང་། རིའི་ཕུང་པོ་དང་། རི་རབ་ལ་སོགས་པ་སངས་རྒྱས་ཀྱི་སྤུའི་ཁུང་བུ་གཅིག་ཏུ་འཇུག་ཀྱང་སེམས་ཅན་གཅིག་ལ་ཡང་གཙེས་པར་མི་འགྱུར་ཞིང་ཕྱིས་སོ་སོའི་ཕྱོགས་སུ་འགོད་དོ། །རྐང་པའི་མཐེ་བོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཡོ་བར་བྱས་ཀྱང་སེམས་ཅན་གཅིག་ལ་ཡང་གཙེ་བ་བྱས་ པར་མི་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱི་མཛད་པའོ། །རྣམ་པ་གང་དང་གང་གིས་སེམས་ཅན་ལ་ཕན་པར་འགྱུར་བ་བྲན་དང་སློབ་མར་ཡང་འགྱུར་རོ། །དེ་བཞིན་དུ་གྲོང་མི་དང་། དེད་དཔོན་དང་། མདུན་ན་འདོན་དུའང་འགྱུར་རོ། །རྒྱལ་པོ་དང་། བློན་པོ་ དང་། གཞོན་ནུ་དང་། གྲོང་དཔོན་དང་། ཚོགས་ཐམས་ཅད་ཀྱི་ནང་དུ་ཡང་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར། བདག་ཉིད་འདུམ་པར་སྦྱར་བ་དང་འཐུན་པར་བྱེད་དོ། །ལྷ་ཐམས་ཅད་དུའང་འགྱུར་ཏེ། དེ་དག་གི་ལྟ་བ་བཟློག་པའི་ཕྱིར་ཐམས་ཅད་དུ་སྐྱེ་བ་སྟོན་ པས། དེའི་ཕྱིར་སྐྱེས་པའི་རབས་ཞེས་བྱའོ། །སྒྱུ་མ་བྱེད་པའི་སྒྱུ་མ་མཐོང་ན། ཀྱེ་མ་སྒྱུ་མ་བྱེད་པ་ནི་སྡིག་པ་སྟེ། གཅད་པ་དང་། གཏུབ་པ་བྱེད་ཅིང་གཞན་ལ་གསོད་དོ་ཞེས་ཚོགས་ཐམས་ཅད་ལ་མི་བརྗོད་པ་དེ་བཞིན་དུ་སངས་རྒྱས་ཀྱང་འཇིག་རྟེན་ན་སྒྱུ་མ་བྱེད་པའི་ རང་བཞིན་ཡིན་པར་བལྟ་སྟེ། དེ་བཞིན་དུ་ངས་སེམས་ཅན་རྣམས་བསད་པ་ཡང་ཤེས་པར་བྱའོ། །སྒྱུ་མ་བྱེད་པས་སྒྱུ་མ་བྱེད་པའི་སྐྱེས་བུ་ཇི་ལྟ་བ་དེ་བཞིན་དུ་སྒྱུ་མ་སྤྲུལ་པ་ཉིས་སྟོང་དུ་གཅིག་མ་ཚང་བ་ཡང་དེ་ལྟ་བུས་འདུལ་བའི་དབང་གིས་སྒྱུ་མ་སྤྲུལ་ཏོ། །འཇམ་དཔལ་ ཇི་ལྟར་མཚོན་གྱི་བསྐལ་པ་བར་མ་ལ་ངས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒྱུ་མ་འདི་དག་སྤྲུལ་ཏོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུ་ལྟ་བུའི་སྤྱད་པ་སྤྱོད་དེ། མིའི་གླང་པོ་ཆེ་ཤེས་ཀྱང་མི་འདོད་དོ། །ཤེས་ཀྱང་མི་འདོད་པ་དེ་ནི་སྦྲང་བུ་ལྟ་བུ་སྟེ་སྨད་པ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་སོར་མོའི་ཕྲེང་བས་ཇི་སྐད་ཟེར་བ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དེ་ལྟའོ། །འཇམ་ དཔལ་སོར་མོའི་ཕྲེང་བ་འདི་ནི་ཐ་མལ་པ་མ་ཡིན་ཏེ། དེ་ལྟ་བུས་འདུལ་བའི་དབང་གིས་བྱང་ཆུབ་སེམས་དཔའ་མིའི་གླང་པོ་ཆེས་བདག་ཉིད་དེ་ལྟར་སྤྲུལ་ཏོ། །འཇམ་དཔལ་ཡུད་ཙམ་ཞིག་སྡོད་ཅིག་དང་། སོར་མོའི་ཕྲེང་བ་ཡང་ཁྱོད་དང་འདྲ་སྟེ། སོར་མོའི་ཕྲེང་བའི་བདག་ ཉིད་ཆེན་པོ་ཤིན་ཏུ་རྒྱས་པར་བསྟན་གྱིས། དེའི་གཏམ་བརྗོད་པ་ལས་སོར་མོའི་ཕྲེང་བའི་ཆེ་བ་ཤེས་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མིའི་གླང་པོ་ཆེ་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བརྩོན་ འགྲུས་བསྟན་པ་ལེགས་སོ་ལེགས་སོ། །བདག་ཉིད་མྱུར་དུ་དགྲ་བཅོམ་པ་ཐོབ་པར་གྱིས་ཤིག་དང་། དེའི་ཡོན་ཏན་འདི་འདྲའོ། །དེའི་ལས་འདི་འདྲའོ། །བརྩོན་འགྲུས་འདི་འདྲའོ་ཞེས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་བརྗོད་པར་ བྱའོ།། །།བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་ཐུགས་བརྩེ་བའི་སླད་དུ་དགྲ་བཅོམ་པ་རང་གི་ལུས་འདི་ཉིད་ཀྱིས་ཐོབ་པར་ འཚལ་བའི་ཡོན་ཏན་འདི་འདྲ། ལས་འདི་འདྲ། བརྩོན་འགྲུས་འདི་འདྲའོ་ཞེས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་ཕ་མ་ཕྲད་དེ། དུས་སུ་མའི་རུམ་དུ་བུ་ཆགས་མ་ཐག་ཏུ་ཕ་མ་ དག་དགའ་བར་འགྱུར་རོ། །བདག་གིས་མྱོང་བའི་ཡོན་ཏན་གྱིས་ཐོབ་པས་བརྩོན་འགྲུས་དང་། གཟི་བརྗིད་གཞན་དུ་འགྱུར་རོ། །འཇིག་རྟེན་ཀྱང་འབྱོར་པ་དང་། མོད་པར་འགྱུར། འཇིག་རྟེན་ཁྲག་ཁྲུག་མེད་པར་འགྱུར། རྒྱལ་པོ་ཡང་ཤིན་ཏུ་བདེ་བར་འགྱུར། མས་བསོད་ནམས་དམ་པའི་རྨི་ལམ་ཡང་རྙེད་དེ། ནམ་ཁྱེའུ་བཙས་པ་དེའི་ཚེ། རིགས་འཕེལ་བར་འགྱུར་རོ་ཞེས་མི་མཛའ་བ་རྣམས་ཀྱང་ཤིན་ཏུ་བྱམས་པར་འགྱུར་རོ། །ནམ་ཁྱེའུ་དེ་ལོ་བདུན་ནམ། བརྒྱད་དམ། དགུ་ལོན་ནས། ཡི་གེའི་གྲར་ཞུགས་པའི་ཚེ་ཁྱིམ་ན་ འཐབ་པ་དང་། རྩོད་པ་མི་འབྱུང་། བྲན་པོ་དང་བྲན་མོ་རྣམས་ཀྱང་དགའ་མགུ་རངས་པར་གྱུར་ནས། ཡང་དག་པའི་ལས་ཀྱིས་ཁྱིམ་དུ་འཕེལ་བར་བྱེད་དོ། །ནམ་ཁྱེའུ་དེ་ལོ་ཉི་ཤུ་ལོན་པ་དེའི་ཚེ་ཁྱིམ་དེའི་བ་ལང་དང་། མ་ཧེ་དང་། ལུག་ལ་སོགས་པ་རྐང་པ་བཞི་པ་ རྣམས་ཀྱང་འཐབ་པ་མེད་དེ། ཕ་མ་ལྟ་བུར་སྡུག་པར་འགྱུར་རོ། །བ་ཡང་ཞོ་བདམ་མོ། །ཁྱེའུ་དེ་ལ་འདོད་ཆགས་དང་། ཕྲག་དོག་དང་། འཚིག་པ་དང་། གཡོ་དང་། སྒྱུ་དང་། བརྫུན་སྨྲ་བ་དང་། ཚིག་རྩུབ་པོ་དང་། བྱིས་པའི་ཚུལ་དང་། ཆོ་ག་མ་ཡིན་པ་ མེད་ཅིང་མི་དགེ་བའི་ཕྱོགས་ཀྱི་བྱ་བ་ཐམས་ཅད་མི་འབྱུང་སྟེ། ཕ་མ་ལ་མཆོད་པ་དང་། སློབ་དཔོན་དང་། མཁན་པོ་ལ་མཆོད་པའི་སེམས་སྐྱེའོ། །རྒན་རབས་མཐོང་ན་ལག་པ་ཐལ་མོ་སྦྱོར་རོ། །བར་མ་མཐོང་ན་པང་གིས་མཁྱུད་དེ་དམ་དུ་འཇུའོ། །ཁྱེའུ་དང་ བུ་མོ་བདག་དང་འདྲ་བ་དང་ལྷན་ཅིག་ཏུ་བུས་པའི་རྩེད་མོ་རྩེ་ན་སྦྱིན་པ་དང་། རི་མོར་བྱ་བ་དང་། གཏོང་བ་སེམས་སོ། །ཕོངས་པ་ལ་བུ་བཞིན་དུ་བྱེད་དོ། །བྱ་བ་ཀུན་ལ་ངོ་ཚ་ཤེས་ཏེ། འཇིགས་ཤིང་སྐྲག་པ་ཡིན། དམ་པའི་ཆོས་ཀྱི་བྱ་བ་ལ་མོས་ཀྱི། གར་དང་སྒྱུ་མ་ བྱེད་པ་ལ་མོས་པ་མ་ཡིན། གཉིད་དང་སྙོམ་ལས་བྱེད་པ་མ་ཡིན། སངས་རྒྱས་མཐོང་བར་འདོད་ཅིང་རྟག་ཏུ་གླེགས་བམ་ཀློག །བསླབ་པ་ལ་སོགས་པ་བཟོ་རྣམ་པ་མང་པོ་ལ་དགའི། རྒྱན་པོ་དང་། རྩེད་མོ་དང་། ཆང་འཐུང་བ་ལ་དགའ་བ་མ་ཡིན། ལྷ་ལས་ལྷུར་ བྱེད་པའི་སྐྱེ་བོ་དགེ་བ་རྣམས་ཀྱིས་བཀུར་བ། མིག་གཉིད་ཐུལ་བ། ཟས་མང་དུ་མི་ཟ། གཙང་སྦྲ་ཆུང་བ་མ་ཡིན། ཕྱི་རོལ་གྱི་འགྲོ་བ་ཐམས་ཅད་ཀྱང་དགའ་བ། ཆོས་ཀྱི་བྱ་བ་ལ་སྙིང་སྟོབས་ཆེ་ཞིང་བློ་གྲོས་ཆེ་བ་ལ་སོགས་པ་དེ་ལྟ་བུའི་ཡོན་ཏན་ཤིན་ཏུ་མང་བས་ རང་གི་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཐོབ་པར་འགྱུར་ཏེ། ཡོན་ཏན་དེ་འདྲ། ལས་དེ་འདྲ། བརྩོན་འགྲུས་ཀྱི་རྣམ་པ་དེ་འདྲ་སྟེ། ཤ་རིའི་བུ་སོར་མོའི་ཕྲེང་བ་ཡང་མྱུར་དུ་དགྲ་བཅོམ་པ་ཐོབ་པར་འགྱུར་བས། སོར་མོའི་ཕྲེང་བ་ལ་སྡིག་པར་ག་ལ་འགྱུར། ཤ་ར་དྭ་ཏིའི་བུ་སོར་མོའི་ཕྲེང་བ་ལ་ངོ་མཚར་དང་། ཡོན་ཏན་གཞན་ཡང་ཡོད་དེ། འཇམ་དཔལ་ཇི་ལྟ་བ་དེ་བཞིན་དུ་སོར་མོའི་ཕྲེང་བ་བྱང་ཆུབ་སེམས་དཔའ་མིའི་གླང་པོ་ཡང་དེ་བཞིན་ནོ། །སོར་མོའི་ཕྲེང་བ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བལྟའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོར་མོའི་ཕྲེང་བ་ནི། བདག་གྲོལ་ནས་འཇིག་རྟེན་ཐམས་ཅད་དགྲོལ་ལོ། །རྒལ་ནས་བསྒྲལ་བར་བྱའོ་ཞེས་བདག་དང་འཇིག་རྟེན་གྱི་ཕྱིར་སྐྱེས་བུ་འདི་རྟག་ཏུ་སྨོན་ལམ་འདེབས་ཏེ། འཇིག་རྟེན་ཐམས་ཅད་ལ་ཕན་ཞིང་སྙིང་ བརྩེ་བ་སྡིག་པ་བྱེད་པ་དེ་ནི་གནས་མེད་དོ། །དེ་ལྟ་བུའི་སེམས་ཅན་དག་གི་ཕྱིར། བྱང་ཆུབ་སེམས་དཔའ་མིའི་གླང་པོ་ཆེ་རྣམས་ནི་ཉི་མ་དང་། ཟླ་བ་དང་། ཚངས་པ་ལྟ་བུ་དང་། སྐྱེ་དགུའི་བདག་པོར་འགྱུར་རོ། །ས་དང་། རླུང་དང་། ནམ་མཁའ་དང་། ཆུ་དང་། མེ་ལྔ་པ་ དང་། དེ་ལྟ་བུ་རྣམ་པ་མང་པོར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སོར་མོའི་ཕྲེང་བ་ནི་གང་ཟག་ཡ་རབས་ལགས་ཏེ། བཅོམ་ལྡན་འདས་མཐོང་མ་ཐག་ཏུ་བདག་ཉིད་སྲིད་པ་ ཐམས་ཅད་ལས་ངེས་པར་བརྒལ་ཏོ། །དེ་ནས་སོར་མོའི་ཕྲེང་བས། གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོས་དེ་བཞིན་གཤེགས་པ་མ་རྙེད་ན། འཇིག་རྟེན་ན་ཆོས་ལ་བདག་པོ་བྱེད་པའི་སེམས་ཅན་སུ་དག་ ཡོད། སྨྲས་པ། རིགས་ཀྱི་བུ་ཆོས་མངོན་པའི་ལུང་ལས་བཅོམ་ལྡན་འདས་ཀྱིས་རབ་ཏུ་བསྟན་ཏེ། དགེ་སློང་རྣམས་ན་བ་དང་ན་བ་ལྟ་བུ་གསུམ་སྟེ། ན་བ་གསུམ་གང་ཞེ་ན། ལོག་པར་ངེས་པ་ཞེས་བྱ་བ་དང་། ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་བ་དང་། མ་ ངེས་པའི་གང་ཟག་ཅེས་བསྟན་ཏོ། །དེ་ལ་ལོག་པར་ངེས་པ་གང་ཞེ་ན། ལོག་པར་ངེས་པ་ཞེས་བྱ་བ་ནི། སྐྱེས་བུ་གང་དེ་བཞིན་གཤེགས་པས་ཀྱང་གདུལ་མི་ནུས་པའོ། །ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་དཔེར་ན། བཙུན་པ་འཇམ་དཔལ་དང་། འོད་སྲུང་ཆེན་པོ་ ལྟ་བུ་དེ་བཞིན་གཤེགས་པ་མ་བྱུང་བཞིན་དུ་དེ་བཞིན་གཤེགས་པའི་ཕྱིར་དེ་ཁོ་ནའི་ཆོས་ལ་རབ་ཏུ་ཞུགས་པའོ། །སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་མ་སྐྱེས་པར་བཙུན་པ་གནས་བརྟན་འོད་སྲུང་ཆེན་པོ་བདག་ཉིད་དེ་ཁོ་ནའི་ཆོས་ལ་ རབ་ཏུ་ཞུགས་སོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྟག་པ་སྟེ། གང་ཆོས་ལ་གནས་པ་དེ་དག་གི་ཁྱིམ་ན་དེ་བཞིན་གཤེགས་པ་དེ་བཞུགས་སོ། །དཔེར་ན། འབབ་ཆུ་ཐམས་ཅད་ནི་ཆར་ལས་བྱུང་སྟེ། ཆར་མེད་ཀྱང་གལ་ཏེ་ཆུ་འབབ་པ་ དེ་ལ་མཁས་པས་འདི་ལྟར་བསམ་མོ། །ཆར་མེད་པར་ཆུ་འབབ་པ་དེ་ནི་གནས་མེད་ཀྱིས་གཞན་དུ་ཆར་འབབ་པར་རིག་པར་བྱ་སྟེ། དེ་ལས་འབབ་ཆུ་འབབ་པར་རིག་པར་བྱའོ། །དེ་བཞིན་དུ་མཽང་གལ་གྱི་བུ་འཇིག་རྟེན་གྱི་དང་། འཇིག་རྟེན་ལས་འདས་པའི་མཆོག་ གི་ཆོས་ཐམས་ཅད་ཀྱང་སངས་རྒྱས་ལས་འབབ་སྟེ། དེ་བས་ན་བཙུན་པ་འོད་སྲུང་ཆེན་པོ་ཡང་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་རབ་ཏུ་བྱུང་བར་རིག་པར་བྱའོ། །ཇི་ལྟར་སྐྱེ་བོ་ཐམས་ཅད་ཀྱིས་སྒྱུ་མ་མི་མཐོང་ཞེ་ན། བཙུན་པ་བཅོམ་ལྡན་འདས་ཉག་གཅིག་ གིས་མཁྱེན་པ་མ་ཡིན་གྱི། གཞན་དུ་ཆར་བབ་པ་བཞིན་ཏེ། དེའི་ཕྱིར་སངས་རྒྱས་མེད་པའི་དུས་ཀྱི་སེམས་ཅན་རྣམས་ཀྱང་བདག་ཉིད་ངེས་པར་མི་སྒྲོལ་གྱི་རྟག་ཏུ་སངས་རྒྱས་ཀྱི་མངོན་སུམ་དུ་ངེས་པར་སྒྲོལ་བར་རིག་པར་བྱའོ། །གཞན་ཡང་བཙུན་པ་སྐྱེས་བུ་ ལ་ལ་ཞིག་ཟླ་བ་དང་། ཉི་མ་མཐོང་ནས་ཁྱིམ་གྱི་ནང་དུ་ཞུགས་ཏེ་དེ་གཉིས་ཀྱིས་མི་མཐོང་ངོ་སྙམ་དུ་སེམས་ན། ཅི་ཟླ་བ་དང་ཉི་མས་མི་མཐོང་ངམ། མཐོང་མོད་ཀྱི་མི་མི་མཁས་པ་ཁྱིམ་གྱི་ནང་དུ་ཞུགས་མ་ཐག་ཏུ་ཟླ་བ་དང་། ཉི་མས་མི་མཐོང་ངོ་སྙམ་ དུ་སེམས་ཏེ། དེ་བཞིན་དུ་བཙུན་པ་མཽང་གལ་གྱི་བུ་ཡང་མི་མཁས་པ་བཞིན་མ་ཟེར་ཅིག །དེ་བཞིན་གཤེགས་པ་ནི་རྟག་ཏུ་སེམས་ཅན་རྣམས་ངེས་པར་སྒྲོལ་ཏེ། རྟག་ཏུ་སེམས་ཅན་རྣམས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་འཛིན་ དུ་འཇུག་གོ། །དེའི་ཕྱིར་གང་ཟག་ལོག་པར་ངེས་པ་དང་། ཡང་དག་པ་ཉིད་དུ་ངེས་པ་སྟེ། མ་ངེས་པ་ཞེས་བྱ་བ་གསུམ་པ་མེད་དོ། །སྨྲས་པ། འཇིག་རྟེན་པ་ལ་ཡང་ཚུལ་ཁྲིམས་ལྔ་ཡོད་དོ། །སངས་རྒྱས་འབྱུང་བའི་དུས་ན་ཡང་ཡོད་དོ། །སྨྲས་པ། བཙུན་ པ་མཽད་གལ་གྱི་བུ་དེ་སྐད་མ་ཟེར་ཅིག །ཇི་ཙམ་ཆོས་དང་འཐུན་པའི་ཚུལ་ཁྲིམས་དང་། ཆོ་ག་དང་ཡོན་ཏན་འཇིག་རྟེན་ན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དག་ཡོད་པ་དེ་དག་ཐམས་ཅད་དུ་ཐམས་ཅད་སངས་རྒྱས་ཀྱི་ཚིག་ཏུ་རིག་པར་བྱའོ། །སྨྲས་པ། ནད་པ་ལྟ་བུའི་གཏམ་ རྣམ་པ་གསུམ་སྟེ། ནད་པ་ཁ་ཅིག་སྨན་པ་རྙེད་ན་འཚོ་བ་ཡོད་དོ། །ནད་པ་ཁ་ཅིག་སྨན་པ་མ་རྙེད་ཀྱང་འཚོ་བ་ཡོད་དོ། །ནད་པ་ཁ་ཅིག་སྨན་པ་རྙེད་ཀྱང་མི་འཚོ་བ་ཡོད་དོ། །སྨྲས་པ། ན་བ་གསུམ་དུ་མེད་དེ། ན་བ་ཁ་ཅིག་སྨན་པ་མ་རྙེད་ཀྱང་འཚོའོ། །ན་བ་ཁ་ ཅིག་ནི་སྨན་པ་རྙེད་ཀྱང་མི་འཚོ་སྟེ། གསོར་རུང་བ་དང་། གསོར་མི་རུང་བ་དང་། རྣམ་པ་གཉིས་སོ། །སྨྲས་པ། གསུམ་མ་ཡིན་ཏེ། ནད་པ་ཁ་ཅིག་ནི་སྨན་པ་མ་རྙེད་ཀྱང་འཚོ་བ་ཡོད་དོ། །ནད་པ་ཁ་ཅིག་ནི་སྨན་པ་དང་གཡོག་རྙེད་ཀྱང་མི་འཚོ་བ་ཡོད་དེ། གལ་ཏེ་ སྨན་མེད་ན། སྨན་པས་ཀྱང་ཅི་ཞིག་བྱ། ནད་པ་གང་སྨན་པ་མ་རྙེད་ཀྱང་འཚོ་བ་དེ། སྨན་པ་རྙེད་ན་ཅི་ལྟར་འཚོ་བར་མི་འགྱུར་ཏེ། རྒྱུ་གཅིག་གིས་སྨན་པ་བྱ་བ་ཤེས་པ་མ་ཡིན་གྱི། ཟས་མི་བཟའ་བའི་ཆོ་ག་དང་། བཏང་བ་ཡང་མི་ཤེས་སོ། །གལ་ཏེ་ཐམས་ ཅད་མི་ཤེས་ན། དུས་མ་ཡིན་པར་འཆི་བས་འཆི་བར་འགྱུར་རོ། །དེའི་ཕྱིར་ནད་པ་གསོར་རུང་བ་དང་། གསོར་མི་རུང་བ་སྟེ། སྨན་པ་ཡང་རྙེད། སྨན་དང་གཡོག་རྙེད་ཀྱང་། གལ་ཏེ་འཆི་ན་ནི་དེ་དོན་མེད་པའི་གནས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ ཏེ་སྨན་དང་། །གཡོག་དང་། སྨན་པ་ཡང་མ་རྙེད། སྨན་པ་རྙེད་ལ། སྨན་མ་རྙེད་པ་སྟེ། དེའི་ཕྱིར་སྨན་པ་དང་། སྨན་རྙེད་ཀྱང་མི་འཚོ་ན། སྨན་དང་སྨན་པའི་བྱེ་བྲག་ཀྱང་མེད་དོ། །ཅིའི་ཕྱིར་ཚེའི་རིག་བྱེད་ལས་ལུས་ལྕི་བ་དང་། ཡང་བའི་བྱ་བ་ཐམས་ཅད་འབྱུང་ སྟེ། དེའི་ཕྱིར་བཙུན་པ་མཽད་གལ་གྱི་བུ་ཆེན་པོ་གསོར་རུང་ཡང་རུང་ལ། མི་རུང་ཡང་མི་རུང་ཞེས་བྱ་བར་རྣམ་པ་གསུམ་དུ་རྟོག་པ་རྣམ་པ་གསུམ་མེད་དོ། །དེ་ནི་ཉན་ཐོས་ཀྱི་ཤེས་པ་སྟེ། སྦྲང་བུ་ལྟ་བུའི་ཤེས་པའོ་ཞེས་མཁས་པ་རྣམས་འཛེར་ཏོ། །མི་མཁས་ པ་རྣམས་ཀྱི་ཕྱིར་རྣམ་པ་གཉིས་སུ་བརྟགས་ཏེ། དེ་ལ་ལོག་པར་ངེས་པ་ཞེས་བྱ་བ་ནི་འདོད་ཆེན་པའོ། །ཡང་དག་པར་ངེས་པ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་སོ། །བཙུན་པ་མཽད་གལ་གྱི་བུ་ངོ་མཚར་རྣམ་པ་གཉིས་ཏེ། རྣམ་པ་གཉིས་གང་ཞེ་ན། དེ་བཞིན་གཤེགས་པ་དང་། འདོད་ཆེན་པའོ། །དེ་བཞིན་གཤེགས་པ་ནི་མཆོག་གི་གནས་སུ་ངོ་མཚར་དུ་གྱུར་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལས་མཐོ་བའི་གནས་གཞན་མི་སྣང་སྟེ་ངོ་མཚར་ཏོ། །དམའ་བའི་གནས་སུ་ཡང་འདོད་མངས་ལས་གཞན་མི་སྣང་ངོ་