Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ

Văn bản gốc(Tây Tạng)

Trang 7 / 19 (50.000 ký tự/trang)
ན་པ་དང་། རྣམ་པར་གསལ་བས་རིགས་དམའ་བར་སྐྱེ་བ་ཡོངས་སུ་གཟུང་བ་ཡང་ཡོངས་སུ་འཛིན་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཡང་མྱོང་བར་བྱེད་

དེ། ཐབས་དེས་ཀྱང་སེམས་ཅན་སྟོང་ཕྲག་དུ་མ་ཆོས་ལ་འཇོག་གོ། །འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རིགས་དམའ་བར་སྐྱེ་བ་ཡོངས་སུ་གཟུང་བ་ཡང་ཡོངས་སུ་འཛིན་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཡང་མྱོང་བར་བྱེད་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་
ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་དུ་གཏོགས་པར་ཡང་སྟོན་ལ། འགྲོ་བའི་ཁྱད་པར་བགྱིད་པ་ཡང་མྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་ལ་བཏང་བ་སྣང་བའི་ཁྱད་པར་སྟོན་པ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །དེ་ཏིང་ངེ་འཛིན་དེ་ལ་གནས་ནས་འགྲོ་བ་ཐམས་ཅད་དུ་གཏོགས་པར་ཡང་སྟོན་ཅིང་འགྲོ་བའི་ཁྱད་པར་གྱི་བྱེད་པ་ཡང་མྱོང་བར་བྱེད་དེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་དུ་གཏོགས་པར་ཡང་སྟོན་ལ་འགྲོ་བའི་
ཁྱད་པར་ཡང་མྱོང་བར་བྱེད་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ལ་མཁས་ཤིང་གནས་ནས་ཀྱང་མི་གཡོ། འགྲོ་བ་ཡང་མ་མཆིས། འོང་བ་ཡང་མ་མཆིས་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་
དུ་ཡང་ཆུའི་ཟླ་བ་ལྟར་གདའ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་རྣམ་པར་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་ཏིང་ངེ་འཛིན་དེ་ལ་གནས་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
རྣམས་སུ་བདག་གི་ལུས་ཅིག་ཅར་སྣང་བར་བྱེད་ལ་གནས་ནས་ཀྱང་མི་གཡོ། འགྲོ་བ་ཡང་མེད། འོང་བ་ཡང་མེད་དེ། སྙོམས་པར་ཞུགས་པ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཐོང་ཞིང་ཆོས་ཀྱང་ཉན་ཏེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་
དུ་འགྲོ་བ་ལ་མཁས་པ་ཡང་ཡིན་ལ་གནས་ནས་ཀྱང་མི་གཡོ། འགྲོ་བ་ཡང་མེད། འོང་བ་ཡང་མེད་དེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཆུའི་ཟླ་བ་བཞིན་དུ་སྣང་བ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲ་སྐད་ཐམས་ཅད་

ཀྱང་འབྱིན་པར་བགྱིད་ལ་ཕན་ཚུན་འདྲེས་པར་ཡང་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་མཐའ་ཡས་པར་འཁྱིལ་པ་ཞེས་བྱ་བའི་གཟུངས་ཐོབ་ནས་སེམས་ཅན་གྱི་སེམས་ཀྱི་བསམ་པ་མཐའ་ཡས་པ་ལ་
འཇུག་ཅིང་སྒྲ་བཤད་པ་མཐའ་ཡས་པ་རྣམས་ཤེས། བདག་གི་ཚུལ་མཐའ་ཡས་པ་རྣམས་ཀྱང་རབ་ཏུ་ཤེས་ཏེ། དེ་གཟུངས་དེ་ཐོབ་པས་སྒྲ་སྐད་ཐམས་ཅད་ཀྱང་འབྱིན་ལ་ཕན་ཚུན་འདྲེས་པར་ཡང་མི་བྱེད་དེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲ་སྐད་ཐམས་ཅད་ཀྱང་འབྱིན་ལ་
ཕན་ཚུན་འདྲེས་པར་ཡང་མི་བྱེད་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པ་ནི་མངོན་པར་འབྱུང་བར་དཀའོ། །བཅོམ་ལྡན་འདས་འོན་ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ་
གྲངས་ཇི་ལྟ་བུར་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་འདོད་པའི་བྱང་ཆུབ་སེམས་དཔས་ནམ་མཁའི་ཚུལ་རྟོགས་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ནམ་མཁའི་ཚུལ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཆགས་པ་མ་ཡིན། ཞེ་སྡང་བ་མ་ཡིན། རྨོངས་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཆགས་པ་མ་ཡིན། ཞེ་སྡང་བ་མ་ཡིན། རྨོངས་པ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྦྱིན་པ་ཕུན་
སུམ་ཚོགས་པ་མ་ཡིན་པ་ནས་ཤེས་རབ་ཀྱི་བར་དུ་ཕུན་སུམ་ཚོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྦྱིན་པ་ཕུན་སུམ་ཚོགས་པ་མ་ཡིན་པ་ནས་ཤེས་རབ་ཀྱི་བར་དུ་ཕུན་སུམ་ཚོགས་པ་མ་ཡིན་ནོ། །དེ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་
བར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་བསྒོམ་པར་བྱ་བ་མ་ཡིན། མངོན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བསྒོམ་པར་བྱ་བ་མ་ཡིན། མངོན་དུ་བྱ་བ་

མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་མུན་པ་མ་ཡིན། སྣང་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མུན་པ་མ་ཡིན། སྣང་བ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཀུན་ཏུ་གཟུང་བར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཀུན་ཏུ་གཟུང་བར་བྱ་བ་
མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ལམ་གྱིས་ཡང་དག་པར་ཞུགས་པ་མ་ཡིན། ལམ་ངན་པས་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ལམ་གྱིས་ཡང་དག་པར་ཞུགས་པ་མ་ཡིན། ལམ་ངན་པས་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཉན་ཐོས་ཀྱི་ཐེག་
པས་ཡང་དག་པར་ཞུགས་པ་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པས་མ་ཡིན། ཐེག་པ་ཆེན་པོས་ཡང་དག་པར་ཞུགས་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཉན་ཐོས་ཀྱི་ཐེག་པས་ཡང་དག་པར་ཞུགས་པ་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པས་མ་ཡིན། ཐེག་པ་ཆེན་པོས་
ཡང་དག་པར་ཞུགས་པ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སེམས་པར་བྱེད་པ་མ་ཡིན། ཤེས་པར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སེམས་པར་བྱེད་པ་མ་ཡིན། ཤེས་པར་བྱེད་པ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ལེན་པར་བྱེད་པ་མ་
ཡིན། འདོར་བར་བྱེད་པར་མ་ཡིན། བླང་བར་བྱ་བ་མ་ཡིན། དོར་བར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ལེན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། བླང་བར་བྱ་བ་མ་ཡིན། དོར་བར་བྱ་བ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གང་གིས་ཀྱང་ཉོན་
མོངས་པར་བྱ་མི་ནུས་སོ། །དེ་བཞིན་དུ་མྱ་ངན་ལས་འདས་པའི་མཐར་གཏོགས་པའི་ཆོས་ཐམས་ཅད་ཀྱང་ཀུན་ནས་ཉོན་མོངས་པ་མ་ཡིན་ཏེ། དེ་དག་ཞི་བར་ཡང་མི་འགྱུར། ཉེ་བར་ཞི་བར་ཡང་མི་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་མི་གནས་པའི་ཕྱིར་གནས་མ་ཡིན། གནས་
པ་མ་ཡིན། གཡོ་བར་མི་བྱེད། འགུལ་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔས་དེ་བཞིན་དུ་ཆོས་ཐམས་ཅད་མི་གནས་པ་ལ་གནས་པར་བལྟའོ། །དེ་དག་ཡང་དག་པར་ཐོབ་པས་མི་འགུལ། མི་གཡོ། མི་གནས། གནས་པར་མི་བྱེད་དོ། །དེ་ལ་འཇམ་དཔལ་ཆོས་ཐམས་ཅད་ཀྱི་

ངོ་བོ་ཉིད་དེ་ལྟ་བུ་ལ་གང་དེ་བཞིན་གཤེགས་པ་ལྟ་བར་འདོད་པ་དེ་དག་ནི་ལོག་པར་ལྟ་བའོ། །གང་ལོག་པར་ལྟ་བ་དེ་དག་ནི་ཡང་དག་པར་ཞུགས་པའོ། །གང་ཡང་དག་པར་ཞུགས་པ་དེ་དག་ལ་བྱིན་པ་ནི་འབྲས་བུ་ཆེ་བ་མ་ཡིན། ཕན་ཡོན་ཆེ་བ་མ་ཡིན་ནོ། །གང་དག་
ལ་བྱིན་ན་འབྲས་བུ་ཆེ་བ་མ་ཡིན། ཕན་ཡོན་ཆེ་བ་མ་ཡིན་པ་དེ་དག་ནི་འཇིག་རྟེན་གྱི་སྦྱིན་གནས་སོ། །གང་འཇིག་རྟེན་གྱི་སྦྱིན་གནས་ཡིན་པ་དེ་དག་ལ་སྦྱིན་པའི་རྣམ་པར་སྨིན་པ་མེད་དོ། །གང་ལ་སྦྱིན་པའི་རྣམ་པར་སྨིན་པ་མེད་པ་དེ་དག་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་སོ། །
གང་གི་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་པ་དེ་དག་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །དེ་ནས་འཁོར་དེའི་ནང་ནས་དགེ་སློང་ལྷག་པའི་ང་རྒྱལ་ཅན་དྲུག་ཅུ་བསྟན་པ་འདི་ཐོས་པ་དང་འདི་སྙམ་དུ་གྱུར་ཏེ། མུན་ནག་གི་ལམ་དུ་གྱུར་ལ་དེ་བཞིན་གཤེགས་པ་ཡང་
མུན་ནག་གི་ལམ་དུ་སྟོན་ཏོ། །འདི་ལྟ་སྟེ། མུ་སྟེགས་ཅན་གཞན་དག་ཀྱང་དེ་སྐད་སྟོན། དེ་བཞིན་གཤེགས་པ་ཡང་དེ་སྐད་སྟོན་པས་དེ་བཞིན་གཤེགས་པ་དང་། མུ་སྟེགས་ཅན་གཞན་གང་འོད་སྲུང་དང་། མ་སྐ་རི་འགའ་བ་ཡ་ལ་དང་། མི་དཀར་བ་སྐྲའི་ལ་བ་ཅན་དང་། ཀུན་
རྒྱལ་འབེའི་ར་ཏིའི་བུ་དང་། དཔོན་པོ་ཀཱ་ཏྱཱ་ཡ་ན་དང་། གཅེར་བུ་པ་ཉེ་དུའི་བུ་རྣམས་ཀྱི་ཚིག་མཚུངས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་དགེ་སློང་ལྷག་པའི་ང་རྒྱལ་ཅན་དེ་རྣམས་ཀྱི་སེམས་ཀྱི་རྟོག་པ་མཁྱེན་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ།
འཇམ་དཔལ་དེ་དེ་བཞིན་ཏེ། གང་ངས་ཆོས་བཤད་པ་འདི་མུ་སྟེགས་ཅན་གཞན་རྣམས་དང་མཚུངས་ན། མུ་སྟེགས་ཅན་གཞན་རྣམས་ཀྱིས་ནི་དེ་བཞིན་གཤེགས་པས་ཆོས་བཤད་པ་མི་ཤེས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་ལྷག་པའི་ང་རྒྱལ་ཅན་རྣམས་ལྷག་པར་
སྡུག་བསྔལ། མི་དགའ། མ་མགུ། མ་རངས། ཆོས་བཤད་པ་འདི་ཡང་མ་ཤེས་ནས་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཁྱེད་གར་འདོང་། དེ་དག་གིས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་

པ་ཤཱ་རིའི་བུ་ཆོས་བཤད་པ་འདི་བདག་ཅག་གིས་མ་འཚལ་ཏོ། །དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་དེ་བཞིན་གཤེགས་པའི་དགོངས་ཏེ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ། དེ་སྐད་བསྟན་པ་དེ་བཞིན་གཤེགས་པ་
ལ་ཞུ་བའི་བར་དུ་རེ་ཞིག་སྡོད་ཅིག །དེ་ནས་དགེ་སློང་དེ་དག་ཚེ་དང་ལྡན་པ་ཤཱ་རིའི་བུའི་ཚིག་ཐོས་ནས་སོ་སོའི་སྟན་ལ་སླར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་འདི་དག་གི་ཐེ་ཚོམ་བསལ་བའི་སླད་དུ་དེ་བཞིན་
གཤེགས་པས་ཅི་ལས་དགོངས་ཏེ་འདི་སྐད་བསྟན་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། དགེ་སློང་གང་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་བ་དེ་སྒྲ་གང་གིས་ཀྱང་དངང་བ་དང་། སྐྲག་པ་དང་།
ཀུན་ཏུ་སྐྲག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །དགེ་སློང་བདེན་པ་མཐོང་བ་ཡང་སྒྲ་ཐམས་ཅད་ཀྱིས་མི་དངང་། མི་སྐྲག །ཀུན་ཏུ་སྐྲག་པར་མི་འགྱུར་ན་དགེ་སློང་གང་ཉེ་བར་ལེན་པ་མ་མཆིས་པར་ཟག་པ་ལས་སེམས་རྣམ་པར་གྲོལ་བ་ལྟ་ཅི་སྨོས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་སྐྱེས་བུ་བླུན་པོ་ཁ་ཅིག་ཡང་དག་པ་མ་ཡིན་པའི་ཆོས་རྣམས་བརྟགས་ནས་ལྷག་པའི་ང་རྒྱལ་ཅན་དུ་གྱུར་ཅིང་གནས་སོ། །ཤཱ་རིའི་བུས་གསོལ་པ། གང་ཐོས་ནས་འཁོར་ཐམས་ཅད་ཐེ་ཚོམ་མ་མཆིས་པར་འགྱུར་བའི་ཚིག་བཤད་པ་དེ་དག་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་རྨི་ལམ་དང་མཚུངས། སྒྱུ་མ་དང་མཚུངས་པར་མཐོང་བ་དེས་ཡང་དག་པར་མཐོང་ངོ་། །གང་ཡང་དག་པར་མཐོང་བ་དེ་དག་དེ་བཞིན་གཤེགས་པ་ལ་ཡང་དག་
པར་འདུ་ཤེས་མི་བྱེད། སྙིང་པོར་འདུ་ཤེས་དང་། རྫས་སུ་འདུ་ཤེས་དང་། དངོས་པོར་འདུ་ཤེས་དང་། རིལ་པོར་འདུ་ཤེས་མི་བྱེད། གང་དེ་བཞིན་གཤེགས་པ་ལ་ཡང་དག་པར་འདུ་ཤེས་པ་མ་ཡིན། སྙིང་པོ་དང་། རྫས་དང་། དངོས་པོ་དང་། རིལ་པོར་འདུ་ཤེས་པ་མ་ཡིན་པ་དེ་དག་

གིས་འདུ་བྱེད་ཐམས་ཅད་བརྫུན་པར་མཐོང་ངོ་། །གང་གིས་འདུ་བྱེད་ཐམས་ཅད་བརྫུན་པར་མཐོང་བ་དེ་དག་གིས་ཆོས་ཐམས་ཅད་ལོག་པར་ཤེས་སོ། །གང་གིས་ཆོས་ཐམས་ཅད་ལོག་པར་ཤེས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་
ཡིན་པར་བསྟན་ཏོ། །དེ་དག་གིས་ལྟ་བར་གྱུར་པ་ཐམས་ཅད་ལོག་པ་ཡིན་པར་ཡང་ཤེས་ཏེ། དེའི་ཕྱིར་ཡང་དེ་དག་ལོག་པར་ལྟ་བ་ཞེས་བྱའོ། །ཤཱ་རིའི་བུ་རྣམ་གྲངས་དེས་གང་དེ་བཞིན་གཤེགས་པ་ལྟ་བར་འདོད་པ་དེ་དག་ལོག་པར་ལྟ་བ་ཞེས་བྱའོ། །ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་
པའི་སྐུ་མ་འཁྲུགས་པར་ལྟ་བའོ། །གང་དེ་བཞིན་གཤེགས་པའི་སྐུ་ལོག་པ་ཡིན་པར་རྟོག་པ་དེ་དག་ནི་དེ་བཞིན་གཤེགས་པའི་འདུ་ཤེས་མེད་པའོ། །ཤཱ་རིའི་བུ་གང་འདི་ལྟར་ལོག་པར་ཤེས་པ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་ལོག་
པར་ལྟ་བ་དེ་དག་ཡང་དག་པར་ཞུགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་སོ་སོའི་སྐྱེ་བོ་རྣམས་རྟོག་པ་དང་། རྣམ་པར་རྟོག་པ་དང་། དཔྱོད་པ་དང་། རྣམ་པར་དཔྱོད་པ་དང་། ལྡང་བར་བྱེད་པ་དང་། ཀུན་ཏུ་ལྡང་བར་བྱེད་པ་དང་། རྟེན་པ་དང་། གནས་པ་དང་།
ལེན་པ་དང་། འདོར་བ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་ལྟ་བ་ཉེ་བར་ལེན་པ་དང་། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་དང་། བདག་གིར་འཛིན་པ་ལ་ཆགས་པ་དེ་དག་གི་སྤྱོད་པ་དང་། ཤེས་པ་དང་། གཡོ་བ་དང་། སྤྲོས་པ་དེ་ལྟ་བུ་དག་དེ་དག་གིས་ཤེས་
ཏེ། དེ་དག་ཇི་ལྟ་བུར་ཡོད་པ་མ་ཡིན་པ་དེ་ལྟ་བུ་ཉིད་དུ་ཤེས་སོ། །ཤཱ་རིའི་བུ་མེད་པ་ཞེས་བྱ་བ་དེ་ནི་ཡང་དག་པ་མ་ཡིན་པའི་ཚིག་བླ་དགས་སོ། །ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་བརྫུན་པའོ། །བརྫུན་པ་ཞེས་བྱ་བ་དེ་ནི་ལོག་པའི་ཚིག་བླ་དགས་སོ། །དེ་ལྟར་གང་ཚུལ་འདི་ལྟ་བུ་ཡང་དག་པ་མ་ཡིན་
པར་འཛིན་པ་དག་ལོག་པར་མཐོང་བ་དེའི་ཕྱིར་དེ་དག་ཡང་དག་པར་ཞུགས་པ་ཞེས་བྱའོ། །ཤཱ་རིའི་བུ་རྣམ་གྲངས་དེ་ཉིད་ཀྱིས་གང་ལོག་པར་ལྟ་བ་དེ་དག་ཡང་དག་པར་ཞུགས་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་ཡང་དག་པར་ཞུགས་པ་དེ་དག་ལ་སྩལ་ན་འབྲས་བུ་ཆེ་བ་མ་ལགས།

ཕན་ཡོན་ཆེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་ཚུལ་འདི་ལྟ་བུས་ཡང་དག་པར་ཞུགས་པ་དང་ལྡན་པར་གྱུར་པ་དེ་དག་ལ་སྦྱིན་པ་ནི་མྱ་ངན་ལས་འདའ་བ་ལ་གཞོལ། མྱ་ངན་ལས་འདའ་བ་ལ་འབབ། མྱ་ངན་ལས་འདའ་བ་ལ་བབ། མྱ་ངན་ལས་འདའ་བའི་མཐར་
ཐུག་པར་འགྱུར་ཏེ། མྱ་ངན་ལས་འདའ་བ་ཡང་འབྲས་བུ་ཆུང་བ་ཡང་མ་ཡིན། འབྲས་བུ་ཆེ་བ་ཡང་མ་ཡིན། ཕན་ཡོན་ཆུང་བ་ཡང་མ་ཡིན། ཕན་ཡོན་ཆེ་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འབྲས་བུ་ཐམས་ཅད་དང་བྲལ་ཞིང་བཏགས་པ་མ་ཡིན། གདགས་པར་བྱ་
བ་མ་ཡིན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ། གདགས་སུ་མ་མཆིས་པ་ལ་ཇི་ལྟར་ཡོན་ཏན་མཐའ་ཡས་པའི་སྨན་ཡོན་གྱི་བྱེ་བྲག་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སྐྱེ་བའི་སྤྱོད་ཡུལ་ཅན་གྱི་
སེམས་ཅན་བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་སྨྲ་བ་རྣམས་མོས་པ་བསྐྱེད་པའི་ཕྱིར་མྱ་ངན་ལས་འདས་པ་གདགས་སུ་མེད་པ་ལ་ཡང་དེ་བཞིན་གཤེགས་པས་ཡོན་ཏན་མཐའ་ཡས་པའི་ཕན་ཡོན་གྱི་བྱེ་བྲག་བསྟན་ཏོ། །ཤཱ་རིའི་བུ་འོན་ཀྱང་འཕགས་པ་རྣམས་ནི་སྦྱིན་པ་
ལ་འཇུག་པར་མི་བལྟའི། འཕགས་པ་རྣམས་འདོད་ཆགས་དང་བྲལ་བ་དང་། སྦྱིན་པ་ལས་ལྡོག་པར་བལྟའོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ཞིང་པ་དག་ཞིང་ལ་ནས་ཀྱི་ས་བོན་བཏབ་སྟེ། དེའི་ནས་དེ་ཉིད་ལ་བརྟེན་ནས་སྲེ་ད་དང་། རྩྭ་དང་། སྔོ་རྣམས་སྐྱེ་ན། ཤཱ་རིའི་བུ་དེ་ཇི་
སྙམ་དུ་སེམས། སྲེ་ད་དང་རྩྭ་དང་། སྔོ་འདི་དག་ཞིང་པ་དེའི་ལས་བྱས་པའི་འབྲས་བུ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ཞིང་པས་ནས་ཀྱི་ས་བོན་བཏབ་པ་དེའི་ནས་དེ་དག་ཉིད་ལ་བརྟེན་
ནས་སྲེད་རྣམས་འབྱུང་བ་དང་། རྩྭ་དང་། སྔོ་རྣམས་སྐྱེ་བར་འགྱུར་ཏེ། ནས་ཀྱི་སྙི་མ་གཞན་རྣམས་ཀྱང་འབྱུང་ངོ་། །དེ་བཞིན་དུ་འཕགས་པ་རྣམས་ལ་སྦྱིན་པ་བྱིན་པ་ནི་ཚེགས་ཆུང་ངུས་ལོངས་སྤྱོད་ཆེན་པོར་འགྱུར་ལ། གཞན་ཡང་ཟག་པ་ཟད་པ་སྲེད་པའི་འབྲས་བུ་ཐམས་ཅད་སྐེམས་པར་བྱེད་

དོ། །འདི་ལྟ་སྟེ། དཔེར་ན་ནས་འདོད་པ་དག་འདི་ནི་ནས་ཀྱི་ས་བོན་དེའི་འབྲས་བུ་མ་ཡིན། འདི་ནི་ནས་ཀྱི་ས་བོན་དེའི་སྙི་མ་མ་ཡིན་ནོ་སྙམ་ནས་སྲེ་དས་མགུ་བར་མི་འགྱུར་ཞིང་། རྩྭ་དང་། སྔོས་རངས་པར་མི་འགྱུར་བ་དེ་བཞིན་དུ་འདུས་མ་བྱས་པའི་ཞིང་ལ་སྦྱིན་པ་བྱིན་པ་འདུས་བྱས་
ཀྱི་འབྲས་བུ་ཡིན་པར་བསྟན་པར་མི་བྱའོ། །ཤཱ་རིའི་བུ་རྣམ་གྲངས་དེས་གང་ཡང་དག་པར་ཞུགས་པ་དེ་དག་ལ་བྱིན་པ་འབྲས་བུ་ཆེ་བ་མ་ཡིན། ཕན་ཡོན་ཆེ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གང་དག་ལ་སྩལ་ན་འབྲས་བུ་ཆེ་བ་མ་ལགས་ཤིང་སྨན་ཡོན་ཆེ་བ་མ་ལགས་པ་དེ་དག་
ཇི་ལྟར་འཇིག་རྟེན་གྱི་སྦྱིན་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་འབྲས་བུ་ཆེ་བར་འདུ་ཤེས་པ་ཡང་མ་ཡིན། འབྲས་བུ་ཆུང་བར་འདུ་ཤེས་པ་ཡང་མ་ཡིན་པ་དེ་དག་སྦྱིན་པ་སྐྱེ་བར་མི་འགྱུར་རོ། །གང་སྦྱིན་པ་སྐྱེ་བར་མི་འགྱུར་བ་དེ་དག་ནི་ལྷ་དང་བཅས་པའི་
འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཟད་མི་ཤེས་པའི་ཞིང་ལ་སྦྱིན་པ་བྱིན་པ་ནི་མེ་ཏོག་ཀྱང་མི་ཆགས། འབྲས་བུར་ཡང་མི་འགྱུར་རོ། །ཤཱ་རིའི་བུ་རྣམ་གྲངས་འདིས་གང་ལ་བྱིན་ན་འབྲས་བུ་ཆེ་བ་ཡང་མ་ཡིན། ཕན་ཡོན་ཆེ་བ་ཡང་མ་ཡིན་པ་དེ་དག་འཇིག་རྟེན་གྱི་སྦྱིན་གནས་
ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་འཇིག་རྟེན་གྱི་སྦྱིན་གནས་དེ་དག་ལ་བྱིན་པ་རྣམ་པར་སྨིན་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། སྦྱིན་པ་གང་མྱ་ངན་ལས་འདའ་བའི་མཐར་ཐུག་པར་འགྱུར་བ་དེ་རྣམ་པར་སྨིན་པའི་ཆོས་
ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་སྦྱིན་པ་མྱ་ངན་ལས་འདས་པའི་མཐར་ཐུག་པ་དེ་དེ་སྟེ་སྦྱིན་པའི་ཆོས་ཅན་ལགས་ན། འཕགས་པའི་གང་ཟག་རྣམས་འདུས་མ་བྱས་པས་རབ་ཏུ་ཕྱེ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་
ལེགས་སོ། །ལེགས་སོ། །རྣམ་གྲངས་འདིས་གང་འཇིག་རྟེན་གྱི་སྦྱིན་གནས་ཡིན་པ་དེ་དག་ལ་བྱིན་པ་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་སྦྱིན་པའི་རྣམ་པར་སྨིན་པ་མ་མཆིས་པ་དེ་དག་གིས་འདུ་ཤེས་མ་མཆིས་པ་ཡོངས་སུ་རྫོགས་པར་བགྱིས་པ་

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོད་དམ། འོན་ཏེ་མེད། གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་སྒྱུ་མའི་ངོ་བོ་ཉིད་འཚལ་བ་ལགས་ཏེ། བཅོམ་ལྡན་འདས་དེ་ནི་མ་མཆིས་
པ་ལགས་ཏེ། མཆིས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་སྒྱུ་མའི་ངོ་བོ་ཉིད་དུ་བསྟན་ཏོ། །སྒྱུ་མ་ལྟ་བུ་གང་ལགས་པ་དེ་ཡང་མ་མཆིས་པའོ། །གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་འདི་ནི་འདུ་ཤེས་མ་མཆིས་པའོ། །དེ་ཅིའི་
སླད་དུ་ཞེ་ན། འདི་ལ་གང་ཡང་དག་པར་གྱུར་པའི་ཆོས་གང་ཡང་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལེགས་སོ། །ལེགས་སོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ་འདི་ལ་ཆོས་འགའ་ཞིག་རྫས་སམ། ཡང་དག་པར་ཡོད་པར་གྱུར་ན་སེམས་ཅན་རྣམས་ཕྱིས་ཀྱང་མྱ་ངན་
ལས་འདའ་བར་མི་འགྱུར་རོ། །ཤཱ་རིའི་བུ་གང་གི་ཕྱིར་ཆོས་ཐམས་ཅད་ཡང་དག་པ་མ་ཡིན། ཡོད་པ་མ་ཡིན། རྫས་མ་ཡིན་པ་དེའི་ཕྱིར་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་མྱ་ངན་ལས་བཟླས་ཀྱང་སེམས་ཅན་མེད་པའི་ཕྱིར་སེམས་ཅན་རྣམས་ལས་གང་ཡང་ཟད་པར་མི་མངོན་ནོ། །ཤཱ་རིའི་བུ་དེ་ལྟ་
བས་ན་གང་སེམས་ཅན་ཐམས་ཅད་མེད་པའི་འདུ་ཤེས་དང་། དེ་དག་ཀྱང་མི་དམིགས་པ་འདི་ནི་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པའོ། །ཤཱ་རིའི་བུ་རྣམ་གྲངས་དེས་གང་དག་ལ་བྱིན་པ་རྣམ་པར་སྨིན་པ་མེད་པ་དེ་དག་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །གསོལ་པ། བཅོམ་
ལྡན་འདས་ཇི་ལྟར་ན་གང་དག་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བགྱིས་པའི་འདུ་ཤེས་དེས་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་གིས་མེད་པ་མངོན་སུམ་དུ་བྱས་པ་དེ་དག་ནི་ཤེས་པའོ། །མེད་པ་ཡང་གང་ཞེ་ན། མེད་
པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བའོ། །མེད་པ་ཞེས་བྱ་བ་ནི་སངས་རྒྱས་སུ་འདུ་ཤེས་པ་དང་། ཆོས་སུ་འདུ་ཤེས་པ་དང་། དགེ་འདུན་དུ་འདུ་ཤེས་པ་དང་། མྱ་ངན་ལས་འདའ་བར་འདུ་

ཤེས་པ་དང་། ཇི་ཙམ་དུ་སེམས་ཀྱི་སྦྱོར་བ་དང་། སྤྱོད་པ་དང་། ཤེས་པ་དང་། གཡོ་བ་དང་། སྤྲོས་པ་དེ་དག་ཐམས་ཅད་མེད་པའོ། །ཤཱ་རིའི་བུ་དེ་བས་ན་ཚུལ་དེ་ལྟ་བུར་ཡང་དག་པ་མ་ཡིན་པར་འཛིན་པ་དེ་དག་ལས་ཡོངས་སུ་གྲོལ་བ་དེ་དག་ནི་ཤེས་པའོ། །ཤཱ་རིའི་བུ་རྣམ་
གྲངས་དེས་གང་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་པ་དེ་དག་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །དགོངས་ཏེ་གསུངས་པའི་བསྟན་པ་འདི་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་བཞི་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དགེ་བསྙེན་
དྲུག་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷའི་བུ་སུམ་ཁྲི་དྲུག་སྟོང་རྣམས་ཀྱིས་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ། །དགེ་སློང་ལྷག་པའི་ང་རྒྱལ་ཅན་དྲུག་ཅུ་པོ་དེ་དག་རྣམས་ཀྱང་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །
དེ་དག་སེམས་རྣམ་པར་གྲོལ་ནས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་བདག་ཅག་ནི་དེང་སླན་ཆད་སྟོན་པ་དྲུག་རྣམས་ཀྱི་རྗེས་སུ་རབ་ཏུ་བྱུང་ངོ་། །དེང་སླན་ཅད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ལགས། ཆོས་ལ་མི་རྟེན། དགེ་འདུན་ལ་མི་རྟེན་ཏོ། །དེང་སླན་ཆད་བདག་ཅག་
བྱ་བ་མ་མཆིས་པར་སྨྲ་བ། རྒྱུ་མ་མཆིས་པར་སྨྲ་བ། ལས་མ་མཆིས་པར་སྨྲ་བ། རྣམ་པར་སྨིན་པ་མ་མཆིས་པར་སྨྲ་བ། འདུལ་བ་མ་ལགས་པར་སྨྲ་བའོ། །དེའི་ཚེ་འཁོར་དེ་ན་སྲོག་ཆགས་སྟོང་ཕྲག་མང་པོ་རྣམས་འདི་སྙམ་དུ་གྱུར་ཏེ། འདི་ལྟར་དགེ་སློང་འདི་དག་འདི་ལྟ་བུ་ཡང་དག་པ་མ་
ཡིན་པའི་ཚིག་སྨྲ་བ་ལས་ན། བཅོམ་ལྡན་འདས་ཀྱི་བསླབ་པ་ཕུལ་ནས་མུ་སྟེགས་ཅན་གྱི་མཚན་མ་འཛིན་པར་མི་འགྱུར་རམ་སྙམ་དུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱིས་འཁོར་དེ་དག་གི་སེམས་ཀྱི་རྟོག་པ་ཤེས་ནས་དགེ་སློང་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ལས་
བསམས་ཏེ། དེང་ཕན་ཆད་བདག་ཅག་སྟོན་པ་དྲུག་གི་རྗེས་སུ་རབ་ཏུ་བྱུང་ངོ་ཞེས་དེ་སྐད་སྨྲ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེང་ཕན་ཆད་བདག་ཅག་གི་སྟོན་པ་ཐམས་ཅད་སྟོན་པ་དྲུག་དང་མཉམ་ཞིང་མཚན་ཉིད་གཅིག་ཅིང་བྱེ་བྲག་མེད་པར་རྣམ་པར་རིག་གོ། །བདག་ཅག་

གིས་སྟོན་པ་ཐམས་ཅད་ཐ་དད་པ་མེད་པར་རིག་ནས་རྣམ་པར་མི་རྟོག་པར་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་། །སྨྲས་པ་ཅི་ལས་བསམས་ནས་དེང་ཕན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ཡིན་ནོ་ཞེས་དེ་སྐད་སྨྲ། དེ་དག་གིས་སྨྲས་པ། དེང་ཕན་ཆད་བདག་ཅག་བདག་ལ་རྟེན་གྱི་གཞན་ལ་མི་རྟེན།
བདག་ལ་སྐྱབས་སུ་དོང་གི་གཞན་ལ་སྐྱབས་སུ་དོང་བ་མ་ཡིན། བདག་སྟོན་པ་ཡིན་གྱི་སྟོན་པ་གཞན་མ་ཡིན་ནོ། །དེ་བས་ན་དེང་ཕན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་མ་གཏོགས་པར་སངས་རྒྱས་མེད། སངས་རྒྱས་མ་གཏོགས་པར་བདག་མེད་དོ། །
སྨྲས་པ། ཅི་ལས་བསམས་ནས་དེང་ཕན་ཆད་བདག་ཅག་ཆོས་ལ་མི་རྟེན། དགེ་འདུན་ལ་མི་རྟེན་ཅེས་དེ་སྐད་སྨྲ། དེ་དག་གིས་སྨྲས་པ། དེང་ཕན་ཆད་བདག་ཅག་གིས་གང་ལ་བརྟེན་པ་དང་། གང་དང་ལྷན་ཅིག་འགྲོ་བའི་ཆོས་གང་ཡང་མ་དམིགས་སོ། །དེ་བས་ན་བདག་ཅག་དེང་ཕན་ཆད་ཆོས་
ལ་མི་རྟེན། དགེ་འདུན་ལ་མི་རྟེན་ཏོ། །སྨྲས་པ། ཅི་ལས་བསམས་ཏེ་བདག་ཅག་དེང་ཕན་ཆད་བྱ་བ་མེད་པར་སྨྲའོ་ཞེས་དེ་སྐད་ཅེས་ཟེར། དེ་དག་གིས་སྨྲས་པ། བདག་ཅག་གིས་དེང་ཕན་ཆད་ཆོས་ཐམས་ཅད་མ་བྱས་པར་ཤེས་ཏེ། གང་ན་བྱས་པ་ཡང་མེད། འགྱུར་བ་ཡང་མེད་པའི་ཆོས་དེ་
བདག་ཅག་གིས་མངོན་དུ་བྱས་སོ། །དེ་བས་ན་དེང་ཕན་ཆད་བདག་ཅག་བྱ་བ་མེད་པར་སྨྲའོ། །སྨྲས་པ། ཅི་ལས་བསམས་ཏེ་དེང་ཕན་ཆད་བདག་ཅག་རྒྱུ་མེད་པར་སྨྲའོ་ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ། བདག་ཅག་སྲིད་པ་ཐམས་ཅད་དུ་འགྲོ་བར་སྐྱེ་བའི་རྒྱུ་དེང་ཟད་དེ་གང་ན་རྒྱུ་ཡང་མེད་
རྐྱེན་ཡང་མེད་པའི་ཆོས་དེ་མངོན་དུ་བྱས་སོ། །དེའི་ཕྱིར་དེང་ཕན་ཆད་བདག་ཅག་རྒྱུ་མེད་པར་སྨྲའོ། །སྨྲས་པ། ཅི་ལས་བསམས་ཏེ་དེང་ཕན་ཆད་བདག་ཅག་རྣམ་པར་སྨིན་པ་མེད་པར་སྨྲའོ་ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ། དེང་ཕན་ཆད་བདག་ཅག་གིས་གང་ན་ལས་ཀྱང་མེད། ལས་ཀྱི་
རྣམ་པར་སྨིན་པ་ཡང་མེད་ཅིང་། ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་ཤེས་སོ། །དེའི་ཕྱིར་བདག་ཅག་དེང་ཕན་ཆད་ལས་ཀྱི་རྣམ་པར་སྨིན་པ་མེད་པར་སྨྲའོ། །སྨྲས་པ། ཚེ་དང་ལྡན་པ་དག་ཅི་ལས་བསམས་ཏེ་དེང་ཕན་ཆད་བདག་ཅག་འདུལ་བ་མ་ཡིན་པར་

སྨྲའོ་ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེང་ཕན་ཆད་བདག་ཅག་གིས་གང་ན་འདུལ་བ་ཡང་མེད། གསུང་བ་ཡང་མེད། འདུལ་བ་མ་ཡིན་པ་ཡང་མེད་ཅིང་ཆོས་ཐམས་ཅད་ཤིན་ཏུ་དུལ་བར་ཡོངས་སུ་ཤེས་ཏེ། དེའི་ཕྱིར་བདག་ཅག་དེང་ཕན་
ཆད་འདུལ་བ་མ་ཡིན་པར་སྨྲའོ། །དེ་ནས་དགེ་སློང་དེ་དག་གི་ལྷག་པའི་ང་རྒྱལ་བསྟན་པ་འདི་ལྟ་བུ་ཐོས་ནས་དགེ་སློང་སུམ་སྟོང་དྲུག་བརྒྱ་རྣམས་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རབ་ཏུ་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་
ཏེ། དགེ་སློང་དག་གང་ན་ཆོས་གང་ཡང་རྟོགས་པ་མེད་པ་དེ་ནི་ཡང་དག་པ་ཐོབ་པ་ཡིན་གྱིས་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྟོགས་པ་རྟོགས་པ་ཞེས་བགྱི་བའི་རྟོགས་པ་དེ་ཆོས་གང་གི་ཚིག་
བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྟོགས་པ་རྟོགས་པ་ཞེས་བྱ་བ་དེ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པའི་ཚིག་བླ་དགས་སོ། །གསོལ་པ། སྐྱེ་བ་མ་མཆིས་པའི་ཆོས་ལ་བཟོད་པ་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི།
ཇི་ལྟར་སྤྱད་པར་བགྱི། ཇི་ལྟར་རྣལ་འབྱོར་དུ་འཇུག་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་བསླབ་པ་ཤེས་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐམས་ཅད་མཁྱེན་པ་བླ་མེད་པའི། །སངས་རྒྱས་
ཡེ་ཤེས་ཐོབ་འདོད་པས། །ཆོས་རྣམས་གང་ཡང་མི་གཟུང་ཞིང་། །ཆོས་རྣམས་གང་ཡང་མི་འདོར་རོ། །གང་ཞིག་སྐྱེ་བར་འགྱུར་བ་ཡི། །ཆོས་ནི་གང་ཡང་མི་རྙེད་དེ། །ཆོས་རྣམས་འབྱུང་བ་མེད་པ་ལ། །བྱིས་པ་དག་ནི་འབྱུང་བར་འདོད། །ཆོས་རྣམས་ཤེས་པར་བྱ་བ་དང་། །སྤང་བར་བྱ་
བར་སྲོག་ཆགས་འཆད། །བྱིས་པ་སྐྱེ་བའི་སྤྱོད་ཡུལ་ཅན། །སྐྱེ་བ་མེད་ལ་དད་མི་འགྱུར། །བྱང་ཆུབ་ལམ་ནི་དམ་པ་དང་། །ལམ་གྱི་ཆོས་རྣམས་བཏང་བྱས་ཏེ། །བྱིས་པ་གཉིས་ལ་ཆགས་པ་སྟེ། །གཉིས་སུ་མེད་པ་མི་ཤེས་སོ། །སྒྱུ་མ་སྣ་ཚོགས་གྱུར་པ་ལ། །བྱིས་པ་རྣམས་ཀྱིས་ཐ་དད་

མཐོང་། །འདི་ལ་ཐ་དད་ཡོད་མ་ཡིན། །དེ་དག་ཐམས་ཅད་མཚན་ཉིད་གཅིག །སོ་སོའི་སྐྱེ་བོར་གང་བརྗོད་དང་། །འཇིག་རྟེན་སངས་རྒྱས་མཁས་པ་དག །མི་གཉིས་གཉིས་སུ་དབྱེར་མེད་དེ། །དེ་དག་སྒྱུ་མའི་ཚུལ་དུ་མཉམ། །བྱིས་པ་ཁ་ཅིག་སྨྲ་བ་ནི། །ནམ་ཞིག་བདག་ཅག་
འདོད་ཆགས་ཟད། །ཞེ་སྡང་གཏི་མུག་ཞི་བར་འགྱུར། །ནམ་ཞིག་ཉོན་མོངས་མེད་པར་འགྱུར། །མེད་ལ་ཡོད་པར་འདུ་ཤེས་པའི། །འདོད་ཆགས་ཞེ་སྡང་གཞིག་པའི་ཕྱིར། །གང་དག་སྟོང་པ་ཉིད་སྟོན་པ། །དེ་དག་ཆད་པ་མྱ་ངན་འདས། །ཟད་པ་མེད་ཅིང་སྐྱེ་མེད་པར། །མྱ་ངན་
འདས་པ་ཡང་དག་བསྟན། །ཟད་ཅིང་སྐྱེ་མེད་གང་བརྩོན་པ། །དེ་དག་ང་ཡི་བསྟན་ལས་རིང་། །སྦྱིན་དང་ཚུལ་ཁྲིམས་འདུ་ཤེས་དང་། །གང་དག་བྱང་ཆུབ་འདུ་ཤེས་དགའ། །དེ་དག་མཚན་མའི་སྤྱོད་ཡུལ་བས། །ང་ཡི་བྱང་ཆུབ་དེས་མི་རྟོགས། །བྱིས་པ་མེད་པས་རྨོངས་པ་དག །
ཆོས་རྣམས་གསོག་ཏུ་མི་ཤེས་ཏེ། །ཆོས་རྣམས་མཚན་ཉིད་གཅིག་པ་ལ། །དེ་དག་ཐ་དད་འབྱེད་པར་བྱེད། །གང་གིས་ཆོས་འདི་ཤེས་པ་ནི། །ངོ་བོ་ཉིད་ཀྱིས་མཚན་མེད་པ། །སོར་མོ་ལྔ་ཡི་ལག་པ་བཞིན། །དེ་དག་བྱང་ཆུབ་རྙེད་མི་དཀའ། །བྱང་ཆུབ་གང་དང་ཡང་མི་རིང་། །གང་དང་
ཡང་ནི་ཉེ་བ་མེད། །རྟོག་དང་རྣམ་རྟོག་གང་ལྡན་པ། །དེ་དག་བྱང་ཆུབ་རབ་ཏུ་རིང་། །བྱིས་པ་ཕན་ཚུན་སྤྱོད་པ་དག །གཅིག་ལ་གཅིག་ནི་སྨོད་བྱེད་པ། །འདི་ནི་ཚུལ་ཁྲིམས་ལྡན་མ་ཡིན། །ཚུལ་ཁྲིམས་མི་ལྡན་འདི་མི་སྲུན། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །འདུས་བྱས་ཐམས་
ཅད་ཡང་དག་མིན། །སྒྱུ་མ་བཞིན་དུ་སྐྱེ་མཐོང་ནས། །མཁས་པ་སྙིང་པོར་མི་འཛིན་ཏོ། །བདེན་པར་འདི་ལ་ཚུལ་ཁྲིམས་མེད། །ཚུལ་ཁྲིམས་མི་ལྡན་བདེན་པར་མེད། །ཆོས་རྣམས་བརྟེན་ཏེ་བྱུང་བས་ན། །འདི་ལ་བདག་ནི་ཡོད་མ་ཡིན། །བསྐལ་པ་བྱེ་བ་སྟོང་དག་ཏུ། །སྙོམ་ལས་མེད་པར་
སྦྱིན་པ་བྱིན། །ཚུལ་ཁྲིམས་དག་ནི་མཆོག་བསྲུངས་ཀྱང་། །འདྲེན་པས་ང་ནི་ལུང་མ་བསྟན། །གང་ཚེ་ང་ནི་འདུ་ཤེས་བྲལ། །སྦྱིན་པའི་འདུ་ཤེས་མ་ལུས་དང་། །རྣམ་པར་རྟོག་པ་ཀུན་སྤངས་པ། །དེ་ཚེ་བྱང་ཆུབ་ལུང་བསྟན་ཏོ། །སྦྱིན་པས་ལོངས་སྤྱོད་འགྱུར་བར་བསྟན། །ཚུལ་ཁྲིམས་

ཀྱིས་ནི་མཐོ་རིས་བསྟན། །གང་ན་ཆུང་ཟད་མི་དམིགས་པ། །དེ་ནི་བྱང་ཆུབ་བླ་མེད་དོ། །བྱིས་པ་དམིགས་པར་གནས་པ་དག །མི་སྐྱེ་འདུས་མ་བྱས་པ་ཡི། །བཟོད་པ་བདག་གིས་ཐོབ་པོ་ཞེས། །མི་མཁས་པ་དག་རྟོག་པར་བྱེད། །ཆོས་རྣམས་སྐྱེ་བ་མེད་པ་ལ། །གང་
དག་སྐྱེ་བར་སེམས་པ་ནི། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །དེ་ཡི་བཟོད་པ་རྙེད་པར་དཀའ། །ཆོས་རྣམས་མིང་གིས་ལུང་བསྟན་ཏེ། །ཆོས་རྣམས་ལ་ནི་བྱེད་པ་མེད། །རྩ་བ་མེད་ཅིང་གནས་མེད་དེ། །ཐམས་ཅད་ནམ་མཁའི་མཚན་ཉིད་དོ། །སངས་རྒྱས་བྱེ་བ་མང་པོ་ཡིས། །འདོད་ཆགས་
ཞེ་སྡང་སྤང་བའི་ཕྱིར། །ཆོས་མཆོག་དག་ཀྱང་བཤད་མོད་ཀྱི། །ཆོས་རྣམས་ཟད་པའང་ཡོང་མེད་དོ། །གལ་ཏེ་ཆོས་དེ་ཡང་དག་ན། །ཐམས་ཅད་ཡང་དག་ཟད་པར་འགྱུར། །གང་ཕྱིར་དེ་དག་ཡང་དག་མིན། །དེ་བས་མཐའ་ནི་མི་རྙེད་དོ། །འདོད་ཆགས་ཞེ་སྡང་མཐའ་ཡས་ཏེ། །གཏི་མུག་
གི་ནི་མཐའ་ཡང་མེད། །གང་དག་གི་ནི་མཐའ་མེད་པ། །དེ་དག་གི་ནི་རྩ་བ་མེད། །ས་བོན་མྱུ་གུ་མེད་ན་ནི། །འདབ་མ་འབྲས་བུ་ག་ལ་འབྱུང་། །འདབ་མ་མེད་པ་གང་ཡིན་པ། །དེ་ལ་མེ་ཏོག་ཡོད་མ་ཡིན། །ཆོས་རྣམས་སྐྱེ་བ་མེད་པ་ལ། །སེམས་ཅན་ས་བོན་མི་རྙེད་དོ། །སེམས་ཅན་ས་བོན་
མེད་པའི་ཕྱིར། །སྐྱེ་མེད་མྱ་ངན་འདའ་བ་མེད། །ཇི་ལྟར་བུད་མེད་མོ་ཤམ་དག །དེ་ལ་བུ་ནི་ཡོད་མ་ཡིན། །དེ་ལ་བུ་ནི་ཡོད་མིན་ན། །བུ་ཡི་མྱ་ངན་བྱེད་པ་མེད། །ཆོས་རྣམས་ཐམས་ཅད་མ་སྐྱེས་པར། །དེ་ལྟར་རིག་ཅིང་མཐོང་ནས་ནི། །འཁོར་བ་དག་ཏུ་འཁོར་བ་ན། །སྡུག་བསྔལ་འཇིགས་
པ་དེ་ལ་མེད། །བྱིས་པ་མེད་པས་རྨོངས་པ་དག །རྨོངས་པས་ཆོས་ཉིད་མི་ཤེས་ཏེ། །ནམ་མཁའ་ཁུར་དུ་ཐོགས་བྱས་ཏེ། །མི་མཁས་པ་དག་སྐྱོ་བར་འགྱུར། །མེད་ཅིང་མཐའ་ཡང་མེད་པ་དང་། །གྲངས་མེད་པ་དང་ཚད་མེད་པར། །གང་གིས་ཆོས་འདི་ཤེས་པ་ནི། །དེ་དག་ལ་ནི་སྐྱོ་བ་མེད། །
ཇི་ལྟར་ཐོག་མའི་མཐའ་དག་ནི། །མེད་པ་དག་ཏུ་ངས་བསྟན་པ། །དེ་བཞིན་ཕྱི་མའི་མཐའ་དག་དང་། །དབུས་ཀྱང་མཚན་ཉིད་གཅིག་པ་ཡིན། །རྟོག་པའི་མཐའ་ནི་མཐའ་མེད་དེ། །མཐའ་ནི་གསོབ་དང་མེད་པ་ཡིན། །དོན་རྣམས་དེ་ལྟར་ཤེས་བྱས་ན། །དངོས་པོ་གཉིས་སུ་མི་འགྱུར་རོ། །

མཐའ་ནི་ནམ་མཁའི་མཚན་ཉིད་དེ། །སེམས་ཅན་མཐའ་ནི་བསམ་མི་ཁྱབ། །མཐའ་ནི་མིག་ཡོར་ལྟ་བུ་སྟེ། །དེ་བས་ཡེ་ཤེས་ཤེས་མི་འགྱུར། །རྣམ་པར་རྟོག་ལ་སྤྱོད་པ་ན། །སྡིག་པ་ཇི་ལྟར་ཟད་པར་འགྱུར། །ནམ་ཞིག་སངས་རྒྱས་བདག་འགྱུར་ཞེས། །སེམས་ནི་དེ་ལྟར་འཇུག་པར་འགྱུར། །
སངས་རྒྱས་དག་ནི་མ་སྐྱེས་པས། །དེ་དག་འབྱུང་བ་གང་ཡང་མེད། །འབྱུང་བ་མེད་པའི་ཆོས་རྣམས་ལ། །བྱིས་པ་རྣམས་ནི་འབྱུང་བར་འདོད། །ནམ་མཁའ་ལ་ནི་རྟེན་པ་དང་། །གནས་དང་གནས་པར་བྱ་མི་ནུས། །ནམ་མཁའ་ལ་ནི་གནས་མེད་དེ། །ཐོགས་པ་མེད་ཅིང་དངོས་པོ་མེད། །ཇི་
ལྟར་ནམ་མཁའ་དངོས་མེད་པ། །དེ་ལྟར་བྱང་ཆུབ་ཤེས་པར་བྱོས། །ཇི་ལྟར་བྱང་ཆུབ་ཤེས་བྱ་བ། །དེ་ལྟར་སེམས་ཅན་ཤེས་པར་བྱོས། །ནམ་མཁའི་དབྱིངས་དང་བྱང་ཆུབ་དང་། །སེམས་ཅན་ཁམས་རྣམས་དེ་དག་མཉམ། །གང་གིས་དེ་དག་མཉམ་ཤེས་པ། །དེ་ཡིས་བྱང་ཆུབ་རྙེད་མི་
དཀའ། །གང་དག་བྱང་ཆུབ་མི་བརྩོན་ཞིང་། །ཚུལ་བཞིན་དུ་ཡང་སེམས་མི་བྱེད། །ཆོས་རྣམས་ཚོལ་བར་མི་བྱེད་པ། །དེ་ཡིས་བྱང་ཆུབ་རྙེད་མི་དཀའ། །བྱང་ཆུབ་བཙལ་དུ་མེད་པ་སྟེ། །ཇི་ལྟར་ཚོལ་བ་ཐམས་ཅད་ལྟར། །སེམས་ཀྱི་ཐོབ་པ་རྣམས་ཀྱིས་ནི། །བླ་མེད་བྱང་ཆུབ་རྟོགས་
མི་ནུས། །སྦྱིན་པས་བྱང་ཆུབ་ཐོབ་སྙམ་ནས། །སྦྱིན་པའི་སེམས་པ་གང་སེམས་པ། །བྱང་ཆུབ་ཐོབ་པ་གང་ཡང་མེད། །མ་ཐོབ་པ་ནི་བྱང་ཆུབ་མཆོག །ཚུལ་ཁྲིམས་སེམས་ལ་གང་ཆགས་དང་། །བརྩོན་འགྲུས་ཡང་དག་ཉིད་རྟོག་ཅིང་། །གང་དག་འདུ་ཤེས་འཇུག་པར་བྱེད། །ང་
ཡི་བསྟན་ལ་དེ་མི་སྦྱོར། །ཆོས་ཀུན་སྦྱོར་བ་མེད་པ་ལ། །ང་ཡིས་སྦྱོར་བ་ཉེ་བསྟན་ཏེ། །ཆུང་ཟད་རྩོམ་པ་གང་མེད་པ། །དེ་ནི་སྦྱོར་བ་བླ་མེད་པའོ། །ཆོས་འདི་རྣམས་ནི་ཟག་པ་མེད། །ཆོས་འདི་ཟག་དང་བཅས་པ་ཞེས། །གང་ལ་འདུ་ཤེས་དེ་ཡོད་པ། །དེ་ཡི་སེམས་ནི་ཚུལ་བཞིན་མིན། །
གང་གིས་ཆོས་རྣམས་བསམ་ཡས་པ། །ནམ་མཁའ་འདྲ་བ་མཐོང་བ་དང་། །མ་བཅིངས་པ་དང་མ་གྲོལ་བ། །དེ་ཡི་ཤེས་རབ་བླ་ན་མེད། །གང་ཞིག་ཚུལ་ཁྲིམས་ལྡན་པར་རྟོག །ཚུལ་ཁྲིམས་མི་ལྡན་རྣམ་རྟོག་པ། །གཉིས་ནི་ཚུལ་ཁྲིམས་ངན་པར་བཤད། །གཉིས་སུ་མེད་པ་ཚུལ་

ཁྲིམས་མཆོག །ཆོས་རྣམས་ཐ་དད་བྱ་བ་མེད། །ཁྱད་པར་མེད་ཅིང་མཚན་མེད་པར། །གང་གིས་མཐོང་ཞིང་ཤེས་པ་དག །དེ་དག་ང་ཡི་བསྟན་པ་འཛིན། །གང་གིས་སེམས་ནི་ནམ་མཁའ་ལྟར། །མ་ཆགས་བཞིན་དུ་ཕྱོགས་སུ་འགྲོ། དེ་ལྟར་ཡེ་ཤེས་ཆགས་
མེད་པ། །དེ་ཡི་དགེ་སྦྱོང་ཡང་དག་ཉིད། །གང་གིས་ཆུང་ཟད་མ་བརྟགས་ཤིང་། །ཐམས་ཅད་དུ་ཡང་སེམས་པ་མེད། །སེམས་ཅན་མེད་ཅིང་ཆོས་མེད་པ། །དེ་དག་བྱང་ཆུབ་རྙེད་མི་དཀའ། །འདོད་ཆགས་མཐའ་ལ་གང་མི་གནས། །འདོད་ཆགས་དང་ཡང་བྲལ་མ་གྱུར། །འདོད་ཆགས་
ལས་ཀྱང་རྒྱལ་མི་བྱེད། །དེ་ནི་བྱང་ཆུབ་མི་དཀོན་ནོ། །གང་དག་བསྐལ་པར་མི་སྐྱོ་ཞིང་། །མཐས་ཀྱང་འཇིག་པར་མི་འགྱུར་ལ། །འཁོར་བས་སྐྲག་པར་མི་འགྱུར་བ། དེས་ནི་བྱང་ཆུབ་རྙེད་མི་དཀའ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་ནས་འཇམ་
དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་བྱེད། ཐེ་ཙོམ་དུ་མི་བྱེད། ནེམ་ནུར་དུ་མི་བྱེད། ལུང་སྦྱིན་པར་བྱེད། འཛིན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་རྒྱ་ཆེར་ཡང་
དག་པར་སྟོན་པ་དེའི་ཕན་ཡོན་བསྔགས་པ་ཉི་ཤུ་ཡོད་པར་རེ་བར་བྱའོ། །ཉི་ཤུ་གང་ཞེ་ན། ལྷས་བསྲུངས་པར་འགྱུར། ཀླུས་བསྲུངས་པར་འགྱུར། གནོད་སྦྱིན་གྱིས་བསྲུངས་པར་འགྱུར། སེམས་གཡེངས་པར་མི་འགྱུར། ཚེ་བརྗེས་ནས་ཀྱང་ཚེ་རབས་དྲན་པར་འགྱུར། མངོན་པར་
ཤེས་པ་ལྔ་ཐོབ་པར་འགྱུར། ཚེ་བརྗེས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱམས་པ་མཐོང་བར་འགྱུར། དེ་སྟེ་ཆོས་ཀྱི་རྣམ་གྲངས་འདི་སེམས་མི་གཡེང་བར་ཡིད་ལ་བྱེད་ཅིང་གཉིད་ཀྱི་སྙོམ་པ་སེལ་ན། དེའི་རྨི་ལམ་དུ་སངས་རྒྱས་མཐོང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་མཐོང་
བ་ཡང་རེ་བར་བྱའོ། །དེ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ན་རྗེས་སུ་འཐུན་པའི་ཆོས་རྣམས་ལ་བཟོད་པ་རེ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་སེམས་ན་ཚེ་འདི་ཉིད་ལ་གནོད་སེམས་མེད་པར་རེ་བར་བྱའོ། །དུག་མྱུར་བའི་ནང་ན་འདུག་ན་ཡང་ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་ན་འཇིགས་པ་

མེད་པར་རེ་བར་བྱའོ། །སླར་རྒོལ་བ་ཚར་གཅོད་པར་རེ་བར་བྱའོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་རེ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་བྱེད་པའི་ཚེ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་རེ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་འཆད་པ་ན་ཡང་ཆོས་ཀྱི་སྒོ་བརྒྱ་སྟོང་དུ་མ་
ཐོབ་པར་རེ་བར་བྱའོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་། མཐའ་ཡས་འཁྱིལ་བའི་གཟུངས་ཐོབ་པར་ཡང་རེ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་པ་ན་ཡང་བདུད་ཀྱིས་བསྐོར་བ་མེད་པར་རེ་བར་བྱའོ། །སངས་རྒྱས་མངོན་དུ་བཞུགས་པར་ཡང་སྐྱེ་བར་རེ་བར་བྱའོ། །སྨོན་
ལམ་ཐམས་ཅད་གྲུབ་པར་ཡང་རེ་བར་བྱའོ། །སྲོག་ཆགས་ཀྱི་རིགས་རྐང་པ་མེད་པ་དང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་པ་མང་པོ་དུག་ཅན་རྣམས་ལས་བསྲུངས་པར་རེ་བར་བྱའོ། །དེ་ལ་མིའི་རྒྱལ་པོ་འཁྲུགས་པའི་འཇིགས་པ་མེད་པར་རེ་བར་བྱ་སྟེ། འཇམ་དཔལ་
གང་སེམས་ལ་ཐེ་ཚོམ་མེད་པ་དང་། ནེམ་ནུར་མེད་པར་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་རྒྱས་པར་ཡང་དག་པར་སྟོན་པའི་ཆོས་སྨྲ་བ་དེ་ལ་ཡོན་ཏན་བསྔགས་པ་ཉི་ཤུ་པོ་འདི་རྣམས་ཡོད་པར་རེ་བར་
བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྨན་གྱི་ཤིང་ཐམས་ཅད་ནི་སེམས་ཅན་རྣམས་ཀྱི་ནད་ཐམས་ཅད་ཞི་བར་བགྱིད་དོ། །དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་ནད་ཐམས་ཅད་རབ་ཏུ་ཞི་
བར་བགྱིད་པར་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །འཇམ་དཔལ་དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་སོ། །ཆོས་ཀྱི་རྣམ་གྲངས་འདི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སྔོན་འདས་
པའི་དུས་བསྐལ་པ་གྲངས་མེད་ཅིང་ཤིན་ཏུ་གྲངས་མེད་པ་དེའི་ཚེ་དེའི་དུས་ན། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྟབས་སུ་འགྲོ་བ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། དེས་སྲོག་ཆགས་སྟོང་ཕྲག་དུ་མ་རྣམས་ལ་རྒྱང་རིང་པོ་ནས་

ཆོས་ཀྱི་རྣམ་གྲངས་འདི་བཤད་དོ། །དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་འདུས་ཏེ་འདུས་པར་གྱུར་ཏོ། །དེས་དེ་བཞིན་གཤེགས་པ་དེ་ལས་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏོ། །དེས་སེམས་གཡེང་བ་མེད་པ་དང་། ཐེ་ཙོམ་མེད་པ་དང་།
ནེམ་ནུར་མེད་པས་ཆོས་ཀྱི་རྣམ་གྲངས་འདི་ཡོན་ཏན་བསྔགས་པ་དང་བཅས་པར་བཟུང་ཞིང་ཀུན་ཆུབ་པར་བྱས་ཏེ། ཀུན་ཆུབ་པར་བྱས་ནས་ཀྱང་མོས་པའི་མཐུ་དང་ལྡན་པར་གྱུར་ཏེ། གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་། ཡུལ་དང་ཡུལ་འཁོར་དང་། ཕོ་བྲང་འཁོར་དུ་འོངས་ནས་བདག་
ནི་སྨན་པའོ། །བདག་ནི་སྨན་པའོ་ཞེས་བདག་ཉིད་ཁས་འཆེའོ། །དེ་ནས་དེ་མ་ཐག་ཏུ་སྲོག་ཆགས་ནད་སྣ་ཚོགས་ཀྱིས་གཟིར་བ་སྟོང་ཕྲག་དུ་མ་སྲོག་གི་སྐྱབས་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ག་ལ་བ་དེར་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་
མོས་པའི་མཐུ་ལ་གནས་པའི་སེམས་ཀྱིས་སེམས་ཅན་དེ་དག་ལ་ཆོས་ཀྱི་གཞུང་འདིས་བྲིམས་སོ། །ཆོས་ཀྱི་རྣམ་གྲངས་འདི་ལས་གང་རིག་སྔགས་འབྱུང་བ་དེ་དག་གིས་ཀྱང་བསྲུངས་པ་དང་། བསྐྱབས་པ་དང་། ཡོངས་སུ་བཟུང་བར་བྱས་སོ། །འཇམ་དཔལ་དེ་ལ་རིག་སྔགས་ཀྱི་
ཚིག་དེ་དག་ཀྱང་གང་ཞེ་ན། ཏད་ཡ་ཐཱ། ཨ་ལ་ཏ། བི་ཏཱ་ལ། བི་བྷྲི་ན། ཨ་ཏིརྠ། ཨ་བྷྲི་ད། ཨ་ནུ་ཌ། བི་བྲ་མྷ། ན་ཧི་ཁ་ག་རུ་ང་། མཱ་ཡཱ་སུ་ཁ། ཨཱ་ནན་ད། ཛཱ་ལ་ད། ན་ད་མི་ཏྲ། ཨ་མི་ཏྲ། ཛོ་ཏྲ་ཧི་ཏ། སརྦ་ད་ཏྲ་ལ། ཨྃ་ག་མྃ་ག་ཨརཐ་ཡུ་ཏ། ས་བྲཱ་མཱ་ཨི་ཤ །རིག་
སྔགས་ཀྱི་ཚིག་འདི་རྣམས་ཀྱིས་སེམས་ཅན་དེ་དག་བསྲུང་བ་བྱས་སོ། །དེས་གལ་ཏེ་གདུག་པས་ཟོས་པའམ། གལ་ཏེ་མི་མ་ཡིན་པས་གཙེས་པའམ། སྲོག་ཆགས་ཀྱི་རིགས་དུག་ཅན་གང་ཡང་རུང་བ་འགའ་ཞིག་གིས་ཟིན་པའམ་གལ་ཏེ་ནད་སྐེམ་པ་དང་། མཛེ་བྱུང་བའམ། གལ་
ཏེ་རླུང་དང་། མཁྲིས་པ་དང་། བད་ཀན་དང་འདུས་པའི་ནད་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་རབ་ཏུ་གཟིར་བའི་སེམས་ཅན་དེ་དག་ནད་དེ་དང་དེ་དག་ལས་རབ་ཏུ་ཐར་བར་བྱས་སོ། །འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་གནས་

ནས་སེམས་ཅན་དེ་རྣམས་ནད་ལས་རབ་ཏུ་ཐར་བར་བྱས་སོ། །འཇམ་དཔལ་ཁྱོད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ཉིད་བྱང་ཆུབ་སེམས་
དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བར་གྱུར་ཏེ། ངས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་སེམས་ཅན་དེ་སྙེད་ཀྱི་དོན་བྱས་སོ། །འཇམ་དཔལ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། སྨན་ཐམས་ཅད་ཀྱི་ཁ་བ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་བལྟ་བར་བྱའོ། །
འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རིག་སྔགས་ཀྱི་ཚིག་འདི་རྣམས་འཛིན་ཅིང་འཆང་བ་དང་། ཀུན་ཆུབ་པར་བགྱིད་པས་ཇི་ལྟ་བུར་ཀུན་ཏུ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རིག་སྔགས་འདི་དག་འདོན་པའི་
བྱང་ཆུབ་སེམས་དཔས་གཙང་སྦྲ་བྱ་བ་དང་། ཤ་མི་བཟའ་བར་ཀུན་ཏུ་སྤྱད་པར་བྱའོ། །དེས་རྐང་པ་གཉིས་ཀྱང་མི་བསྐུའོ། །འདུ་འཛིའི་ནང་ན་གནས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ཡང་ཕྱི་ཕྱིར་ཞིང་བྱམས་པའི་སེམས་སུ་བྱའོ། །གང་དག་ལས་འཚེ་བ་འོང་བར་འགྱུར་བ་དེ་
དག་ལ་སེམས་གདུག་པར་མི་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ཡང་གཙང་སྦྲ་མ་ཕྱེད་པས་ཁ་ཏོན་མི་བྱའོ། །ས་ཕྱོགས་མི་གཙང་བར་གཞག་པར་མི་བྱའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་འདི་སྙམ་བགྱིད་དེ། ཆོས་ཀྱི་རྣམ་གྲངས་འདི་སྟོན་པའི་བྱང་ཆུབ་
སེམས་དཔས་བདག་གི་ལུས་དང་སྲོག་ལ་མི་ལྟ་བར་བགྱིའོ་སྙམ་དུ་སེམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་བ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།
ཆོས་ཀྱི་རྣམ་གྲངས་འདི་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་གྱིས། ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ཤིག །ཀུན་དགའ་བོ་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དེ་དག་གླང་པོའི་རྩལ་དང་། གླང་པོ་ཆེན་པོའི་རྩལ་གྱིས་གནོན་པར་འགྱུར། ཀུན་དགའ་བོ་གང་ཆོས་ཀྱི་རྣམ་གྲངས་

འདི་ལ་མོས་པ་དེ་དག་སེང་གེའི་འགྲོས་དང་། ཁྱུ་མཆོག་གི་འགྲོས་སུ་འགྲོ་བར་འགྱུར་རོ། །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་དགའ་བ་དང་། བྱང་ཆུབ་སེམས་དཔའ་འབྱུང་བར་བྱེད་པར་འགྱུར་རོ། །ང་འདས་པའི་ཕྱི་ན་བྱང་
ཆུབ་སེམས་དཔའི་ལག་ཏུ་འོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་གླེགས་བམ་དུ་འོང་བ་དང་། བྱང་ཆུབ་སེམས་དཔའི་སྒྲོམ་དུ་འོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གདོལ་པ་རྣམས་ཀྱི་ལག་ཏུ་འོང་བར་མི་འགྱུར། གླེགས་བམ་དུ་འོང་བ་དང་། སྒྲོམ་དུ་འོང་བར་མི་འགྱུར་
རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་ཇི་སྐད་བཤད་པ་བཞིན་དུ་བདག་གིས་གཟུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་
གྲངས་འདི་ཇི་ལྟར་ཟིན་པ་བཞིན་དུ་གང་དག་ལ་བྱིན་པའི་སེམས་ཅན་དེ་དག་ལ་ཁྱོད་སྟོན་པའི་བྱ་བ་བྱེད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། འཇམ་དཔལ་གཞོན་ནུར་གྱུར་
པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་ཡིད་དགའ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དོ། །གླང་པོའི་རྩལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་
འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་

ལ་སོང་ངོ་། །མཉན་ཡོད་དུ་བསོད་སྙོམས་ལ་འགྲོ་བ་ན། ཚེ་དང་ལྡན་པ་ཀུན་དགའ་བོས་ཁང་པ་བརྩེགས་པ་ཆེན་པོ་ཕྱི་ནང་བྱུགས་ཤིང་བྱི་དོར་བྱས་པ། སྒོ་གཏན་ལེགས་པར་བཅུག་པ། སྐར་ཁུང་བཅད་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་
ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་
ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་མཉན་ཡོད་ནས་བསོད་སྙོམས་ལས་སླར་འཁོར་ནས་ཟན་ཟོས་
ཏེ་ཟས་ཕྱི་མ་སྤངས་ནས་ལྷུང་བཟེད་དང་། ཆོས་གོས་བཞག་སྟེ་རྐང་པ་བཀྲུས་ནས། བཅོམ་ལྡན་འདས་ག་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་
དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་སྔ་དྲོ་ཤམ་ཐབས་དང་། ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་མཆིས་ཏེ། བཙུན་པ་བདག་མཉན་ཡོད་དུ་བསོད་སྙོམས་ལ་མཆི་བ་ན་ཁང་པ་བརྩེགས་པ་ཆེན་པོ་སླད་ནང་བྱུགས་
ཤིང་བྱི་དོར་བགྱིས་པ། སྒོ་གཏན་ལེགས་པར་སྩལ་པ། སྐར་ཁུང་བཀུམ་པ་ཞིག་མཐོང་ལགས་སོ། །མཐོང་ནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བགྱིས་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བགྱིད་པ་དང་།
གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་སྩལ་ཏེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བགྱིད་པའམ། དེ་བཞིན་གཤེགས་པའི་སྐུ་

གཟུགས་ཚོན་གང་བ་ཙམ་ཞིག་བགྱིད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ལ་བདག་དོན་འདི་ཡོངས་སུ་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་
བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ལེགས་སོ་ལེགས་སོ། །ཀུན་དགའ་བོ་ཁྱོད་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་
བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་
མང་དུ་འཕེལ་ཞེས་པ་ནི་ཁྱོད་ཀྱི་ཞུ་བ་བཟང་ལ་སྤོབས་པ་ལེགས་ཏེ་དཔྱོད་པ་དགེའོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །ཀུན་དགའ་བོ་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་
ལ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་
གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་།

རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ་འཛམ་བུའི་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་བདུན་སྟོང་ཡོད་པ་འདི་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་
དང་། རང་སངས་རྒྱས་རྣམས་ཀྱིས་འདི་ལྟ་སྟེ། འབྲས་སཱ་ལུའི་ཞིང་ངམ། ཏིལ་གྱི་ཞིང་ངམ། སྨྱིག་མའི་ཚལ་ལམ། འདམ་བུའི་ཚལ་ལམ། བུ་རམ་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ། མི་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་
དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་ཅི་འདོད་པ་བསྟབས་ཏེ། དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བྱས་ཏེ། གདུགས་དང་། སིལ་སྙན་དང་། བ་དན་དང་། དྲི་དང་། བདུག་པ་དང་། ཕྲེང་བ་དང་། ཕྱེ་མ་དང་།
བྱུག་པ་དག་གིས་མཆོད་པ་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ།
དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་
པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ་ཤར་གྱི་ལུས་འཕགས་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་བརྒྱད་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཅེས་བྱ་བ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་

པ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་དགུ་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཅེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །ཀུན་དགའ་བོ་བྱང་གི་
སྒྲ་མི་སྙན་གྱི་གླིང་ཆུ་ཞེང་དུ་དཔག་ཚད་ཁྲི་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཅེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཀ་བ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་བརྟན་པ་དག་ཡོད་དེ། ཀ་བ་དེ་
དག་ཐམས་ཅད་ཀྱང་ལྷའི་བཻ་དཱུརྱ་སྔོན་པོ་ཡིན་ནོ། །ཀུན་དགའ་བོ་ཁང་བཟངས་རྣམ་པར་རྒྱལ་བ་གསེར་གྱི་བྱེ་མ་བདལ་བ་ལ་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། གསེར་གྱི་དྲ་བས་གཡོགས་ཤིང་གསེར་གྱི་དྲིལ་བུ་གཡེར་ཁས་བསྐོར་བ་སྟེ། ཀུན་དགའ་བོ་གང་ཞིག་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ཁང་བཟངས་དེ་ལྟ་བུ་ཤ་སྟག་གིས་བཀང་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ཞེས་བྱ་བ་ནས་རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ། །
ཀུན་དགའ་བོ་ལུས་འཕགས་མོའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཕ་རྒྱུན་དུ་ཞུགས་པ་བསད་ནས་དེ་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར་སྐུ་གདུང་གི་བརྒྱད་ཆ་ལ་བཀུར་སྟིར་བྱ་བ་དེ། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་
དང་། གསོལ་བར་བྱ་བ་ལ་བརྩོན་པར་འགྱུར་རོ་ཞེས་སངས་རྒྱས་ཀྱིས་བསྔགས་པའི་དགེ་བའི་ལས་དེ་དེས་བྱས་པས་སེམས་ཅན་དམྱལ་བར་ལན་ཅིག་སོང་ནས་ལས་དེ་ཉིད་དང་། དགེ་བའི་རྩ་བ་དེ་ཉིད་དང་། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས་དེ་ནས་ཐར་ནས་བསྐལ་པ་ཉི་ཤུར་ལོག་པར་
ལྟུང་བར་མི་འགྱུར་ལ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་
ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མེད་པའི་ཆོས་རྣམས་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་པར་སྨིན་པ་ཡང་དེ་ལྟར་དཔག་ཏུ་མེད་
པར་ཤེས་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། དབུས་མཐོ་
ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བདུད་རྩིའི་རྔ་ཞེས་བྱ་བར་ཟུང་ཤིག །སྒྲ་ཆེན་པོ་ཞེས་བྱ་བར་ཡང་ཟུང་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་
ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང་། ལོ་ཙྪ་བ་བན་དེ་དགེ་བ་
དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་བིརྱཱ་ཀར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དེ་བཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སིང་ཧ་ནཱ་དི་ཀ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།

བོད་སྐད་དུ། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉི་ཟླའི་གནས་རྣམ་པར་རྒྱལ་བྱེད་ཀྱི་ཁང་
བཟངས་ཀྱི་ནང་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་དགྲ་བཅོམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ལ་བཀའ་སྩལ་པ། རྣམ་པར་རྒྱལ་བའི་ཕུང་པོ་ཁྱོད་སངས་
རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་ན་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་འཕགས་
ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། མཆོད་པ་བྱ་བའི་ཕྱིར་སོང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འཇིག་རྟེན་གྱི་ཁམས་དེར་སོང་ནས།
བཅོམ་ལྡན་འདས་ཆོས་འཕགས་དེའི་ཞབས་ལ་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ཕྱོགས་གཅིག་ཏུ་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་དེས་བྱང་ཆུབ་སེམས་
དཔའ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ག་ལས་འདིར་འོངས། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ལ་ཅང་མི་སྨྲ་བར་ཁ་རོག་འདུག་གོ། །དེའི་ཚེ་དེར་འཁོར་འདུས་པ་གང་ལྷ་དང་། ཀླུ་དང་། གནོད་སྦྱིན་
དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འདི་འཇིག་རྟེན་གསུམ་གྱི་བླ་མས་བཀའ་སྩལ་པ་ལ་ལན་མི་གསོལ་བར་ཁ་རོག་འདུག་

ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེར་སེང་གེ་བསྒྱིངས་པ་ལྟ་བུས་ཕྱོགས་བཅུར་གཟིགས་ནས་འཁོར་ཐམས་ཅད་ཐེ་ཙོམ་དུ་གྱུར་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་དེ་འཛུམ་པ་མཛད་པའི་འོད་ཀྱི་སྣང་བ་གསེར་གྱི་
ཁ་དོག་ལྟ་བུའི་འོད་ཟེར་བརྒྱ་སྟོང་ཕྲག་དུ་མས་ཕྱོགས་བཅུ་སྣང་བར་མཛད་དོ། །དེ་ནས་སྐད་ཅིག་དེ་ཉིད་ལ་ས་ཆེན་པོ་གཡོས་པར་གྱུར་ཏོ། །ཕྱོགས་བཅུ་ནས་ཀྱང་བྱང་ཆུབ་སེམས་དཔའ་གཟུགས་དང་། ཁ་དོག་དང་། ཚུལ་དུ་མ་འཆང་བ་དག་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་དེ་མཐོང་
ནས་འཇིག་རྟེན་གྱི་ཁམས་དེར་ཐམས་ཅད་འདུས་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་རང་གི་དགེ་བས་བསྒྲུབས་པས་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ངོ་མཚར་དུ་གྱུར་
པ་དང་། རྨད་དུ་གྱུར་པས་འཛུམ་དམུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་ཆོ་འཕྲུལ་དུ་མ་དག་མཐོང་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་དག་སྔོན་ནམ་ཡང་མ་མཐོང་ལགས་སོ། །
བཅོམ་ལྡན་འདས་འདིའི་དོན་དེ་ནི་ལེགས་པ་ལགས་ཏེ། གང་བཅོམ་ལྡན་འདས་ཀྱིས་འཛུམ་པ་དེ་ལྟ་བུ་མཛད་པའི་དོན་དེ་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་ལུང་བསྟན་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་འོད་ཕྲེང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ།
རྣམ་འདྲེན་གང་ཟག་མཆོག་སྟེ་ཐུགས་རྗེ་ཅན། །རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། །བདག་དང་འཇིག་རྟེན་སྣང་མཛད་ཐུགས་རྗེ་ཅན། །འཛུམ་མཛད་རྒྱུ་དང་མཛད་རྒྱུ་ངེས་པར་གསུངས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་འཛམ་བུ་ཆུ་བོའི་
གསེར་ལྟར་སྣང་ཞིང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རབ་ཏུ་འགྱེད་པ། སྐུའི་གཟུགས་དང་མདོག་གཟི་བརྗིད་ཀྱིས་འབར་བ་དེ་ལ་བྱང་ཆུབ་སེམས་དཔའ་འོད་ཕྲེང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོ་འཕྲུལ་མང་པོ་མཐོང་ལགས་ཏེ། བདག་

གིས་སྔོན་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་ནམས་ཀྱང་མ་མཐོང་ལགས་སོ། །དེ་བཞིན་གཤེགས་པ་དེས་བཀའ་སྩལ་པ། འོད་ཕྲེང་ཕྱོགས་འདིར་དེ་བཞིན་གཤེགས་པའི་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་ཆུང་ངུ་ཞིག་མཛད་དེ། མཚན་མ་སྣང་བ་དེ་དག་ནི་རྒྱུ་མེད་པ་མ་
ཡིན། བྱེད་རྒྱུ་མེད་པ་མ་ཡིན་ནོ། །འོད་ཕྲེང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །དོན་གང་གི་ཕྱིར་ངས་འཛུམ་པ་མཛད་པ་ཐོས་ནས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་སྐྲག་པར་མི་བྱ། དངང་བར་མི་བྱ། དངང་བར་འགྱུར་བར་མི་བྱ།
སོམ་ཉིར་མི་བྱ། ཐེ་ཙོམ་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ། །སྨོན་ལམ་ནི་བསམ་གྱིས་མི་ཁྱབ་བོ། །རྣམ་པར་འཕྲུལ་པ་ནི་བསམ་གྱིས་མི་ཁྱབ་བོ། །དོན་དེ་དག་ཡང་དག་པར་མཐོང་ནས་ཐེ་ཙོམ་མ་བྱེད་ཅིག །
འོད་ཕྲེང་གང་འདི་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ངའི་དྲུང་དུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་བཏང་བ་འདི་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །རིགས་ཀྱི་བུ་བྱང་ཆུབ་
སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འདི་ལ་ངས་ཁྱོད་ག་ལས་འོངས་ཞེས་དེ་སྐད་དྲིས་ན། དེ་ཅང་མི་སྨྲ་བར་ཁ་རོག་འདུག་སྟེ། རིགས་ཀྱི་བུ་ངས་དོན་གྱི་དབང་འདི་མཐོང་ནས་འདིར་འཛུམ་པ་མཛད་དོ། །དེ་བཞིན་གཤེགས་པས་རྨས་པའི་ལན་དེ་ཅིའི་ཕྱིར་འདིས་མ་གསོལ་སྙམ་
དུ་འཁོར་འདི་དག་ཐམས་ཅད་ཐེ་ཙོམ་དུ་གྱུར་ཏོ། །རིགས་ཀྱི་བུ་ངས་རྨས་པའི་ལན་སྐྱེས་བུ་དམ་པ་འདིས་ཅིའི་ཕྱིར་མ་གསོལ་ཅེ་ན། འོང་བ་དང་འགྲོ་བ་མེད་པའི་ཆོས་རྣམས་ལ། བཅོམ་ལྡན་འདས་བདག་ལ་ཁྱོད་ག་ལས་འོངས་ཞེས་འོང་བ་རྨེད་པར་མཛད་དོ་སྙམ་མོ། །ཆོས་ཐམས་ཅད་
བརྗོད་དུ་མ་མཆིས་པར་ཡང་གློ་བར་ཆུད་ན། བཅོམ་ལྡན་འདས་ག་ལས་འོངས་ཞེས་བྱུང་བའི་གནས་ལ་བདག་གིས་གསོལ་བར་སྤྲོ་བ་མ་མཆིས་སོ་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་མདོར་ན་རིགས་ཀྱི་བུ་འདིས་ཆོས་ཐམས་ཅད་བསྟན་ཏེ། ཡང་དག་པའི་ཆོས་སྟོན་པ་ཡིན་ནོ། །རིགས་ཀྱི་

བུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོས་ཡི་གེ་མེད་པའི་ཆོས་དང་། ཚིག་མེད་པ་དང་། བརྗོད་དུ་མེད་པ་དང་། ཡི་གེ་དང་བྲལ་བ་དང་། མཚན་མ་མེད་པ་དང་། མཚན་མ་དང་བྲལ་བ་དང་། བླང་བ་མེད་པ་དང་། བླང་བ་དང་བྲལ་བ་དང་། འོང་བ་མེད་པ་དང་། མཐོང་བ་མེད་
པ་དང་། གནས་པ་མེད་པ་དང་། སེམས་དང་ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ་དང་། རྒྱུ་རྐྱེན་དང་བྲལ་བ་དང་། ཚིག་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། ལྟ་བ་མེད་པ་དང་། ཐེར་ཟུག་ཏུ་གནས་པ་མེད་པ་དང་། ཚིག་གིས་བརྗོད་དུ་མེད་པ་དང་། བརྡ་མེད་པ་
དང་། ཡི་གེ་གཅིག་ལ་འདི་ལྟ་སྟེ། ཡང་དག་པ་མ་ཡིན་པ་དང་། བསགས་པ་མེད་པའི་གནས་པ་དང་། ཡི་གེ་མེད་པ་དང་། གདུལ་བ་མེད་པ་རྣམས་ལ་སུ་ཞིག་སྟོན་སྙམ་དུ་ཤེས་ནས་རིགས་ཀྱི་བུ་བསྟན་པ་མེད་པ་འདིར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་
ལུས་འོད་གསལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་བསྟན་དུ་མ་མཆིས་པ་ལགས་ན་ཆོས་དེ་དག་ཐམས་ཅད་ལྐུགས་པས་བསྟན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཇི་སྐད་སྨྲས་པ་
དེ་བཞིན་ཏེ། ལྐུགས་པ་འབའ་ཞིག་གིས་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱང་མི་ཤེས་བཞིན་དུ་ཆོས་སྟོན་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་ཐམས་ཅད་མ་འཚལ་བཞིན་དུ་ཆོས་སྟོན་པ་དེ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ།
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལུས་འོད་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དམུས་ལོང་དག་ཉི་མ་ཤར་ཀྱང་གཟུགས་མཐོང་བར་མི་འགྱུར་ཞིང་ཉི་མའི་འོད་ཅི་འདྲ་བ་ཡང་མི་ཤེས་ཏེ། ཇི་ལྟར་གཞན་དག་
གིས་ཉི་མའི་མཚན་ཉིད་འདི་ལྟ་བུ་ཞིག་ཡིན་ནོ་ཞེས་བསྟན་པ་དང་། དེ་ལྟར་གཞན་གྱི་སྒྲ་ལས་ཉི་མ་ཡིན་པར་མངོན་པར་ཞེན་ཏོ། །རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནང་དུ་འདུས་ཤིང་དབྱིངས་ཀྱི་ནང་དུ་འདུས་ཏེ། དབྱིངས་མེད་ཅིང་ཡི་གེ་མེད་པ། ཡི་གེ་དང་བྲལ་བ། ཆོས་ཐམས་

ཅད་བརྗོད་དུ་མེད་པ་ཡིན་ན་རྐྱེན་གྱི་དབང་གིས་སྒྲ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རི་བྲག་དང་སྒྲ་ལ་བརྟེན་ནས་བྲག་ཅའི་སྒྲ་འབྱུང་ཡང་རིགས་ཀྱི་བུ་རི་བྲག་གི་སྒྲ་ནི་སྟོང་པ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་རྐྱེན་ལ་བརྟེན་ནས་ཡི་གེའི་སྒྲ་འབྱུང་བར་
འགྱུར་ཏེ། ཡི་གེའི་སྒྲ་ནི་སྟོང་པ་ཡིན་ནོ། །རིགས་ཀྱི་བུ་སེམས་ཅན་གང་དག་བརྗོད་པ་དེ་ཐམས་ཅད་སོ་སོ་ཡང་དག་པར་རིག་པའི་ནང་དུ་འདུས་པར་བལྟ་སྟེ། ཚིག་གིས་བརྗོད་པ་གང་ཡིན་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་པར་བལྟ་བ་དང་། ཚིག་གིས་བརྗོད་པ་གང་ཡིན་པ་དེ་ནི་དོན་
སོ་སོ་ཡང་དག་པར་རིག་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟ་བས་ན་རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གྱི་གང་ཅུང་ཟད་གཡོ་བ་དེ་ཐམས་ཅད་ཆོས་ཀྱི་སྡོམ་བཞིར་འདུས་པར་བལྟ་བར་བྱ་སྟེ། འབྱུང་པོ་དག་མི་ཤེས་པས་གནས་མི་གཡོའོ། །དེ་ལྟར་མི་དམུས་ལོང་དེ་ཇི་ལྟར་ཤེས་པ་དེ་བཞིན་
དུ་ཆོས་དེ་ཉིད་ལ་མངོན་པར་ཞེན་ཏོ། །རིགས་ཀྱི་བུ་དོན་ཡོངས་སུ་ཚོལ་བར་འདོད་པས་རང་གི་རྒྱུད་ལས་ཡོངས་སུ་བཙལ་བར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་ཡོངས་སུ་ཚོལ་བར་འདོད་པས་རང་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་བཙལ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདིའི་དོན་ཇི་ལྟ་བ་
བཞིན་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་སོ། །སྣང་བ་ཆེན་པོས་འཇིག་རྟེན་ཁྱབ་པར་ཤིན་ཏུ་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་ཀྱི་ལྗགས་ཀྱི་དབང་པོ་ཕྱུང་ནས་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལྗགས་ཀྱི་དབང་པོས་ཡང་དག་པར་བཀབ་པར་གྱུར་ཏོ། །ལྗགས་ཀྱི་དབང་པོ་དེ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བྱུང་སྟེ། འོད་ཟེར་དེ་དག་གིས་སེམས་ཅན་དམྱལ་བ་ཆེན་པོ་ལ་སོགས་པ་ནས་སྲིད་པའི་རྩེ་མོའི་བར་གྱི་འཇིག་རྟེན་
གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ལྗགས་ཀྱི་དབང་པོ་དེ་ཉིད་སླར་བསྡུས་ནས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བཀའ་སྩལ་པ། གྲོགས་པོ་དག་ལྕེ་འདི་ལྟ་བུ་ཡོད་པ་ནི་བརྫུན་མི་ཟེར་སྟེ། གྲོགས་པོ་དག་ངས་གཏམ་ཅུང་ཟད་ཇི་ལྟ་བ་བཞིན་བཤད་

པ་དེ་ལྟར་བརྟག་པ་དང་། དེ་ལྟར་དད་པ་དང་། ཡིད་ཆེས་པར་གྱིས་ཤིག །དེ་ནས་ས་བཅུ་ལ་གནས་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དང་། མི་དང་མི་མ་ཡིན་པའི་འཁོར་
ཐམས་ཅད་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པའི་དོན་བསྟན་པ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། སངས་རྒྱས་ཀྱི་མཐུས་སོམ་ཉི་མི་བགྱི་ཞིང་ཐེ་ཙོམ་མི་བགྱིའོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་ལན་གཉིས་ལན་གསུམ་དུ་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། རིགས་ཀྱི་བུ་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་སེང་གེའི་སྒྲས་བཤད་པར་བྱའོ། །རིགས་ཀྱི་བུ་གང་འཇིག་རྟེན་གྱི་ཁམས་མི་
མཇེད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་པ་ཆོས་འཕགས་ང་ཉིད་ཡིན་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྒྲུབ་པ་
རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་པ་མཛད་དོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་པ་དེ་དག་གིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ལྡན་འདས་དེ་ལྟར་སེམས་ཅན་ཐམས་ཅད་ལ་སེང་གེའི་སྒྲ་བསྒྲགས་པ་
ལེགས་ལགས་སོ། །ལེགས་ལགས་སོ། །བཅོམ་ལྡན་འདས་ཇི་ལྟར་འཁོར་འདིར་སེང་གེའི་སྒྲ་བསྒྲགས་པའི་བཅོམ་ལྡན་འདས་ཀྱི་སེང་གེའི་སྒྲ་འདི་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་ཡིད་ཆེས་པར་འགྱུར་བའི་སེམས་ཅན་གང་ལགས་པ་དེ་དག་ཀྱང་། བཅོམ་ལྡན་འདས་དགེ་བའི་
རྩ་བ་ངན་ངོན་དང་ལྡན་པ་མ་ལགས་ན་གང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། མདོ་སྡེ་འདི་ལ་མེ་ཏོག་དང་། བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་།

རྒྱལ་མཚན་དང་། བ་དན་དག་གིས་མཆོད་པ་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེང་གེའི་སྒྲ་བསྒྲགས་པའི་མདོ་སྡེ་འདི་སེམས་ཅན་གང་གི་རྣ་བར་ཐོས་པར་འགྱུར་བ་དེ་ནི་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ལེགས་སོ་བྱ་བ་གནང་སྟེ། རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལེགས་སོ་ལེགས་སོ། །གང་དེ་བཞིན་གཤེགས་པའི་ཡང་དག་པའི་སེང་གེའི་སྒྲ་འདི་ཐོས་ནས་རབ་ཏུ་དང་བའི་སེམས་ཀྱིས་ལེགས་སོ་ཞེས་བྱ་བ་འགའ་ཞིག་རྗེས་སུ་
འབུལ་ན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ཏེ། དེ་དག་ངས་ཡོངས་སུ་བཟུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཀྱང་འགྲོན་དུ་གཉེར་བར་བྱེད་དོ། །དེ་དག་གིས་ང་ཡི་བྱང་ཆུབ་ཕྲག་པ་ལ་ཁྱེར་བ་ཡིན་
ནོ། །གང་སྙིགས་མ་ལྔ་དག་ལ་བབ་པའི་ཚེ་མདོ་སྡེ་འདི་ལ་མོས་པའི་སེམས་ཅན་དེ་དག་ནི་ངས་ཡོངས་སུ་སྨིན་པར་བྱས་པ་ཡིན་ཏེ། ཚེ་རབས་གཞན་དུ་ཡང་མི་ཕམ་པས་ཡོངས་སུ་འཛིན་པར་འགྱུར་རོ། །དེའི་སྐྱེ་བའི་རྒྱ་མཚོ་བསྐམས་པ་ཡིན་ནོ། །བདུད་ཕམ་པར་བྱས་པ་ཡིན་ནོ། །ཉོན་
མོངས་པ་རྣམས་བསལ་བ་ཡིན་ནོ། །ཆོས་ཀྱི་རྔ་ཤིན་ཏུ་བརྡུངས་པ