Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། ཤཱ་རིའི་བུ་མར་མེ་འབུལ་བ་ཡོངས་སུ་ཕུལ་བ་དེས་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་དཔག་ཏུ་ མེད་གྲངས་མེད་པ་ཡོངས་སུ་བཟུང་བར་གྱུར་པའི་དོན་དེ་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། ཤཱ་རིའི་བུ་མར་མེ་དེ་ཙམ་དུ་ཆུང་ངུ་ཕུལ་བའི་རྣམ་པར་སྨིན་པ་ཡང་དཔག་ཏུ་མེད་ན། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་མཆོད་ རྟེན་ལ་མཆོད་པ་ཁྱད་པར་ཅན་བྱེད་དམ་བྱེད་དུ་འཇུག་སྟེ། སྤོས་སམ། མེ་ཏོག་ཕྲེང་ངམ། གདུགས་སམ། བ་དན་རྣམས་སམ། གང་ཡང་རུང་བའི་མར་མེའི་ཕྲེང་བ་རྣམ་པ་མང་པོས་མཆོད་པ་ཁྱད་པར་ཅན་བྱེད་དམ་བྱེད་དུ་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་གཞན་ཡང་ ཆོས་འདི་བཞི་ནི་དད་པས་རྟོགས་པར་བྱ་བ་ཡིན་ཏེ། བཞི་གང་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་ནི་དཔག་ཏུ་མེད་དོ་སྙམ་དུ་དད་པས་རྟོགས་པར་བྱ་བ་དང་། དགེ་བའི་རྩ་བ་ཇི་ལྟར་ཆུང་ངུའི་རྣམ་པར་སྨིན་པ་ཡང་དཔག་ཏུ་མེད་པར་འགྱུར་བ་དད་པས་རྟོགས་པར་བྱ་བ་དང་། དཀོན་མཆོག་ གསུམ་ལ་དད་པའི་ལས་མངོན་པར་འདུ་བྱེད་པའི་རྣམ་པར་སྨིན་པ་གང་ཡིན་པ་དེ་སྟོན་པ་མཐོང་བ། ཉན་ཐོས་ཁྱེད་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་བསམ་པའམ། ཡོངས་སུ་བསམ་པར་མི་ནུས་ན། འཕགས་པའི་རིགས་ལ་མི་གནས་པ་གཞན་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་ མངོན་སུམ་དུ་ཤེས་པའམ། ཁོང་དུ་ཆུད་པར་ནུས་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །གཞན་དུ་ན་དེ་ནི་དད་པས་རྟོགས་པར་བྱ་བ་ཡིན་པ་དང་། ཤཱ་རིའི་བུ་ཉན་ཐོས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་པའམ་ཤེས་པར་མི་ནུས་ཏེ། ཤཱ་རིའི་ བུ་ཁྱེད་རྣམས་གནས་འདི་ལ་བསམ་པ་དང་བྲལ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་བོ་ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །ཤཱ་རིའི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་སོ། །ཤཱ་རིའི་བུ་མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་སེམས་ཅན་རྣམས་ཀྱི་ ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དོ་ཞེས་སྟོན་པར་འགྱུར་རོ། །ཤཱ་རིའི་བུ་སེམས་ཅན་གྱི་བསམ་པ་དང་། སེམས་དང་། ལྷག་མཐོང་ཡང་བསམ་གྱིས་མི་ཁྱབ་སྟེ། དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་འཕགས་པའི་རིགས་ལ་གནས་ པ་ཁྱེད་ཅག་ཉིད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཤེས་པ་དེ་ལ་མིག་དང་མཁས་པ་ལ་ཤེས་པ་མི་འཇུག་ན། སེམས་མ་དུལ་བ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་བྲལ་བ། བརྗེད་ངས་པ། མ་རིག་པའི་མུན་པས་མིག་བསྒྲིབས་པ་གཞན་གང་དག་བདག་ཅི་ཞིག །བདག་སུ་ཞིག །བདག་ཅི་འདྲ་བ་ཞིག །བདག་གང་ནས། བདག་ཇི་ཙམ་ཞིག །བདག་ཇི་ལྟ་བུ་ཞིག །བདག་ལྡན་པའི་ངང་ཚུལ་ཅན་ནམ། བདག་མི་ལྡན་པའི་ངང་ཚུལ་ཅན་ནམ། བདག་བརྗེད་ངས་ པའམ། བདག་དྲན་པ་ཉེ་བར་གནས་པའམ། བདག་མཁས་པའི་ལས་བྱེད་པའམ། བདག་བྱིས་པའི་ལས་བྱེད་པའམ། བདག་གང་ནས་འོངས། བདག་གང་དུ་འགྲོ་ཞེས་རང་གི་ཆོས་ལ་ཤེས་པ་འཇུག་པ་ཡང་མེད་པ་རྣམས་ལྟ་ཅི་སྨོས། ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་ནི་ བདག་ལ་ཤེས་པ་འཇུག་པ་ཡང་མེད་ན། ཕྱིན་ཅི་ལོག་གི་ལྟ་བ་ཅན་དེ་ལས་ཀྱི་རྣམ་པར་སྨིན་པ་ཤེས་པར་ལྟ་ག་ལ་འགྱུར་ཏེ་དེ་ནི་གནས་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་དང་བྲལ་བ་མ་ཡིན། ཏིང་ངེ་འཛིན་དང་བྲལ་བ་མ་ཡིན། ཤེས་རབ་དང་བྲལ་བ་ མ་ཡིན། རྣམ་པར་གྲོལ་བ་དང་བྲལ་བ་མ་ཡིན། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་བྲལ་བ་མ་ཡིན། རིག་པ་དང་བྲལ་བ་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚུལ་ཁྲིམས་དཔག་ཏུ་མེད་པའོ། ། ཚུལ་ཁྲིམས་ཆགས་པ་མེད་པའོ། །ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་པའོ། །ཚུལ་ཁྲིམས་གཞལ་དུ་མེད་པའོ། །ཚུལ་ཁྲིམས་རྫོགས་པའོ། །ཚུལ་ཁྲིམས་རྣམ་པར་དག་པའོ། །དེ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ཤཱ་རིའི་བུ་ཇི་ལྟར་ན་དེ་བཞིན་གཤེགས་པ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། ཤཱ་རིའི་བུ་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་ནི་དགེ་བའི་ཆོས་རྣམས་ཡོངས་སུ་ཟད་ཅིང་། མི་དགེ་བའི་ཆོས་ རྣམས་ཀྱིས་གང་བའོ། །སེམས་ཅན་འདི་ནི་དགེ་བའི་ཆོས་རྣམས་འབྱུང་བར་འགྱུར་ཞིང་། མི་དགེ་བའི་ཆོས་རྣམས་འགག་པར་འགྱུར་བའོ། །སེམས་ཅན་འདི་ནི་མི་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་ཞིང་། དགེ་བའི་ཆོས་རྣམས་འགག་པར་འགྱུར་བའོ་ཞེས་ཤཱ་རིའི་བུ་འཇུག་ པ་འདིས་དེ་བཞིན་གཤེགས་པ་སེམས་ཅན་དེ་དང་དེ་དག་གི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་སྣ་ཚོགས་རྗེས་སུ་འཇུག་པ་རབ་ཏུ་མཁྱེན་ཏོ། །ཤཱ་རིའི་བུ་དེ་ལ་སེམས་ཅན་རྣམས་མུན་པ་ཡོད་ཅིང་མཁས་པ་མེད་དེ་མཁྱེན་པ་དེ་ལྟ་བུ་དང་ལྡན་པ། མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་ སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ལུང་སྟོན་ཏོ། །ཤཱ་རིའི་བུ་དེ་ལ་གང་དག་དད་པ་དེ་དག་ནི་ཡིད་ཆེས་པར་འགྱུར་ལ་གང་དག་མ་དད་ཅིང་བསྟན་པ་འདི་ལས་ཉམས་པ་དེ་དག་ནི་སྨད་པར་འགྱུར་ཞིང་རྩོད་པར་འགྱུར་ཏེ། དེ་ནི་དེ་དག་ལ་ཡུན་རིང་པོར་ མི་ཕན་པ་དང་། དོན་མེད་པ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་འགྱུར་བའོ། །ཤཱ་རིའི་བུ་དེ་ལ་སེམས་ཅན་གང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བ་དེས་མར་མེ་འབུལ་བ་ཡོངས་སུ་ཕུལ་བ་དང་། ངེས་པར་ཕུལ་བ་དང་། དགེ་བའི་རྩ་བ་ བསགས་པའི་ལས་མངོན་པར་འདུས་བྱས་པ་དང་། རྣམ་པར་སྨིན་པའི་འབྲས་བུ་བདེ་བ་འདོད་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་ལྡན་པ་དང་། དད་པས་ཡོངས་སུ་ཕུལ་བ་བསགས་པས་ཚེ་འདི་ཉིད་ལ་སེམས་ཀྱི་ངེས་པར་སེམས་པ་གསུམ་འཐོབ་སྟེ། གསུམ་ གང་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པ་བྱས་ཏེ། ལུས་ཐོབ་པ་སྙིང་པོ་དང་སྙིང་པོ་མ་ཡིན་པའི་ལུས་ཤེས་པར་བྱས་ལ་སྙིང་པོ་སྦྱིན་པར་བྱའོ་སྙམ་ནས་ལོངས་སྤྱོད་རྣམས་ལ་ཉེས་ དམིགས་ཅན་དུ་ཤེས་ཏེ། སྙིང་པོ་མེད་པའི་ལོངས་སྤྱོད་རྣམས་ལ་སྙིང་པོ་སྦྱིན་པར་བྱེད་པ་འདི་ནི་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའི་སེམས་ཀྱི་ངེས་པར་སེམས་པ་དང་པོའོ། །ཤཱ་རིའི་བུ་གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་ གིས་བསོད་ནམས་ཀྱི་ཞིང་བླ་ན་མེད་པའི་ཡོན་གནས་ཀྱི་སྦྱིན་པ་མཆོག་ལེན་པ་པོ་ལ་མཆོད་པ་བྱས་པས་བདག་ལ་སེམས་ཅན་དམྱལ་བའི་འཇིགས་པའམ། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པའམ། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ་མེད་དོ། །བདག་གི་འགྲོ་བ་བདེ་བ་ ནི་ལྔ་སྟེ། མཐོ་རིས་འཐོབ་པའམ། མི་འཐོབ་པའམ། གཟུགས་འཐོབ་པའམ། ལོངས་སྤྱོད་འཐོབ་པའམ། བྱང་ཆུབ་འཐོབ་པོ་སྙམ་པ་དེ་ནི་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བའི་སེམས་ཀྱི་ངེས་པར་སེམས་པ་འཐོབ་པ་གཉིས་པའོ། །ཤཱ་ རིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བ་ཡོངས་སུ་ཕུལ་བ་ལ་ཡང་དག་པར་གནས་པ་ཡིན་ཏེ། གལ་ཏེ་བདག་གིས་སྦྱིན་པ་བྱིན་ནོ། །བདག་གིས་བསོད་ནམས་དག་ཀྱང་བྱས་སོ། །བདག་གིས་སེར་སྣ་སྤངས་སོ་སྙམ་དུ་ཤེས་ཤིང་། དེ་འདི་ སྙམ་དུ་སེམས་ཏེ། བདག་ནི་སྦྱིན་པ་པོ་ཡིན་ལ། བདག་གིས་ཀྱང་སྦྱིན་པ་བྱིན་ནོ་སྙམ་དུ། དེ་ལྟར་སེམས་ཤིང་གཏོང་བ་ལ་ཡོངས་སུ་གདུང་བ་མེད། བརྙས་པ་མེད་དེ། ཤཱ་རིའི་བུ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའི་སེམས་ཀྱི་ངེས་པར་སེམས་ པ་འཐོབ་པ་གསུམ་པའོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བ་ཕུལ་བས། འཆི་བའི་དུས་ཀྱི་ཚེ་སྣང་བ་གསུམ་ཐོབ་སྟེ། གསུམ་གང་ཞེ་ན། དགེ་ལེགས་བྱས་པ་མངོན་དུ་འགྱུར་ཏེ། དྲན་པ་འཐོབ་ ཅིང་དགེ་བ་རྣམས་བརྗེད་པར་མི་འགྱུར་ཏེ། ཤཱ་རིའི་བུ་འདི་ལྟར་འཆི་བའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་རྣམས་རྗེས་སུ་དྲན་པ་འདི་ནི་སྣང་བ་དང་པོའོ། །ཤཱ་རིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའི་སེམས་ ཅན་དེ་འཆི་བའི་དུས་ཀྱི་ཚེ་དྲན་པར་འགྱུར་ཏེ། བདག་གིས་སངས་རྒྱས་ལ་མཆོད་པ་བྱས་སོ་ཞེས་མཆོག་ཏུ་དགའ་བ་འཐོབ་སྟེ། ཤཱ་རིའི་བུ་འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་དང་བཅས་པའི་སེམས་བསྐྱེད་པ་འདི་ནི་སྣང་བ་གཉིས་པའོ། །ཤཱ་རིའི་བུ་གཞན་ཡང་སེམས་ཅན་དེ་ འཆི་བའི་དུས་ཀྱི་ཚེ་སེམས་ཅན་གཞན་སྦྱིན་པ་གཏོང་བ་མཐོང་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་མར་མེ་འབུལ་བ་ཕུལ་ལོ། །ཕྱིས་ཀྱང་སྦྱིན་པ་བྱིན་ནོ་སྙམ་དུ་དེ་གཏོང་བའི་སེམས་སྐྱེས་ཤིང་སྡུག་བསྔལ་གྱི་ཚོར་བ་རྣམས་ཀྱིས་མི་འཕྲོགས་ལ། དེ་ལ་ཆོས་རྗེས་སུ་དྲན་ པ་དེ་ལྟ་བུ་འབྱུང་སྟེ། ཤཱ་རིའི་བུ་འདི་ལྟར། དགེ་བའི་རྩ་བ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་འདི་ནི་སྣང་བ་ཐོབ་པ་གསུམ་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བ་དེ་འཆི་བའི་དུས་ཀྱི་ཚེ་སྣང་བ་ བཞི་འཐོབ་སྟེ། བཞི་གང་ཞེ་ན། མདུན་ན་ཉི་མའི་དཀྱིལ་འཁོར་འཆར་བ་མཐོང་བ་དང་། མདུན་ན་ཟླ་བ་ཉ་བའི་དཀྱིལ་འཁོར་འཆར་བ་མཐོང་བ་དང་། ལྷའི་འཁོར་གནས་པ་མཐོང་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཤིང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མཐོང་སྟེ། དེ་ལ་བདག་ཉིད་གུས་པར་བྱེད་པ་ལ་གནས་ཤིང་ཐལ་མོ་སྦྱར་བར་བྱས་པར་མཐོང་བ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས། འཆི་ བའི་ཚེ་སྣང་བ་འདི་བཞི་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མཐའ་ཡས་ཆོས་བདག་དྲང་སྲོང་ཆེན་པོ་ཡི། །མཆོད་ རྟེན་རྣམས་ལ་མཁས་པ་གང་ཞིག་གིས། །མར་མེ་ཕུལ་བ་བྱས་པའི་ལས་དེ་ཡིས། །བདེ་དང་དོན་དང་རྙེད་པ་མཐའ་ཡས་འཐོབ། །དེ་ནི་འཆི་ཁར་དྲན་པ་ཉམས་མི་འགྱུར། །མར་མེ་ཕུལ་བའང་བདག་ཉིད་མཐོང་བར་འགྱུར། །ཟང་ཟིང་མེད་པའི་དགའ་བ་བཞི་ཡང་འཐོབ། ། འཆི་བའི་དུས་ཚེ་རྨོངས་པ་མེད་པར་འགྱུར། །ཀུན་ནས་སྣང་བ་དག་ཀྱང་དེས་ཤེས་ཏེ། །ཉི་མ་དང་ནི་ཟླ་བའང་མཐོང་བར་འགྱུར། །བྱེ་བ་ཁྲག་ཁྲིག་ལྷ་རྣམས་དེས་མཐོང་འགྱུར། །རྨོངས་པ་མེད་པར་སངས་རྒྱས་ཆོས་ཀྱང་སྨྲ། །དེ་ལ་ཕ་མ་བུ་དང་རྩ་ལག་དང་། ། འཁོར་རྣམས་ཀུན་གྱིས་བསྐོར་ནས་ངུ་ན་ཡང་། །དེ་རྣམས་ལ་ནི་མངོན་དུ་དེ་མི་ཕྱོགས། །དེ་ཚེ་ནམ་ཡང་དྲན་པ་ཉམས་མི་འགྱུར། །དེ་ཡི་མདུན་ན་གཞལ་མེད་ཁང་མཆོག་མཐོང་། །འཇིགས་མེད་ལྷ་ཡི་བུ་མོ་རྣམས་ཀྱང་མཐོང་། །སྐྱེད་མོས་ཚལ་བཞི་ཤིན་ཏུ་བརྒྱན་སྡུག་ཅིང་། ། འདོད་པའི་ཡོན་ཏན་ལྔ་ལྡན་མཐོང་བར་འགྱུར། །ཐུབ་པའི་སྐྱེས་མཆོག་རྣམས་ལ་མཆོད་བྱས་པས། །དེས་ནི་བྱང་ཆུབ་སྙིང་པོར་བདེ་གཤེགས་དང་། །དེས་ནི་བདག་ཀྱང་ཐལ་མོ་སྦྱར་བྱས་ཤིང་། །ལྷ་ཀླུ་ལྷ་མིན་རྣམས་ཀྱིས་མདུན་བདར་མཐོང་། །གུས་དང་བཅས་པས་འཇིག་རྟེན་འདྲེན་ པ་མཐོང་། །དེ་དེར་ཕྱིན་ཏེ་བདེ་བར་གཤེགས་མཐོང་ནས། །དགའ་བས་དེ་ཚེ་སྤྱན་ཡང་འདྲེན་པར་བྱེད། །དེ་ཡིས་གདུགས་ཚོད་སྦྱར་ལ་གནང་བར་མཛད། །སོ་སོ་རྙེད་པའི་བདེ་བས་ཚིམ་གྱུར་ནས། །འཆི་དུས་བྱས་ཚེ་སྡུག་བསྔལ་དེས་མི་མྱོང་། །བྱང་ཆུབ་དམ་པ་མཆོག་ལ་སེམས་ ཀྱང་དགའ། །དེ་ལ་འཆི་བའི་འཇིགས་ཆེན་འབྱུང་མི་འགྱུར། །མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་གྱུར་པར་འགྱུར། །སྔོན་ཅད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནི་ཤི་ནས་མཐོ་རིས་ངེས་ འགྲོ་ཞིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །རྒྱལ་བ་ལ་ནི་མཆོད་པ་བྱེད་པའི་ཚེ། །དེས་ནི་ཀུན་ནས་ལྷ་མོ་རྣམས་ཀྱང་མཐོང་། །ཤཱ་རིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས་སུམ་ཅུ་རྩ་གསུམ་དུ་སྐྱེས་ནས་ལྷའི་བུ་དེ་རྣམ་པ་ལྔ་ཡོངས་ སུ་དག་པ་དང་ལྡན་པར་འགྱུར་རོ། །ཤཱ་རིའི་བུ་ལྷའི་བུ་དེ་རྣམ་པ་ལྔ་ཡོངས་སུ་དག་པ་དང་ལྡན་པ་ཇི་ལྟ་བུ་ཞེ་ན། དེའི་ལུས་ཡོངས་སུ་དག་པར་འགྱུར་བ་དང་། དེ་ལྷའི་མཐུ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་བ་དང་། དེའི་དྲན་པ་དང་ཤེས་རབ་ཡོངས་སུ་དག་པར་འགྱུར་བ་དང་། དེའི་རྣ་བར་སྒྲ་སྙན་པ་ཐོས་པར་འགྱུར་བ་དང་། དེའི་འཁོར་ཡིད་བདེ་བ་མང་བ་དང་ལྡན་པར་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་ སྩལ་ཏོ། །དྲང་སྲོང་མཆོད་རྟེན་མར་མེ་ཕུལ་བས་ནི། །དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་། །གཞན་གྱིས་མི་ཚུགས་དཔལ་དང་ལྡན་པ་དང་། །ལྷ་སྟོང་གི་ནི་གཙོ་བོར་དེ་འགྱུར་རོ། །ལྷ་ཡི་སྒྲ་དབྱངས་སྙན་ཅིང་ཡིད་འོང་ཐོས། །ཇི་ལྟར་ལྷ་གཞན་དེ་བཞིན་འདི་ཡང་མཆོག །དྲན་ དང་བློ་མཆོག་དང་ནི་ལྡན་པ་དང་། །འཁོར་མཆོག་ཕུན་སུམ་ཚོགས་པའང་འཐོབ་པར་འགྱུར། །གང་དུ་ལྷ་བུ་དེ་ནི་འགྲོ་བ་དེར། །དེ་འགྲོ་བ་ན་ལྷ་ཀུན་འདོང་བར་བྱེད། །གང་གིས་དེ་ལུས་འདི་ལྟར་འོད་འབར་བ། །སྔོན་གྱི་ལས་ཀྱི་འབྲས་བུ་དེ་འདྲའོ། །སྐྱེད་མོས་ཚལ་གྱི་གཞི་ན་ ཤིང་གི་མིང་། །ཟླ་མཆོག་ཅེས་བྱ་གཞལ་མེད་ཁང་གིས་བརྒྱན། །ཟླ་བ་ཇི་ལྟར་ཀུན་ནས་གསལ་བ་ལྟར། །དེ་ཡི་ཤིང་རྣམས་དེ་བཞིན་གསལ་བ་ཡིན། །མར་མེ་རབ་འབར་ཇི་བཞིན་རྣམ་གསལ་ལ། །ཡིད་འོང་དྲི་ངད་ཕྱོགས་རྣམས་གཏོང་བྱེད་པ། །མེ་ཏོག་གསལ་བ་འདི་ནི་མིང་ ཅི་ཞེས། །ལྷ་རྣམས་ངོ་མཚར་སྟོང་སྙེད་འཛིན་པར་འགྱུར། །དེ་ཡི་འཁོར་ཚོགས་མེ་ཏོག་དེ་དག་གིས། །བརྒྱན་པ་བྱས་པས་དེ་དག་མཛེས་པར་འགྱུར། །བྱེ་བ་ཁྲག་ཁྲིག་ལྷ་ཡི་ནང་ན་དེ། །ཉི་མ་ཤར་བ་བཞིན་དུ་རྣམ་པར་མཛེས། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ ལ་མར་མེ་དབུལ་བ་ཕུལ་བས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་ནས། ལྷའི་བུ་དེ་དག་ཡུན་ཇི་སྲིད་ཅིག་ན་འཆི་འཕོ་བའི་ཆོས་སུ་འགྱུར་བ་བདག་ཉིད་ཀྱིས་ཤེས་ཏེ། ལྷའི་བུ་དེས་འཆི་བ་ན་རང་གི་འཁོར་དང་། ལྷའི་བུ་གཞན་དག་ཀྱང་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས་ ཡང་དག་པར་འཛིན་དུ་བཅུག་ནས་གནས་དེ་ནས་ཤི་འཕོས་ཏེ། ཤི་འཕོས་ནས་ཀྱང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཏེ། མིའི་འཇིག་རྟེན་དུ་སྐྱེས་ན་ཡང་རིགས་མཆོག་ཏུ་བཙུན་པ། དད་པ་དང་ལྡན་པ། སངས་རྒྱས་འབྱུང་བ་དང་ལྡན་པར་སྐྱེ་བར་འགྱུར་རོ། །གལ་ཏེ་སངས་ རྒྱས་མི་འབྱུང་བ་ཞིག་ལ་བབ་ན་ཡང་དེ་སྡིག་པའི་ལྟ་བ་ཅན་མ་ཡིན་ཞིང་ཡ་མཚན་དུ་འཛིན་པ་དང་བྲལ་བའི་རིགས་སུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་ཡི་སྲིད་པར་བདག་ནི་ཡུན་རིང་དུ། །གནས་པར་འགྱུར་ཞེས་དེ་ཡི་ཤེས་འདི་འཇུག །ལྷ་གཙོ་དེ་ཡིས་དེ་ཡང་རབ་ཏུ་ཤེས། །གང་ཚེ་འཆི་བའི་དུས་ནི་འབབ་འགྱུར་བ། །དེ་ཚེ་མཚན་མ་ལྔ་དག་འབྱུང་འགྱུར་ཏེ། །བྱེ་བ་ཕྲག་མང་ལྷ་དག་དེར་འདུ་ཞིང་། ། དེ་དག་མངོན་སུམ་དུ་ནི་ཆོས་ཀྱང་སྟོན། །བདག་ནི་འདི་ནས་རིང་པོར་མི་ཐོགས་འཆི། །སྲིད་པ་ཐམས་ཅད་མི་རྟག་བདེ་བ་མེད། །གཞན་དག་འཆི་ཞིང་གཞན་དག་སྐྱེ་བར་འགྱུར། །ཀྱེ་མ་བདག་ནི་འཆི་བར་འགྱུར་རོ་ཞེས། །དེ་ནི་དབུས་འདུག་ཤིན་ཏུ་མི་བཟད་སྨྲ། །དེ་ཡི་མངག་གཞུག་རྣམས་ ཀྱང་དེ་བཞིན་དུ། །ལྷ་གཞན་དུ་མ་སྡུག་བསྔལ་ཉམ་ཐག་གོ། །དེ་ནས་བདག་གིས་ལྟས་ནི་ལྔ་མཐོང་ནས། །དེ་ནི་རང་གི་སྟན་ལ་དགའ་མི་འཐོབ། །གནས་དེ་ནས་ནི་ལངས་ཏེ་འགྲོ་བར་བྱེད། །གཞལ་མེད་ཁང་གི་གནས་སུའང་དགའ་མི་སྐྱེ། །བདག་ཅག་འདི་མཐོང་ཐ་མ་འདི་ཡིན་ཞེས། ། དེ་བཞིན་ལྷ་མང་དུ་མ་མྱ་ངན་བྱེད། །དེ་ཡི་སྟན་མཆོག་དམ་པ་གང་ཡིན་པ། །དེ་ནི་ལྷ་ཡི་བུ་མོས་བླངས་ཏེ་འབུལ། །སྟན་དེ་མཐོང་ནས་དེ་ནི་རང་སྟན་ལ། །དགའ་བ་ཐོབ་པར་མ་གྱུར་དེ་ནས་ཤི། །ལྷ་ཡི་དབང་པོ་ལྷ་གནས་ཤི་འཕོས་ནས། །མི་ཡི་འཇིག་རྟེན་དུ་ནི་མངོན་པར་འགྲོ། །དེ་ཡི་རང་ལ་ ཡོད་པའི་དྲན་མི་ཉམས། །དེར་ཡང་བདེ་བར་འགྱུར་གྱི་སྡུག་བསྔལ་མིན། །སྐྱེས་ནས་ཚེ་རབས་རབ་ཏུ་དྲན་གྱུར་ཏེ། །སྐྱེས་མ་ཐག་ཏུ་སྔོན་གྱི་སྲིད་པ་ཤེས། །ཉོན་མོངས་རྣམས་ཀྱིས་བདག་ལ་གནོད་འགྱུར་ཞེས། །ཤིན་ཏུ་སྡུག་བསྔལ་དེར་ཡང་དགའ་བ་མེད། །ལྷ་ཡི་འཇིག་རྟེན་ཐོབ་པའི་དཔལ་ དྲན་ནས། །མི་ཡི་འཇིག་རྟེན་ལ་ནི་བདེ་མི་རྙེད། །མཐོ་རིས་སྡུག་བསྔལ་མི་ཡུལ་སྨོས་ཅི་དགོས། །སྲིད་པ་ཐམས་ཅད་སྙིང་པོ་མེད་ཅིང་གཡོ། །གང་དང་གང་ཚེ་ལུས་སྟོབས་ཉམས་གྱུར་པ། །དེ་ཚེ་དེ་ནི་རབ་ཏུ་འབྱུང་བར་ངེས། །འདི་ཡང་དེ་ཡི་རྣམ་སྨིན་འགྱུར་བ་སྟེ། །རྣམ་རྟོག་སྤྱོད་པར་ ནམ་ཡང་མི་འགྱུར་རོ། །དེ་ནི་དེ་ཡི་མར་མེ་ཕུལ་བའི་འབྲས། །དེ་དང་དེར་ནི་ཚེ་རབས་དེས་དྲན་འགྱུར། །བྱ་བའི་འོས་མིན་ལས་ནི་དེ་མི་སྤྱོད། །གདོན་མི་ཟ་བར་དེ་ནི་ཁྱིམ་ནས་འབྱུང་། །ལོང་བར་མི་འགྱུར་ཞ་བོར་མི་འགྱུར་ཞིང་། །དེ་ཡི་མིག་ནི་མེད་པར་འགྱུར་མ་ཡིན། །ནད་ཅན་མ་ཡིན་ འཇིགས་རུང་སྒྲ་ལྡན་མིན། །བླུན་པོར་མི་འགྱུར་མི་ཤེས་མི་འགྱུར་རོ། །མིག་མེད་པར་ནི་ནམ་ཡང་མི་འགྱུར་ཞིང་། །དེ་ཡི་མིག་ནི་ན་བར་འགྱུར་མ་ཡིན། །མིག་གཅིག་མ་ཡིན་ཁོག་ལོང་མིག་མ་ཡིན། །དེ་ཡི་མིག་ལ་མི་གསལ་མེད་པར་འགྱུར། །མིག་ནི་རིང་ཞིང་དཀར་གནག་རྣམ་པར་གསལ། སྲིད་པར་དེ་ཡི་མིག་ནི་དག་པར་འགྱུར། །ནོར་བུ་འོད་བཟངས་ལྟར་ནི་དོན་ཞིབ་རྟོགས། །བསྐལ་པ་གྲངས་མེད་དག་ཏུ་ནམས་ཀྱང་དེའི། །ཤ་ཡི་མིག་ནི་ཡོངས་སུ་ཉམས་མི་འགྱུར། །དེ་ལ་མིག་ནད་དག་ནི་མི་འབྱུང་སྟེ། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །དེ་བཞིན་ལག་རྩིས་གཟུགས་ དང་རྟོག་གེ་རྣམས། །རྟོག་པར་ཁོང་ཆུད་བཟོད་ལྡན་འཇིགས་པ་མེད། །དེ་ནི་མཛངས་ལ་བློ་དང་ལྡན་པར་འགྱུར། །བློ་ནི་ཤིན་ཏུ་ཆ་ཕྲ་དོན་དམ་མཐོང་། །སྲིད་པ་དག་ལ་བྱེད་པ་མེད་པར་ལྟ། །རྒྱལ་བའི་བསྟན་ལ་སྣང་བ་ཐོབ་པར་འགྱུར། །དེ་བཞིན་འཇིག་རྟེན་འདྲེན་པ་སངས་རྒྱས་མཐོང་། ། མཐོང་ནས་དད་པས་མཆོད་པ་རབ་ཏུ་བྱེད། །གཟུགས་ཀྱི་དངོས་པོ་བཟང་དང་མཛེས་པར་འགྱུར། །མཛའ་བཤེས་དང་ནི་རྩ་ལག་སྐྱེ་བོ་དགའ། །ཕྱུག་ཅིང་སྟོབས་ལྡན་ནོར་ནི་མང་བར་འགྱུར། །མི་ཕྱེད་འཁོར་ནི་ཕུན་སུམ་ཚོགས་པ་འཐོབ། །ཇི་ལྟར་མར་མེས་མུན་པ་བསལ་ནས་སུ། ། ཀུན་ལ་འོད་ཀྱིས་སྣང་བ་ཁྱབ་པ་ལྟར། །དེ་བཞིན་ཀུན་སྣང་བྱས་ནས་ལྷང་ངེའོ། །མུན་པའི་དབང་དུ་ངེས་པར་དེ་མི་འགྲོ། །སངས་རྒྱས་མཆོད་རྟེན་ལ་ནི་མི་གང་གིས། །སེམས་ནི་དད་པས་མར་མེའི་ཕྲེང་བ་འབུལ། །མར་མེ་ཕུལ་བའི་སེམས་ནི་རྣམ་དག་ཅིང་། །དེ་ནི་འཇིག་རྟེན་ རིགས་པའི་མཆོག་ཏུ་འགྱུར། །བལྟ་ན་སྡུག་ཅིང་རབ་ཏུ་མཛེས་པར་འགྱུར། །འཇིག་རྟེན་ཀུན་གྱི་དགའ་བ་སྐྱེ་བར་འགྱུར། །ལྟད་མོ་མི་འདོད་བཀྲ་ཤིས་འདོད་མ་ཡིན། །གཡོན་ཕྱོགས་ལམ་ལ་དེ་ནི་བསྟེན་མི་འགྱུར། །དེ་ནི་འཇིག་རྟེན་ལོག་ལྟ་གང་དག་དང་། །ལམ་གོལ་གང་དག་ཡིན་ པ་དེར་མི་མོས། །རྒྱལ་ཕྲན་ཙམ་གྱིས་ཆོག་པར་དེ་འཛིན་ཅིང་། །སུ་དང་ཡང་ནི་འཐབ་ཏུ་འགྲོ་མི་བྱེད། །ཚེགས་འབྱུང་མེད་ཅིང་མྱ་ངན་མེད་པར་འགྱུར། །དེ་ཡི་སེམས་ལ་ཡོངས་སུ་ཡི་ཆད་མེད། །དེ་ལ་ཡིད་མི་ཆེས་པར་མི་འགྱུར་རོ། །བསམ་པ་ངན་དང་གནོད་པ་བྱེད་ པ་མེད། །རྒྱལ་པོའི་ཕོ་བྲང་གང་དུ་དེ་སྨྲ་བ། །རྒྱལ་པོ་དང་ནི་རྒྱལ་འཁོར་གྲགས་པར་འགྱུར། །སྐྱ་རྦབ་ནད་ཀྱིས་ནམས་ཀྱང་དེ་མི་ཐེབས། །ཟ་མར་མི་འགྱུར་མ་ནིང་འགྱུར་མ་ཡིན། །ལེགས་པར་གནས་ཤིང་བདེ་དང་ལྡན་འགྱུར་ལ། །དེ་ཡི་ལུས་ལ་ནད་རྣམས་འབྱུང་མི་འགྱུར། །རྨི་ ལམ་དུ་ནི་སྡིག་པ་མི་རྨི་ལ། །དེས་ནི་ཇི་ལྟར་སྟོན་པ་དེ་ཚེ་ཤེས། །དེས་ནི་ཡང་དང་ཡང་དུ་གཏེར་རྙེད་དེ། །བདེ་གཤེགས་མཆོད་རྟེན་མཆོད་པས་དེ་ལྟར་འགྱུར། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས། སེམས་ཅན་དེ་ནི་འདུན་པ་བཞི་འཐོབ་སྟེ། བཞི་ གང་ཞེ་ན། ལུས་ཀྱི་འདུན་པ་དང་། ལོངས་སྤྱོད་ཀྱི་འདུན་པ་དང་། རིགས་བཙུན་པར་སྐྱེ་བའི་འདུན་པ་དང་། ཤེས་རབ་འཐོབ་པ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས་འདུན་པ་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །དེ་ཡི་ལུས་རྫོགས་པ་དང་སྟོབས་ཆེར་འགྱུར། །དེ་ནི་ནམས་ཀྱང་རྩོད་པ་སྟེན་མི་བྱེད། ། དབང་ཕྱུག་ཚུགས་པ་མེད་པ་ཕྱོགས་བཅུར་སྤྱོད། །དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །རྣམ་པར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་། །ཡོན་ཏན་མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ། །སྐྱེས་ནས་ཚེ་རབས་དྲན་པ་ཉིད་དུ་འགྱུར། །གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ ལྡན་འགྱུར། །སྲོག་ཆགས་རྣམས་ལ་རྟག་ཏུ་སྙིང་བརྩེ་བྱེད། །རྟག་ཏུ་མི་འཚེ་ཤིན་ཏུ་དེས་པར་འགྱུར། །རྣམ་ལྟུང་འགྲོ་བའི་ཁྱིམ་དུ་དེ་མི་སྐྱེ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས་ཡོངས་སུ་དག་པ་བཞི་འཐོབ་སྟེ། བཞི་གང་ཞེ་ན། ལུས་ ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དང་། མཛའ་བཤེས་ཡོངས་སུ་དག་པའོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་སྐྱེ་བའི་གནས་དེ་དང་། དེ་དག་ཏུ་སྐྱེས་པ་ན་སྲོག་གཅོད་པ་སྤོང་བར་འགྱུར་ཏེ། དེ་སྲོག་གཅོད་ པར་མི་བྱེད་དོ། །མ་བྱིན་པར་མི་ལེན་ཏོ། །འདོད་པས་ལོག་པར་གཡེམ་པ་སྤོང་བར་འགྱུར་ཏེ། རང་གི་ཆུང་མ་ལ་ཡང་ལོག་པར་མི་སྟེན་ཏོ། །འབྲུའི་ཆང་དང་། བཅོས་པའི་ཆང་བཏུང་བ་སྤོང་བར་བྱེད་དོ། །སེམས་ཅན་གང་ལ་ཡང་དབྱུག་པའམ། མཚོན་ནམ། བོང་བའམ། ཁུ་ཚུར་རམ། མཚོན་ཆར་གྱུར་པ་གང་ཡང་རུང་བས་རྣམ་པར་འཚེ་བར་མི་བྱེད་ཅིང་། དེ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་ལྡོག་པར་འགྱུར་ཏེ། ཤཱ་རིའི་བུ་དེ་དག་ནི་ལུས་ཀྱི་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་ངག་གི་ཡོངས་སུ་དག་པ་གང་ཞེ་ན། དེ་བརྫུན་དུ་སྨྲ་བ་སྤངས་ པ་ཡིན་ཏེ། དེ་མ་མཐོང་བའམ། མ་ཐོས་པ་རྗོད་པར་མི་བྱེད་ལ། མཐོང་བ་དང་། ཐོས་པ་དྲིས་པ་ཡང་དུས་མ་ཡིན་པར་སྨྲ་བར་མི་བྱེད་དེ། དེ་མཐོང་བའམ། ཐོས་པ་དྲིས་ན་ཡང་དག་པར་སྨྲ་བར་བྱེད་དེ། དེ་བདག་གི་དོན་ནམ། གཞན་གྱི་དོན་དུ་ཡང་རུང་སྟེ་ལོག་པར་ མི་སྨྲའོ། །གཞན་དག་གིས་བརྫུན་དུ་སྨྲ་བ་བཅོལ་བའི་ཚེ་ཡང་དག་པར་ཤེས་ན་བདེན་པ་སྲུང་བར་བྱེད་དེ། ངག་གི་ཡོངས་སུ་མ་དག་པ་དེ་དག་སྤོང་བར་བྱེད་དོ། །དེ་དེ་དག་དབྱེ་བའི་ཕྱིར་འདི་ནས་ཐོས་པ་ཕ་བིར་མི་སྙོད། དེ་དག་དབྱེ་བའི་ཕྱིར་ཕ་བི་ནས་ཐོས་པ་འདིར་མི་སྙོད་དེ། འཐུན་པ་རྣམས་ནི་གཅུགས་པར་བྱེད་ཅིང་། བྱེ་བ་རྣམས་ལ་ནི་སྡུམས་བྱེད་དོ། །དེ་ངག་རྩུབ་པོ་སྤངས་པ་ཡིན་ཏེ། ངག་གང་ཞེར་འདེབས་པ། བརླང་བ། གཞན་ལ་རྩུབ་པ། གཞན་ལ་མི་བདེ་བ། མི་སྡུག་པ། མི་འདོད་པ། མི་དགའ་བ། ཡིད་དུ་མི་འོང་བ། གཞན་ལ་གནོད་པ། ཁོན་དུ་འཛིན་པའི་ངག་དེ་ལྟ་བུ་སྤངས་ནས། ངག་མཉེན་པ། འཇམ་པ། ཡིད་དུ་འོང་བ། བདེན་པ། རྣར་སྙན་པ། སྙིང་དུ་སྡུག་པ། མཛའ་བར་འགྱུར་བ། སྐྱེ་བོ་མང་པོ་མགུ་བ། སྐྱེ་བོ་མང་པོ་འདོད་པ། དགའ་བ། ཡིད་དུ་འོང་བ། དགྲ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དེ་ལྟ་བུའི་ངག་སྨྲའོ། །དེ་ཚིག་ཀྱལ་པ་སྤངས་པ་ཡིན་ཏེ། དེ་སྤང་བར་བྱ་བ་གཞན་དང་མི་སྨྲ་བ་ཡིན། དེ་གཞན་གྱི་ལག་རྩིས་དང་བརྡ་སྦེད་པར་བྱེད་དོ། །དེ་མང་དུ་སྨྲ་བར་མི་བྱེད། དུས་མ་ཡིན་པར་སྨྲ་བར་མི་བྱེད་ལ། མྱ་ ངན་ལས་འདས་པ་དང་མི་ལྡན་པའི་ཚིག་མི་སྨྲ་སྟེ། དེ་ལྟར་དེ་དག་གི་ལས་ཡོངས་སུ་མ་དག་པ་སྤོང་བ་འདི་ནི། ཤཱ་རིའི་བུ་ངག་གི་ལས་ཡོངས་སུ་དག་པ་ཞེས་བྱའོ། །དེ་ཡིད་ཀྱི་ལས་ཡོངས་སུ་མ་དག་པ་སྤོང་བ་ཡིན་ཏེ། དེ་བརྣབ་སེམས་སུ་མི་བྱེད་ཅིང་། དེ་གཞན་གྱི་ནོར་ དང་། གཞན་གྱི་རྫས་དང་། གཞན་གྱི་ཡོ་བྱད་དག་ལ་བརྣབ་སེམས་མི་སྐྱེད་དོ། །དེ་གནོད་སེམས་མི་བྱེད་དེ། གནོད་སེམས་སྤོང་བ་ཡིན་ནོ། །ལོག་པར་ལྟ་བ་ཡང་སྤོང་སྟེ། སྡིག་པའི་ལྟ་བ་ཅན་མ་ཡིན་ནོ། །དེ་ལྟར་ཡིད་ཀྱི་ལས་ཡོངས་སུ་མ་དག་པ་སྤོང་བ་འདི་ནི་ཡིད་ ཀྱི་ལས་ཡོངས་སུ་དག་པ་ཞེས་བྱའོ། །མཛའ་བཤེས་ཡོངས་སུ་དག་པ་ཡང་འཐོབ་སྟེ། གང་དག་བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་བཏུང་བ་སྤོང་བ་དང་། མི་རྩུབ་པ་དང་། མི་བརླང་བ་དང་། ལེགས་པར་སྡོམ་པ་དང་། ཡང་དག་པའི་ལྟ་བ་ཅན་ དེ་དག་ལ་སྟེན་ཅིང་གང་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ལ་ཡང་སྟེན་ཅིང་སྙེན་ལ་བསྙེན་བཀུར་བྱེད་དེ། ཤཱ་རིའི་བུ་འདི་ནི་ཡོངས་སུ་དག་པ་བཞི་པ་སྟེ། མཛའ་བཤེས་ ཡོངས་སུ་དག་པ་ཞེས་བྱའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས། ཡོངས་སུ་དག་པ་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་ བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་སྦྱང་ཕྱིར་བདེ་གཤེགས་གསུངས་པ་ལ། །ལུས་དང་ངག་དང་ཡིད་ཀྱིས་ཤིན་ཏུ་བསྡམས། །ལྟ་བ་མ་རྙེད་ཚུལ་ཁྲིམས་རྣམ་པར་དག །དེ་ཡི་མིག་ནི་ཡིད་ལས་བྱུང་བ་ཡིན། །ཉི་བཞིན་ཕྱོགས་རྣམས་ སུ་ནི་ཤིན་ཏུ་གསལ། །དེ་ཡིས་ཟག་པ་ཟད་པ་མྱུར་དུ་ཤེས། །དེ་ཡི་བློ་ནི་རྫུ་འཕྲུལ་ཆེ་བར་འགྱུར། །ལྷ་མིག་རྡུལ་དང་བྲལ་ཞིང་ཟག་པ་མེད། །བློ་ལྡན་དེ་ཡིས་འཇིག་རྟེན་སེམས་རྣམས་དང་། །ལྷ་ཡི་མངོན་ཤེས་སོ་སོ་རིག་པ་ཤེས། །འདོད་ན་ཉན་ཐོས་བྱང་ཆུབ་རྙེད་མི་དཀའ། ། མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །གལ་ཏེ་སངས་རྒྱས་བྱང་ཆུབ་འདོད་ནའང་བླ། །བློ་ལྡན་པ་ལ་གསུམ་ཆར་ཉམས་པ་མེད། །ཤེས་རབ་མིག་ལྡན་ལོངས་སྤྱོད་ཆེན་པོར་འགྱུར། །ཤཱ་རིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་ན། སྐྱེ་བའི་གནས་དེ་དང་དེ་དག་ཏུ་འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། ཤའི་མིག་མཆོག་འཐོབ་པ་དང་། དྲན་པ་སྤྱི་ གཙུག་བལྟར་མི་མཐོང་བ་འཐོབ་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་ལྷའི་མིག་མཆོག་འཐོབ་པ་དང་། ཤེས་རབ་ཡོངས་སུ་རྫོགས་པས་ཚུལ་ཁྲིམས་ཉམས་པ་མེད་པ་འཐོབ་པ་དང་། སྔོན་བསོད་ནམས་བྱས་པས་མཐོ་རིས་འཐོབ་པ་དང་། བསོད་ནམས་ལེགས་པར་བྱས་པས་དལ་བ་ཕུན་སུམ་ཚོགས་པ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་གྱུར་པས་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་མར་མེ་ཕུལ་བའི་དགེ་བའི་རྩ་བ་དེས་འཁོར་ལོས་སྒྱུར་བའི་རྒྱལ་ སྲིད་འཐོབ་སྟེ། དེ་ལ་ཡང་ཞེ་འགྲས་པ་མེད་པའི་ཡིད་དང་ལྡན་ཞིང་མཆོག་ཏུ་བལྟ་ན་སྡུག་པའམ། ལྷའི་དབང་པོ་བརྒྱ་བྱིན་རྫུ་འཕྲུལ་ཆེན་པོ་ཐོབ་ཅིང་མིག་སྟོང་དང་ལྡན་པར་འཐོབ་པར་འགྱུར་བའམ། ཚངས་པའི་གནས་ལ་མཁས་པའི་ཚངས་པར་ཡང་འགྱུར་ཏེ་གྲགས་པའི་བསམ་ གཏན་འཐོབ་པར་འགྱུར་བ་སྟེ། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པས་འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་བརྒྱད་པོ་དེ་དག་འཐོབ་བོ། །གཞན་ཡང་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་དཔག་ཏུ་མེད་པ་འཐོབ་པ་དང་། སངས་རྒྱས་ཀྱི་སྤོབས་ པ་དཔག་ཏུ་མེད་པ་འཐོབ་པ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཤེས་རབ་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་རྣམ་ པར་གྲོལ་བ་དཔག་ཏུ་མེད་པ་དང་། སེམས་ཅན་གྱི་སེམས་དང་བསམ་པ་དཔག་ཏུ་མེད་པ་ལ་འཇུག་པ་འཐོབ་སྟེ། ཤཱ་རིའི་བུ་མར་མེ་ཕུལ་བས་དེ་ལྟར་རྣམ་པར་སྨིན་པ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ ཆོས་འཆད་པ་ན། ཀྱེ་ཨེ་མ་ཧོ་ཆོས་འཆད་དོ། །ཀྱེ་ཨེ་མ་ཧོ་ཆོས་རབ་ཏུ་སྟོན་ཏོ་ཞེས་མར་མེ་དབུལ་བ་ཕུལ་བའི་མར་མེ་དེ་ཏིལ་གྱི་མར་མེར་རྗེས་སུ་བཟུང་བས། ཆོས་ཀྱི་མར་མེ་རྗེས་སུ་འཛིན་པར་བྱེད་དོ། །དེ་མར་མེ་ཕུལ་བའི་དགེ་བའི་རྩ་བ་དེས་ཚོགས་དཔག་ཏུ་མེད་པ་བརྒྱད་འཐོབ་ སྟེ། བརྒྱད་གང་ཞེ་ན། དྲན་པའི་ཚོགས་དཔག་ཏུ་མེད་པ་འཐོབ་པ་དང་། དེ་བཞིན་དུ་སྦྱར་ཏེ། བློ་གྲོས་ཀྱི་ཚོགས་དང་། དད་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། ཤེས་རབ་ཀྱི་ཚོགས་དང་། ཏིང་ངེ་འཛིན་གྱི་ཚོགས་དང་། སྤོབས་པའི་ཚོགས་དང་། བསོད་ ནམས་ཀྱི་ཚོགས་དཔག་ཏུ་མེད་པ་འཐོབ་སྟེ། ཚོགས་དཔག་ཏུ་མེད་པ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡང་འཐོབ་སྟེ། རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། དེ་དང་བའི་སེམས་ཀྱིས་ཐལ་མོ་སྦྱར་བ་བྱས་པའི་དགེ་བའི་རྩ་བ་དེས་ཆོས་མཆོག་ཏུ་བྱུང་བ་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མཆོག་ཏུ་བྱུང་བ་འཐོབ་པ་དང་། གཡོག་འཁོར་མཆོག་ཏུ་བྱུང་ བ་འཐོབ་པ་དང་། ཚུལ་ཁྲིམས་མཆོག་ཏུ་བྱུང་བ་དང་། ལྷ་དང་མི་རྣམས་སུ་སྐྱེ་བ་མཆོག་ཏུ་བྱུང་བ་དང་། དད་པ་མཆོག་ཏུ་བྱུང་བ་དང་། སྤོབས་པ་མཆོག་ཏུ་བྱུང་བ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་འཕགས་པའི་ལམ་འཐོབ་པ་དང་། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཤཱ་རིའི་བུ་དེ་ཅིའི་ཕྱིར་དཔག་ཏུ་མེད་པ་ཞེས་བྱ་ཞེ་ན། དེ་བཞིན་གཤེགས་པ་ལ་དེས་མཆོད་པའི་འབྲས་བུ་དཔག་ཏུ་མེད་པའི་ཕྱིར་ཏེ། ཕན་ཡོན་དཔག་ཏུ་མེད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། བརྩམ་བྱོས་མངོན་པར་འབྱུང་བར་གྱིས། །སངས་རྒྱས་བསྟན་ལ་བརྩོན་པར་བྱོས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་གཞོམ་པར་བྱོས། །ཞེས་ཆེད་དུ་བརྗོད་པ་དེ་ཆེད་དུ་བརྗོད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་ སྩལ་པ། ཤཱ་རིའི་བུ་ཆོས་ལྔ་པོ་འདི་དག་ནི་མཆོག་ཏུ་རྙེད་པར་དཀའ་བ་སྟེ། ལྔ་གང་ཞེ་ན། མིར་སྐྱེ་བ་འཐོབ་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། དེ་ལ་མངོན་པར་དགའ་བ་དང་། ཚུལ་ཁྲིམས་ཡོངས་སུ་རྫོགས་པ་དང་། ཟག་པ་ཟད་པ་སྟེ། ཤཱ་རིའི་ བུ་ཆོས་ལྔ་པོ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་མཆོག་ཏུ་རྙེད་པར་དཀའ་བ་ཡིན་ཏེ། དེ་དག་ནི་ཁྱེད་རྣམས་ཀྱིས་ཐོབ་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པ་གཞན་ཡང་འདི་སྐད་ཅེས་ བཀའ་སྩལ་ཏོ། །བྱང་ཆུབ་དོན་ཕྱིར་སེམས་ཅན་ཕན་འདོགས་པས། །བདེ་གཤེགས་མཆོད་རྟེན་དབུལ་བ་འདིར་ཕུལ་བས། །མཁས་པ་དེ་ཡིས་བྱས་པའི་ལས་དེས་ནི། །ཚེ་རབས་ཀུན་དུ་ཁྱད་པར་ཅན་དུ་འགྱུར། །འདི་ནས་ཤི་འཕོས་ལྷ་མིས་བསྔགས་པ་ཡི། །ཡང་སྲིད་དམ་པ་དེ་ནི་ འཐོབ་པར་འགྱུར། །རི་རབ་བཞིན་དུ་དེ་ནི་མི་གཡོ་ལ། །འོད་ཟེར་དག་གིས་ཕྱོགས་ཀུན་སྣང་ཞིང་མཛེས། །ལྷ་ཚོགས་རྣམས་ཀྱིས་མཐོང་ནས་གུས་དང་བཅས། །མཆོག་ཏུ་གུས་པས་དེ་ལ་དགའ་བ་སྐྱེད། །སྟོད་པ་བྱེད་ཅིང་དེ་ལ་མཆོད་པ་བྱེད། །ཡང་དང་ཡང་དུ་ལྟ་བས་ངོམས་པ་མེད། ། བསོད་ནམས་མཚན་བྱས་དེ་ནི་ལྷས་མཆོད་འོས། །ཚངས་པའི་གནས་ན་ཚངས་པ་མཛེས་པ་འདྲ། །ཅི་ཡི་ལས་ཤིག་ངེས་པར་དེས་བསྟེན་ན། །གང་གིས་དེ་ཡི་ལུས་ནི་ཤིན་ཏུ་མཛེས། །འདི་ན་བསོད་ནམས་མི་འདོད་སུ་ཞིག་ཡོད། །འཕགས་པའི་ཚུལ་ཁྲིམས་མཁས་པ་སུ་མི་སྟེན། །ཐུབ་པ་ མཐོང་ན་ལྟ་བས་མི་ངོམས་ཏེ། །ཆོས་ཐོས་ནས་ནི་སུ་ཞིག་བག་མི་བྱེད། །མི་ཡི་འཇིག་རྟེན་གནས་ཚེ་དེ་ཡིས་ནི། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་ཤིང་། །བདེ་བར་གཤེགས་ཀྱི་བསྟན་ལ་གནས་བྱས་པས། །འདི་ན་ལྷ་མཆོག་རྙེད་པ་ལེགས་པར་རྙེད། །མི་ཡི་ལུས་ནི་ བདག་གིས་ཐོབ་གྱུར་ཅིག །རྒྱལ་བའི་བསྟན་ལ་དད་པ་མཆོག་ཐོབ་ཤོག །གལ་ཏེ་བག་མེད་གྱུར་ན་ལུས་འདོར་གྱི། །ཆོས་ཀྱི་དམ་པ་འདོར་བར་ཡོད་མ་གྱུར། །མི་ལུས་རྙེད་པར་དཀའ་བ་ཐོབ་གྱུར་ནས། །བླུན་རྣམས་ཅི་ཕྱིར་རང་གི་དོན་མི་བྱེད། །བདེ་གཤེགས་བསྟན་ལ་གནོད་བྱེད་སེམས་ལྡན་ན། ། ཤི་ནས་གཡང་ས་ཆེན་པོར་ལྟུང་བར་འགྱུར། །དེ་ཡིས་འབྱོར་བ་རྒྱ་ཆེན་ལྷས་ཐོས་ནས། །སྐྱོ་བ་སྐྱེས་ཏེ་སྨོན་ལམ་འདེབས་བྱེད་པ། །མི་ཡི་ལུས་ནི་བདག་གིས་ཐོབ་གྱུར་ཅིག །ལེགས་དོན་གྱུར་ནས་ཚངས་སྤྱོད་བདག་སྟོན་ཤོག །འཆི་བའི་དུས་བྱེད་ཚེ་ཡང་དེ་བཞིན་དུ། །ཆོས་ལ་ཕན་ཞིང་སེམས་ལ་གསལ་ གྱུར་ཅིང་། །ལྷ་སྟོང་བྱེ་བ་ལྷ་མོ་རྣམས་བཅས་པས། །དེ་ནི་བདག་གི་ཡིན་ཞེས་དགའ་བར་བྱེད། །ལྷ་ཡི་བུ་མོ་ཡིད་འོང་བརྒྱན་པ་རྣམས། །སྐྱེད་མོས་ཚལ་བཞིར་དེ་ནི་རྩེ་བྱེད་འཇུག །ཡིད་དུ་འོང་བའི་སྤོས་ངད་ཀུན་ནས་ལྡང་། །གླུ་དབྱངས་སྙན་པའི་སྒྲ་ཡང་ཐོས་པར་འགྱུར། །བསྔགས་པའི་ལྷ་དེ་ག་ ལས་གར་འགྲོ་བ། །དེ་དང་དེར་ནི་གཟུགས་བཟང་རྣམས་ཀྱང་མཐོང་། །མི་སྡུག་གཟུགས་ངན་རྣམས་ཀྱང་མི་མཐོང་སྟེ། །རྒྱལ་བའི་མཆོད་རྟེན་མར་མེ་ཕུལ་བས་འགྱུར། །དེ་ནས་ཤི་འཕོས་མི་ཡི་སྲིད་པ་འདིར། །དྲན་དང་ལྡན་བཞིན་མ་ཡི་མངལ་ན་གནས། །བཙས་ནས་གང་ནས་ཤི་འཕོས་ཚེ་ རབས་དྲན། །འཕགས་པའི་ཡེ་ཤེས་སྟོབས་ལས་ཉམས་མི་འགྱུར། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་པས། །དེ་ཡིས་ལས་བྱས་པ་ནི་དེ་ཉིད་ཀྱིས། །འཁོར་ལོས་སྒྱུར་བ་མི་བདག་སྟོབས་ཆེན་ལྡན། །ཡིད་འོང་གཟུགས་བཟང་བལྟ་ན་དགའ་བར་འགྱུར། །དེ་ཡིས་ལས་བྱས་པ་དེས་ཚེ་ རིང་འགྱུར། །གཅིག་ཏུ་དག་པ་ཉིད་ཀྱི་བདེ་དང་ལྡན། །དེ་ཡི་ལུས་ནི་ནད་ཀྱིས་ཉོན་མི་མོངས། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །བདེ་བར་གཤེགས་ལ་མར་མེས་མཆོད་བྱས་པས། །རྐུན་པོའི་གནོད་མེད་རྒྱལ་པོའི་ཆད་པ་མེད། །གཤེད་མ་མེད་ཅིང་ཆུང་མ་བྱི་ཕོ་མེད། །དེ་ཡི་ལས་ཀྱིས་ ནམས་ཀྱང་གཙེ་མི་འགྱུར། །བདེ་ཞིང་ལོ་ལེགས་གང་དུའང་འཇིགས་པ་མེད། །རྟག་ཏུ་འབྱོར་ཅིང་ལེགས་འབྱོར་ནོར་འབྲུ་ལྡན། །དེ་ཡི་སྐྱེད་མོས་ཚལ་མཆོག་ཕྲེང་བ་དང་། །ཚལ་དང་ཤིང་ཕྲན་ལོ་མ་སྣ་ཚོགས་བརྒྱན། །དེ་ཡིས་འཇིག་རྟེན་གཙོ་བོ་སངས་རྒྱས་མཐོང་། །མཐོང་ནས་ཀྱང་ནི་མཆོག་ཏུ་ དགའ་འགྱུར་ཏེ། །དེ་དག་རྣམས་ལ་གུས་པར་དེ་མཆོད་བྱེད། །རྒྱལ་སྲིད་སྤངས་ནས་དགེ་སློང་ཉིད་ལ་སྟེན། །བསྔགས་པ་མཐའ་ཡས་གཟིགས་པ་མཐའ་ཡས་ཤིང་། །མཐའ་ཡས་བློ་ལྡན་བདེ་གཤེགས་མཆོད་རྟེན་ལ། །མར་མེ་ཕུལ་བས་མཐའ་ཡས་བློ་ལྡན་འགྱུར། །མར་མེ་བཞིན་དུ་ ཕྱོགས་རྣམས་ཀུན་དུ་གསལ། །མར་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི། །མཆོད་རྟེན་གསལ་བྱས་རྣམ་དག་མིག་གིས་ནི། །བྱང་ཆུབ་རྡུལ་བྲལ་ཟག་པ་མེད་ཐོབ་ནས། །དེ་ཕྱོགས་ཀུན་དུ་མར་མེ་བཞིན་དུ་གསལ། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན། །རྣམ་གྲོལ་བློ་ མངའ་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་བྱོན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཕྱོགས་རྣམས་དག་ན་བགྲང་བྱས་འཇིག་རྟེན་ཁམས། །གང་དག་ཇི་སྙེད་ཡོད་པ་མ་ལུས་པ། །མར་མེ་ལྟ་བུར་མེ་ཡི་རྒྱུ་ཡིས་ནི། །མ་ལུས་པ་དག་རྟག་ ཏུ་སྣང་བྱས་འགྱུར། །བདག་ཉིད་ཆེ་ལ་མར་མེ་ཕུལ་བ་ལས། །མཐུ་འབྱུང་གང་ཡིན་དེ་ནི་དེ་ཡིན་ནོ། །མར་མེ་འདྲ་བ་དག་ལ་སེམས་ཅན་ཀུན། །ལྷག་བྱས་གལ་ཏེ་མཐུ་ཆེན་དོན་དམ་མཐོང་། །རང་རྒྱལ་རྣམས་སུ་གྱུར་ལ་དེ་མཆོད་ཕྱིར། །གཅིག་འགས་མར་མེ་འབར་བར་བྱས་གྱུར་ལ། ། མར་མེའི་སྙིང་པོ་རི་རབ་ཙམ་བྱས་ཤིང་། །དེ་ཡིས་འཇིག་རྟེན་མ་ལུས་སྣང་བྱེད་ལ། །རྣམ་པ་དེ་འདྲས་མཐའ་ཡས་ཕྱོགས་ཀུན་དུ། །གལ་ཏེ་མར་མེ་འབུལ་བར་བྱེད་གྱུར་ལ། །རང་རྒྱལ་བྱང་ཆུབ་ཏུ་ནི་སྨོན་སེམས་ཀྱིས། །བསྐལ་པ་བརྒྱ་ཕྲག་མཐའ་ཡས་འབར་བྱེད་པས། །གང་ཞིག་ བྱང་ཆུབ་ཕྱིར་ནི་སྨོན་སེམས་ཀྱིས། །མཆོད་རྟེན་མཆོག་ལ་རྩྭ་མེས་གསལ་བྱེད་ན། །དེ་བས་དེ་མཆོག་འབྲས་བུ་ཆེས་ཆེ་ཞེས། །དོན་དམ་གཟིགས་པ་སངས་རྒྱས་རྣམས་གསུང་ངོ་། །ཕྱོགས་བཅུའི་སྐྱེ་བོ་གང་དག་དཔག་མེད་པ། །རང་སངས་རྒྱས་ཉིད་མངོན་པར་འདོད་པའི་ཕྱིར། ། རེ་རེས་དེ་བཞིན་མར་མེ་རྣམས་ཕུལ་ཞིང་། །བསྐལ་པ་གྲངས་མེད་དེ་དག་འབར་བྱེད་ལ། །འཇིག་རྟེན་ཆེད་དུ་བདེ་གཤེགས་ཉིད་འདོད་ཅིང་། །གང་ཞིག་འཇིག་རྟེན་དམ་པའི་མཆོད་རྟེན་ལ། །མར་མེ་འབུལ་ལམ་ལན་ཅིག་ཕྱག་འཚལ་ན། །དེ་བས་འདི་བསོད་འབྲས་བུ་ཁྱད་པར་ འཕགས། །སངས་རྒྱས་སྤྱོད་ཡུལ་མཐོང་དཀའ་བསམ་མི་ཁྱབ། །ཐོས་ནས་དད་དང་དགའ་བ་སྐྱེད་པར་བྱེད། །དད་མེད་ཆོས་མཆོག་མ་ཐོབ་བྱིས་པ་རྣམས། །ཞུམ་ཞུམ་པོར་ནི་ཤིན་ཏུ་བྱེད་པར་འགྱུར། །དེ་ཕྱིར་འཇིག་རྟེན་ཀུན་མགོན་གང་ཡིན་པ། །དག་ཆོས་སྤྱོད་ཡུལ་ཅན་རྣམས་རྙེད་དཀའ་ བས། །ཐུབ་རྣམས་སྤྱན་སྔར་ཤིན་ཏུ་དང་སེམས་ཀྱིས། །སངས་རྒྱས་ཉིད་ཀྱི་ཆེད་དུ་སྨོན་ལམ་ཐོབ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་ བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་མར་མེ་འབུལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙ་བརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་ པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱ་ག་ར་ཨ་བ་ལམ་བི་ཀཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གྲོང་ཁྱེར་གྱིས་འཚོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། རྒྱལ་པོ་དང་། བློན་པོ་དང་། བྱང་ཆུབ་སེམས་དཔའ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། མཆོད་ཅིང་བརྗེད་དེ། པད་མ་ཆུས་མ་གོས་པ་བཞིན་དུ་བཞུགས་སོ། །དེ་ནས་དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་སྟོན་ཟླ་ཐ་ཆུང་ས་ཟླ་བ་ཉ་བའི་ཚེས་བཅྭ་ལྔ་ལ། འབྲུ་མར་གྱིས་ཟངས་པོ་ཆེ་སྟོང་བཀང་སྟེ་དངར་ནས་མར་མེ་སྦར་བའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞིར་ སྣང་བས་ཁྱབ་པར་བྱས་སོ། །དེ་ནས་ཡང་དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་དགའ་བྱེད་མ་ཞེས་བྱ་བ་གྲོང་ཁྱེར་གྱིས་འཚོ་བ་ཞིག་འདུག་གོ། །དེས་འབྲུ་མར་སྲན་གྲེའུ་དང་སྦྱར་བ་ཉོས་ནས་ཞག་བཞི་ཁ་འཚོས་ཏེ་ཉམ་ཆུང་བར་གྱུར་ཏོ། །དེ་ནས་འབྲུ་མར་དེ་ཁྱེར་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ སོང་ནས་ཁྱམས་ཀྱི་ནང་ལོགས་སུ་མར་མེ་སྦར་ཏེ་བཞག་ནས་འདི་ལྟར་སེམས་བསྐྱེད་དེ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་མ་འོངས་པའི་དུས་ན་ཇི་ལྟར་ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟ་བ་བཞིན་དུ་བདག་ཀྱང་མ་འོངས་ པའི་དུས་ན་སྟོན་པར་གྱུར་ཏེ་ཆོས་སྟོན་པར་གྱུར་ཅིག །དགེ་འདུན་ཡང་སྡུད་པར་གྱུར་ཅིག་ཅེས་བྱས་སོ། །འདི་ལྟར་ཡང་སེམས་བསྐྱེད་དེ། གལ་ཏེ་བདག་མ་འོངས་པའི་དུས་ན་སངས་རྒྱས་སུ་འགྱུར་བ་ཞིག་ན། མར་མེ་འདི་བདག་ཕྱིར་མ་འོངས་ཀྱི་བར་དུ་འབར་བར་གྱུར་ཅིག་ཅེས་བྱས་ ནས་མར་མེ་དེ་སྤར་ཏེ་གྲོང་ཁྱེར་དུ་སོང་ན། མར་མེ་དེའི་འོད་ཀྱིས་འཛམ་བུའི་གླིང་ཐམས་ཅད་སྣང་བར་གྱུར་ཏེ་ནམ་ནངས་ཀྱི་བར་དུ་ཡང་མར་མེ་དེ་མ་ཤིའོ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་ཆོས་གོས་ཀྱི་མཐའ་མས་མར་མེ་གསད་པར་བྱས་ན་གསད་པར་མ་ནུས་སོ། །དེ་ ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་རྣམ་པར་འཐོར་རླུང་གིས་གསད་པར་བྱས་ཀྱང་གསད་པར་མ་ནུས་སོ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་ཚངས་པའི་འཇིག་རྟེན་དུ་འདུག་ནས་སྟོང་གསུམ་འདིར་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་གྱི་རྒྱུན་དབབ་པར་བྱིན་གྱིས་ བརླབས་ཏེ་མར་མེ་དེའི་སྟེང་དུ་བཏང་ཡང་གསད་པར་མ་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཐོང་ཤིག །མར་མེ་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སྦར་བ་ཡིན་ལ། བྱང་ཆུབ་ཀྱི་སེམས་ནི་ཉན་ཐོས་ཀྱིས་ཟིལ་གྱིས་གནན་པར་མི་ནུས་སོ། །དེ་ཅིའི་ ཕྱིར་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་གནན་དུ་མེད་པའི་ཕྱིར་རོ། །དེ་ནས་རེ་ཞིག་ན་བུད་མེད་དེ་ཉི་མ་ཤར་ཏེ་གྲོང་ཁྱེར་ནས་ཕྱིར་འོངས་ནས། དེས་མར་མེ་དེ་ཤིན་ཏུ་འབར་བ་མཐོང་བ་དང་། དེ་མཆོག་ཏུ་དགའ་བ་ཆེན་པོས་རྒྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་འདི་ཡིན་ཏེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་ རྟེན་གྱི་བར་དུ་སོང་སྟེ་ཟླ་བ་དང་ཉི་མའི་འོད་ཀྱང་ཟིལ་གྱིས་མནན་ནས་ཡང་སླར་ལོག་སྟེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་པར་གྱུར་ཏོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་ འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་དེ་གསོལ་པ། རྒྱལ་མཆོག་རྣམ་པར་འདྲེན་པ་གང་ཟག་མཆོག །རྒྱུ་མེད་པར་ནི་འཛུམ་པ་མི་མཛད་ན། །ཅི་ཡི་རྐྱེན་གྱིས་ཞལ་ནི་འཛུམ་མཛད་པ། །འཇིག་རྟེན་ ཕན་པ་ཐུགས་བརྩེས་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གྲོང་ཁྱེར་གྱིས་འཚོ་བ་འདི་བསྐལ་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཏེ། རྟག་ཏུ་ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་ཉམས་སུ་མྱོང་ནས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་སྣང་བ་ཞེས་བྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྟོབས་བཅུ་ལྡན་པ་མཆོད་ཕྱིར་ཟངས་ཆེན་ཕྲག་སྟོང་གསལ་རྒྱལ་གྱིས། །མར་མེ་བཟང་པོ་སྦར་བས་ དཔག་ཚད་བཞིར་ནི་ཀུན་དུ་སྣང་། །གྲོང་ཁྱེར་འཚོ་བའི་འབྲུ་མར་སྲན་མ་གྲེའུ་སྦྱར་སྦར་བ་ཡིས། །འཛམ་གླིང་སྣང་བས་ཁྱབ་གྱུར་དེ་ནི་བྱང་ཆུབ་སེམས་ཀྱི་མཐུས། །མཽད་གལ་གྱིས་ནི་མར་མེ་གསད་འདོད་རྫུ་འཕྲུལ་རྒྱ་ཆེན་བྱས། །རྣམ་པར་འཐོར་བའི་རླུང་གི་ཤུགས་བཏང་གསད་པར་ཡོང་མ་ ནུས། །ཚངས་པའི་འཇིག་རྟེན་འདུག་ནས་ཆུ་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ། །ཕབ་ཀྱང་གསད་པར་མ་ནུས་མར་མེ་ཉི་མའི་འོད་བཞིན་སྣང་། །དེ་ནི་ཞག་བཞི་ཁ་འཚོས་རྒྱལ་བྱེད་དགའ་བའི་ཚལ་དུ་འོངས། །དགའ་བའི་སེམས་ཀྱིས་བདེ་གཤེགས་ཞབས་ལ་ཕྱག་བྱས་ཐལ་སྦྱར་འདུག ། མཉམ་མེད་འཛུམ་པ་མཛད་པས་ཀུན་དགའ་བོ་ཡང་རབ་དགའ་ནས། །གཟི་བརྗིད་མཐའ་ཡས་འཛུམ་མཛད་འདི་ཡི་འབྲས་བུ་ཇི་འདྲ་གསུངས། །དགའ་བྱེད་འདི་ནི་བསྐལ་པ་ཉི་ཤུ་བརྒྱད་ན་རྒྱལ་བར་འགྱུར། །རང་བྱུང་ཀུན་སྣང་ཞེས་བྱ་འོད་ཀྱིས་སྟོང་ཆེན་བཞི་སྣང་བྱེད། །མ་འོངས་དུས་ན་བདེ་བར་ གཤེགས་པ་བྱེ་བ་མཆོད་པར་འགྱུར། །དེ་ནི་ཀུན་དུ་འཁོར་ལོས་སྒྱུར་འགྱུར་རྒྱལ་རྣམས་བཀུར་སྟིར་བྱེད། །སངས་རྒྱས་རྟོགས་པ་བརྗོད་པ་ཡི་ནི་དད་རྣམས་རབ་དགའ་བྱེད། །སྐྱེ་བོ་མཁས་པ་དག་གིས་དེ་ཐོས་སེམས་ཀྱང་རབ་ཏུ་དགའ། །དེ་ལྟར་རྒྱལ་བ་བསམ་ཡས་སྟོབས་བཅུའི་ཆོས་ཀྱང་ བསམ་མི་ཁྱབ། །དགའ་བ་བསྐྱེད་ན་རྣམ་སྨིན་མཚུངས་མེད་བསམ་གྱིས་མི་ཁྱབ་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གྲོང་ཁྱེར་གྱིས་འཚོ་བ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་ དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་གྲོང་ཁྱེར་གྱིས་འཚོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙྪ་བ་བན་དེ་ཀླུའི་དབང་པོས་བསྒྱུར་བ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དེ་བ་ཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅། །བོད་སྐད་དུ། ཟས་ཀྱི་འཚོ་བ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འོད་མའི་ཚལ་ན་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ ཕྲག་ཕྱེད་དང་བཅུ་གསུམ་དང་། གཞན་ཡང་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། ལྷ་ཀླུ་སྡེ་བརྒྱད་དང་། བྱང་ཆུབ་སེམས་དཔའ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་མཽང་གལ་གྱི་བུ་ཆེན་པོ་འདུག་པ་ལས་ལངས་ཏེ། བཅོམ་ལྡན་ འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྔོན་གྲོང་ཁྱེར་དུ་བསོད་སྙོམས་ལ་མཆིས་པའི་ཤུལ་ལོགས་སུ་མི་གྲངས་ཁྲི་སྟོང་སྙེད་མཆིས་ཏེ། དེ་དག་གི་མགོ་བོ་ནི་རི་བཞིན་དུ་ཆེ། ཁོག་པ་ནི་རི་རབ་ལྷུན་པོ་ཙམ་འདྲ། མགྲིན་པ་ནི་ཁབ་བཞིན་དུ་ཕྲ། ཕན་ཚུན་ བསྐྱོད་ཅིང་མཆི་བ་ན་ཤིང་རྟ་ལྔ་བརྒྱ་ཤིན་ཏུ་འཁྲོལ་བའི་སྒྲ་བྱུང་སྟེ། དེ་ཡང་མི་བཟད་པའི་གཞོབ་ཀྱི་དུད་པ་ཀུན་ནས་འཐུལ་ལོ། །དེ་ཅིའི་དངོས་པོ་ལགས་པ་དང་། ཅི་ལས་གྱུར་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་དེ་དག་ནི་འདྲེ་བཀྲེན་ལྟོགས་པ་ཡིན་ཏེ། སྔོན་འདས་པའི་དུས་ན་མཆོད་སྡོང་བཤིག་པ་དང་། མཆོད་སྟོན་སྦྱར་བ་བཤིག་པས་དེ་ལྟ་བུའི་སྡིག་པ་རྣམ་པར་སྨིན་པ་ཡིན་ནོ། །ཡང་གཅིག་ཏུ་ན་གཞན་གྱི་མཆོད་སྟོན་ཟོས་ནས་ཟ་གཅིག་པར་མ་བྱས་པའི་སྡིག་གི་རྣམ་པར་སྨིན་པ་དེ་ཡིན་ ནོ། །མཆོད་སྟོན་ལྷག་མ་ཟ་གཅིག་པར་མི་བྱེད་པ་ལ་མ་བྱིན་ཅིག །ཡོན་བདག་གིས་ལྷག་མ་རྣམས་དགེ་འདུན་ལ་སྦགས་པའི་གསོལ་བ་བྱོས་ལ་བཟོད་པར་གསོལ་ཅིག །སྦགས་པའི་ཟས་རྣམས་དགེ་འདུན་རྣམས་ཀྱིས་གནང་བ་བྱིན་ཅིག །གནང་བ་མ་བྱིན་ན་དགེ་འདུན་རྣམས་ཀྱང་ལྟུང་ བར་འགྱུར་རོ། །དེ་ནས་མཽད་གལ་གྱི་བུས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་ཡང་དག་པའོ། །ཡོན་བདག་སུ་ཡང་རུང་སྟེ་ཆོས་བཞིན་དུ་བསྡུ་བའི་ཕྱིར་མཆོད་པའི་ཡོ་བྱད་འབྱོར་ཚོགས་ཏེ། ཟས་གཅིག་པར་བྱས་པ་རྣམས་ནི་ཟས་ཀྱི་འཚོ་བ་དང་ལྡན་པར་འགྱུར་ རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟ་གཅིག་པར་མ་བྱས་པ་རྣམས་ནི་ཟས་དང་མི་ལྡན་པར་འགྱུར་རོ། །དེ་ལྟར་ན་ཉི་མ་གཅིག་ཟ་གཅིག་པ་ཐུབ་ན་ཉི་མ་དྲུག་ཁྲིར་བསོད་ནམས་དང་བཟའ་བ་རྣམ་པར་འཕེལ་བར་འགྱུར་རོ། །དེ་ལ་དེ་ལྟར་མ་བྱས་པ་རྣམས་ནི་ཉི་མ་ཁྲི་ཕྲག་ དྲུག་ཅུར་འདྲེ་ལྟོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སྦྱིན་པ་ནི་ཤིན་ཏུ་ལྕི་བ་ཡིན་ཏེ། གཉིས་ན་ལྕགས་ཀྱི་ཐུ་ལུམ་ཟོས་ཀྱང་སླའི། ཡོན་བདག་དད་པ་ཅན་གྱི་ཟས་ནི་ཤིན་ཏུ་བཞུ་བར་དཀའ་སྟེ། ཤིན་ཏུ་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་ཏེ། ཚེ་རབས་ཁྲི་ཕྲག་བརྒྱར་ འདྲེ་ལྟོགས་པའི་དངོས་པོར་འགྱུར་རོ། །བསོད་ནམས་ཀྱི་ཟས་བྱའོ་ཅོག་ལ་ནན་ཏན་ཆེར་བྱོས་ཤིག །སྣམ་ཕྲག་གམ་ཕུ་རུང་གི་ནང་དུ་ཁྱེར་བར་བྱས་ན་ཚེ་རབས་ལྔ་བརྒྱར་དམྱལ་བར་ལྟུང་སྟེ། ལྕགས་ཀྱི་ཐུ་ལུམ་དམར་པོ་མཆན་ཁུང་གཡོན་པ་ནས་ཐལ་ཏེ་མཆན་ཁུང་གཡས་པར་ཐལ་ ལོ། །ལྷག་མ་མི་བཀུར་བར་བྱོས་ཤིག །ཆུང་ངུ་ན་ཁྲེའི་འབྲུ་གཅིག་ཙམ་ཁྱེར་ན་ཡང་ལྕགས་ཀྱི་འཁོར་ལོ་ཙམ་དུ་འགྱུར་རོ། །དགེ་བསྙེན་གྱིས་ཀྱང་རུང་སྟེ་བསོད་ནམས་ཀྱི་ཟས་སྦྱར་རོ་ཅོག་ལ་ཐོག་མ་ནས་མྱང་བའི་སྦགས་པར་མི་བྱའོ། །དེ་མྱངས་པས་སྦྱར་བ་ཐམས་ཅད་ལྷག་མའི་སྦགས་ པ་མི་བྱའོ། །བྱས་པ་དོན་མེད་པར་འགྱུར་རོ། །གཉིས་ན་མ་བྱས་ཀྱང་སླའོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་ཐམས་ཅད་མི་དགྱེས་པར་འགྱུར་རོ། །གཉེན་པོ་ཐམས་ཅད་མི་དགའ་བར་འགྱུར་རོ། །གང་ཞིག་མྱངས་པ་ཞིག་ཡོད་ན་ཚེ་རབས་ལྔ་ཁྲིར་འདྲེ་ལྟོགས་པར་འགྱུར་རོ། །སྡུག་བསྔལ་ མི་བཟད་པ་སྣ་ཚོགས་ཀྱང་མྱོང་བར་འགྱུར་རོ། །གང་ཞིག་ཕྱིན་ཆད་བསོད་ནམས་འདོད་པས་ཚུལ་བཞིན་དུ་བསོད་ནམས་ཀྱི་ཟས་གཙང་སྦྲས་ཕྱེད་པ་དང་། ཤིན་ཏུ་གུས་པར་སྦྱར་ལ་ལག་པ་ཤིན་ཏུ་དག་པར་བཀྲུས་ནས་ཚོད་མ་ལ་སོགས་པ་དྲོད་བག་ཏུ་སྦྱར་རོ་ཅོག་ཤིན་ཏུ་བཀབ་པ་ དང་། རིམ་གྲོ་བསྐྱེད་དེ་དེ་དག་ཀྱང་སྔར་མྱང་བར་མི་བྱའོ། །དེ་ནས་བསོད་ནམས་སུ་གྱུར་ཅིང་ལྷ་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །གཉེན་པོ་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །ལྷ་ལ་སོགས་པ་ཐམས་ཅད་ཀྱིས་སྲུང་ཞིང་བྱིན་གྱིས་རློབ་པར་འགྱུར་ཏེ་ཡང་དག་པར་སྨྲ་བ་ཡིན་ནོ། ། བསོད་ནམས་རྣམ་པར་སྨིན་པ་ནི་བྲག་ཅ་དང་གཟུགས་བརྙན་བཞིན་ནོ། །དེ་ལྟར་འདྲེ་བཀྲེན་ལྟོགས་པ་ནི་ཐོག་མ་མི་ལས་གྱུར་ཏེ། ཐོག་མ་ལག་པ་མི་གཙང་བས་དགེ་འདུན་གྱི་ཁ་ཟས་གཙང་མ་ལ་རེག་པ་དང་། བདག་གི་ལག་པ་མི་གཙང་བས་དགེ་འདུན་གྱི་ཁ་ཟས་གཙང་ མའི་ནང་དུ་བསྔོགས་སམ། ཟས་གཙང་མའི་ནང་དུ་ཁ་ཟས་མི་གཙང་བ་བསྲེས་ཏེ་དགེ་འདུན་ལ་སྦྱིན་པ་བྱས་པས་ཚེ་རབས་ལྔ་བརྒྱར་འདྲེ་ལྟོགས་པར་ལྟུང་སྟེ། རྟག་ཏུ་མི་གཙང་བ་ཟ་ཞིང་སྣམ་ཕྱི་སར་མི་གཙང་བ་ཟ་ན། སྣམ་ཕྱི་སའི་སྲུངས་མས་ལྕགས་ཀྱི་བེར་ཀས་གདེངས་ཏེ་འདྲེ་ལྟོགས་ པ་དེ་རྣམས་ཕྱི་སའི་སར་མི་སྙན་པར་བྱེད་དོ། །མིའི་རྣག་དང་། ཁྲག་དང་། མཆིལ་སྣབས་དང་། ངར་སྣབས་དང་། ཁྲུད་མ་མི་གཙང་བ་བཙོག་པ་ཟ་ཞིང་མི་གཙང་བ་སྲུང་ཞིང་བུད་མེད་བུ་བཙས་པའི་ཁྲག་མི་གཙང་བ་འཛག་པ་ཟ་བར་འགྱུར་རོ། །དེ་ནས་ཚེ་རབས་ཁྲི་ཕྲག་ལྔ་བརྒྱར་ཁྱི་དང་ ཕག་པ་དང་། སྦུར་བ་ལ་སོགས་པའི་ལུས་སུ་གྱུར་ནས་རྟག་པར་མནམ་ཞིང་བཙོག་པ་དང་མི་གཙང་བ་ཟ་བར་འགྱུར་ཏེ། །དེ་ལྟ་བུའི་སྡུག་བསྔལ་བསྐལ་པ་གྲངས་ཁྲི་སྟོང་དུ་མྱོང་སྟེ་ཐར་པའི་དུས་མེད་དོ། །རྣམ་པར་ཐར་པར་དཀའོ། །ཤིན་ཏུ་མི་ཟད་པ་ཡང་བརྗོད་ཀྱིས་མི་ལང་ངོ་། །གལ་ ཏེ་ལག་པ་ཕོ་མཚན་ལ་རེག་གམ། ལག་པ་མོ་མཚན་ལ་རེག་གམ། ལག་པ་མི་གཙང་བས་དགེ་འདུན་གྱི་ཁ་ཟས་གཙང་མ་ལ་རེག་གམ། དགེ་འདུན་གྱི་ཁ་ཟས་ལ་མི་གཙང་བ་ནང་དུ་བཅུག་གམ། མི་གཙང་བའི་ཟས་དགེ་འདུན་ཟར་བཅུག་ན་དེ་ལྟ་བུའི་སྡིག་པ་རྣམ་པར་སྨིན་པ་ནི་ཐམས་ ཅད་མིག་ནད་ཀྱི་རིམས་ཀྱིས་བཏབ་པ་དང་སྡིག་པར་མི་ཤེས་པའོ། །ཕྱིན་ཆད་དགེ་འདུན་གྱི་ཁ་ཟས་གཙང་བར་བྱས་པ་དང་། ལག་པ་གཙང་མས་དགེ་འདུན་གྱི་ཁ་ཟས་ཀྱི་སྣོད་ལ་བཟུང་བ་དང་། ལག་པ་གཙང་མས་ཁྲེ་འབྲས་བཀྲུ་བ་དང་། ཁ་ཟས་གཙང་མ་སྦྱིན་པ་བྱས་པ་ནི་ བསོད་ནམས་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་རོ། །ཕྱིན་ཆད་འདི་ཡོངས་སུ་གྲགས་པ་དང་། མྱུར་བུའི་ཡིད་ཀྱིས་ཟུང་ཤིག །འཚོ་བ་རྣམ་པར་དག་པའི་མདོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧསྟི་ ཀཀྵྱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། གླང་པོའི་རྩལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་ གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་མངོན་པར་གྲགས་པས་མངོན་པར་གྲགས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། གཉིས་སུ་མེད་པའི་ཆོས་འཆད་པ། རྫུ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དྲུག་ཁྲི་དང་ཡང་ཐབས་ཅིག་ཏུ་ བཞུགས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་དཔེ་མེད་བློ་གྲོས་དང་། མངོན་པར་གནོན་པའི་སྒྲ་སྒྲོགས་གཟི་བརྗིད་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་བཞིའི་མེ་ཏོག་རྒྱས་པ་དང་། གློག་ཆེན་སྒྲོན་མ་དང་། མཐའ་ཡས་པར་ལྟ་ཞིང་ཡུལ་ ཐམས་ཅད་ལས་འདས་པ་དང་། རི་རབ་བརྩེགས་པ་ལྟར་མངོན་པར་འཕགས་པ་དང་། མངོན་པར་དགའ་བས་མགུ་བ་སྐྱེད་པ་དང་། དཔུང་པ་དྲི་མ་མེད་པས་འོད་ཟེར་བཅོམ་པ་དང་། སེམས་ཅན་གྱི་བསམ་པ་ངེས་པའི་དོན་གྱི་ཕ་རོལ་དུ་བགྲོད་པར་དོང་བ་དང་། རྡོ་རྗེ་ལྟ་བུར་བརྟན་པ་ཐོབ་པ་ དང་། སྒྲར་བརྗོད་པ་དང་། དབྱངས་དང་ང་རོ་ཐམས་ཅད་ལས་འདས་པ་དང་། ཚངས་པའི་སྒྲ་གཟི་བརྗིད་མངོན་པར་འཕགས་པ་དང་། གྲགས་པའི་སྒྲས་འཇིགས་པ་བཅོམ་པ་དང་། དགེ་བའི་རྩ་བ་རིན་པོ་ཆེ་ཐམས་ཅད་བསགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་ཁྲི་རྣམས་དང་ཐབས་ཅིག་གོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཕྱི་དྲོའི་དུས་ན། ནང་དུ་ཡང་དག་འཇོག་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །ཡང་དེའི་ཚེ་བཅོམ་ལྡན་འདས་ ཤིང་གཞན་ཞིག་གི་དྲུང་ན་རབ་ཏུ་ཞི་བ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་རྒྱང་རིང་པོ་ནས་བཅོམ་ལྡན་འདས་སྤྱོད་ལམ་རབ་ཏུ་ཞི་བ་མཐོང་བ་དང་མྱུར་དུ་རྩྭ་བསྡུས་ནས་ཕྱོགས་གཅིག་ཏུ་སྐྱིལ་མོ་ཀྲུང་བཅས་ལུས་བསྲང་སྟེ། དྲན་པ་མངོན་དུ་བྱས་ནས་འདུག་གོ། །དེ་དེར་འདུག་མ་ཐག་ཏུ་ཨེ་མའོ་དེ་བཞིན་གཤེགས་པའི་སྤྱོད་པ་རབ་ཏུ་ཞི་བ་འདི་དང་། བདེ་བ་དང་། ཡིད་བདེ་བ་འདི་ངོ་མཚར་ཏོ། །སེམས་ཅན་གང་དག་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་པར་རབ་ཏུ་ཤེས་ པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ་སྙམ་དུ་སེམས་ལ་སེམས་ཀྱི་རྟོག་པ་དེ་ལྟ་བུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་དགོངས་ཤིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་མགུར་བསལ་བའི་སྒྲ་ཕྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ཀྱི་མགུར་བསལ་ བའི་སྒྲ་ཐོས་པ་དང་དགའ་མགུ་རངས་པར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ངོ་མཚར་དུ་གྱུར་ཏེ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྟོང་པའི་ཆོས་ལ་ཇི་ ལྟར་བདག་བཟོད་བཞིན། །གང་དག་སེམས་ཅན་ཡང་དག་མི་རྟོག་ཅིང་། །ཆོས་ལའང་ནམས་ཀྱང་རྟོག་པར་མི་བྱེད་པ། །འཇིག་རྟེན་ན་ནི་དེ་དག་མཉམ་པར་བཞག །སེམས་ཅན་འཁྲུལ་ལ་ནམས་ཀྱང་མི་ལྟ་ཞིང་། །ཆོས་རྣམས་ནམ་མཁའ་བཞིན་དུ་བསམས་བྱས་ནས། །གང་དག་སྒྱུ་ མའི་ངོ་བོ་ཉིད་མོས་པ། །གང་དག་བདག་ཏུ་ལྟ་མེད་དེ་དག་བདེ། །འདི་དག་སེམས་ཅན་ཡིན་ནམ་མ་ཡིན་ཞེས། །འདུ་ཤེས་ཐམས་ཅད་ལ་ནི་མི་དམིགས་པ། །སེམས་ཅན་ཀུན་ལ་འདུ་ཤེས་མེད་པ་དང་། །གང་དག་སེམས་ཅན་ལྟ་མེད་དེ་དག་བདེ། །རིལ་པོར་འདུ་ཤེས་ནམས་ཀྱང་ གང་མ་ཆགས། །ནམས་ཀྱང་དངོས་པོའི་འདུ་ཤེས་རྨོངས་པ་མེད། །ལྡང་བར་མི་བྱེད་འདུག་པར་བྱེད་པའང་མེད། །གང་དག་སྲོག་ཏུ་ལྟ་མེད་དེ་དག་བདེ། །སེམས་ཅན་ཐ་དད་མི་བྱེད་མཁས་པ་གང་། །ཆོས་ཀྱི་དབྱིངས་དང་འགལ་བར་མི་འགྱུར་ལ། །གང་ཟག་འདུ་ཤེས་ཐམས་ ཅད་རྣམ་པར་བཤིག །གང་དག་ཐ་དད་བློ་མེད་དེ་དག་བདེ། །གང་དག་སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་གནས། །འཇུངས་པའི་བསམ་པར་ནམས་ཀྱང་མ་གྱུར་ཅིང་། །གོང་བུའི་ཆོས་ལའང་ཡང་དག་མི་གནས་པ། །གང་དག་ཚུལ་ཁྲིམས་རློམ་མེད་དེ་དག་བདེ། །གང་དག་བཟོད་དང་ ངེས་པའི་ཡོན་ཏན་འཕགས། །གང་དག་ཐབ་མོ་དག་ལའང་མི་ལྟ་ཞིང་། །བརྩོན་འགྲུས་ལྡན་མིན་ལེ་ལོ་ཅན་ཡང་མིན། །གང་དག་བཟོད་པའི་འདུ་ཤེས་མེད་པ་དེ་དག་བདེ། །གང་དག་བསམ་གཏན་བྱེད་ཅིང་བརྟན་པ་མི་གནས་པ། །དེ་ཡང་གཡེང་བར་རྣམ་པར་མི་སེམས་པ། །མཉམ་ པར་བཞག་པའི་ཆོས་རྣམས་རབ་ཏུ་ཤེས། །གང་དག་བསམ་གཏན་འདུ་ཤེས་མེད་པ་དེ་དག་བདེ། །གང་དག་འདུ་ཤེས་མེད་ཅིང་འདི་ལ་ཤེས་རབ་མེད། །མི་ཤེས་དབང་དུ་འགྲོ་བའང་མ་ཡིན་ལ། །མཁས་པའང་མ་ཡིན་རྨོངས་པའང་ཡོད་མ་ཡིན། །གང་དག་ཤེས་རབ་འདུ་ཤེས་མེད་དག་ བདེ། །ཇི་ལྟར་དགོན་པ་དེ་བཞིན་གྲོང་ན་གནས། །གཉི་གར་འདུ་ཤེས་མཚུངས་ཤིང་མཉམ་པར་འཇུག །གྲོང་གི་སྤྱོད་ཡུལ་སྨོད་པར་མི་བྱེད་ཅིང་། །གང་དག་དགོན་པས་མི་རློམ་དེ་དག་བདེ། །གང་དག་བསོད་སྙོམས་ཁྱིམ་དང་བཅས་པར་སྤྱོད། །དེ་དག་བསོད་སྙོམས་དེ་ཡི་འདུ་ཤེས་མེད། ། བསོད་སྙོམས་སྤྱོད་པ་བདག་ཡིན་སྙམ་མི་སེམས། །གང་དག་བསོད་སྙོམས་འདུ་ཤེས་མེད་དག་བདེ། །གང་དག་བོར་བའི་ཕྱག་དར་ཁྲོད་པ་རྣམས། །བླངས་ནས་བདག་གིས་ལུས་ལ་འཆང་བར་བྱེད། །བདག་ནི་གོས་ངན་སྙམ་དུ་དེ་མི་སེམས། །གང་དག་གཞན་ལ་མི་སྨོད་དེ་དག་བདེ། །སངས་ རྒྱས་གནང་ཞིང་བདེ་གཤེགས་བསྔགས་པ་ཡི། །ཆོས་གོས་གསུམ་ལས་ལྷག་པར་མི་འཆང་ཞིང་། །བདག་ནི་འཇིགས་མེད་ཡིན་པར་མི་རྟོག་པ། །གང་དག་ང་རྒྱལ་མེད་པ་དེ་དག་བདེ། །གང་ན་བདག་མེད་སེམས་ཅན་ཡོད་མིན་པའི། །གང་དག་ཆོས་མཆོག་དམ་པ་འཆད་བྱེད་པ། ། བདག་ནི་འཆད་མཁན་ཡིན་པར་སེམས་པའང་མེད། །གང་དག་མེད་པར་མ་གྱུར་དེ་དག་བདེ། །དཀར་པོ་ཀུན་ལ་ཡང་དག་འདུ་ཤེས་མེད། །སྙིང་པོ་མེད་པ་རྗེས་སུ་འདུ་ཤེས་མེད། །དཀར་དང་གནག་པར་གང་དག་མི་སེམས་པ། །གང་དག་གཉིས་སུ་མི་སྤྱོད་དེ་དག་བདེ། །གང་དག་ ལངས་ལ་ལངས་པར་འདུ་ཤེས་མེད། །འདུག་ཀྱང་འདུག་པར་འདུ་ཤེས་ཡོད་མ་ཡིན། །ཉིན་མཚན་ཕྱད་པར་འཆག་ཅིང་བརྩོན་འགྲུས་རྩོམ། །གང་དག་སྤྲོས་པ་མེད་པ་དེ་དག་བདེ། །གང་དག་གནས་མིན་གནས་པར་མི་རྟོག་ཅིང་། །ཁྱད་པར་ཤེས་པ་ཞི་བར་མི་རྟོག་ལ། །དེ་ བཞིན་གཤེགས་དང་མུ་སྟེགས་ཁྱད་པར་མེད། །གང་དག་མཆོག་ཏུ་རློམ་སེམས་མེད་པ་དེ་དག་བདེ། །གང་ལ་གྲངས་དང་བགྲང་བའང་ཡོད་མ་ཡིན། །ནམ་མཁའི་དབྱིངས་ལྟར་མཉམ་ཉིད་མི་གཏོང་ལ། །བདག་དང་སེམས་ཅན་ཐ་དད་མི་སེམས་པ། །གང་ དག་ཁྱད་པར་ཐོབ་མེད་དེ་དག་བདེ། །གང་དག་སྒྱུ་མར་གྱུར་ཅིང་རྨི་ལམ་སྤྱོད། །རབ་ཏུ་མ་རྨོངས་མིག་ཡོར་ལྟ་བུར་གྱུར། །འཇིག་རྟེན་དག་ན་ཆུ་ཟླ་བཞིན་དུ་སྤྱོད། །གང་དག་ཀུན་ཏུ་མི་བརྩོན་དེ་དག་བདེ། །སེམས་ཅན་གང་དག་མཁས་ལ་དོན་དམ་ལྟ། །བརྡ་དང་ཐ་སྙད་སྙིང་པོ་མེད་པར་ ཤེས། །རབ་ཏུ་ཞི་བའི་ཆོས་རྣམས་རྗེས་སུ་རྟོགས། །གང་དག་མཚན་མའི་སྤྱོད་ཡུལ་མ་ཡིན་དེ་དག་བདེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཟབ་པ་ལ་སྤྱོད་པའི་ཆོས་ལ་མཆོག་ཏུ་གྱུར་པ། དེ་ལེགས་སོ་ལེགས་སོ། །ཤཱ་རིའི་བུ་དེ་བས་ན་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ལ་དགེ་སློང་དང་། བྱང་ཆུབ་སེམས་དཔའ་ཇི་སྙེད་ནང་དུ་ཡང་དག་འཇོག་ལ་ཞུགས་པ་དེ་དག་ཐམས་ཅད་ཁྱོད་ཀྱིས་སྡུས་ཤིག །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ནི་མི་སྤྲོའོ། །དེ་ཅིའི་སླད་ དུ་ཞེ་ན། གླང་པོ་ཆེན་པོ་དག་ནི་མགུ་བར་དཀའ་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཉིད་ཀྱི་སྐུ་ལས་འོད་ཟེར་ཕྱུང་ནས་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐུལ་བ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་གང་ན་བ་དང་། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས་བར་སྣང་གི་ནམ་མཁའ་ལ་གནས་པར་གྱུར་ཏོ། །དགེ་སློང་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ནང་དུ་ཡང་དག་འཇོག་ལ་ཞུགས་པ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་པར་གྱུར་ཏོ། །རྒྱལ་པོའི་ཁབ་ ཀྱི་གྲོང་ཁྱེར་ཆེན་པོ་ནས་ཀྱང་སྲོག་ཆགས་བརྒྱ་སྟོང་དུ་མ་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཡོད་པའི་འཁོར་འདུས་པར་མཁྱེན་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་བཞིན་ལ་གཟིགས་སོ། །གཟིགས་ནས་ཀྱང་འཛུམ་པ་མཛད་ དོ། །དེ་ནས་དེ་ཉིད་ཀྱི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་ པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་སངས་རྒྱས་ཁྲི་རྣམས་ཀྱིས། བྱ་རྒོད་ཀྱི་ཕུང་པོའི་རི་འདི་ལ་གླང་པོའི་རྩལ་ལྟ་བུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་པ་དང་། མྱུར་བ་མྱུར་བར་རིངས་ པའི་ཚུལ་དུ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ཡང་གླང་པོའི་རྩལ་ལྟ་བུ་ཞེས་ བགྱི་བའི་ཆོས་ཀྱི་རྣམ་གྲངས་བདག་ལ་བཤད་ན་ལེགས་སོ། །བདེ་བར་གཤེགས་པ་བདག་ལ་བསྟན་ན་ལེགས་སོ། །གང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པའི་བཞིན་ལ་གཟིགས་ནས་འཛུམ་པ་མཛད་པའི་ཆོས་ཀྱི་རྣམ་གྲངས་དེ་དེང་སང་ཐོས་པར་དཀོན་ལ། ཆོས་ཀྱི་རྣམ་ གྲངས་དེ་ངོ་མཚར་དུ་འགྱུར་ཞིང་ཟབ་ལ་ཟབ་པར་སྣང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་ཁྱོད་ལྷག་མཐོང་ལ་མཁས་ཤིང་དཔྱོད་པ་ལེགས་སོ་ལེགས་སོ། །དེ་བས་ན་ཀུན་དགའ་བོ་ཁྱོད་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འདྲིར་གཞུག་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དེ་ལྟ་བུའི་མཚན་མ་མཛད་ནས། དེའི་ཕྱིར་གང་བདག་གིས་དེ་བཞིན་གཤེགས་པ་ལ་ དེ་ལྟ་བུའི་ཟབ་མོ་ཟབ་པ་གང་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། མཚན་མར་ལྷུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་མ་ཡིན་པ་ཞུ་བ་ཞུའོ་སྙམ་དུ་སེམས་པར་གྱུར་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟར་ཡིད་ལ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་དང་ ལྡན་པའི་འཁོར་འདི་དག་ཀྱང་འདུས་ཀྱིས་འཇམ་དཔལ་ཁྱོད་གང་དང་གང་འདོད་པ་ཞུས་ཤིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ཡང་གདའ་བ་ལགས། སེམས་ཅན་ ཚད་མ་མཆིས་གྲངས་མ་མཆིས་པ་རྣམས་ཀྱང་ཡོངས་སུ་སྨིན་པར་བགྱིད་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་ཡང་ཆུའི་ཟླ་བ་ལྟ་བུར་གདའ་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་ མདོར་དོན་ཆེན་པོ་ཞུ་བ་ཞུས་པ་ལེགས་སོ་ལེགས་སོ། །དེའི་རྣམ་པར་དབྱེ་བ་རྒྱ་ཆེར་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་འཚལ་ལོ་ཞེས་འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་དྲུག་དང་ལྡན་ན་བྱ་བ་དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱེད་ཅིང་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་ཡང་གནས་པར་འགྱུར་རོ། །དྲུག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་བྱེད་པ་ན། སྦྱིན་པའི་བདག་ པོ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་མོད་ཀྱི། བདག་སེར་སྣ་སྤྱོད་པ་ལས་རྣམ་པར་ལོག་པར་མི་མཐོང་ངོ་། །ཚུལ་ཁྲིམས་ལ་གནས་པ་ཡིན་མོད་ཀྱི། བདག་ཚུལ་ཁྲིམས་ངན་པའི་ལས་ལས་འདས་པ་ཡིན་པར་མི་ཤེས་སོ། །བཟོད་པ་དང་ངེས་པར་ལྡན་པ་ཡིན་མོད་ཀྱི། བདག་ གནོད་སེམས་ཀྱི་སྤྱོད་པ་དང་བྲལ་བར་མི་མཐོང་ངོ་། །བརྩོན་འགྲུས་བརྩམས་པ་ཡིན་མོད་ཀྱི། ལུས་དང་སེམས་ཀྱིས་བརྩོན་པ་མ་ཡིན་ནོ། །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་མཁས་པ་ཡིན་མོད་ཀྱི། སེམས་རྩེ་གཅིག་ཏུ་ གནས་པར་གྱུར་པ་ཡང་མ་ཡིན་ནོ། །སྤྱོད་ཡུལ་ཤེས་རབ་ལ་གནས་པ་ཡིན་མོད་ཀྱི། བདག་འགྲོ་བ་ཐམས་ཅད་ལས་ཡོངས་སུ་མ་གྲོལ་བར་མཐོང་ངོ་། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་འདི་དྲུག་དང་ལྡན་ན་བྱ་བ་དེ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་ ཡང་གནས་པ་ཡིན་ནོ། །འཇམ་དཔལ་གཞན་ཡང་ཆོས་དྲུག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བྱ་བ་དེ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་ཡང་གནས་པ་ཡིན་ནོ། །དྲུག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བའི་གནས་ཡོངས་ སུ་གཟུང་བ་ཡང་ཡོངས་སུ་འཛིན་ལ་མཐོ་རིས་ཀྱི་ཆོས་ཀྱང་མྱོང་བར་བྱེད་པ་དང་། དུད་འགྲོར་འགྲོ་བའི་གནས་ཀྱང་ཡོངས་སུ་འཛིན་ལ་མིའི་ཆོས་རྒྱ་ཆེན་པོ་ཡང་མྱོང་བར་བྱེད་པ་དང་། རིགས་དམའ་བར་སྐྱེ་བ་ཡོངས་སུ་གཟུང་བ་ཡང་ཡོངས་སུ་འཛིན་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཡང་ མྱོང་བར་བྱེད་པ་དང་། སྐྱེ་བ་ཐམས་ཅད་དུ་གཏོགས་པར་ཡང་སྟོན་ལ་འགྲོ་བའི་ཁྱད་པར་གྱི་བྱ་བ་རྣམས་ཀྱང་མྱོང་བར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ལ་མཁས་པ་ཡང་ཡིན་ལ་གནས་ནས་ཀྱང་མི་འཕོ། འགྲོ་བ་ཡང་མེད། འོང་བ་ཡང་མེད་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ ཅད་དུ་ཡང་ཆུའི་ཟླ་བ་བཞིན་དུ་སྣང་བ་དང་། སྒྲ་སྐད་ཐམས་ཅད་ཀྱང་འབྱིན་ལ་ཕན་ཚུན་འདྲེས་པར་ཡང་མི་བྱེད་པ་ཡིན་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་དེ་དྲུག་དང་ལྡན་ན་བྱ་བ་དེ་དག་སྟོན་ཅིང་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་ཡང་གནས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་ དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བའི་གནས་ཡོངས་སུ་གཟུང་བ་ཡང་ཡོངས་སུ་འཛིན་ལ་མཐོ་རིས་ཀྱི་ཆོས་ཀྱང་མྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་པད་མོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་ཅན་དམྱལ་བའི་གནས་ཡོངས་སུ་གཟུང་བ་ཡང་ཡོངས་སུ་འཛིན་ཏེ། དེ་ལྷའི་བདེ་བ་གང་ཆུང་ཟད་ཡོད་པ་དེ་དག་ཐམས་ཅད་དེ་ན་མྱོང་བར་ བྱེད་དོ། །སེམས་ཅན་དེ་དག་གིས་ཀྱང་དེ་དམྱལ་བས་དམྱལ་བར་མཐོང་སྟེ། དེ་ཆ་ལུགས་དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་དམྱལ་བ་དང་བྲལ་བར་གྱུར་པ་ལ་ཆོས་འཆད་དོ། །དེ་སེམས་ཅན་སྟོང་ཕྲག་དུ་མ་སེམས་ཅན་དམྱལ་བ་ལས་རབ་ཏུ་ཐར་བར་བྱེད་དོ། །འཇམ་དཔལ་དེ་ལྟར་ ན་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བའི་གནས་ཡོངས་སུ་གཟུང་བ་ཡང་ཡོངས་སུ་འཛིན་ལ་མཐོ་རིས་ཀྱི་ཆོས་ཀྱང་མྱོང་བར་བྱེད་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དུད་འགྲོའི་གནས་ཀྱང་ཡོངས་སུ་འཛིན་ལ་མིའི་ཆོས་རྒྱ་ཆེན་པོ་ ཡང་མྱོང་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་ཉེ་བར་ཞི་བ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དུད་འགྲོའི་གནས་ཡོངས་སུ་འཛིན་ཅིང་སེམས་ཉམས་པ་མེད་པར་མིའི་ཆོས་རྒྱ་ཆེན་པོ་མྱོང་བར་བྱེད་ དོ། །དེ་ཆ་ལུགས་དེས་དུད་འགྲོར་གྱུར་པའི་སེམས་ཅན་རྣམས་ལ་ཆོས་འཆད་དེ། དེ་སེམས་ཅན་སྟོང་ཕྲག་མང་པོ་ཆོས་ལ་འཇོག་གོ། །འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དུད་འགྲོའི་གནས་ཀྱང་ཡོངས་སུ་འཛིན་ལ་མིའི་ཆོས་རྒྱ་ཆེན་པོ་ཡང་མྱོང་བར་བྱེད་པ་ཡིན་ནོ། །འཇམ་དཔལ་ གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རིགས་དམའ་བར་སྐྱེ་བ་ཡོངས་སུ་གཟུང་བ་ཡང་ཡོངས་སུ་འཛིན་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཡང་མྱོང་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་ དཔའ་མངོན་པར་གནོན་ཅིང་རྣམ་པར་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཏིང་ངེ་འཛིན་དེ་མངོན་པར་གནོ