Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
གི་རྒྱལ་པོ་གང་དུ་འབྱུང་བ་དེར་ལྕགས་དང་ལྕགས་ཀྱི་ཡོ་བྱད་རྣམས་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་གང་དུ་བྱུང་བ་དེར་མེའི་འོད་རྣམས་དང་། གློག་གི་འོད་རྣམས་མི་འབྱུང་ངོ་། །དེར་ཉི་མའི་འོད་རྣམས་མི་འབྱུང་ངོ་། །དེར་ནོར་བུའི་འོད་རྣམས་མི་འབྱུང་ངོ་། །དེར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བའི་འོད་རྣམས་མི་འབྱུང་ངོ་། །དེར་རྒྱལ་པོ་རྣམས་ཀྱི་བཀའ་མི་འབྱུང་ངོ་། །དེར་རིགས་བཞི་རྣམས་མི་འབྱུང་ངོ་། །དེར་མི་ཁོམ་པར་སྐྱེ་བ་རྣམས་མི་ འབྱུང་ངོ་། །དེར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་རྣམས་མི་འབྱུང་ངོ་། །དེར་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་མི་འབྱུང་ངོ་། །དེར་ཉོན་མོངས་པ་ཐམས་ཅད་མི་འབྱུང་ངོ་། །དེར་འཁྲུག་པ་ཐམས་ཅད་ མི་འབྱུང་ངོ་། །དེར་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་དང་། འཚོ་བ་པ་རྣམས་མི་འབྱུང་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་ཞིང་ཡུལ་ཆགས་པ་མེད་པའི་ཕྱིར་རྣམ་པར་མི་ རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པའི་ཡུལ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་ གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི་འཇམ་དཔལ་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་སྐད་ཅིག་སྐད་ཅིག་ལ་དེ་བཞིན་གཤེགས་ པའི་གཟུགས་ཀྱི་སྐུ་ཁ་དོག་དང་། རྣམ་པར་གནས་པ་དང་འཇུག་པ་དུས་གཅིག་ཏུ་འབྱུང་བ་དག་ནི་ཆེས་མང་སྟེ། དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་ པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །དེ་བཞིན་གཤེགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་སེམས་ཅན་རྣམས་དགེ་བའི་རྩ་བ་གཞན་དང་གཞན་དག་རྩོམ་པར་སྦྱོར་བ་དང་། ལས་དང་བཟོའི་གནས་ཐམས་ཅད་ ལ་སྦྱོར་བ་དག་འབྱུང་བ་ནི་ཆེས་མང་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ རབ་འབྱམ་ཐམས་ཅད་ན་མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལས་བྱ་བ་ཐམས་ཅད་གང་ཅི་འབྱུང་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་ པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ས་ལ་རྟེན། ས་ལ་གནས་ནས་ས་བོན་ཐམས་ཅད་དང་། རྩྭ་དང་ཤིང་གེལ་པ་དང་། རྩི་དང་ནགས་ཚལ་ཐམས་ཅད་འཕེལ་ཞིང་རྒྱས་ལ་ཡངས་པར་འགྱུར་ཏེ། ས་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་རྟེན། དེ་བཞིན་གཤེགས་པ་ལ་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་མུ་ སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པ་མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་འཕེལ་ཞིང་རྒྱས་པ་ཡངས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། གང་དག་ཟུག་རྔུ་འབྱིན་པའི་སྨན་ལ་རེག་པ་དེ་དག་གི་ཟུག་རྔུ་ཐམས་ཅད་འབྱིན་ཏེ། ཟུག་རྔུ་འབྱིན་པའི་སྨན་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་གང་དག་ཐ་ན་དེ་བཞིན་གཤེགས་པ་རི་མོར་བྲིས་པའམ། གླེགས་ བམ་ལ་བྲིས་པ་ལ་རེག་ཀྱང་རུང་སྟེ། རྒྱུ་དེས་དེ་དག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་ཐམས་ཅད་ཀྱི་ཟུག་རྔུ་འབྱིན་ཏེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་མི་རྟོག །རྣམ་ པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། བྱང་ཆུབ་སེམས་དཔའ་གང་དག་ཆོས་བསྟན་པ་གང་འདོད་ པ་དེ་དག་དེ་བཞིན་གཤེགས་པའི་གན་དུ་འགྲོ་ཞིང་ཆོས་བསྟན་པ་དེ་དག་དེ་བཞིན་གཤེགས་པ་ལས་ཉན་ཀྱང་དེ་བཞིན་གཤེགས་པ་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་ དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ནི་ འཇམ་དཔལ་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་འཇིག་རྟེན་གྱི་ཁམས་རེ་རེ་དང་། རྡུལ་ཕྲ་རབ་རེ་རེ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ལ་འཇུག་སྟེ། འཇིག་རྟེན་གྱི་ཁམས་རེ་རེ་ དང་། གླིང་རེ་རེར་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་ པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་ནི་ཆེས་མང་ངོ་། །དེ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་ བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། མ་འདྲེས་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ །དེ་བཞིན་དུ་ཕ་ རོལ་ཏུ་ཕྱིན་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་ གྱིས་རློབ་པ་དག་གོ། །དེ་བཞིན་དུ་ས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་ པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་གཟུངས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་ མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ །དེ་བཞིན་དུ་ཏིང་ངེ་འཛིན་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་ པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་རྣམ་པར་ཐར་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལས་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་ པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་ པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་སྨོན་ལམ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་ གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་དབུགས་འབྱིན་པ་རྙེད་པ་རྒྱ་མཚོ་གྲངས་མེད་པའི་ བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་ པ་དག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་ མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་ པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་ བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དག་ཡོད་པ་དེ་དག་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེར་འཇིག་ཅིང་ཆགས་སོ། །དེ་ཅིའི་ཕྱིར་ཞེ་ན། མཐའ་དང་དབུང་མེད་པའི་ཆོས་ཉིད་བརྙེས་པའི་ཕྱིར་རོ། །འཇམ་དཔལ་དེ་བཞིན་གཤེགས་པའི་ བསམ་གྱིས་མི་ཁྱབ་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་ཀུན་ཏུ་གཟིགས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་སེམས་ ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བ་རྣམས་དེ་བཞིན་གཤེགས་པས་གཟིགས་ཏེ། དེ་བཞིན་དུ་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛོད་སྤུས་ཀྱང་གཟིགས་སོ། །དེ་བཞིན་དུ་མཚན་རེ་རེས་ཀྱང་གཟིགས་སོ། ། དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེས་ཀྱང་གཟིགས་སོ། །དེ་བཞིན་དུ་སྤུའི་ཁུང་བུ་རེ་རེས་ཀྱང་གཟིགས་སོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བ་ དག་དུས་གཅིག་ཏུ་གཟིགས་སོ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཀུན་ཏུ་གཟིགས་པ་མདོར་བཤད་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་གྲགས་པ་ནི་འཇམ་ དཔལ་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་འཇུག་ཅིང་སེམས་ ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྣམ་པར་འཕྲུལ་པ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ་ཐམས་ཅད་འབྱུང་སྟེ། སེམས་ཅན་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་སྟེ། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་ཞིང་རྣམ་པར་འཕྲུལ་པ་དང་། ཆོས་རྣམ་པར་འཕྲུལ་པ་དང་། སྐུ་རྣམ་པར་འཕྲུལ་པ་དང་། སྨོན་ལམ་རྣམ་པར་འཕྲུལ་པ་དང་། སྤྱོད་ཡུལ་ རྣམ་པར་འཕྲུལ་པ་དང་། ཡེ་ཤེས་རྣམ་པར་འཕྲུལ་པ་དང་། མངོན་པར་ཤེས་པ་རྣམ་པར་འཕྲུལ་པ་དང་། རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་། སྟོབས་རྣམ་པར་འཕྲུལ་པ་དེ་ལྟ་བུ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྣམ་པར་འཕྲུལ་པ་ཐོགས་པ་མེད་ པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ་དག་སྐད་ཅིག་སྐད་ཅིག་ལ་འབྱུང་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པོ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ ཕྱིར་རོ། །འཇམ་དཔལ་དེ་བཞིན་གཤེགས་པའི་གྲགས་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་དབྱེར་མེད་ཅིང་མི་གནས་པ་ནི་འཇམ་དཔལ་དེ་ བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་འདི་ན་ཐ་དད་ལ་འཇིག་རྟེན་གྱི་ཁམས་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་གླིང་འདི་ན་ཐ་དད་ལ་གླིང་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཁྱིམ་འདི་ན་ཐ་དད་ལ་ཁྱིམ་གཞན་དུ་གནས་པ་མ་ཡིན་ ནོ། །དེ་བཞིན་གཤེགས་པ་ལྷའི་རིས་འདི་ན་ཐ་དད་ལ་ལྷའི་རིས་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་འདི་ན་ཐ་དད་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཡི་དགས་ཀྱི་འགྲོ་བ་ འདི་ན་ཐ་དད་ལ་ཡི་དགས་ཀྱི་འགྲོ་བ་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་སེམས་ཅན་དམྱལ་བའི་འགྲོ་བ་འདི་ན་ཐ་དད་ལ་སེམས་ཅན་དམྱལ་བའི་འགྲོ་བ་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་འདོད་པའི་ཁམས་ན་ཐ་དད་ལ་གཟུགས་ཀྱི་ཁམས་སུ་ གནས་པ་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་དབྱེར་མེད་ཅིང་མི་གནས་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་སྐུ་ཐོགས་པ་མེད་ པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་དག་ན་སངས་རྒྱས་ཀྱི་ཞིང་གང་དག་ཡོད་པ་དེ་དག་གི་ནམ་མཁའ་ཅི་འདྲ་བའི་མཐའ་ནི་ཡོད་སྲིད་ཀྱི། དུས་གསུམ་གྱི་ཕྱོགས་མཐའ་ཡས་པ་དག་ན་རྒྱལ་བའི་གཙུག་ཏོར་འབྱུང་བ་དང་། འཇིག་པར་སྣང་བའི་རྒྱལ་བའི་གཙུག་ ཏོར་གྱི་མཐའ་ནི་ཕྱོགས་རྣམས་ན་མི་རྙེད་དོ། །དེ་དག་གི་ནམ་མཁའ་ཅི་འདྲ་བའི་མཐའ་ནི་ཡོད་སྲིད་ཀྱི། དེ་བཞིན་དུ་རྒྱལ་བའི་མཛོད་སྤུ་དང་། དེ་བཞིན་དུ་མཚན་རེ་རེ་དང་། དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེ་དང་། དེ་བཞིན་དུ་སྤུའི་ཁུང་བུ་རེ་རེའི་མཐའ་ནི་ཕྱོགས་རྣམས་ ན་མི་རྙེད་དོ། །ལྷ་དང་། མི་དང་། བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་ཚུལ་བསྟན་པ་ཇི་ལྟ་བུས་འདུལ་བ་དེ་དག་གིས་ཆོས་ཀྱི་ཚུལ་བསྟན་པ་དེ་འདྲ་བ་དག་འབྱུང་བར་ཤེས་ཏེ། དེ་ལ་ལྷ་དང་། མི་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་གཙུག་ཏོར་ལས་ བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་ འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་ས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་གཟུངས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་ བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་མངོན་པར་ཤེས་ པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་སྨོན་ལམ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ ནི་དབུགས་འབྱིན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་ མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་ བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་དུས་གསུམ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་དུས་ གསུམ་བསྟན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་མི་སྐྱོ་བའི་སེམས་བསྐྱེད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ལྷ་དང་། མི་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་གཙུག་ཏོར་ནས་ དབྱེར་མེད་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །དེ་བཞིན་དུ་ལྷ་དང་། མི་དང་། བྱང་ཆུབ་སེམས་དཔའ་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་དག་གིས་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དེ་ བཞིན་དུ་མཛོད་སྤུ་དང་། དེ་བཞིན་དུ་མཚན་རེ་རེ་དང་། དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེ་དང་། སྤུའི་ཁུང་བུ་རེ་རེ་ནས་ཆོས་ཐ་དད་པ་རྒྱ་མཚོའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ་ཐོགས་པ་མེད་པ་མདོར་བསྟན་པ་ཡིན་ཏེ། རྒྱས་ པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་བ་ནི་འཇམ་དཔལ་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་ ཡོད་པ་དག་ནི་རབ་ཏུ་ཉུང་གི །དེ་བཞིན་གཤེགས་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དག་ནི་ཆེས་མང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་ཙམ་མོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བརྒྱའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བརྒྱ་ཕྲག་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུའོ། །འཁོར་དེ་ཉིད་ན་བྱང་ཆུབ་སེམས་དཔའ་ ཁ་ཅིག་གི་ཁྲུན་ནི་དཔག་ཚད་སྟོང་ངོ་། །འཁོར་དེ་ཉིད་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་སྟོང་ཕྲག་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བའོ། །བྱང་ཆུབ་སེམས་ དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བ་ཕྲག་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བ་ཕྲག་བརྒྱའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བ་ཕྲག་སྟོང་ངོ་། ། བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བ་སྟོང་ཕྲག་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་ཡོད་དེ། དེ་དག་ཐམས་ཅད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། གླིང་ཐམས་ཅད་ན་དུས་གཅིག་ཏུ་ དེ་བཞིན་གཤེགས་པ་ཉིས་འགྱུར་དུ་མཐོང་ངོ་། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་གང་ལ་ལ་ཞིག་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ། འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་གོམ་པ་འདོར་བས་སྟེང་གི་ཕྱོགས་ ལོགས་སུ་སོང་སྟེ། གོམ་པ་རེ་རེས་ཀྱང་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོར་སོང་ལ་དེ་བཞིན་གཤེགས་པའི་སྤྱི་གཙུག་ཚོལ་ཞིང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་བསྐལ་པ་རྒྱ་མཚོར་སོང་ཡང་དེར་ཡང་དེ་བཞིན་གཤེགས་པ་ ཉིས་འགྱུར་དུ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་བ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་ དཔལ་དེ་ལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་སྤྱོད་པའི་གནས་རྣམས་ནི་འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་ རབ་ཀྱི་རྡུལ་རེ་རེ་ལ་དེ་བཞིན་གཤེགས་པ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་སྤྱོད་པའི་གནས་རྣམས་ནི་ཆེས་མང་ངོ་། །འཇམ་དཔལ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་དེ་བཞིན་གཤེགས་པ་སེམས་ཅན་ཡོངས་སུ་སྨིན་པར་མཛད་ པ་སྤྱོད་པའི་གནས་ཇི་སྙེད་པ་དེ་བས་ནི། དེ་བཞིན་གཤེགས་པའི་སྐུ་ལས་འོད་ཟེར་གྱི་རྒྱ་མཚོ་འབྱུང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་སྒྲོགས་པ་དག་ཆེས་མང་ངོ་། །སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དེ་བཞིན་དུ་གཙུག་ཏོར་དང་། མཛོད་སྤུ་དང་། མཚན་རེ་རེ་དང་། དཔེ་བྱད་བཟང་པོ་རེ་རེ་དང་། སྤུའི་ཁུང་བུ་རེ་རེ་ནས་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འོད་ཟེར་རྒྱ་མཚོ་དག་འབྱུང་སྟེ། དེ་ལ་འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་ རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་རྣམ་ པར་ཐར་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་སྨོན་ལམ་རྒྱ་མཚོ་ གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་དབུགས་འབྱིན་པ་རྙེད་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་ རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་སེམས་ཅན་གྱི་བསམ་པ་དང་། སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ ཟེར་རྒྱ་མཚོ་ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་དུས་གསུམ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་ སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་དུས་གསུམ་བསྟན་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་མི་སྐྱོ་བའི་སེམས་བསྐྱེད་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ཡེ་ཤེས་ཐ་དད་པ་རྒྱ་མཚོ་གྲངས་མེད་པ་ རྗེས་སུ་སྒྲོག་སྟེ། ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ སྤྱོད་པའི་གནས་རྣམས་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་མི་འཇིགས་པ་ནི། འཇམ་དཔལ་དེ་བཞིན་ གཤེགས་པ་སྐད་ཅིག་སྐད་ཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྒྱ་མཚོ་དག་དུས་གཅིག་ཏུ་རྡུལ་གཅིག་ལ་ཡོངས་སུ་སྨིན་པར་མཛད་དོ། །དེ་ལ་སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་བསོད་ནམས་ཀྱི་ཚོགས་ཐ་དད་པ་རྒྱ་ མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་ཡེ་ཤེས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་ཐ་དད་ པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་ས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་གཟུངས་ཐ་དད་པ་རྒྱ་མཚོ་གྲངས་མེད་ པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་ཏིང་ངེ་འཛིན་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་རྣམ་པར་ཐར་པ་ཐ་དད་པ་རྒྱ་མཚོ་གྲངས་ མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་སོ་སོ་ཡང་དག་པར་རིག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ ཁ་ཅིག་ནི་མངོན་པར་ཤེས་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་སྨོན་ལམ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། ། སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་བརྩོན་འགྲུས་རྩོམ་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་དབུགས་འབྱིན་པ་རྙེད་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་ སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་དེ་བཞིན་གཤེགས་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་ པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་སེམས་ཅན་གྱི་བསམ་པ་དང་། སྤྱོད་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་བསྐལ་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་ མཛད་དོ། །དེ་བཞིན་དུ་དུས་གསུམ་ལ་འཇུག་པ་དང་། དུས་གསུམ་བསྟན་པ་དང་། མི་སྐྱོ་བའི་སེམས་བསྐྱེད་པ་དབྱེར་མེད་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །དེ་བཞིན་དུ་སེམས་ཅན་རྣམ་པར་སྤྲུལ་པ་དང་། ཞིང་རྣམ་པར་སྤྲུལ་པ་དང་། ཆོས་རྣམ་ པར་སྤྲུལ་པ་དང་། ལུས་རྣམ་པར་སྤྲུལ་པ་དང་། སྨོན་ལམ་རྣམ་པར་སྤྲུལ་པ་དང་། སྤྱོད་ཡུལ་རྣམ་པར་སྤྲུལ་པ་དང་། ཡེ་ཤེས་རྣམ་པར་སྤྲུལ་པ་དང་། མངོན་པར་ཤེས་པ་རྣམ་པར་སྤྲུལ་པ་དང་། རྫུ་འཕྲུལ་རྣམ་པར་སྤྲུལ་པ་དང་། སྟོབས་རྣམ་པར་སྤྲུལ་ པས་རྣམ་པར་རོལ་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ། སེམས་ཅན་རྒྱ་མཚོ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་དག་རྡུལ་གཅིག་ལ་ཡོངས་སུ་སྨིན་པར་མཛད་དོ། །འཇམ་དཔལ་དེ་བཞིན་གཤེགས་ པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་མི་འཇིགས་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་རྒྱ་མཚོ་ གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་དག་ལ་ཉིན་གཅིག་བཞིན་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དགེ་ བསྙེན་སྟོན་པ་གཞན་ལ་མི་རྟེན་པ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གཅིག་ལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་བསླབས་པའོ་སྙམ་དུ་བསམས་ནས་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་ རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བསྙེན་སྟོན་པ་གཞན་ལ་མི་རྟེན་པ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དགེ་སློང་གཅིག་ལ་ཉིན་གཅིག་ཟན་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགེ་སློང་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དད་པས་རྗེས་སུ་འབྲང་བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དད་པས་རྗེས་སུ་འབྲང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་ཆོས་ཀྱི་རྗེས་སུ་འབྲང་ བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཆོས་ཀྱི་ རྗེས་སུ་འབྲང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་བརྒྱད་པ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་ དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བརྒྱད་པ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་རྒྱུན་དུ་ཞུགས་པ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། ། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྒྱུན་དུ་ཞུགས་པ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་ གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ལན་ཅིག་ཕྱིར་འོང་བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ལན་ཅིག་ཕྱིར་འོང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་ བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཕྱིར་མི་འོང་བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཕྱིར་མི་འོང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་ བུ་མོ་གཞན་གང་ཞིག་གིས་དགྲ་བཅོམ་པ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགྲ་བཅོམ་པ་དག་ལ་ཉིན་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་རང་སངས་རྒྱས་གཅིག་ལ་ཉིན་གཅིག་ ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་སངས་རྒྱས་རི་མོར་བྲིས་པའམ། གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་ ན། ཐལ་མོ་སྦྱོར་བའམ། མེ་ཏོག་གམ། བདུག་པའམ། སྤོས་སམ། མར་མེ་འབུལ་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ལ་ལ་ཞིག་གིས་བསྐལ་པ་གང་ གཱའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཕུལ་བ་དང་། དེ་བཞིན་དུ་ལྷའི་ན་བཟའ་རྣམས་ཕུལ་པ་བས། རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་གཞན་གང་གིས་ཐ་ན་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་གཅིག་ལ་སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་ཅི་ཡང་རུང་བས་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་ཅིག་བྱིན་ན་ཡང་འདི་ནི་དེ་བས་ཆེས་བསོད་ ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་ཉིན་གཅིག་ བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་སངས་རྒྱས་ལ་བསྐྱེད་པའི་དགེ་བའི་ རྩ་བ་ཅི་ཡང་རུང་བས་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་ཅིག་བྱིན་ན་ཡང་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གླང་པོ་ཆེའི་ ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་ བུ་མོ་གཞན་གང་ཞིག་གིས་ཟླ་བ་དང་ཉི་མའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་ཅི་ཡང་རུང་བས་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་ཅིག་བྱིན་ན་ཡང་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་ སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཟླ་བ་དང་། ཉི་མའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་ཉིན་གཅིག་བཞིན་ དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ སྙེད་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་སྦྱིན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་ སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་ གིས་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །བཟློག་སྟེ་བསྟི་སྟང་མ་བྱས་པའི་མི་དགེ་བའི་ལས་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ། །ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་ དང་། རའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཟླ་བ་དང་ཉི་མའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའང་དེ་བཞིན་ཏེ། འཇམ་དཔལ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་ གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་བར་ཆད་བྱས་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་ བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་དགེ་བའི་རྩ་བའི་བར་ཆད་བྱེད་ཅིང་ཁྲོ་བ་དང་བརྙས་པའི་སེམས་སྐྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པ་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་ མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་མིག་ཕྱུང་ནས་བདོག་པ་ཐམས་ཅད་ཕྲོགས་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་ དེ་གཤེ་བ་དང་། མི་སྙན་པར་སྨྲ་བ་དང་། རྙོགས་པར་བྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་མང་དུ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་རྐྱེན་ཅི་ཡང་རུང་བས་བརྙས་པ་བསྐྱེད་དེ་སྤྱོས་ན། དེ་མི་དགེ་ བའི་ལས་དེས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་ལུས་དཔག་ཚད་ལྔ་བརྒྱ་པར་སྐྱེ་བར་འགྱུར་ཏེ། དེ་ལ་མགོ་ལྔ་བརྒྱ་ཡོད་པར་འགྱུར་རོ། །དེའི་མགོ་རེ་རེ་ལ་ཡང་ཁ་ལྔ་བརྒྱ་ལྔ་བརྒྱ་ཡོད་པར་འགྱུར། དེའི་ཁ་རེ་རེ་ལ་ཡང་ལྕེ་ལྔ་བརྒྱ་ལྔ་བརྒྱ་ཡོད་པར་ འགྱུར་ཏེ། ལྕེ་རེ་རེ་ལ་ཡང་གཤོལ་ལྔ་བརྒྱ་ལྔ་བརྒྱས་རྨོ་བར་འགྱུར་རོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་དབྱུག་པ་དང་མཚོན་གྱིས་ བསྣུན་ཏེ་བདོག་པ་ཐམས་ཅད་ཕྲོགས་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་ནས་ཁྲོ་བ་དང་། གནོད་སེམས་དང་། ཐ་བ་དང་། ཁྲོས་པའི་སེམས་སྐྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་ མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྡང་བའི་སེམས་ཀྱིས་སེམས་ཅན་རྣམས་ལ་གནོད་པར་འདོད་ཅིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་ན་དགྲ་ བཅོམ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སྲོག་གཅད་པ་དང་། རིན་པོ་ཆེའི་མཆོད་རྟེན་རིན་པོ་ཆེའི་སྟེགས་བུས་ཡོངས་སུ་བསྐོར་ཅིང་གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་བཙུགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བཤིག་པ་བས། འཇམ་དཔལ་རིགས་ཀྱི་བུ་ འམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཉིད་ལ་སྒྲོ་བཏགས་ཏེ་བརྙས་པའི་སེམས་བསྐྱེད་ནས། རྐྱེན་ཅིས་ཀྱང་རུང་། ཁྲོ་བ་དང་། གཤེ་བ་དང་། མི་སྙན་པར་ཟེར་བ་དང་། ཁྱད་དུ་གསོད་པར་བྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ་ངེས་པར་འབྱུང་བའི་ཕྱིར་ཏེ། དེ་ནི་སངས་རྒྱས་ཀྱི་རིགས་མི་གཅོད་པའི་ཕྱིར་ཞུགས་པ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་ དེས་ཆོས་སྤངས་པ་ཡིན་ནོ། །ཆོས་ཀྱང་གཞན་ལ་ཆོས་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཉིད་ཆོས་སོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཁྲོས་ནས་ཕྱོགས་བཅུའི་འཇིག་རྟེན་ གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་ར་མུན་གནག་དག་ཏུ་བཅུག་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཁྲོས་ཏེ། བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཤིང་འདུག་ནས་མ་རུངས་པ་འདི་མི་བལྟའོ་ཞེས་ཟེར་ན། འདི་ནི་དེ་བས་ཆེས་སྡིག་ པ་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་ཕྲོགས་པ་བས། གཞན་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཡང་རུང་བ་ལ་སྨད་ན། འདི་ ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་རི་རབ་ཀྱིས་འདི་ལྟ་སྟེ། མཐོ་བ་དང་། ཡངས་པ་དང་ཆེ་བས་རི་ཐམས་ཅད་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེའོ། །འཇམ་དཔལ་དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པས་ཀྱང་། འདི་ལྟ་སྟེ། མཐོ་བ་དང་། ཡངས་པ་དང་། ཆེ་བས་ཕྱོགས་བཅུ་དག་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ལ་མ་མོས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཡོད་པ་དག་གི་དགེ་ བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ། བསྐལ་པ་གྲངས་མེད་པར་བསགས་པ་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེའོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཕུང་པོ་མེད་པའི་གཞི་ལ་མོས་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་གལ་ཏེ་སེམས་ཅན་ ཐམས་ཅད་ཕུང་པོ་མེད་པའི་གཞི་ལ་མོས་པར་གྱུར་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ལ། མོས་ནས་ཀྱང་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། ཐ་ན་གླེགས་བམ་དུ་བྲིས་པ་ལ་མོས་ནས་འཛིན་པར་བྱེད་ཅིང་མར་མེ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་ཀྱིས་མཆོད་པར་བྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་ དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དག །ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རེ་རེའི་དགེ་བའི་རྩ་བ་གཞལ་དུ་ མེད་པ་གྲངས་མེད་པ་རྣམས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་དགེ་བའི་རྩ་བ་རྣམས་དང་། ལྷའི་འཇིག་རྟེན་དུ་སྐྱེ་བའི་དགེ་བའི་རྩ་བ་རྣམས་ཆུད་གསན་པ་བས། གཞན་གང་ཞིག་གིས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་གཅིག་ཆུད་ཟོས་པར་བྱས་ན། འདི་ ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་ན། གཤེ་བ་དང་། མི་སྙན་པར་སྨྲ་བ་ལྟ་ཅི་སྨོས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བཤིག་པ་དང་། བསྲེགས་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་། ཐ་བ་དང་། ཁྲོ་བའི་སེམས་བསྐྱེད་དེ། གཤེ་བ་དང་། མི་སྙན་པར་སྨྲས་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ངེས་པར་བྱུང་ལ། སངས་རྒྱས་ལས་མཆོད་རྟེན་རྣམས་བྱུང་ཞིང་། སངས་རྒྱས་ལས་འཇིག་རྟེན་ཐམས་ཅད་དང་། ལྷའི་རིས་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་བྱུང་ལ། སངས་རྒྱས་ཀྱང་ བྱང་ཆུབ་སེམས་དཔའ་ལས་བྱུང་བས་ན། བྱང་ཆུབ་སེམས་དཔའ་ལ་བསྟི་སྟང་མ་བྱས་པ་ནི་སངས་རྒྱས་ཐམས་ཅད་ལ་བསྟི་སྟང་མ་བྱས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་བསྟི་སྟང་བྱས་པ་ནི་སངས་རྒྱས་ཐམས་ཅད་ལ་བསྟི་སྟང་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ ལ་མཆོད་པ་བླ་ན་མེད་པས་མཆོད་པ་བྱེད་འདོད་པས་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པར་བྱའོ། །འཇམ་དཔལ་གལ་ཏེ་གྲོང་ཁྱེར་ལ་ལ་ཞིག་ན་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱའམ། བྱེ་བ་སྟོང་ངམ། བྱེ་བ་བརྒྱ་སྟོང་ངམ། གཞལ་དུ་མེད་པ་གྲངས་མེད་པ་དག་ཡོད་ལ། ཆོས་ ཀྱི་རྣམ་གྲངས་འདི་ལ་མ་མོས་ན་དེ་དག་གི་ལས་ནི་རྒྱལ་པོས་འཁྲུག་པར་འགྱུར་བའམ། ཆུས་འཁྲུག་པར་འགྱུར་བའི་ལས་སམ། ཆོམ་རྐུན་གྱིས་འཁྲུག་པར་འགྱུར་བའི་ལས་སམ། མུ་གེས་འཁྲུག་པར་འགྱུར་བའི་ལས་སམ། མེས་འཁྲུག་པར་འགྱུར་བའི་ལས་ སམ། ཀླ་ཀློས་འཁྲུག་པར་འགྱུར་བའི་ལས་སུ་འགྱུར་རོ། །གྲོང་ཁྱེར་ཆེན་པོ་དེ་ན་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཡོད་ན་དེའི་ལས་ནི་བསྐལ་པ་གྲངས་མེད་པར་མཚམས་མེད་པའི་གནས་སུ་སྐྱེ་བར་མི་འགྱུར། གྲོང་ཁྱེར་དེར་འཁྲུག་པར་ མི་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ལས་རྒྱལ་པོས་འཁྲུག་པར་འགྱུར་བ་མི་འབྱུང་། ཆུས་འཁྲུག་པར་འགྱུར་བའི་ལས་མི་འབྱུང་། ཆོམ་རྐུན་གྱིས་འཁྲུག་པར་འགྱུར་བའི་ལས་མི་འབྱུང་། མུ་གེས་འཁྲུག་པར་འགྱུར་བའི་ལས་མི་འབྱུང་། མེས་ འཁྲུག་པར་འགྱུར་བའི་ལས་མི་འབྱུང་། ཀླ་ཀློས་འཁྲུག་པར་འགྱུར་བའི་ལས་མི་འབྱུང་ལ། ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའི་ལས་བསྐལ་པ་རྒྱ་མཚོ་གྲངས་མེད་པར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེ་བར་ འགྱུར་བ་ཡོད་ན་དེར་འཁྲུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ལས་བསྐལ་པ་གྲངས་མེད། བརྗོད་དུ་མེད་པར་མཚམས་མེད་པར་སྐྱེ་བར་འགྱུར་བ་དང་། དེའི་ལས་བསྐལ་པ་བཅུ་དང་། ཉི་ཤུ་དང་། སུམ་ཅུར་ངན་སོང་མྱོང་བར་འགྱུར་བ་ཡང་ཚེ་འདི་ལ་མྱོང་ སྟེ། འཁྲུག་པས་བྱང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཆེན་པོའི་ཚོགས་བསགས་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རྒྱར་དཔག་ཚད་བརྒྱ་པའི་རྫིང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ལ་དུག་སྲང་སྟོང་ཡང་མི་གདུག་ པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆུའི་ཕུང་པོ་ཆེན་པོས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་བཞིན་དུ་བསྐལ་པ་གྲངས་མེད་པར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་ནང་དུ་གནས་པར་འགྱུར་བའི་ལས་རབ་ཏུ་མང་བ་ཡང་རྣམ་པར་སྨིན་པར་མི་འགྱུར་ རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་འདུས་པ་དཔག་ཏུ་མེད་གྲངས་མེད་པ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་ པོ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནི་ཡ་ཏ་ཨ་ནི་ཡ་ཏ་ག་ཏི་མུ་དྲཱ་ཨ་བ་ཏཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་ལ་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་ དང་། སྨན་གྱི་རྒྱལ་པོ་དང་། སྨན་གྱི་ཡང་དག་འཕགས་དང་། མཆོད་རྟེན་མངོན་པར་བསྒྲགས་པའི་སྒྲ་སྐད་རྒྱལ་པོ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་ཐམས་ཅད་ཀྱང་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ ལ་གནས་པ། ཟབ་ཅིང་བརྟན་པའི་ཆུའི་རྒྱ་མཚོའི་དུས་རླབས་ཀྱི་ཏིང་ངེ་འཛིན་ཐོབ་པ། དབང་བསྐུར་བའི་གཟུངས་ཐོབ་པ། སངས་རྒྱས་ཀྱི་སྐུ་མདོག་མཐའ་ཡས་པ་ཡོངས་སུ་འགྲུབ་པའི་གཟུངས་ཐོབ་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ་ འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་རྒྱ་གང་གིས་བྱང་ཆུབ་སེམས་དཔའ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་པར་འགྱུར་བའོ། ། བྱང་ཆུབ་སེམས་དཔའ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་བདག་གིས་འཚལ་བར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་ རྒྱ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་ལྔ་པོ་འདི་དག་ ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་དང་། གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་དང་། ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ ལྟ་བུ་སྟེ། འཇམ་དཔལ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ཡིན་ནོ། །འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའ་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པའི་འགྲོ་བ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གསུམ་ནི་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་འགྲོ་བ་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པའི་འགྲོ་བ་པ་བླ་ན་མེད་པའི་ཡེ་ཤེས་ ཀྱི་ལམ་ལས་སླར་ལྡོག་པ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་དང་། གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་ཡིན་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་འདི་གཉིས་ནི་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་པ་ཡིན་ནོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་པ་དང་། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་ པ་དང་། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་འདི་གསུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་ སེམས་དཔའ་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔ་བརྒྱའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ཆེ་རབ་ཅིག་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བཞོན་པ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་སྙམ་མོ། །དེ་ཡང་འདི་སྙམ་དུ་དཔྱོད་དེ། མ་ལ་བདག་ཕྱུགས་ཀྱི་ཤིང་ རྟ་ལ་ཞོན་ལ་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་གོར་མ་ཆག་སྙམ་སྟེ། འཇམ་དཔལ་མི་དེ་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དེར་ཞུགས་ནས། དེ་ཡུན་རིང་ཞིང་དུས་རིང་མོ་ཞིག་ན་དཔག་ཚད་བརྒྱར་ཕྱིན་པ་ལས། དེ་རླུང་གི་དཀྱིལ་འཁོར་ཆེན་པོས་དེ་ནས་བཟློག་ནས་དཔག་ ཚད་བརྒྱད་ཅུར་ཕྱིར་དེད་དེ་ཕུལ་ན་འཇམ་དཔལ་འདི་ཇི་སྙམ་དུ་སེམས་མི་དེས་བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་འདའ་བའམ། འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་དེ་ནི་སྐབས་མ་མཆིས་ཏེ། ཕྱུགས་ཀྱི་ཤིང་རྟ་ལ་འཚལ་བའི་མི་དེས་བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་པ་དེ་ནི་གནས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་ དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་ལྷན་ཅིག་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་སྙེན་ཅིང་སྟེན་ལ་བསྙེན་བཀུར་བྱེད་ ཅིང་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད་ལ་ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་བྱེད་ལ། ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད། དཔྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ་གཞན་དག་ ཀྱང་ཀློག་ཏུ་འཇུག་པ་ནས་ཁོང་དུ་ཆུད་པའི་བར་དུ་བྱེད་ན། དེ་ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་འདྲེན་ཅིང་ཕྱིར་ཟློག་གོ། །བྱང་ཆུབ་སེམས་དཔའ་དེའི་ བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་དེ་ཉན་ཐོས་ཀྱི་ཐེག་པ་འཛིན་ཅིང་འཆང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་རྟུལ་པོར་བྱེད་ཅིང་ཉམས་པར་བྱེད་དོ། །འཇམ་དཔལ་དཔེར་ན་མི་ལ་ ལ་ཞིག་མིག་ནད་ཀྱིས་མིག་ཟུམས་པར་གྱུར་ནས། དེ་མིག་དབྱེ་བ་དང་གཟུམས་སུ་རུང་བར་བྱ་བའི་ཕྱིར་ཟླ་བ་གཅིག་གི་བར་དུ་དཔྱད་བྱས་ཏེ། ཟླ་བ་གཅིག་ལོན་ནས་མིག་འབྱེད་ཅིང་འཛུམས་པར་བྱེད་པ་ལས། དེའི་དགྲའམ། མི་མཛའ་བ་གཞན་ཞིག་ གིས་པི་པི་ལིང་གི་ཕྱེ་མ་སྤར་གང་གིས་མིག་བཀང་ནས་དེ་ཡང་ལོང་བར་བྱས་པ་དེ་བཞིན་དུ། འཇམ་དཔལ་བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་དེ་ཉན་ཐོས་ཀྱི་ཐེག་པ་འཛིན་ ཅིང་འཆང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་རྟུལ་པོར་བྱེད་ཅིང་ཉམས་པར་བྱེད་དེ། འཇམ་དཔལ་འདི་ནི་བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་ཤིང་རྟས་ འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ཆེ་རབ་ཅིག་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བཞོན་པ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་སྙམ་མོ། དེ་ཡང་འདི་སྙམ་དུ་སྤྱོད་དེ། མ་ལ་བདག་གླང་པོ་ཆེའི་ཤིང་རྟ་ཡན་ལག་བརྒྱད་དང་ལྡན་པ་ལ་ཞོན་ཏེ་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་གོར་མ་ཆག་སྙམ་ནས། འཇམ་དཔལ་མི་ དེ་གླང་པོ་ཆེའི་ཤིང་རྟ་ཡན་ལག་བརྒྱད་དང་ལྡན་པ་ལ་ཞོན་ཏེ་ལམ་དེར་ཞུགས་ནས། དེ་ལོ་བརྒྱས་དཔག་ཚད་ཉིས་སྟོང་དུ་སོན་པ་ལས་རླུང་གི་དཀྱིལ་འཁོར་ཆེན་པོས་དེ་ནས་ཕྱིར་ཕུལ་ཏེ་བཟློག་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། གླང་པོ་ཆེའི་ཤིང་རྟ་ལ་ཞོན་པའི་མི་དེས་ བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་གནས་ མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་ནི་སྐབས་མ་མཆིས་ཏེ། གླང་པོ་ཆེའི་ཤིང་རྟ་འཚལ་བའི་མི་དེས་བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་ འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་པ་དེ་ནི་གནས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཉན་ཐོས་ ཀྱི་ཐེག་པ་པ་དག་དང་ལྷན་ཅིག་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་སྙེན་ཅིང་སྟེན་ལ་བསྙེན་བཀུར་བྱེད་ཅིང་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད་ལ་ཀུན་སྤྱོད་ཅིང་ལོངས་སྤྱོད་པར་བྱེད་ལ། ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་ གནས་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད། དཔྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ་གཞན་དག་ཀྱང་ཀློག་ཏུ་འཇུག་པར་བྱེད་ཅིང་ཁ་ཏོན་བྱེད་དུ་འཇུག་ལ་ཡོངས་སུ་སྦྱོང་བར་བྱེད་དུ་འཇུག་ན་དེ་ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་ བྱེད་པ་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་འདྲེན་ཅིང་ཕྱིར་ཟློག་གོ། །བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པའི་ཤེས་རབ་ཀྱི་དབང་པོ་ཤེས་རབ་ ཀྱི་མིག་གང་ཡིན་པ་དེ་ཡང་དེའི་ཉན་ཐོས་ཀྱི་ཐེག་པ་འཛིན་ཅིང་འཆང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་རྟུལ་པོར་བྱེད་ཅིང་ཉམས་པར་བྱེད་དོ། །འཇམ་དཔལ་དཔེར་ན་ཤིང་གི་སྡོང་པོ་ཆེན་པོ་སྲིད་དུ་དཔག་ཚད་སྟོང་པ་ཞིག་ཡོད་ལ། དེ་ཡང་རྒྱ་ མཚོ་ཆེན་པོས་ཁྱེར་བ་ལས་བར་སྣང་ལ་གནས་པའི་གནོད་སྦྱིན་དག་གིས་དེ་རྒྱ་མཚོ་ཆེན་པོའི་ལམ་ལས་ཕྱིར་ཕུལ་ཏེ་བཟློག་ནས། དེ་ལ་ལྕགས་ཀྱི་གར་བུ་དཔག་ཚད་ལྔ་སྟོང་ཡོད་པ་ཞིག་བཏགས་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཤིང་གི་སྡོང་པོ་ ཆེན་པོ་དེ་རྒྱ་མཚོ་ཆེན་པོ་ལ་འགྲོ་བ་འམ། སེམས་ཅན་བསྒྲལ་བའི་ཕྱིར་སྤྱད་པར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཤིང་ཆེན་པོ་ཡང་ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལས་ཕྱིར་ཕུལ་ཞིང་བཟློག་སྟེ། ཐམས་ ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོར་འགྲོ་བར་ཡང་མི་འགྱུར། འཁོར་བའི་རྒྱ་མཚོ་ལས་ཀྱང་སེམས་ཅན་རྣམས་སྒྲོལ་མི་ནུས་ཏེ། འཇམ་དཔལ་འདི་ནི་བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་ཇི་ལྟར་ བྱང་ཆུབ་སེམས་དཔའ་ཉི་མ་དང་ཟླ་བས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ ཆེ་རབ་ཅིག་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྫུ་འཕྲུལ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་སྙམ་མོ། །དེ་ཡང་འདི་སྙམ་དུ་དཔྱོད་དེ། མ་ལ་བདག་གིས་ཉི་མ་དང་ཟླ་བའི་འགྲོ་བས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་གོར་མ་ ཆག་སྙམ་ནས། འཇམ་དཔལ་མི་དེ་ཉི་མ་དང་ཟླ་བའི་འགྲོ་བས་ལམ་དེར་ཞུགས་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། མི་དེས་ཉི་མ་དང་ཟླ་བའི་འགྲོ་བས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་རྔོ་ ཐོགས་ལགས་སོ། །བདེ་བར་གཤེགས་པ་རྒྱུད་དེའི་ལོ་དུས་རིང་མོ་ཞིག་གིས་རྔོ་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་ལ་ཉན་ཐོས་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་ཏུ་མི་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་མི་སྙེན་ཅིང་མི་སྟེན་ལ། བསྙེན་བཀུར་མི་བྱེད་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་མི་བྱེད། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་མི་བྱེད། ཀུན་དགའ་ར་བ་ འམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་མི་བྱེད་ལ། ཉན་ཐོས་ཀྱི་ཐེག་པ་ཀློག་པར་མི་བྱེད། ཁ་ཏོན་མི་བྱེད། སེམས་པར་མི་བྱེད་ལ། གཞན་དག་ཀྱང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཀློག་ཏུ་འཇུག་པར་མི་བྱེད། ཁ་ ཏོན་བྱེད་དུ་འཇུག་པར་མི་བྱེད་དེ། དེ་གང་ཀློག་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་ཀློག་ལ། གང་སྟོན་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་སྟོན་ན། འཇམ་དཔལ་འདི་ནི་བྱང་ཆུབ་སེམས་དཔའ་ཟླ་བ་དང་ཉི་མའི་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་དཔེར་ན་ནམ་མཁའ་ ལྡིང་གི་དབང་པོའི་རྒྱལ་པོ་ཆེན་པོ་ལང་ཚོ་དང་། སྟོབས་དང་། མཐུ་ཆེན་པོ་ཐོབ་པ་ནི་འདོད་ན་རི་རབ་ཀྱི་རྩེ་མོ་ནས་རི་རབ་ཀྱི་རྩེ་མོར་འགྲོའོ། །འཇམ་དཔལ་དེ་བཞིན་དུ་ཟླ་བ་དང་ཉི་མའི་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་། ཐོས་པ་དང་། བསམ་པ་དང་ ལྷག་པའི་བསམ་པའི་སྟོབས་དང་། ལང་ཚོ་དང་། མཐུ་ཆེན་པོ་ཐོབ་པ་ཡང་འདོད་ན། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྟོན་པར་བྱེད་དོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་ ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་