Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
་ བཀྲ་ཤིས་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱིས། དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་ འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་བསོད་ནམས་ཀྱི་སྟེགས་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསོད་ནམས་ཀྱི་སྟེགས་ཀྱི་དབང་ཕྱུག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་ གཞེས་ཀྱིས། དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སེང་གེའི་ཚུལ་ ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་རྣམ་པར་རོལ་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སྟག་གི་ཕུག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟག་སྒྲ་སྒྲོགས་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་ འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཤིང་ས་ཧ་ཀ་ར་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་ཧ་ཀ་རའི་མེ་ཏོག་ཀླུང་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ ལོགས་སུ་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྒྱལ་ལྡན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལས་རྒྱལ་བར་འདུལ་བ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་ལྔའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཡེ་ཤེས་མི་ཆགས་པའི་འབྱུང་གནས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཐེག་པ་ཆེན་པོ་རྣམ་པར་སྒྲོགས་པའི་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མཁའ་འབིགས་འབྱུང་གནས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁའ་འབིགས་རྩེ་མོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ལྟད་མོ་ཆེ་བ་ཞེས་བྱ་ བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་མོ་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་ རྟེན་གྱི་ཁམས་བློ་གྲོས་འཛིན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་ རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སའི་བློ་གྲོས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སའི་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གང་གཱའི་ཀླུང་བཅུའི་བྱེ་མ་ སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྟག་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེ་ཙོམ་དང་ཡིད་གཉིས་ཐམས་ཅད་གཅོད་པའི་འབྱུང་གནས་རྒྱལ་པོ་ཞེས་བྱ་བ་ད་ ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱིས། དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་ཡོངས་སུ་མྱ་ངན་ལས་མ་འདས་པར་བཞུགས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིག་གི་དཔེས་བརྒྱན་པའི་ཐར་པའི་ མཐའ་ལ་ཇི་ལྟར་གནས་པ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སོར་མོའི་ཕྲེང་བ་ཁྱོད་དེང་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ལ་དྲིས་ཤིག །ཁྱོད་ཀྱི་ཐེ་ཙོམ་དང་ཡིད་གཉིས་ཐམས་ཅད་གཅོད་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་དེའི་མཚན་ཐེ་ཙོམ་ དང་། ཡིད་གཉིས་ཐམས་ཅད་གཅོད་པ་ཞེས་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སོར་མོའི་ཕྲེང་བས་བཅོམ་ལྡན་འདས་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ནས། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། རྫུ་འཕྲུལ་ གྱི་རྐང་པའི་སྟོབས་ཀྱིས་ངང་པའི་རྒྱལ་པོ་ལྟར་དོང་སྟེ། རྟག་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས། དེ་བཞིན་གཤེགས་པ་ཐེ་ཙོམ་དང་ཡིད་གཉིས་ཐམས་ཅད་གཅོད་པ་ཞེས་བྱ་བའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ གཅིག་ཏུ་འཁོད་ནས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གཉིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞབས་ཀྱི་དྲུང་ནས་འདིར་མཆིས་སོ། །ཕྱོགས་བཅུའི་སངས་རྒྱས་བཅུའི་ཞབས་ཀྱི་དྲུང་དུའང་ཕྱིན་ཏེ། བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་ཏེ། མྱ་ངན་ལས་མ་འདས་བཞིན་དུ་ཐར་པའི་མཐའ་ལ་ཇི་ལྟར་གནས་པ་དེ་དག་ཐམས་ཅད་ལ་ཞུས་ན། དེ་བཞིན་གཤེགས་པ་དེ་དག་གིས་འདི་སྐད་དུ་བཀའ་སྩལ་ཏེ། དེ་བཞིན་ གཤེགས་པ་ཤཱཀྱ་ཐུབ་པ་དེ། དེ་བཞིན་གཤེགས་པ་ངེད་དང་གཅིག་གིས་དེ་བཞིན་གཤེགས་པ་དེ་ལ་ཞུས་ཤིག་ཅེས་གསུངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པས་ཀྱང་རིགས་ཀྱི་བུ་ཁྱེད་གཉིས་ངེད་ལ་ཐེ་ཙོམ་དང་། ཡིད་གཉིས་ཐམས་ཅད་ གཅོད་པའི་རྣམ་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་ཅེས་བདག་ཅག་འདིར་བཀྱེ་སྟེ་མཆིས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་ཤིང་མྱ་ངན་ལས་མ་འདས་པར་ཇི་ལྟར་ན་ཐར་པའི་མཐའ་ལ་གནས་ཞེས་ཞུས་ པ་དང་། དེ་གཉིས་ཀྱི་ཚིག་གསན་ནས། དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་མྱུར་དུ་སླར་ལོག་ཤིག །དེ་བཞིན་གཤེགས་པ་དེས་ཐེ་ཙོམ་དང་ཡིད་གཉིས་ཐམས་ཅད་གཅོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཉིད་ང་ཡིན་ཏེ། ཐ་ དད་པ་ནི་མ་ཡིན་ནོ། །དེ་ལྟར་ཤཱཀྱ་ཐུབ་པ་ནི་ཚད་མེད་དོ་ཞེས་གསུངས་ནས་སླར་བཀྱེའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ཏེ། སོར་མོའི་ཕྲེང་བ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ། དོང་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དེ་བཞིན་གཤེགས་པའི་སྐུ་ནི་ཚད་མེད་གྲངས་མེད་པར་འཛིན་པ་སྟེ། དེ་བཞིན་གཤེགས་པ་དེ་ཉིད་ང་ཡིན་ཏེ། ཤཱཀྱ་ ཐུབ་པ་དེ་བཞིན་གཤེགས་པ་དེས་ཁྱོད་ཀྱི་ཐེ་ཙོམ་ཐམས་ཅད་གཅོད་པར་འགྱུར་གྱིས། ཁྱེད་དེང་ཤིག་ཅེས་དེ་དག་གིས་ཀྱང་བདག་ཅག་སླར་བཀྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཉིད་དེ་བཞིན་གཤེགས་པ་དེ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་དེ་གསུང་ངམ། དེ་དག་གིས་གསོལ་པ། དེ་གཅིག་གསུང་བ་བཞིན་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་གསུང་སྟེ། ཐ་མར་བདག་ཅག་གིས་ཞུས་ན། དེ་བཞིན་གཤེགས་པ་ཐམས་ཅད་ང་ཉིད་དེ་བཞིན་གཤེགས་པ་དེ་ཡིན་ཏེ། གཅིག་གོ་ཞེས་གསུང་ངོ་། །བཀའ་སྩལ་པ། དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་དེ་དག་ཅི་འདྲ། དེ་གཉིས་ཀྱིས་གསོལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་སུ། བདག་ཅག་གིས་ཕྱིན་པ་ཐམས་ཅད་ནི་གྲམ་པ་དང་། གྱོ་མོ་ཐམས་ ཅད་མ་མཆིས་པ། ལག་མཐིལ་བཞིན་དུ་མཉམ་པ། ཀ་ཙ་ལིན་དི་ཀ་བཞིན་དུ་རེག་ན་བདེ་བ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལྟར་སྙིགས་མ་ལྔ་དང་བྲལ་བ། ཉན་ཐོས་དང་། རང་སངས་རྒྱས་དང་། བུད་མེད་མ་མཆིས་པ་ཐེག་པ་དམ་པ་གཅིག་སྟེ། ཐེག་པ་གཞན་ ལ་མི་འཇུག་གོ། །བཀའ་སྩལ་པ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་མཚན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཁ་ཏོན་ལེགས་པར་བྱེད་དམ། འདྲིའམ། ཉན་ཀྱང་རུང་སྟེ། བསྟིང་ངམ། བརྗོད་དམ། གཞན་གྱི་ཕྱིར་འཕྱའམ། བདག་གིས་བརྗོད་ན། བདག་ འཇིགས་པ་ཐམས་ཅད་མེད་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱང་དེ་ལ་གནོད་པར་མི་བྱེད་དོ། །དེ་བཞིན་དུ་ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟ་ལ་སོགས་པས་ཀྱང་མི་ཚུགས་སོ། །ཐོས་ནས་ལ་ལ་སྲུང་བར་ འགྱུར། དེས་འགྲོ་བ་བཞི་བཅད་པ་ཡིན། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་རྒྱུ་ཐོབ་པར་འགྱུར་རོ་ཞེས་གསུང་ངོ་། །སོར་མོའི་ཕྲེང་བ་གཞན་ཡང་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ངོ་མཚར་ནི་གཟུངས་མཚུངས་པ་མེད་པའི་མདོ་སྡེ་ཆེན་པོ་ལས་ སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་གཅིག་སྟེ། ང་ཉིད་དེ་བཞིན་གཤེགས་པ་དེ་ཉིད་ཡིན་ནོ་ཞེས་རྒྱ་ཆེར་བཤད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་བསྔགས་པ་ཡང་བསམ་གྱིས་མི་ཁྱབ་བོ། །དེ་ལྟར་དེ་བཞིན་གཤེགས་པའང་ཚད་མེད་པ་སྟེ། དེ་ལྟར་དེ་བཞིན་ གཤེགས་པའི་གཟུགས་ཀྱི་སྐུ་ཡང་མཐའ་ཡས་གྲངས་མེད་དེ། དེ་ལྟ་བུའི་ཡོན་ཏན་གྱི་མཚན་ཉིད་དང་ལྡན་པ་ལ་མི་རྟག་པ་དང་། ནད་ལྟ་ག་ལ་འབྱུང་། ད་དེ་བཞིན་གཤེགས་པའི་སྐུ་རྟག་པ་དང་། མཐའ་ཡས་པ་རྩ་བ་དང་བཅས། རྒྱུ་དང་རྐྱེན་དུ་ བཅས་པའི་གཏན་ཚིགས་ཐམས་ཅད་ཁྱེད་ལ་རྒྱ་ཆེར་བསྟན་ཏོ། །འཇིག་རྟེན་གྱི་ཁམས་འདི་ན་སྐྱེ་བོ་རྣམས་མི་དགེ་བས་ན། སངས་རྒྱས་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་འདིའི་རྒྱལ་པོ་མི་བཞེད་དོ། །མི་དགེ་བ་དགེ་བ་ལ་བཀོད་པའི་ཕྱིར་ལུས་ཡང་དང་ ཡང་བཏང་བས་ན། ངའི་ལུས་མ་སྐྱེས་པའི་སྐུར་གྱུར་ཏོ། །ངའི་ལུས་བསྐལ་པ་བྱེ་བ་གྲངས་མེད་པ་མང་པོར་དམ་པའི་ཆོས་བསྲུང་བའི་ཕྱིར། ངའི་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་རེ་རེ་ཡང་བཅད་གཏུབས་བཅོམ་ནས་བྱིན་པས་ངའི་ལུས་མི་ཤིགས་པ་འདུས་མ་ བྱས་ཀྱི་ལུས་མཚུངས་པ་མེད་པར་གྱུར་ཏོ། །བསྐལ་པ་བྱེ་བ་མང་པོར་དཔའ་བོ་ལྟར་འདུག་སྟེ། གནས་མང་པོར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་མང་པོ་བཏང་སྟེ། ལུས་རེ་རེ་ཡང་བསྐལ་པ་བྱེ་བ་མང་པོར་དཔའ་བོ་ལྟར་འདུག་ཅིང་དཀའ་བ་སྤྱད་པས་ངའི་ལུས་རྒ་བ་མེད་པའི་སྐུར་ གྱུར་ཏོ། །བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ང་ནད་ཀྱི་བསྐལ་པ་བར་མར་སྐྱེས་ཏེ། ངའི་ལུས་རེ་རེ་ཡང་སྨན་དམ་པར་གྱུར་ནས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ལ་ཕན་བཏགས་པས་ན། ངའི་ལུས་ནད་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་ གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་པོ་ལྟོགས་པའི་ནད་ཞི་བར་བྱས་ཏེ། ཐེག་པ་གཅིག་པའི་ཁུ་བ་བླུད་པས་ན། ངའི་ལུས་མི་འཆི་བའི་སྐུར་གྱུར་ཏོ། །ངས་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་ པོ་ཉོན་མོངས་པ་བྱེ་བ་མང་པོའི་དྲི་མ་བསལ་ནས། ཤིན་ཏུ་དཀའ་བ་བསྟན་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་ན། ངའི་ལུས་ཉོན་མོངས་པ་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་ཡི་ དགས་བྱེ་བ་མང་པོ་སྐོམ་ཞིང་ལྟོགས་པའི་སྡུག་བསྔལ་རབ་ཏུ་ཞི་བར་བྱས་ཏེ། ཐེག་པ་གཅིག་པའི་ཆོས་ཚིམ་པར་བྱས་པས་ན། གང་གཱའི་ཀླུང་མང་པོའི་བྱེ་མ་སྙེད་དུ་ངའི་ལུས་ཟག་པ་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་ མང་པོ་གྲངས་མེད་པར་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་སེམས་ཅན་བྱེ་བ་མང་པོ་ལ་མ་དང་། སྲིང་མོ་དང་། བུ་བཞིན་དུ་སྡུག་པར་བྱས་པས་ན། ངའི་ལུས་གནོད་པ་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་ དང་། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ལ་མི་བདེན་པར་སྨྲ་བ་རྣམས་ཐེག་པ་ཆེན་པོའི་བདེན་པ་ལ་བཀོད་པས་ན། ངའི་ལུས་བདེན་པ་རྟག་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་། མིར་བཅས་ པའི་སེམས་ཅན་བྱེ་བ་མང་པོ་ཆོས་མ་ཡིན་པ་བྱེད་པ་རྣམས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྣམ་པ་ལ་བཀོད་པས་ན། ངའི་ལུས་ཆོས་ཀྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་། མིར་བཅས་ པའི་སེམས་ཅན་བྱེ་བ་མང་པོ་ལོག་པར་ལྟ་བའི་དབང་དུ་གྱུར་པ་རྣམས་ཡང་དག་པར་ལྟ་བ་ལ་བཀོད་པས་ན། ངའི་ལུས་ཤིན་ཏུ་བདེ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ ཅན་བྱེ་བ་མང་པོ་འཇིགས་སྐྲག་པར་གྱུར་པ་རྣམས་འཇིགས་པ་མེད་པ་ལ་བཀོད་པས་ན། ངའི་ལུས་དགེ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་མྱ་ངན་ ཆེན་པོར་གྱུར་པ་རྣམས་མྱ་ངན་མེད་པའི་ཆོས་ལ་བཀོད་པས་ན། ངའི་ལུས་མྱ་ངན་མེད་པའི་མྱ་ངན་དང་བྲལ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་མང་པོ་གཞན་གྱི་ ཆུང་མ་ལ་ཆགས་པ་རྣམས་ཚུལ་ཁྲིམས་ཆེན་པོའི་གོ་ཆ་ལ་བཀོད་པས་ན། ངའི་ལུས་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་པོ་སྐྱོན་ཆགས་པའི་ཡ་ མཚན་ཅན་རྣམས་བསྡུས་ཏེ། རབ་ཏུ་སྦྱངས་པས་དམ་པའི་ཆོས་ལ་བཀོད་པས་ན། ངའི་ལུས་ཤག་ཤིག་མེད་དེ། ཤག་ཤིག་མེད་པའི་ཆོས་ཀྱི་སྐུར་གྱུར་ཏོ།། །།བམ་པོ་དྲུག་པ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་ བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་དབུལ་པོར་གྱུར་པ་རྣམས་ཆོས་ཀྱི་ནོར་དང་གཏེར་བྱིན་པས་ན། ངའི་ལུས་ཚུལ་མེད་པ་ལས་ཚུལ་གྱི་ཆོས་ཀྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་ པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་འདོད་པའི་དབང་དུ་གྱུར་པ་རྣམས་ཉོན་མོངས་པ་མེད་པ་ལ་བཀོད་པས་ན། ངའི་ལུས་གཙེ་བ་དང་བྲལ་ཞིང་གཙེ་བ་མེད་པའི་ཆོས་ཀྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་ མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ཉོན་མོངས་པ་སྤྲུགས་ཤིང་། སྦྲུལ་གདུག་པའི་དུག་མེད་པར་བྱས་པས་ན། ངའི་ལུས་ནད་འགོ་བ་མེད་ཅིང་ནད་འགོ་བ་དང་བྲལ་བའི་ཆོས་ཀྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་ གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་འཇིག་རྟེན་ན་རྩ་ལག་མེད་པ་ལ་ཕ་རོལ་དུ་ཕྱིན་པའི་ཆོས་ཀྱིས་རྩ་ལག་ཏུ་བྱས་པས། ངའི་ལུས་མ་བྱས་པའི་ཆོས་གསལ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་ གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་གཏམ་བསྙད་པས་ན། ངའི་ལུས་ཅི་ཡང་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་ མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས། དེ་བཞིན་གཤེགས་པའི་གསལ་བ་དང་ངོ་མཚར་ལ་བཀོད་པས་ན། ངའི་ལུས་ངོ་མཚར་གྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་ གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་སངས་རྒྱས་སུ་སྦྱོར་དུ་བཙུད་པས། ངའི་ལུས་ཚད་མེད་དཔག་ཏུ་མེད་པའི་མཆོག་དམ་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་ མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་བསྒྲལ་བའི་ཕྱིར་རིགས་དེ་དང་དེར་སྐྱེ་བ་བསྟན་ཏེ། རབ་ཏུ་བསྒྲལ་བས་ན། ངའི་ལུས་མཆོག་དམ་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་ པའི་སེམས་ཅན་བྱེ་བ་མང་པོ་རྣམས་འཇིགས་པ་ཐམས་ཅད་ལས་བསྒྲལ་ཏེ། བྱང་ཆུབ་པ་ལ་བཀོད་པས་ན། ངའི་ལུས་བླ་ན་མེད་པའི་ཆོས་ཀྱི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་ པོ་རྣམས་ཡན་ལག་མ་ཚང་བའི་ལུས་ཀྱིས་འཇིག་རྟེན་གྱི་ཕྱིར་འགྲོ་བར་བྱས་ཏེ། སེམས་ཅན་མང་པོ་བྱང་ཆུབ་ལ་བཀོད་པས་ན། ངའི་ལུས་བླ་ན་མེད་པའི་ཆོས་ཀྱི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ངས་ འཇིག་རྟེན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པའི་དབྱིངས་མ་བཅབས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པས་ན། ངའི་ལུས་རྟག་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་ པར་ངས་ཚུལ་ཁྲིམས་སྲུང་བ་ན། ལྷའི་བུ་མོ་དང་། བདུད་ཀྱི་བུ་མོ་དང་། འཇིག་རྟེན་པ་བཟང་མོ་མཐོང་ཡང་སེམས་མ་བཏང་བས་ངའི་ལུས་མི་འཇིག་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་ བྱེ་བ་མང་པོ་ཐམས་ཅད་ཀྱི་བླ་མའི་ཆུང་མ་དང་། ཕུ་ནུ་བོའི་ཆུང་མ་དང་། བུད་མེད་ཐམས་ཅད་ལ་ཆགས་པར་མ་བྱས་པས་ན། ངའི་ལུས་མི་འཇིག་པའི་ཆོས་ཀྱི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་ དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་ཀྱི་ཉེས་པ་མཐའ་ཡས་པ་ཟད་པར་བྱས་པས་ན། ངའི་ལུས་མཚུངས་པ་མེད་པ་མཐའ་ཡས་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ སེམས་ཅན་བྱེ་བ་མང་པོ་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཆོས་ཟབ་མོ་ལ་བཀོད་པས་ན། ངའི་ལུས་ཟབ་མོའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་དེ་བཞིན་གཤེགས་པའི་སྙིང་པོ་ནམ་མཁའི་བྱ་རྗེས་ བཞིན་དུ་བསྟན་ཏེ། སངས་རྒྱས་ཀྱི་དབྱིངས་གསལ་བར་བྱས་པས་ན། ངའི་ལུས་བལྟར་མི་མཐོང་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་པོ་བདག་མེད་པར་འཛིན་པ་ལས་བཟློག་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་བལྟ་དཀའ་བ་བསྟན་པས་ན། ངའི་ལུས་སེམས་ཅན་ཐམས་ཅད་ཀྱིས་བལྟ་དཀའ་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་རྣམས་སྲོག་ གཅོད་པ་ལས་བཟློག་སྟེ། དམ་པའི་ཆོས་ལ་བཀོད་པས་ན། ངའི་སྐུ་ཤིན་ཏུ་ཕྲ་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ཆོས་ཀྱི་དགའ་བ་བསྐྱེད་པས་ན། ངའི་ ལུས་མཁས་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་འཇམ་དཔལ་ལྟ་བུར་དབྱིངས་བསྟན་པས་ན། ངའི་ལུས་བལྟ་ དཀའ་བའི་སྐུར་གྱུར་ཏོ། །བསྐལ་པ་གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་པོ་རྣམས་བཅིངས་པ་ཐམས་ཅད་དང་བྲལ་བར་བྱས་ཏེ། ཐར་པའི་གནས་སུ་རབ་ཏུ་བཀོད་པས། དེ་ལས་ངའི་ལུས་བལྟ་དཀའ་བའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་ལྷ་ དང་མི་དང་། སེམས་ཅན་དམྱལ་བ་པ་རྣམས་ལ་སེམས་ཅན་བྱེ་བ་མང་པོ་དག་སྲིད་པ་ཐམས་ཅད་དུ་གནས་སུ་མ་བཅུག་སྟེ། ཐར་པ་དེ་ཁོ་ན་ཉིད་ལ་བཀོད་པས། དེ་ལས་ངའི་ལུས་ཐམས་ཅད་དུ་ཀུན་གཞི་མེད་པའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་ བྱེ་བ་མང་པོ་ལ་བདག་དང་འཇིག་རྟེན་སྙམ་དུ་མ་བསམས་ཏེ། སེམས་ཅན་ཐམས་ཅད་སྒྲ་གཅན་ཟིན་བཞིན་དུ་བལྟས་པས། དེ་ལས་ངའི་ལུས་ཉོན་མོངས་པ་མེད་པའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་བསླབ་ པའི་གནས་ལྔ་ལ་རྣམ་པར་དག་པར་བྱས་པས་ངའི་ལུས་རུས་པ་དང་། རྒྱུས་པ་དང་། ཡན་ལག་རྣམ་པར་དག་པའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་ཐམས་ཅད་དགྲོལ་ལོ་ཞེས་དམ་བཅས་ཏེ། ལེགས་པར་བྱ་བའི་སྨོན་ལམ་བཏབ་པས་སེམས་ ཅན་རྣམས་བསྒྲལ་ཏེ། དེའི་ཕྱིར་ངའི་ལུས་ཐམས་ཅད་ལས་གྲོལ་བའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་པོ་རྣམས་ངན་པར་ལྟ་བའི་ནད་ཟུག་རྔུ་རྣམ་པ་མང་པོ་ཕྱུང་སྟེ། དེ་ཁོ་ནའི་ཆོས་ལ་རབ་ཏུ་བཀོད་པས། དེ་ལས་ངའི་ལུས་ཞི་བ་རྟག་པའི་སྐུར་ གྱུར་ཏོ། །གྲངས་མེད་པ་མང་པོ་ཚེ་རབས་མང་པོར་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་སྒྲ་གཅན་འཛིན་ལྟར་ངེས་པར་ལྟ་ཞིང་། དེ་བཞིན་དུ་གཞན་ཡང་བཙུད་པས་དེ་ལས་ངའི་ལུས་ཞི་གནས་ཀྱི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་པོ་ རྣམས་རྟོག་པ་ཐམས་ཅད་སྤངས་ནས་རབ་ཏུ་བཟུང་སྟེ། དགྲ་མཐོང་ན་ཡང་བསྟེན་ཅིང་ཆོག་ཤེས་པ་དང་། ཡོ་བྱད་བསྙུངས་ཤིང་གཞན་ཡང་དེ་ལ་བཙུད་པས་དེའི་ཕྱིར་ངའི་ལུས་ཉེ་བར་ཞི་བའི་སྐུར་གྱུར་ཏོ། །ཚེ་རབས་གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་ པོ་ཟང་ཟིང་སྤངས་ནས་ཉན་ཐོས་ཀྱི་ཆོག་ཤེས་པ་ཙམ་བསྟན་པས་དེ་ལས་ངའི་ལུས་ནེམ་ནུར་གྱི་ཚུལ་ཐམས་ཅད་བཅད་པ་ཕ་རོལ་དུ་ཕྱིན་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་མང་པོར་སེམས་ཅན་བྱེ་བ་མང་པོ་ཉ་དང་། ཤ་དང་། ཚིལ་དང་། གསོད་པའི་ ཟས་རྣམས་སྤངས་ཏེ། སེམས་ཅན་རྣམས་ཀྱང་དེ་བཞིན་དུ་སྤོང་དུ་བཅུག་པས། དེ་ལས་ངའི་ལུས་བཟང་པོའི་སྐུར་གྱུར་ཏོ། །ཚེ་རབས་གྲངས་མེད་པ་མང་པོར་ངས་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ཉོན་མོངས་པ་བྱེ་བ་མང་པོ་ཐམས་ཅད་སྦྱོང་དུ་ བཅུག་པས། དེ་ལས་ངའི་ལུས་སྤྲོས་པ་མེད་པའི་སྐུར་གྱུར་ཏོ། །ཚེ་རབས་གྲངས་མེད་པ་མང་པོར་ངས་སེམས་ཅན་སྐྱོན་ཆགས་པའི་ཡ་མཚན་ཅན་བྱེ་བ་མང་པོ་རྣམས་ལ་ལྕེ་འབབ་པ་ལྟ་བུར་དེ་དག་གི་གོ་སྐབས་བཅོམ་སྟེ། སྐྱེ་བོ་མེད་པར་བྱས་པས་དེ་ལས་ངའི་ལུས་ ཀུན་གཞི་བཅོམ་པའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་ཕྱིན་ཅི་ལོག་བཞིས་འཁྱམས་པའི་སེམས་ཅན་བྱེ་བ་མང་པོ་ཆོས་ཀྱི་ཁུ་བ་ཞིམ་པོ་བླུད་པས། དེ་ལས་ངའི་ལུས་སྤྲུལ་པའི་ཚངས་པ་ལྟར་ལྷའི་ལུས་སུ་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་ པོ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་དབེན་པ་དང་། རྟག་པའི་ཚོལ་བ་ལ་ཉེས་པ་དང་མ་བསྲེ་ཤིག་ཅེས་དྲང་པོར་བྱས་པས། དེ་ལས་ངའི་ལུས་དབེན་ཞིང་རྣམ་པར་གྲོལ་བའི་སྐུར་གྱུར་ཏོ། །ཚེ་རབས་མང་པོ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། ངས་སེམས་ ཅན་བྱེ་བ་མང་པོ་རྣམས་ལ་སངས་རྒྱས་ཀྱི་ཚིག་གོ་ཞེས་སོར་མོའི་རྩེ་མོས་ཟླ་བ་བསྟན་པ་བཞིན་དུ་བཀོད་པས། དེ་ལས་ངའི་ལུས་སོ་སོར་བྲལ་བའི་སྐུར་གྱུར་ཏོ། །ཚེ་རབས་གྲངས་མེད་པ་མང་པོར་ཡོངས་སུ་མྱ་ངན་ལས་བཟླ་བས་ཡོངས་སུ་མྱ་ངན་ལས་ཟློ་ཞིང་ཤིན་ཏུ་ ཡོངས་སུ་མྱ་ངན་ལས་འདའ་བས་ཀྱང་། ཡོངས་སུ་མྱ་ངན་ལས་མ་བཟླས་ཏེ། དེའི་ཕྱིར་ངའི་ལུས་ཆོས་ཉིད་ཀྱིས་ཆོས་ཀྱི་སྐུར་གྱུར་ཏོ། །ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། ངས་སེམས་ཅན་བྱེ་བ་མང་པོ་རྣམས་ལ་དེ་བཞིན་གཤེགས་ པའི་སྙིང་པོ་ལ་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དྲི་མ་མེད་དོ་ཞེས་བསྟན་པས། དེ་ལས་ངའི་ལུས་དབྱིངས་ཀྱི་སྐུར་གྱུར་ཏོ། །དབྱིངས་དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་དེ། གྲངས་མེད་པ་མང་པོར་ངས་ཐེག་པ་ཆེན་པོ་ཆགས་པ་མེད་པའི་ཡེ་ཤེས་བདག་མེད་པ་བདག་ དང་བྲལ་བའི་སྒོ་བསྟན་པས། དེའི་འབྲས་བུས་ངའི་ལུས་སྐྱེ་མཆེད་མེད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། སེམས་ཅན་བྱེ་བ་མང་པོ་དག་རྟག་པར་རབ་ཏུ་ཉོན་མོངས་པ་མང་པོ་བཏུལ་བ་ལ་བཙུད་པས། དེ་ལས་ ངའི་ལུས་དགེ་བ་འཇིག་རྟེན་ལས་འདས་པ་བླ་མའི་སྐུར་གྱུར་ཏོ། །ང་ཚེ་རབས་གྲངས་མེད་པ་མང་པོར་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཏེ། སྐྱབས་མེད་པ་རྣམས་ཀྱི་སྐྱབས། གཉེན་མེད་པ་རྣམས་ཀྱི་གཉེན་དུ་གྱུར་པས། དེ་ལས་ངའི་ལུས་ཆུ་བོ་སིན་དྷུ་རྒྱ་མཚོ་ལ་ འབབ་པ་ལྟ་བུའི་སྐུར་གྱུར་ཏོ། །ང་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། མདོ་སྡེ་འཆད་པ་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་ལ་འཇིགས་པའམ། སྐྲག་པའི་སེམས་མ་བསྐྱེད་པས། དེ་ལས་ངའི་ལུས་བརྟན་པའི་སྐུར་གྱུར་ཏོ། ། ང་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། ངང་པ་ལྟར་དཀར་བའི་ཁང་པ་ཡང་ཐོག་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་དང་། བདེ་བ་མང་པོ་སྤངས་ཏེ། ནགས་ཁྲོད་དུ་ཞུགས་པས་དེ་ལས་ངའི་ལུས་གནས་ལྟ་བུའི་སྐུར་གྱུར་ཏོ། །ངས་ཚེ་རབས་ གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་ལྷོད་པ་རྣམས་ཀྱི་སྤྱོད་པ་རྟག་ཏུ་གདོལ་པ་ལྟར་རིང་དུ་སྤངས་ཏེ། ཚུལ་ཁྲིམས་དང་ལྡན་པ་དམ་པ་རྣམས་དང་། གནས་ཅིག་ན་འཁོད་པའི་ཚེ་ཆུ་ཕོར་གང་ཙམ་ཡང་བླངས་པར་མི་དྲན་ཏེ། དེའི་ཕྱིར་དེ་ལས་ངས་འགྱོད་པ་ མེད་པའི་སྐུ་ཐོབ་པོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། ཉོན་མོངས་པའི་ཁུར་ཡང་བར་བྱས་པས། དེ་ལས་ངའི་ལུས་རབ་ཏུ་སྦྱངས་པ་དང་གསལ་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་ དུ། རྒྱལ་པོའི་བུ་དཔེར་བྱས་ཏེ། ཁྱིམ་ན་གནས་པའི་ཉེས་པ་སྤངས་པས། དེ་ལས་ངའི་ལུས་མི་ཚོལ་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་སྤངས་ཤིང་ཉོན་མོངས་པའི་ ཕུང་པོ་ཟད་པར་བྱས་པས། དེ་ལས་ངའི་ལུས་ནད་མེད་པ་དང་། འཇིགས་པ་མེད་པ་དང་། ང་རྒྱལ་མེད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པའི་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། སེམས་ཅན་ལྷ་མི་མང་པོ་རྣམས་ལ་བུད་མེད་དང་རྩེ་བའི་ཉོན་མོངས་པ་བྱེ་ བ་ནི་སྦྲུལ་གདུག་པའི་དུག་ལྟ་བུར་སྨད་པས། དེ་ལས་ངའི་ལུས་འགོག་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་ཀྱི་དྲུང་ནས་བྱིས་པའི་སྤྱོད་པ་ལྟ་བུ་བདག་ཉིད་ལུང་བསྟན་པ་ཐོས་ནས། དེ་བཞིན་ཉིད་དུ་ནན་ཏན་བྱས་ཏེ། མདོ་སྡེ་ལ་སྨོད་པ་རྣམས་ལ་ཐེག་པ་ཆེན་པོ་བཤད་པས། དེ་ལས་ངའི་ལུས་གནས་མེད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས། བསྐལ་པ་བྱེ་བ་མང་ པོར་སེམས་ཅན་རྣམས་ཀྱིས་ཉོན་མོངས་པ་གཞིག་པར་བྱས་ནས་སངས་རྒྱས་སུ་འགྱུར་བར་ཡིད་ཆེས་པའི་ཕྱིར། སེམས་ཅན་བྱེ་བ་ཀུན་གྱི་སྐྱབས་སུ་འགྱུར་བར་སྤྱད་པ་བརྩམས་ཏེ། དེའི་འབྲས་བུས་ངའི་ལུས་སྐྱབས་ཀྱི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ ཀླུང་གི་བྱེ་མ་མང་པོ་སྙེད་དུ། བྱང་ཆུབ་སེམས་དཔའི་བཟོད་པར་སྨྲ་བའི་དྲང་སྲོང་དུ་གྱུར་པའི་ཚེ། ཚད་མེད་པ་བཞི་ལ་བསྒོམས་པས། དེའི་འབྲས་བུས་ངའི་ལུས་ད་དུང་ཡང་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཀྱི་སྐུར་གྱུར་ཏོ། །ཐེག་པ་ཆེན་པོ། ཐེག་པ་གཅིག་པ། བླ་ན་ མེད་པའི་ཡེ་ཤེས། ཆགས་པ་མེད་པའི་ཡེ་ཤེས་འོད་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་གྱི་ཡེ་ཤེས་ངས་བསྟན་པས། སྡིག་པ་གྲངས་མེད་པར་བྱས་པ་ཡང་ཐེག་པ་ཆེན་པོ་ཐོས་ནས་འབྱང་བར་འགྱུར་ཏེ། དེའི་ཕྱིར་ངའི་ལུས་ནི་དཔུང་གཉེན་གྱི་སྐུར་གྱུར་ཏོ། །ངས་ ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་དབྱིངས་དང་། བདེ་བའི་དབྱིངས་སེམས་ཅན་ཐམས་ཅད་ཀྱི་དབྱིངས་དྲི་མ་མེད་པའི་སྙིང་པོ་གནོད་པ་མེད་པ་རབ་ཏུ་བསྔགས་སོ། །རབ་ཏུ་བསྔགས་པའི་འབྲས་བུ་དེས་ངའི་ལུས་གནོད་པ་མེད་པའི་སྐུར་གྱུར་ཏོ། ། ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། སེམས་ཅན་ལྷ་མི་བྱེ་བ་མང་པོ་རྣམས་གནས་མེད་པའི་ཐར་པའི་གོ་འཕང་ལ་བཀོད་པས། དེ་ལས་ངའི་ལུས་གོ་སྐབས་མེད་ཅིང་གཙོ་བོའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་ བྱེ་མ་སྙེད་དུ། སེམས་ཅན་སྐྱེས་པ་དང་། བུད་མེད་མང་པོ་རྣམས་ཕ་མ་དང་། སྲིང་མོ་ལྟ་བུར་འདུ་ཤེས་པའི་སེམས་ལ་བཀོད་པས། ངའི་ལུས་ཐམས་ཅད་དུ་ཕ་བཞིན་དུ་བླ་མའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། མུ་གེ་ཆེན་ པོའི་བསྐལ་པ་བར་མ་ལ་བདག་གཞན་གྱི་ལོངས་སྤྱོད་རྣམ་པ་མང་པོ་བྱས་པས། དེ་ལས་ངའི་ལུས་ཐམས་ཅད་དུ་སྐོམ་པ་མེད་ཅིང་དང་བའི་རྣམ་པ་ལྷའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། སེམས་ཅན་བྱེ་བ་རྣམ་པ་མང་པོ་ གསོད་པར་འདོད་ཅིང་སྨྲ་བ་ཚེ་རབས་མང་པོར་སྨད་པས་དེ་ལས་ངའི་ལུས་ཕུང་པོ་ཐམས་ཅད་དང་བྲལ་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོར་ཐབས་དམ་པའི་སྐུ་ཆོས་ཀྱི་སྐུ་སྨན་པའི་མཆོག་གིས་བརྟན་པའི་སྐུ་མཐའ་ཡས་པ་བསྟན་པ་ལྟར་དགེ་བའི་རྒྱུ་རྣམ་པར་སྤེལ་བ་ དེ་ལས་ངའི་སྐུ་འདུ་བྱེད་ཞི་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། སེམས་ཅན་བྱེ་བ་མང་པོ་རྣམས་བསྒྲལ་ཅིང་། རང་གི་ཉོན་མོངས་པ་རྣམས་ཟད་པར་བྱས་ཏེ། བདག་ཉིད་ཀྱི་དབྱིངས་སྐྱུ་རུ་རའི་འབྲུ་བཞིན་དུ་བསྟན་པས། དེ་ལས་ངའི་ལུས་ཆོས་མ་ཡིན་པ་བཅད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། སེམས་ཅན་བྱེ་བ་མང་པོ་ཐམས་ཅད་ལ་ཁམས་བཞི་པོ་ནི་སྦྲུལ་གདུག་པའི་དུག་བཞིན་དུ་སྟེ། རྟག་ཏུ་སྣོད་སྟོང་པ་བཞིན་དུ་སྟོང་ངོ་ཞེས་ རབ་ཏུ་སྨད་པས་དེ་ལས་ངའི་ལུས་ཐོས་པའི་རྒྱུ་འདྲ་བར་སྐྱེས་པ་ཤ་དང་། རྒྱུས་པ་མེད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ། སྲིད་པའི་སེམས་ཅན་བྱེ་བ་མང་པོ་ཐམས་ཅད་ཉོན་མོངས་པ་བྱེ་བ་ལས་འདོད་ཆགས་དང་ བྲལ་བ་འགོག་པ་མྱ་ངན་ལས་བཟླ་བར་ཡོངས་སུ་མྱ་ངན་ལས་བཟླས་སོ། །ཡོངས་སུ་མྱ་ངན་ལས་འདས་པས། དེ་ལས་ངའི་ལུས་མྱ་ངན་ལས་འདས་པ་མི་གཡོ་བ་བདེ་བའི་སྐུར་གྱུར་ཏོ། །སོར་མོའི་ཕྲེང་བ་བསྐལ་པ་གྲངས་མེད་པ་བྱེ་བ་མང་པོར་འདི་ཉིད་ན་ འདུག་བཞིན་དུ་ང་ནི་ཐམས་ཅད་ན་གནས་ཏེ། མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དོ། །དེ་ནས་སོར་མོའི་ཕྲེང་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ་སངས་རྒྱས་བཅོམ་ལྡན་ འདས་ནི་དཀའ་བ་མཛད་པ་སྟེ། སེམས་ཅན་ཐམས་ཅད་ལ་རྗེས་སུ་ཐུགས་བརྩེ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ་དེ་བཞིན་གཤེགས་པ་ཡང་ཤིན་ཏུ་དཀའ་བ་མཛད་པ་ཡིན་ཏེ། ནམ་མ་འོངས་པའི་དུས་ན་དམ་པའི་ཆོས་ལོ་བརྒྱད་ཅུའི་ བར་དུ་གནས་པར་འགྱུར་བ་དེའི་ཚེ། ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་ཅིང་ཤིན་ཏུ་བྱ་དཀའ་བ་བྱེད་པའོ། །སེམས་ཅན་གང་དག་དེའི་ཕྱོགས་འཛིན་པ་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་པར་བསྟན་ ཏོ། །སེམས་ཅན་གང་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས། དེ་བཞིན་ཉིད་དུ་ནན་ཏན་བྱེད་པའི་སེམས་ཅན་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་པའོ། །སོར་མོའི་ཕྲེང་བས་གསོལ་པ། ཤིན་ཏུ་དཀའ་བ་བགྱིད་པ་དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ནི་ཁུར་ཆེན་པོ་བཞི་ཁྱེར་ཏེ། ཁུར་བཞི་གང་ཞེ་ན། ཆུའི་ཕུང་པོ་ཆེན་པོའི་ཁུར་དང་། རིའི་ཁུར་དང་། ཕྱི་རོལ་གྱི་རྩྭ་དང་། ཤིང་གེལ་པ་དང་། ཤིང་གི་ཁུར་དང་། སེམས་ཅན་ཐམས་ཅད་ཁུར་དུ་ཁྱེར་བ་སྟེ། དེ་ལྟར་ན་ས་ནི་ཁུར་ཆེན་པོ་བཞི་ཁྱེར་བའོ། །སོར་མོའི་ཕྲེང་བས་གསོལ་པ། ལྕིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ས་ནི་ཁུར་ཆེན་པོ་ཁྱེར་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ས་བས་གཞན་ལྷག་པར་ཁུར་ཁྱེར་བ་ཡོད་དོ། །གསོལ་པ། བཅོམ་ལྡན་ འདས་སྐྱེས་བུ་དམ་པ་དེ་གང་ལགས། བཀའ་སྩལ་པ། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ན། ཁུར་བཞི་ཁྱེར་ བར་འགྱུར་ཏེ། བཞི་གང་ཞེ་ན། སྐྱོན་ཆགས་པའི་ཡ་མཚན་ཅན་རྣམས་གསད་དོ་ཞེས་རབ་ཏུ་རྒྱུ་སྤྱོད་དེ། འཇིགས་པ་ཁྱད་དུ་བསད་ནས་རང་གི་སྲོག་ཀྱང་བཏང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དེ་ནི་རིའི་ཕུང་པོ་བས་ཆེས་ལྕི་བའི་ཁུར་དང་པོའོ། །དེ་དག་ལ་སོགས་ པའི་སྐྱོན་ཆགས་པའི་ཡ་མཚན་ཅན་མང་པོ་རྗེས་སུ་སྟོན་པ་ལ་ཁྲོ་བ་དང་། འདོད་ཆེན་པོའི་ཚིག་ཐོས་ནས་དེ་དག་ལ་བཟོད་པ་ནི་ཆུའི་ཕུང་པོ་ལས་ལྷག་པའི་ཁུར་དེ་ནི་གཉིས་པའོ། །རྒྱལ་པོ་དང་། བློན་པོ་དང་། དམག་དཔོན་དང་། དབང་ཕྱུག་རྣམས་ཆོས་མཉན་པ་དང་། ཆོས་ ཀྱི་གཏམ་མཉན་པ་མི་རྙེད་པ་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྒྱས་པར་སྟོན་ཅིང་གང་དེའི་ཕྱོགས་འཛིན་པ་དབང་ཕྱུག་དང་། དམག་དཔོན་དང་། བློན་པོ་ཆོས་མི་ཐོས་པ་དེ་དག་ལ་ཡང་འཆི་བའི་ཆོས་སྟོན་ཅིང་འགྲོ་བ་ངན་པ་འཆལ་པའི་བློ་ཅན་དང་འོན་པ་དང་། ལོང་བ་ཐོས་པ་ མི་རྙེད་པ་ལ་ཆོས་རྣམས་སྟོན་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་བས་ལྕི་བའི་ཁུར་གསུམ་པའོ། །ཀླ་ཀློའི་ཡུལ་གནས་པར་དཀའ་བ་མལ་སྟན་རྙེད་པར་དཀའ་ཞིང་ཁ་ཟས་ངན་པ། གོས་ངན་པ། མལ་ཆ་ངན་པ། མུ་གེ་དང་། འཁྲུག་པ་མང་པོ་དང་། འགྲོ་བ་རྣམས་ རྩོད་པ་དང་། ཉོན་མོངས་པ་དང་། བུད་མེད་ལ་བག་མེད་པ་ཙམ་གྱི་ཡུལ་ལ་སྦྱོར་བའི་ཉོན་མོངས་པ་ལ་བཟོད་པ་བྱེད་པར་བྱེད་པ་ལ་སོགས་ཏེ། སྡུག་བསྔལ་ཐམས་ཅད་ཀྱིས་རེག་ཅིང་། གྲོང་དང་། རི་བྲགས་ཀྱི་གྲོང་དང་། ལུང་པའི་ནང་དང་། ཚོང་དུས་དང་། རྩེད་མོའི་ས་ དང་། བུ་རམ་ཤིང་དང་། འབྲས་ཐུབ་པོ་ཆེ་དང་། སཱ་ལུ་དང་། གྲོ་དང་། ནས་དང་། ཀ་ར་ས་དང་། བྱ་ར་ཛ་དང་། བྲམ་ཟེའི་གནས་ན་འདུག་པ་མི་རྙེད་པའི་གནས་ལ་དམ་པའི་ཆོས་སྟོན་པ་དེ་ནི་རྩྭ་དང་། ཤིང་གེལ་པ་དང་། ཤིང་དང་། རྡོ་བས་ལྷག་པར་ཁུར་ལྕི་བའི་ཁུར་ཆེན་པོ་བཞི་ པའོ། །ཁུར་ཆེན་པོ་དེ་བཞི་གང་སྟོན་པ་དེ་ནི་ཁུར་ཆེན་པོ་ཁྱེར་བའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ་རང་གི་སྲོག་ཀྱང་བོར་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་སྟོན་པ་དང་། གང་དེའི་ཕྱོགས་འཛིན་ པའི་འགྲོ་བ་དེ་དག་ཀྱང་ཤིན་ཏུ་དཀའ་བ་བྱེད་པའོ། །འགྲོ་བ་གང་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་ཡིད་ཆེས་པ་དེ་དག་ཀྱང་ཤིན་ཏུ་དཀའ་བ་བྱེད་པའོ། །གཞན་ཡང་སོར་མོའི་ཕྲེང་བ་དེ་བཞིན་གཤེགས་པ་ནི་དཀའ་བ་བྱེད་པ་མ་ཡིན་གྱི། ཡང་རབ་ཏུ་དཀའ་བ་བྱེད་པ་ཡོད་ དེ་བསྟན་ཏོ། །འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་ཚེ་དཔག་ཏུ་མེད་པར་གྱུར་ཏེ། ལོ་བྱེ་བ་ཚད་མེད་པ་སྙེད་དུ་སྐྲའི་རྩེ་མོ་ཙམ་གྱིས་རྒྱ་མཚོའི་ཆུ་ཕྱགས་ཏེ་འདུག་ནས། ཡང་ལོ་བྱེ་བ་དཔག་ཏུ་མེད་པ་འདས་ཤིང་སྐྲའི་རྩེ་མོས་རྒྱ་མཚོའི་ཆུ་ཕྱགས་ཏེ། དེ་ལྟ་བུའི་རྒྱ་མཚོ་ཐམས་ ཅད་ཕྱགས་ཏེ། བ་ལང་གི་རྗེས་ཀྱི་ཆུ་ཙམ་དུ་བྱས་ན་དེ་དཀའ་བ་བྱེད་པ་ཡིན་ནམ། འོན་ཏེ་མ་ཡིན། གསོལ་པ། དེ་ནི་ཤིན་ཏུ་དཀའ་བ་བགྱིད་པའི་མཐར་ཕྱིན་པ་སྟེ། དཀའ་བ་བགྱིད་པའོ་ཞེས་མཆི་མི་ནུས་སོ། །བཀའ་སྩལ་པ། དེ་ནི་དཀའ་བ་བྱེད་པ་མ་ཡིན་ཏེ། དེ་ཅིའི་ ཕྱིར་ཞེ་ན། གཞན་ཡང་ཤིན་ཏུ་དཀའ་བ་བྱེད་པ་ཡོད་དོ། །དེ་གང་ལགས། བཀའ་སྩལ་པ། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། གང་བདག་གི་སྲོག་ཀྱང་བཏང་ནས། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དེ་ནི་ཤིན་ཏུ་དཀའ་བ་བྱེད་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །གཞན་ཡང་སོར་མོའི་ཕྲེང་བ་དེ་བཞིན་གཤེགས་པ་ནི་དཀའ་བ་བྱེད་པ་མ་ཡིན་ཏེ། ཤིན་ཏུ་དཀའ་བ་བྱེད་པ་གཞན་ཡང་ཡོད་དོ། །འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་རི་རབ་རིའི་རྒྱལ་པོ་དང་། ས་དང་རྒྱ་ མཚོ་ཆེན་པོར་བཅས་ཏེ། བདག་གི་ཕྲག་པ་ལ་ཐོགས་ནས་ལོ་བྱེ་བའི་བར་དུ་འདུག་ན་སྐྱེས་བུ་དེ་ཅི་འདྲ། སྟོབས་དང་ལྡན་པ་ཡིན་ནམ། འོན་ཏེ་མ་ཡིན། དེ་ཤིན་ཏུ་དཀའ་བ་བྱེད་པ་ཅི་འདྲ། གསོལ་པ། དེ་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། ཉན་ཐོས་དང་། རང་ སངས་རྒྱས་ཀྱི་ཡུལ་མ་ལགས་སོ། །བཀའ་སྩལ་པ། དེ་ནི་སྟོབས་དང་ལྡན་པའང་མ་ཡིན། དཀའ་བ་བྱེད་པའང་མ་ཡིན་ཏེ། རྒྱ་མཚོའི་ཆུ་ཐམས་ཅད་རྡུལ་ཕྲ་མོའི་རྩེ་མོའི་ཆ་ཤས་ཀྱིས། ལོ་བྱེ་བ་དང་། བསྐལ་པ་མང་པོར་ཕྱགས་ཏེ། བ་ལང་གི་རྗེས་ཀྱི་ཆུ་ཙམ་དུ་བྱེད་ ནུས་ཤིང་། ས་དང་། རི་རབ་དང་། ཆུ་བོ་དང་། རྒྱ་མཚོར་བཅས་ཏེ། བསྐལ་པ་མང་པོར་ཁུར་ཁྱེར་ནུས་ཀྱང་། མ་འོངས་པའི་དུས་ན། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ་སྐྱེ་བོ་ཕལ་པས་ཀྱང་དམ་པའི་ཆོས་སྟོན་མི་ནུས། དེ་བཞིན་གཤེགས་ པའི་སྙིང་པོ་ཡང་འཆད་མི་ནུས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་མིའི་གླང་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཅིང་། དམ་པའི་ཆོས་འཛིན་པར་འགྱུར་ཏེ། དེ་ནི་ཤིན་ཏུ་དཀའ་བ་བྱེད་པར་བསྟན་ཏོ། །གཞན་ཡང་ སོར་མོའི་ཕྲེང་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེའི་ཕུང་པོ་རབ་ཏུ་འབར་བ་ལ་ཁྱོར་བའི་ཆུས་ཞི་བར་ནུས་སམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཞེ་ན། རྒྱ་མཚོའི་ཆབ་ཀྱིས་ཀྱང་མེ་དེ་ཞི་བར་མི་ནུས་ཏེ། ཁྱོར་བའི་ཆབ་ ཀྱིས་ནི་ཁྱིམ་རབ་ཏུ་འབར་བ་ལ་ཡང་ཞི་བར་མི་ནུས་ན། སྟོང་གསུམ་གྱི་སྟོང་ཆེན་པོ་ལྟ་ག་ལ་ནུས། བཀའ་སྩལ་པ། སོར་མོའི་ཕྲེང་བ་དེ་བཞིན་དུ་མ་འོངས་པའི་དུས་ན། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་བྲི། ངང་ཚུལ་ངན་པའི་ཕྱོགས་འཕེལ་བའི་དུས་ ན། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སྲོག་ཀྱང་བཏང་། བྲན་ཕོ་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་ལ་སོགས་པའི་ནོར་ངན་པ་རྣམ་པ་མང་པོ་ཡང་བྱིན་ནས་ དམ་པའི་ཆོས་ཕྱུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་སྐྱེས་བུ་དམ་པ་དེ་ཅི་འདྲ། གསོལ་པ། བཅོམ་ལྡན་འདས་ཉིད་མཁྱེན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མི་རིག་གོ། །དེའི་དུས་ན་འཇིག་རྟེན་གྱི་ཆོས་རྣམ་པར་དག་པ་ཡང་བཤད་ དཀའ་ན། འཇིག་རྟེན་ལས་འདས་པའི་ཆོས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལྟ་ཅི་སྨོས། དེ་ལྟར་སྐྱེས་བུ་དམ་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་མེའི་ཕུང་པོ་རབ་ཏུ་འབར་བ་ཁྱོར་བའི་ཆུས་ཞི་བར་བགྱི་བའི་སླད་དུ་དེར་མཆི་ ཞིང་། ཤིན་ཏུ་དཀའ་བ་བགྱིད་པ་དེ་ནི་སྐྱེས་བུ་དེ་གཞན་མ་ལགས་ཀྱི། དེ་བཞིན་གཤེགས་པ་ཉིད་ལགས་པ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ངས་ཀྱང་ཚིག་དེ་སྐད་སྨྲས་སོ། །སྐྱེས་བུ་དེ་ཤིན་ཏུ་ དཀའ་བ་བྱེད་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྐལ་པ་བྱེ་བ་སྙེད་དུ་ཡོན་ཏན་བཤད་ཀྱང་དེའི་མཐའ་མི་རྙེད་དོ། །གཞན་ཡང་རིགས་ཀྱི་བུ་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོར་ཆུ་བོ་ཐམས་ཅད་འབབ་པ་མི་མངོན་པ་དེ་བཞིན་དུ་སྐྱེས་བུ་དེའི་བློའི་ནང་དུ་ འཇིག་རྟེན་ཐམས་ཅད་ཀྱི་བློ་དེའི་ནང་དུ་ཞུགས་པར་མི་སྣང་ངོ་། །གཞན་ཡང་རིགས་ཀྱི་བུ་རྒྱ་མཚོ་ཆེན་པོ་ནི་སེམས་ཅན་གྱི་རོ་ཐམས་ཅད་མཐར་འབྱིན་པ་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་ཡང་མིག་ཟུར་ཡང་མི་ལྟ། ཁྱིམ་ལ་ཆགས་པ་ཡང་མེད། ཆོས་དང་མི་ལྡན་པ་ རྣམས་དང་རིགས་འདྲེས་པ་ཡང་མེད། དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་པ་བྱེད་པ་རྣམས་ཀྱང་སྤངས་ཏེ། སྐྱེས་བུ་དམ་པ་དེ་ལྟ་བུ་ནི་ཤིན་ཏུ་དཀའ་བ་བྱེད་པའོ། །གང་དེའི་ཕྱོགས་འཛིན་ཅིང་ཉན་པ་དེ་དག་ཀྱང་། ངའི་ཉན་ཐོས་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་མཚན་ཉིད་དུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མཚན་ཉིད་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསར་ཡིན་ ནོ། །བརྒྱད་གང་ཞེ་ན། ཆོས་ལ་སེམས་པ་དང་། རྟོག་ཅིང་གཞིག་པ་དང་། ལེན་ཅིང་འཛིན་པ་དང་། ཕ་མ་ལ་སྲི་ཞུ་ཆེ་བ་དང་། རང་གི་སློབ་དཔོན་ལ་བྱས་པ་གཟོ་བ་དང་། ལྟ་བ་ཐམས་ཅད་དང་མི་འཐུན་པ་དང་། མཚན་མ་ཐམས་ཅད་ལ་ཁྱད་དུ་གསོད་ཅིང་འདུལ་ བ་ལ་མཁས་པ་དང་། མི་རུང་བ་ཐམས་ཅད་སྤོང་བ་དང་། འདོད་པ་མེད་པའི་སེམས་འདི་ལྟ་སྟེ། རྨི་ལམ་ན་ཡང་ཁུ་བ་མི་འབྱུང་ཞིང་ཚུལ་ཁྲིམས་ལ་གུས་པར་བྱེད་པའི་མཚན་ཉིད་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །ཡང་མཚན་ཉིད་བརྒྱད་ དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ཏེ། བརྒྱད་གང་ཞེ་ན། ཐེག་པ་ཆེན་པོ་སྟོན་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་གསལ་བར་སྟོན་ཅིང་གཏོང་བ་དང་ལྡན་པ་དང་། ཟང་ཟིང་ལ་མི་བརྐམ་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སུ་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་ལྟ་བ་དང་། དེ་དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང་། རྙེད་པ་དང་བཀུར་སྟི་ལ་ཆོག་ཤེས་པ་སྟེ། མཚན་ཉིད་བརྒྱད་པོ་དེ་དག་དང་ལྡན་ ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །ཡང་མཚན་ཉིད་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ཏེ། བརྒྱད་གང་ཞེ་ན། ཕན་པ་དང་། རན་པ་དང་། འཇམ་པར་སྨྲ་བ་དགའ་བ་དང་། ཉོན་མོངས་པ་ཆུང་བ་དང་། བཟོད་པ་དང་ལྡན་པ་དང་། མདོ་སྡེའི་མཐའ་ཐམས་ཅད་ཉན་པ་ལ་བཟོད་པ་དང་། མིག་གཉིད་ཐུལ་བ་དང་། སྙོམ་ལས་མེད་དེ་ལྡང་ཞིང་བག་ཡོད་པ་དང་། བསླབ་པ་ལ་མོས་པ་སྟེ། མཚན་ཉིད་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །ཡང་མཚན་ཉིད་ བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ཏེ། བརྒྱད་གང་ཞེ་ན། བདེན་པ་དང་གཙང་བ་དང་། གཙང་སྦྲ་བྱེད་པ་དང་། མཁས་པ་དང་། འོད་དང་ལྡན་ཞིང་གཟུགས་བཟང་བ་དང་། བུད་མེད་དང་འགྲོགས་པ་སྤོང་བ་དང་། གཉེན་གྱི་ཁྱིམ་ནས་ རིང་དུ་ལྟ་བ་དང་། གཙེ་བ་དེ་དང་དེས་སྡིག་པའི་དགེ་སྦྱོང་ཐམས་ཅད་ལ་འཇིགས་པ་དང་། ཐོས་མ་ཐག་ཏུ་ལུས་ཀྱི་སྤུ་ལངས་པར་འགྱུར་བ་དང་། སྲོག་ཆགས་ཐམས་ཅད་ལ་བྱམས་ཤིང་སྙིང་བརྩེ་བ་སྟེ། མཚན་ཉིད་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་ སེམས་དཔའ་གསར་ཡིན་ནོ། །ཡང་མཚན་ཉིད་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ཏེ། བརྒྱད་གང་ཞེ་ན། བདུད་ཀྱིས་བཤད་པ་དང་། སངས་རྒྱས་ཀྱིས་བཀའ་སྩལ་པའི་བྱེ་བྲག་ཤེས་པ་དང་། མདོ་སྡེ་ཤེས་པ་ལ་བཀུར་ སྟི་བྱེད་པ་དང་། འདུལ་བ་དང་། འདུལ་བ་མ་ཡིན་པའི་བྱེ་བྲག་ཤེས་ཏེ་མི་འཆབ་པ་དང་། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ལ་མཁས་པ་ཡིན། དེ་བཞིན་གཤེགས་པས་གསུངས་པ་ཤེས། འཇིག་རྟེན་གྱི་ཕྱིར་འབྲང་བར་བྱ་བ་ཤེས། དེ་བཞིན་ གཤེགས་པ་རྟག་པ་ཉིད་དུ་ཤེས་པ། སྡིག་པ་དང་། སྡིག་པ་མེད་པ་དང་། བྱང་ཆུབ་སེམས་དཔའི་བྱ་བ་ལ་མཁས་པ། ཡུལ་དང་། དུས་དང་། ཡེ་ཤེས་དང་། བདག་གི་ནུས་པ་དང་། རབ་ཏུ་ཤེས་པ་སྟེ། མཚན་ཉིད་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་ དཔའ་གསར་ཡིན་ནོ། །མཚན་ཉིད་བཞི་བཅུ་པོ་དེ་དག་དང་ལྡན་ཏེ། ལུས་དྲན་པའི་ཆོས་དང་ལྡན་པ་དེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་གསར་ཞེས་བྱའོ། །གང་ལ་ཡོན་ཏན་བཞི་བཅུ་མེད་དེ་ཕྱེད་དམ། ཕྱེད་ཀྱི་ཡང་ཕྱེད་ཡོད་པ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་ པར་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔར་བརྩེ་བར་མི་གཏོགས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཤིན་ཏུ་དཀའ་བ་བྱེད་པའོ། །དེ་ལ་ཡོན་ཏན་གྱི་མཆོག་གང་ཞེ་ན། གཡེམ་པའི་འདུ་ཤེས་མེད་ཅིང་ རྨི་ལམ་ན་ཡང་ཁུ་བ་མི་འབྱུང་བ་དེ་ནི་རྒྱུ་དང་བཅས་པའི་མིར་རིག་པར་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཀྱི་ཡོན་ཏན་གྱི་མཆོག་གོ། །འཇམ་དཔལ་གཞོན་ནུར་གྱུར་པས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་བཞིན་ གཤེགས་པའི་སྙིང་པོ་ཞེས་བཤད་པ་དེའི་དོན་ཅི། གལ་ཏེ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱིས་སྲོག་གཅོད་པ་དང་། བརྫུན་སྨྲ་བ་དང་། ཆང་འཐུང་ བ་དང་། འཁྲིག་པ་དང་། མ་བྱིན་པར་ལེན་པ་དང་། མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་བྱར་རུང་ངམ། གལ་ཏེ་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་ཡོད་ན་གང་གི་ཚེ་བསྒྲལ་ཞིང་རབ་ཏུ་འཇུག་པར་འགྱུར། གལ་ཏེ་སངས་རྒྱས་ཀྱི་དབྱིངས་ཡོད་ན། ཐམས་ཅད་ ཀྱིས་ཀྱང་མཚམས་མེད་པ་དང་། འདོད་ཆེན་པའི་ལས་བྱ་བར་འགྱུར་རོ། །གལ་ཏེ་སེམས་ཅན་ཐམས་ཅད་ལ་བདག་གི་དབྱིངས་ཡོད་ན། བདག་ཉིད་སྒྲོལ་བར་འགྱུར་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་བདག་གི་དབྱིངས་མེད་པས་ན། དེའི་ཕྱིར་འཇིག་རྟེན་དང་བདག་ལ་དབྱིངས་ མེད་དེ། ཐམས་ཅད་ལ་བདག་མེད་པ་དེ་ནི་སངས་རྒྱས་ཀྱི་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ། ཉོན་མོངས་པ་བྱེ་བས་གཡོགས་ནས་བུམ་པའི་ནང་གི་མར་མེ་བཞིན་དུ་ འདུག་གོ། །གཞན་ཡང་འཇམ་དཔལ་འདུལ་སྦྱོང་བྱེད་པའི་བུ་གཅིག་བཅོམ་ལྡན་འདས་འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་རིང་ནས་ལོ་བདུན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་ པོར་འགྱུར་རོ། །ང་ཡང་ཞག་བདུན་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ལུང་བསྟན་ནས། འདུལ་སྦྱོང་བྱེད་པའི་བུ་དེ་རབ་ཏུ་དགའ་བ་སྐྱེས་ནས། བདག་ནི་ཐམས་ཅད་མཁྱེན་པས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་ཏེ། གདོན་མི་ཟ་བར་འགྱུར་སྙམ་ནས་དགའ་ ཆེས་ཏེ། རང་གི་མ་ལ་སྨྲས་པ། མ་ཉ་དང་། ཤ་དང་། འོ་མ་དང་། ཏིལ་གྱི་ལ་དུ་དང་། ཞོ་དང་། དོ་བ་དང་། ཁུ་བ་དང་། འབྲུ་དྲུས་པ་དག་སྩོལ་ཅིག །སྟོབས་ཆེན་པོར་བྱའོ་ཞེས་ཐམས་ཅད་བསྲེས་ཏེ་ཟོས་ནས། དུས་མ་ཡིན་པ་ཙམ་གྱིས་ཤི་ནས་བདག་ཉིད་ཤི་བ། བདག་ ཉིད་ཀྱིས་ཉམས་པར་བྱས་ན། ཅི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྫུན་གསུང་ངམ། དེ་སྟེ་ཐམས་ཅད་མཁྱེན་པ་མ་ཡིན། འོན་ཏམ་དེ་ལ་འཁོར་ལོས་སྒྱུར་བའི་དགེ་བའི་རྩ་བ་དང་། བསོད་ནམས་རྣམ་པར་སྨིན་པ་མེད་དམ། གསོལ་པ། དེ་སྔོན་ལས་ངན་པ་ བགྱིས་པས་གུམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་སྐད་མ་ཟེར་ཅིག །དེ་ནི་དུས་མ་ཡིན་པ་ཙམ་བབ་པ་སྟེ། སྔོན་ལས་ངན་པ་བྱས་པ་མ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལུང་སྟོན་པ་ན། དེས་སྔོན་ལས་ བྱས་པ་མི་མཁྱེན་པར་ལུང་བསྟན་རེ་སྐན། དེ་ནི་སྔོན་ལས་ངན་པ་བྱས་པས་ཤི་བ་མ་ཡིན་གྱི། བདག་ཉིད་ཀྱིས་ཉེས་ཏེ། བདག་གིས་བསད་དོ། །འཇམ་དཔལ་དེ་བཞིན་དུ་སྐྱེས་པའམ་བུད་མེད་ཀྱང་རུང་སྟེ། གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་བདག་ལ་ཡོད་པས་ དེ་ཉིད་སྒྲོལ་བར་འགྱུར་གྱིས་སྡིག་པ་བྱའོ་སྙམ་སྟེ་སྡིག་པ་བྱས་ན་དེ་ཅི་བདག་གི་དབྱིངས་སྒྲོལ་བར་འགྱུར་རམ། སྔར་བཤད་པ་བཞིན་ཏེ། འདུལ་སྦྱོང་བྱེད་པའི་བུ་ལྟར་དབྱིངས་ཡོད་ཀྱང་མི་སྒྲོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་བག་མེད་པ་མང་བ་དག་བག་མེད་པའི་ཕྱིར་ཆོས་ ཀྱི་དབྱིངས་ཀྱིས་མི་སྒྲོལ་ལོ། །ཅི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་དབྱིངས་མེད་དམ། སངས་རྒྱས་ཀྱི་དབྱིངས་ནི་རྒྱལ་ཐབས་ཀྱི་རྣམ་པར་སྨིན་པ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡོད་དོ། །སངས་རྒྱས་བརྫུན་གསུང་བ་ཡིན་ནམ། སངས་རྒྱས་ནི་བརྫུན་ གསུང་བ་མ་ཡིན་ཏེ། སེམས་ཅན་བརྫུན་སྨྲ་བ་རྣམས་བག་མེད་པར་མྱོས་ཤིང་བསྟན་པ་ཐོས་ནས་ཀྱང་དེ་དག་རང་གི་ཉེས་པས་སངས་རྒྱས་ཐོབ་པར་མི་འགྱུར་རོ། །གསོལ་པ། སེམས་ཅན་ཐམས་ཅད་ལ་སྔོན་བགྱིས་པའི་ལས་མ་མཆིས་ཞེས་བགྱིའམ། བཀའ་སྩལ་པ། མདོ་སྡེ་ལས་ཡོད་ཅེས་འབྱུང་མོད་ཀྱི། ཐོས་པ་ཙམ་གྱིས་གྲངས་མེད་པའི་ཡང་གྲངས་མེད་པར་བྱས་པའི་ལས་རྣམས་ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་བསྐལ་པ་བྱེ་བ་གྲངས་མེད་པ་མང་པོ་ནས། འཇིག་རྟེན་གྱི་ཕྱིར་དམ་བཅས་ཏེ་བདག་ གྲོལ་ནས་སེམས་ཅན་ཐམས་ཅད་དགྲོལ་ལོ། །བདག་བརྒལ་ནས་སེམས་ཅན་ཐམས་ཅད་བསྒྲལ་ལོ་ཞེས་དེ་ལྟར་དམ་བཅས་པའི་དགེ་བའི་རྩ་བས། དེ་བཞིན་གཤེགས་པ་ཉི་མའི་འོད་ཀྱི་གཟི་བརྗིད་ཀྱིས་ལས་བྱས་པ་མ་ལུས་པར་ཟད་པར་འགྱུར་རོ། །གཞན་ ཡང་འདི་ལྟ་སྟེ་དཔེར་ན། འཇམ་དཔལ་སྤྲིན་དང་། ཁུག་རྣ་དང་། བ་མོའི་དྲི་མ་དང་། ཉེས་པ་རྣམས་ནི་ཇི་ཙམ་དུ་ཉི་མ་མ་ཤར་བ་དེ་ཙམ་དུ་འཇིག་རྟེན་ལ་སྒྲིབ་ཀྱི། ཉི་མ་ཤར་མ་ཐག་ཏུ་སེ་གོལ་གཏོགས་པ་སྲིད་ཀྱིས་ཟད་པར་འགྱུར་རོ། །དེ་བཞིན་དུ་སྡིག་ པའི་ཕུང་པོ་གྲངས་མེད་པར་བྱས་པ་ཡང་མདོ་སྡེ་འདིའི་ཉི་མ་མ་ཤར་བ་དེ་ཙམ་དུ་སེམས་ཅན་ཐམས་ཅད་འཁོར་བ་བྱེ་བར་ཀུན་དུ་འཁོར་གྱི་མདོ་སྡེ་འདིའི་ཉི་མ་ཤར་མ་ཐག་ཏུ་སྡིག་པའི་ཕུང་པོ་གྲངས་མེད་པར་བྱས་པ་ཡང་སེ་གོལ་གཏོགས་པ་སྲིད་ཀྱིས་ཟད་པར་འགྱུར་ རོ། །དེ་བཞིན་གཤེགས་པའི་སྙིང་པོ་ལ་འཕྱས་པའམ། སྟིང་བའམ། ཁ་གཅུས་པའམ། གཞན་གྱི་ཕྱིར་འབྲང་བའམ། འདི་ལས་ཕྱི་རོལ་པར་གྱུར་པའམ། ཕས་ཕམ་པའམ། མཚམས་མེད་པ་བྱས་པར་གྱུར་པ། གྲངས་མེད་པར་སྡིག་པ་བྱས་པ་དེ་ ཡང་ཐང་ཅིག་ཙམ་གྱིས་ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ཐོས་པ་ཙམ་གྱིས་ཀྱང་སེམས་མ་བསྐྱེད་པ་ཡང་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་དེའི་སྨོན་ལམ་གྱི་བྱེ་ བྲག་གིས་བདག་དང་འཇིག་རྟེན་གྱི་ཕྱིར་བདག་གྲོལ་ནས་དགྲོལ་ལོ། །འཁོར་བ་བྱེ་བ་ན་གཉིད་ཀྱིས་ལོག་པའི་སེམས་ཅན་རྣམས་དམ་པའི་ཆོས་བྱེ་བས་སད་པར་བྱས་ཏེ། འཇམ་དཔལ་དེའི་ཕྱིར་དེ་བཞིན་གཤེགས་པའི་མཚན་ཐོས་པས། བྱང་ཆུབ་སེམས་དཔར་ འགྱུར་ཏེ། བདག་ཉིད་ཀྱིས་ཉོན་མོངས་པ་བྱེ་བ་གཅད་པའི་ཕྱིར་རིངས་པར་བྱའོ། །དེ་ལས་ངའི་ལུས་འཛིན་པར་འགྱུར་རོ། །འཇམ་དཔལ་ངས་བཤད་པ། ངས་ནི་མྱ་ངན་གྱི་ཟུག་རྔུ་བཅད་པའི་ལམ་བསྟན་ཏེ། དེ་བཞིན་གཤེགས་པ་སྟོན་པ་ཡིན་གྱིས་ད་ཁྱེད་ཀྱིས་ ནན་ཏན་གྱིས་ཤིག་ཅེས་ངས་ལམ་བསྟན་ཏོ། །ལམ་བསྟན་པ་རྣམ་པ་གཉིས་ཏེ། རྣམ་པ་གཉིས་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པའི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་མོ། །དེ་ལ་ཉན་ཐོས་ཀྱི་ཐེག་པའི་ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། ། བྱང་ཆུབ་སེམས་དཔའི་ལམ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ། ངའི་དབྱིངས་སུ་ངས་མི་གཡོ་བ་ཐོབ་པ་ལྟར། བདེ་བར་གཤེགས་པས་དགོངས་པའི་ཚུལ་གྱིས། ཉོན་མོངས་པ་བྱེ་བ་གཅད་པར་བྱའོ། །གལ་ཏེ་ མ་བཅད་ན་ངེས་པར་འཁོར་བའི་འཁོར་ལོར་ཡོངས་སུ་འཕྱན་ཏོ་ཞེས་མྱ་ངན་གྱི་ཟུག་རྔུ་གཅད་པའི་ལམ་ངས་བསྟན་ཏོ། །མྱ་ངན་ཅེས་བྱ་བ་ནི་ཉོན་མོངས་པའི་དོན་ཏོ། །ཟུག་རྔུ་འབྱིན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ། །བདག་གིས་ཉོན་མོངས་པ་ བྱེ་བ་གཞོམ་པ་ནི་སྨན་པ་ལྟར་སྐྱུག་པ་དང་། བཀྲུ་བ་དང་། བརྟོལ་བའི་དོན་བྱེད་པ་སྟེ། ཁྱེད་ཀྱང་རང་བཞིན་གྱིས་ང་ལ་བསྙེན་བཀུར་གྱིས་ཤིག་དང་ངས་དེ་བཞིན་གཤེགས་པའི་སྙིང་པོ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ད་ཁྱེད་ཀྱིས་ནན་ཏན་གྱིས་ཤིག་ཅེས་བྱ་བ་དེ་ནི་དགོངས་ ཏེ་གསུངས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ནི་སྟོན་པའོ་ཞེས་བྱ་བ་ཡང་སྐྱེ་བ་འདི་ཆོད་ཅིག་ཆོད་ཅིག །སངས་རྒྱས་འབྱུང་བ་ནི་ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ། །དད་པ་ཕུན་སུམ་ཚོགས་པ་ནི་གསེར་གྱི་གྲམ་བུ་བཞིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཉེས་པར་བྱེད་པ་ནི་རུས་སྦལ་ཞར་བ་གཉའ་ཤིང་གི་བུ་གར་འཇུག་པ་བཞིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་མདོ་སྡེ་འདི་དོན་མེད་པར་མ་བྱེད་ཅིག །ཚེ་དང་འཚོ་བའི་འབྲས་བུ་ཡོད་པར་གྱིས་ཤིག །བདག་ཉིད་སྲིད་ པ་ཐམས་ཅད་དང་། ཉོན་མོངས་པའི་ནད་ཐམས་ཅད་ལས་སྒྲོལ་ཅིག །དེ་བས་ན་དེ་བཞིན་གཤེགས་པ་ནི་སྟོན་པ་སྟེ། བསོད་ནམས་ལ་གཡེལ་བར་བྱེད་ཀྱང་སྡིག་པ་ལ་ཡིད་མི་དགའོ། །ངས་ཉན་ཐོས་ཀྱི་ཐེག་པ་ལས་བསྟན་ཏེ། དེ་བཞིན་གཤེགས་པའི་སྙིང་ པོ་ནི་ཤིན་ཏུ་རྙེད་པར་དཀའོ། །འཇིག་རྟེན་ན་དཔེ་མེད་དེ་དེ་ལྟར་ཤིན་ཏུ་རྙེད་པར་དཀའོ། །འཇིག་རྟེན་ན་དཔེ་མེད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་མྱུར་དུ་ལྟོས་ཏེ། དེ་ལྟར་གྱིས་ཤིག་པའི་དོན་ཏོ། །སྡིག་པ་ལ་ཡིད་མི་དགའ་ཞེས་བཤད་པ་དེའི་དོན་ཅི། དེའི་ དོན་བཤད་པར་བྱའོ། །སེམས་ནི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། དགེ་སློང་རྣམས་མི་དགེ་བའི་གྲོགས་པོའི་སྟེན་གྱི་ཉེས་པས་དྲི་མ་ལྔ་ལ་སོགས་པ་དྲི་མ་མང་པོས་མདུན་དུ་བྱས་ཤིང་བསྐོར་ཏོ། །དྲི་མ་ལྔ་ལ་སོགས་པ་གང་ཞེ་ན། འདོད་པ་དང་། སྲེད་པ་དང་། གནོད་ སེམས་མང་བ་དང་། རྨུགས་པ་དང་། གཉིད་དང་གསུམ་སྟེ། རྒོད་པ་དང་། ཐེ་ཙོམ་དེ་ལྔ་ནི་སེམས་སུན་འབྱིན་པའོ། །དྲི་མ་ལྔ་ལ་སོགས་ཏེ། དྲི་མ་མང་པོ་རྣམ་པར་དག་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །སེམས་རང་བཞིན་གྱིས་རྣམ་པར་དག་པའི་དབང་དུ་ བརྩོན་པར་བྱའོ། །རིངས་པར་རིངས་པར་ཞེས་བྱ་བ་ནི་ཇི་ཙམ་དུ་མདོ་སྡེ་སྤོང་བར་མ་གྱུར་པ་དང་། ཇི་ཙམ་དུ་འདོད་ཆེན་པར་མ་གྱུར་པ་དེ་ཙམ་དུ་བདག་ཉིད་བསྒྲལ་བའི་ཕྱིར་བརྩོན་པར་གྱིས་ཤིག །ཚིག་དེའི་དོན་ནི་འདི་ཡིན་ཏེ། སེམས་བཞིན་དུ་ཉོན་མོངས་པ་བློ་བུར་གྱི་ དྲི་མ་བྱེ་བ་རྩ་བ་ནས་བརྐོ་བ་ནི་རིངས་པར་རིངས་པར་ཞེས་བྱ་བའི་ཚིག་གི་དོན་ཏོ། །ཡིད་ནི་ཆོས་ཀྱི་སྔོན་དུ་འགྲོ། །ཡིད་གཙོ་ཡིད་ཀྱི་རང་བཞིན་ཏེ། །ཡིད་ནི་རབ་ཏུ་དང་བ་ཡིས། །བྱེད་པ་དང་ནི་སྨྲ་བ་དག །དེ་དག་བདེ་དང་ལྡན་པར་འགྱུར། །གྲིབ་མ་བཞིན་དུ་རྗེས་ སུ་འགྲོ། །ཉན་ཐོས་ཀྱི་ཐེག་པ་ལས་ཡིད་ཅེས་བྱ་བ་བསྟན་པ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་དོན་ཏེ། ཡིད་རང་བཞིན་གྱིས་དག་པ་ཞེས་བྱ་བ་དེ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོའོ། །དེ་ནི་ཆོས་ཐམས་ཅད་ཀྱི་གཙོ་བོ་སྟེ། ཆོས་ ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་ནོ། །ཡང་ཡིད་རབ་ཏུ་དང་བས་བྱེད་པ་ཞེས་བྱ་བ་ནི་ཉོན་མོངས་པ་བྱེ་བ་ཐམས་ཅད་བཅད་དེ་བདག་གི་དབྱིངས་བསྟན་ནས་གང་རབ་ཏུ་དང་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་དོ། །དེ་ནས་ཕྱིས་སྨྲ་བ་དང་ བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་ཐོབ་ནས་གང་སྨྲ་བ་དང་། གང་བྱེད་པ་དེ་ཐམས་ཅད་འཇིག་རྟེན་རབ་ཏུ་སྒྲོལ་བ་སྟེ། དེའི་ཚེ་ཇི་ལྟར་མིས་གྲིབ་མ་མཐོང་བ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་མཐོང་ངོ་། །དེ་བས་ན་གྲིབ་མ་བཞིན་དུ་རྗེས་སུ་འབྲང་ཞེས་ བྱ་སྟེ། ཚིགས་སུ་བཅད་པ་དེའི་དོན་ནི་འདིའོ། །ཡིད་ནི་ཆོས་ཀྱི་སྔོན་དུ་འགྲོ། །ཡིད་གཙོ་ཡིད་ཀྱི་རང་བཞིན་ཏེ། །ཡིད་ནི་རབ་ཏུ་འཁྲུགས་པ་ཡིས། །སྨྲས་པ་དང་ནི་བྱས་པ་དག །དེ་ནི་སྡུག་བསྔལ་ལྡན་པར་འགྱུར། །ཤིང་རྟ་རབ་ཏུ་དྲངས་ པ་བཞིན། །ཚིགས་སུ་བཅད་པ་དེའི་དོན་ནི་ཉོན་མོངས་པ་བྱེ་བའི་དོན་ཏོ། །ཡིད་ཀྱང་རབ་ཏུ་འཁྲུགས་ཞེས་བྱ་བ་ནི་ཉོན་མོངས་པ་བྱེ་བས་གཡོགས་པས་འཁྲུགས་ཞེས་བྱའོ། །སེམས་གང་གྱུར་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པ་བྱེ་བའི་ནང་དུ་ཞུགས་པའི་ དོན་ཏོ། །དེ་ནས་སྨྲ་བ་དང་བྱེད་པ་ཐམས་ཅད་སྡུག་བསྔལ་གྱི་ཕྱིར་འགྲོ་སྟེ། ཤིང་རྟ་རབ་ཏུ་དྲངས་པ་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོ་བ་ལང་གི་རྗེས་སུ་འགྲོ་བ་དེ་བཞིན་དུ། སྡིག་པའི་ཕུང་པོས་འཁོར་བའི་འཕང་ལོ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་སུ་ སེམས་ཅན་རྣམས་རབ་ཏུ་འཁྱམ་མོ། །དེ་བས་ན་བསོད་ནམས་ལ་གཡེལ་བར་བྱེད་ཀྱང་སྡིག་པ་ལ་ཡིད་མི་དགའ་བ་ཞེས་བྱ་བར་གྲུབ་བོ། །གཞན་ཡང་འཇམ་དཔལ་བའི་འོ་མ་ལ་མར་ཡོད་པར་རྟོགས་པས་མི་རྣམས་སྲུབ་ལ། ཅིའི་ཕྱིར་ཆུ་ལ་མི་རྣམས་མི་ སྲུབ་ཅེ་ན་རྫས་མེད་པའི་ཕྱིར་ཏེ། དེ་བཞིན་དུ་འཇམ་དཔལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར་མི་རྣམས་ཚུལ་ཁྲིམས་སྲུང་ཞིང་ཚངས་པར་སྤྱད་པ་སྤྱོད་དོ། །གཞན་ཡང་འཇམ་དཔལ་མི་གསེར་འདོད་པ་རྟོག་པ་དང་ལྡན་པ་བྲག་ལ་རྐོ་ལ། ཅིའི་ཕྱིར་ ཤིང་ལ་མི་རྐོ། རྡོ་བ་གསེར་གྱི་དབྱིངས་ཡོད་པ་ལ་ནི་རྐོའི། ཤིང་གསེར་མེད་པ་ལ་མི་རྐོའོ། །དེ་བཞིན་དུ་འཇམ་དཔལ་དབྱིངས་ཡོད་པ་ལ་རྟོག་པའི་མི་རྣམས་བདག་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། ཚུལ་ཁྲིམས་སྲུང་ཞིང་ཚངས་པར་སྤྱོད་དོ། །གཞན་ ཡང་འཇམ་དཔལ་དབྱིངས་མེད་ན་ནི་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །ལོ་བྱེ་བར་ཆུ་ལ་བསྲུབས་ཀྱང་སྣུམ་མི་འབྱུང་བ་དེ་བཞིན་དུ། གལ་ཏེ་བདག་གི་དབྱིངས་མེད་ན། བདག་ལ་ཆགས་པས་ཚངས་པ་དང་། ཚུལ་ཁྲིམས་སྤྱོད་པ་རྣམས་དོན་མེད་ པར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། ཚངས་པར་སྤྱོད་པ་ཚངས་པར་སྤྱོད་པ་ཞེས་བགྱི་བ་དེའི་དོན་ཅི་ལགས། ཅིའི་ཕྱིར་དེ་བཞིན་གཤེགས་པས་འདོད་པའི་ཡོན་ཏན་ལ་རོལ་པ་སྤངས། སོར་མོའི་ཕྲེང་བས་ཀྱང་གསོལ་པ། ལྷ་དང་མི་མང་པོ་ངེས་པར་ དེས་ལྟུང་བའི་ཆོས་སུ་མཁྱེན་ནས་འདོད་པའི་འདུ་ཤེས་སྤངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ་དེ་སྐད་མ་ཟེར་ཅིག །སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས། སེམས་ཅན་ཐམས་ཅད་ཆོས་ཀྱི་སྤུན་ ཡིན་ནོ། །བུད་མེད་ཐམས་ཅད་ནི་སྲིང་མོ་ཡིན་ནོ། །སོར་མོའི་ཕྲེང་བས་གསོལ་པ། རྒྱལ་པོ་ཟས་གཙང་མ་དང་། ལྷ་མོ་སྒྱུ་མ་ཡང་ལྕམ་དྲལ་ན། ཇི་ལྟར་ཡབ་ཡུམ་དུ་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འཇིག་རྟེན་གཞན་བསྒྲལ་བའི་ཕྱིར་སྒྱུ་ མའི་བྱ་བས་བསྟན་ཏོ། །འདི་ལྟ་སྟེ། རྒྱལ་པོའི་གྱད་གཉིས་སྐུགས་སྟོང་བཙུགས་ཏེ། དམ་བཅས་པས་གཅིག་ལ་གཅིག་བརྡེག་ཅིང་མི་བཙམ་པའི་ཚུལ་གྱིས་སྐུགས་སྟོང་ཕྲོག་པར་སྟོན་པས་རྒྱལ་པོ་དང་། འཁོར་ཐམས་ཅད་དགའ་བར་བྱེད་ན་འགྲོ་བ་རྣམས་ཀྱིས་དེའི་བྱེ་བྲག་ མི་ཤེས་སོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐབས་བྱས་ཏེ་ཡབ་ཡུམ་དང་བདག་ཉིད་སྐྱེས་བུ་བརྟན་པོར་སྟོན་ཏེ། དེ་ནས་ཕྱིས་འགྲོ་བ་མང་པོ་ཡང་སྲིད་པའི་རྒྱ་མཚོ་མི་ཟད་པ་ལས་སྒྲོལ་ན། སེམས་ཅན་རྣམས་ཀྱིས་དེའི་བྱེ་བྲག་མི་ཤེས་སོ། །འདི་ ལྟ་སྟེ། རོལ་མོ་ལ་འདུས་པའི་ནང་དུ་སྐྱེས་བུ་གར་མཁན་གར་བྱེད་ཅིང་གར་དང་གཏམ་གྱི་ཚིགས་སུ་སྐྱེས་པ་དང་། བུད་མེད་དང་། མ་ནིང་དུ་འགྱུར་ཏེ། འགྲོ་བ་མང་པོ་མྱུར་དུ་མགུ་བར་བྱེད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་བདག་གི་ ལུས་གར་མཁན་ཆེན་པོ་ལྟ་བུར་ལུས་བསྟན་ཏེ། སེམས་ཅན་བྱེ་བ་མང་པོ་སྒྲོལ་བ། སེམས་ཅན་རྣམས་ཀྱིས་སྐྱེས་བུའི་ཐབས་སུ་མི་ཤེས་སོ། །འདི་ལྟ་སྟེ། རོལ་མོ་ལ་འདུས་པའི་དབུས་སུ་སྒྱུ་མ་བྱེད་པས། བདག་ཉིད་རྣམ་པ་མང་པོར་གཅོད་ཅིང་རྩེ་བས་འགྲོ་བ་ མང་པོ་དགའ་བར་བྱས་པ་ཡང་སྣད་པའམ། ཕོག་པ་ཡང་མེད་དོ། །དེ་བཞིན་དུ་སྒྱུ་མ་བྱེད་པ་ལྟར་བདག་ཉིད་སེམས་ཅན་མང་པོ་ལ་ཕན་པར་བྱ་བའི་ཕྱིར་བདག་ཉིད་སྒྱུ་མ་སྤྲུལ་པ་སྟོན་ཏོ། །ཡང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཐམས་ཅད་དང་ལྡན་པས། འཇིག་རྟེན་ཀུན་ལ་ལེགས་པར་རབ་ཏུ་གཟིགས་ན། ཐོག་མ་མེད་པ་ཚུན་ཆད་འཁོར་བར་འཕོ་ཞིང་འཁྱམ་པ་ན། མར་མ་གྱུར་པ་མེད། སྲིང་མོར་མ་གྱུར་པ་མེད་དེ། མ་ཡང་ཆུང་མར་གྱུར། བྲན་ཡང་ཕར་གྱུར། ཕ་ཡང་བྲན་དུ་གྱུར་ཏེ། ཚེ་རབས་བྱེ་བ་མང་པོར་འཚོ་བའི་འཇིག་རྟེན་ནི་གར་མཁན་བཞིན་པས་ན། དེ་བཞིན་གཤེགས་པས་ཚངས་པར་སྤྱོད་པ་མཛད་དོ།། །།བམ་པོ་བདུན་པ་སྟེ་ཐ་མའོ། །གཞན་ཡང་འཇམ་དཔལ་རང་གི་དབྱིངས་དང་ལྷན་ཅིག་ ཏུ་འདོད་ཆེན་པའི་རྩེད་མོ་བྱས་པ་གང་ཆུང་ཟད་བདེ་བ་རང་གིས་བཟུང་སྟེ། སྨྲ་བ་བཞིན་དུ་འགྱུར་རོ། །བདག་ཉིད་མ་ནིང་དུ་སྐྱེས་ན། བདེ་བ་དེ་དང་སྡུག་བསྔལ་གྱི་ཕུང་པོ་འབྱུང་ངོ་། །བུད་མེད་ལའང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ། སྐྱེས་པ་ཡང་དེ་ བཞིན་ནོ། །བདག་ཉིད་ཀྱིས་བཟུང་ནས་སྨྲ་བ་བཞིན་དུ་ཅི་རུང་བར་འགྱུར་རམ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དབྱིངས་ནི་དབྱིངས་གཅིག་གོ། །ཚངས་པར་སྤྱོད་པ་བརྩམས་ཏེ། བདག་ཉིད་གཞག་པར་མི་འགྱུར་བའི་གན་དུ་དེ་བཞིན་གཤེགས་པ་ ཕྱིན་ཏོ། །འཇམ་དཔལ་གྱིས་གསོལ་པ། ཅིའི་སླད་དུ་དེ་བཞིན་གཤེགས་པས་དགེ་བསྙེན་ཕ་དང་། དགེ་བསྙེན་མ་ཐམས་ཅད་ཚངས་པར་སྤྱོད་པ་ལ་རབ་ཏུ་མ་བཀོད། ཅིའི་སླད་དུ་དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སློང་དང་། དགེ་སློང་མ་རྣམས་ ནི་ཀ་བ་བཞི་པའི་ཁང་བ་ལྟ་བུས་དམ་པའི་ཆོས་ཀྱི་རྒྱུར་དཔེ་བསྟན་ན། སྡིག་པ་ཆེན་པོ་ཡང་རབ་ཏུ་འབྱུང་བར་གདའ་སྟེ། ཅིའི་སླད་དུ་དགེ་བསྙེན་དང་། དགེ་བསྙེན་མ་དག་དེ་ལྟར་སྡིག་པ་རབ་ཏུ་གདའ་བར་གྱུར། ཅིའི་སླད་དུ་ཡང་དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ ཀྱི་འདུལ་བའི་ཆོས་བཅས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་ནི་འདུ་ཤེས་གཞན་ཏེ། འཇིག་རྟེན་གྱི་འདུ་ཤེས་ཀྱི་མིང་དུ་བཏགས་སོ། །དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གནས་ལ་བཀོད་ཀྱང་སྒྲ་གཅན་འཛིན་གྱི་ ཚུལ་དུ་འཛིན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་འདུ་ཤེས་དང་། འཇིག་རྟེན་གྱི་འདུ་ཤེས་ཀྱང་ཐ་དད་པ་དེ་དྲི་བ་འདི་ནི་མི་དྲི་བ་ཞེས་བྱའོ། །འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་དབྱིངས་ཡིན་པས་ན། སྲོག་གཅོད་པ་སྤངས་པ་ནི་སངས་རྒྱས་སོ། །རིགས་ཀྱི་བུ་ཇི་ལྟར་ བདག་གསོད་པ་ལྟར་འཇིག་རྟེན་ན་སྲོག་གཅོད་པ་ཡང་དེ་བཞིན་ཏེ། བདག་ཉིད་ཀྱི་དབྱིངས་འཇོམས་པའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྒྲ་གཅན་འཛིན་བཞིན་དུ་མཚུངས་པར་གཟིགས་ལ། བདག་ཉིད་ཀྱི་དབྱིངས་འཆང་བ་སྐྱོན་ཆགས་པ་ ཡ་མཚན་ཅན་རྣམས་ཆད་པས་བཅད་ཅིང་བསད་པར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག །དེ་བཞིན་གཤེགས་པ་ནི་སྒྲ་གཅན་འཛིན་དང་མཚུངས་པར་གཟིགས་སོ། །འདི་ལྟ་སྟེ། འཇམ་དཔལ་སྐྱེས་བུ་ཆོས་འདོད་པ་ ཞིག་བདག་ཉིད་དུས་གཉིས་སུ་ཟ་བ་ལས་ལ་ལ་ཞིག་གིས་བསྟན་ཏེ། ཟས་ལན་ཅིག་པར་གྱུར་ན། སྲིན་བུའི་རིགས་བརྒྱད་ཅུ་གསོད་པར་འགྱུར་རོ། །ཇི་སྟེ་དེ་ལྟར་གྱུར་ན་དེ་དག་ལ་སྲོག་གཅོད་པ་དག་པར་མི་འགྱུར་རོ། །གཞན་ཡང་འཇམ་དཔལ་ཤིན་ཏུ་བདེ་བ་འདོད་ པའི་བདེ་བ་དེ་ལས་ཕྱིར་ཕྱོགས་པའི་འཕགས་པ་འདོད་པ་འཇོམས་པ་ནི་བདག་གསོད་པའོ། །གལ་ཏེ་འཕགས་པ་རྣམས་དེ་ལྟར་གྱུར་ན། བདག་གསོད་པའི་སྡིག་པར་འགྱུར་རོ། །གལ་ཏེ་འདོད་པའི་སེམས་སྐྱེད་ཅིང་གཞན་གྱི་དྲུང་དུ་གནས་ཏེ། བདག་འདོད་པའི་ སེམས་སྐྱེས་ན་ཇི་ལྟར་བྱ་ཞེས་མ་ཟེར་ཅིག །དེ་ལས་ངོ་ཚ་བ་སྐྱེ་བར་འགྱུར་རོ། །ངའི་ལུས་གཅིག་ཡོད་ཀྱང་རུང་། མེད་ཀྱང་རུང་དཔའ་བོ་ལྟར་འདུག་པས་བདག་གསོད་པ་ནི་བདག་གི་ཁམས་འཇོམས་པར་འགྱུར་རམ། དེ་མ་ལགས་སོ། །བཅོམ་ལྡན་འདས་ དེ་ནི་བསོད་ནམས་ཀྱི་ཕུང་པོའོ། །དེ་བཞིན་དུ་འཇམ་དཔལ་འཕགས་པ་ཡང་འདི་ལྟར་བདག་གསོད་དེ། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་དུག་གི་ཕྱིར་ཏེ། གཞན་གསོད་པར་ནི་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཀྱི་ཚིག་ནི་སྐྱོན་ཆགས་པའི་ཡ་ མཚན་ཅན་དམ་པའི་ཆོས་འཇིག་པ་རྣམས་བདག་གི་ཉོན་མོངས་པ་མི་ཟད་པ་ལྟར་དེ་དག་མེད་པར་བྱེད་ཅིང་། ཚུལ་མ་ཡིན་པར་གནོད་པའང་བྱེད་དུ་འཇུག་སྟེ། དེ་དག་ནི་བདག་ལ་མཆོད་པ་ཡིན་ནོ། །ཇི་ལྟར་བདག་སྡུག་པར་འདོད་པ་དང་། བདེ་བ་དང་། ཟས་ དང་། སྲོག་འདོར་བ་དེ་བཞིན་དུ། བདག་སྤོང་བར་འདོད་པས་སྐྱོན་ཆགས་པའི་ཡ་མཚན་རྣམས་ཆད་པས་གཅོད་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་རིག་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། ཅི་དེ་བཞིན་གཤེགས་པའི་སྙིང་པོའི་སླད་དུ་སངས་རྒྱས་རྣམས་ ཤ་མི་གསོལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཤིན་ཏུ་དེ་བཞིན་ཏེ། ཐོག་མ་དང་ཐ་མ་མེད་པའི་འཁོར་བར་འཁོར་བའི་ཚེ་རབས་དེ་དག་ལ་སེམས་ཅན་ཐམས་ཅད་མར་མ་གྱུར་པ་དང་། སྲིང་མོར་མ་གྱུར་པ་གང་ཡང་མེད་དོ། །ཁྱིར་གྱུར་ པ་ཡང་ཕར་གྱུར་ཏེ། འཚོ་བའི་འཇིག་རྟེན་ནི་བྲོ་མཁན་བཞིན་ནོ། །དེ་བས་ན་བདག་གི་ཤ་དང་། གཞན་གྱི་ཤ་ཡང་ཤ་གཅིག་པ་ཡིན་པས། སངས་རྒྱས་རྣམས་ཤ་མི་གསོལ་ལོ། །གཞན་ཡང་འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་དབྱིངས་ནི་ཆོས་ཀྱི་ དབྱིངས་ཏེ། དབྱིངས་གཅིག་ཏུ་གྱུར་པའི་ཤ་ཟ་བར་འགྱུར་བས། སངས་རྒྱས་རྣམས་ཤ་མི་གསོལ་ལོ། །འཇམ་དཔལ་གྱིས་གསོལ་པ། སྦྲང་རྩི་དང་། དུང་དང་། ལྷམ་དང་། དར་གྱི་སྲིན་བུ་ལ་སོགས་པ་རང་གི་དབྱིངས་ཀྱི་ཤ་མ་ལགས་སམ། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་སྐད་མ་ཟེར་ཅིག །སངས་རྒྱས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ལུས་སྤངས་པ་ཡིན་ཏེ། སངས་རྒྱས་ནི་ཟང་ཟིང་མེད་པ་ཡིན་ན་ཆགས་པའི་རྫས་ཅི་ལའང་སྟེན་པ་དེ་ནི་གནས་མ་ཡིན་ཏེ། ཟང་ཟིང་ལ་བསྙེན་པ་ནི་ཐབས་ཀྱི་ཆོས་ཉིད་ དོ། །འདི་རྫས་གཅིག་ནས་གཅིག་ཏུ་འོངས་པ་ལ་བསྙེན་པར་བྱེད་དེ། རྫས་གང་ནས་འབྱུང་བ་དེ་དང་དེར་བསྙེན་པར་མི་བྱའོ། །གསོད་པའི་ལག་མ་ཡིན་པར་གཅིག་ནས་གཅིག་ཏུ་འོངས་པ་ནི་བསྙེན་དུ་རུང་ངོ་། །འཇམ་དཔལ་གྱིས་གསོལ་པ། ཚོང་འདུས་གཅིག་ན་ལྷམ་ མཁན་གྱིས་ཀོ་བ་ལས་ལྷམ་དྲུབས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕུལ་ན། གཅིག་ནས་གཅིག་ཏུ་མཆིས་པ་དེ་བཞེས་སམ། འཇམ་དཔལ་གྱིས་གསོལ་པ། གལ་ཏེ་མ་ཧེ་རང་ཆོས་བཞིན་དུ་གུམ་ནས་མ་ཧེ་བདག་ པོ་གདོལ་པ་ལས་ཀོ་བ་བླངས་ཏེ། ལྷམ་མཁན་བཙལ་ནས་ལྷམ་དུ་དྲུབས་ཏེ། ཚུལ་ཁྲིམས་དང་ལྡན་པ་ལ་སྩལ་ན། དེ་གཅིག་ནས་གཅིག་ཏུ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཧེ་ཆོས་བཞིན་དུ་ཤི་བར་གྱུར་ལ། མ་ཧེའི་བདག་པོས་ ལྷམ་འདྲུབ་ཏུ་བཅུག་ནས་ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་བླང་བར་བྱའམ། འོན་ཏེ་མ་བླངས་ན་དགེ་སློང་དང་འཐུན་ནམ། སྙིང་རྗེ་མེད་པ་ཡིན་ཏེ། ཚུལ་ཁྲིམས་རལ་བར་མི་འགྱུར་བ་མ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། རྨོ་བརྐོ་ཡང་བགྱིར་མི་རུང་ངོ་། ། ཆུ་མི་གཙང་བས་བཙོས་པའི་ཟས་ཀྱང་མི་བླང་ངོ་། །དེ་ལྟ་ལགས་ན་དགེ་སློང་དག་ལ་དེ་ལྟ་བུ་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འཇིག་རྟེན་གྱི་འདུ་ཤེས་ཞེས་བྱ་སྟེ། གལ་ཏེ་དགེ་བསྙེན་ཡོད་ན་ནི་ཟས་དང་སྐོམ་ཆུ་གཙང་མ་དང་སྦྱོར་ཅིག །གང་ ན་དགེ་བསྙེན་ཡོད་པར་རྨོ་བརྐོ་མི་བྱའོ། །གང་ན་དགེ་བསྙེན་མེད་པ་དེར་སངས་རྒྱས་ཀྱིས་ཀྱང་ཇི་ལྟར་བྱ། ཐང་ལ་ཡང་སྲོག་ཆགས་ཡོད། ཆུའི་ནང་ན་ཡང་སྲོག་ཆགས་ཡོད། ནམ་མཁའ་ལ་ཡང་སྲོག་ཆགས་ཡོད་དོ། །གལ་ཏེ་དེ་ལྟར་རྣམ་པར་དག་པ་ གྲུབ་པ་རྣམས་ལ་སྡིག་པར་མི་འགྱུར་རམ། རྣམ་པར་དག་པ་གྲུབ་པ་དེ་དག་ཇི་ལྟར་རྒྱུ། དེ་ནི་འཇིག་རྟེན་ན་མི་འདྲི་བ་ཞེས་བྱ་བའི་དྲི་བའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའང་རིང་ཞིག་ཚུན་ཆད་བདག་ཉིད་ཤ་ཟ་བ་ ལ་མི་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འཇིག་རྟེན་པ་ལ་སངས་རྒྱས་ཀྱི་ཚིག་དང་འཐུན་པ་ཡོད་པ་དེ་ཡང་ཐམས་ཅད་དུ་ཐམས་ཅད་སངས་རྒྱས་ཀྱི་ཚིག་ཏུ་རིག་པར་བྱའོ། །འཇམ་དཔལ་འཇིག་རྟེན་པ་རྣམས་ཀྱང་ཐར་པ་བརྗོད་ དེ། དེ་དག་ལ་ཐར་པ་མེད་ཀྱི། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཐར་པ་ཡོད་དོ། །དེ་དག་ལ་ཡང་རབ་ཏུ་འབྱུང་བ་ཡོད་དེ། དེ་དག་གི་རབ་ཏུ་འབྱུང་བ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ནི་རབ་ཏུ་འབྱུང་བ་ཡོད་དོ། །འཇིག་རྟེན་པ་ལ་ཡང་ཤ་ཟ་བ་ ནི་བདག་ཉིད་ཟ་བའོ་ཞེས་བརྗོད་དེ། དེ་ཡང་བདག་ཉིད་བདག་ཉིད་ཀྱི་ཤ་ལ་མི་ཟ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ནི་བདག་ཉིད་ཀྱི་ཤ་ཟ་བར་ངེས་སོ། །འཇམ་དཔལ་འཇིག་རྟེན་དུ་ཡ་མཚན་ཅན་ཐམས་ཅད་བྱུང་བ་མདོ་སྡེ་འདི་ལས་བསྟན་པ་ཉན་འདོད་དམ། གསོལ་པ། བཅོམ་ལྡན་འདས་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྔོན་འདས་པའི་དུས་ན་བྱུང་བ་གྲངས་མེད་པའི་བསྐལ་པ་བས་ཀྱང་ཆེས་གྲངས་མེད་པ་བསྐལ་པ་ཡངས་པ་བས་ཀྱང་ཆེས་ཡངས་པ། དཔག་ཏུ་མེད་པ་ བས་ཀྱང་ཆེས་དཔག་ཏུ་མེད་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་ཀོ་སན་ཏ་བཟང་པོ་ཞེས་བྱ་བ་འཇིག་རྟེན་དུ་གྲོང་འདིར་བྱུང་སྟེ། །དེའི་ཚེ་ཡ་མཚན་ཅན་མེད་ཅིང་ཡ་མཚན་ཅན་གྱི་མིང་ཡང་མེད་དོ། །སེམས་ཅན་ཐེག་པ་ཆེན་པོ་པར་གྱུར་ཏེ། སེམས་ ཅན་རྣམས་ཤིན་ཏུ་བདེ་བ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་དེ་འཇིག་རྟེན་གྱི་ཁམས་འ