Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 057_མདོ་སྡེ།_པ

Văn bản gốc(Tây Tạng)

Trang 5 / 22 (50.000 ký tự/trang)
་ཅིང་། །དོན་ཡོད་གནས་པ་སེམས་ཅན་འདུལ་བྱེད་པ། །དེ་དག་མངོན་ཤེས་རྣམ་འཕྲུལ་མཐའ་ཡས་སོ། །གང་དག་མངོན་ཤེས་རྣམ་འཕྲུལ་མཐའ་ཡས་པ། །དེ་དག་བསམ་གྱིས་མི་ཁྱབ་ཞིང་རྒྱུ་ཞིང་། །བསམ་གྱིས་མི་ཁྱབ་ཆོས་རྣམས་སྟོན་པར་བྱེད། །སེམས་ཅན་
བསམ་གྱིས་མི་ཁྱབ་ཚིམ་པར་བྱེད། །གང་དག་བསམ་གྱིས་མི་ཁྱབ་ཆོས་སྟོན་ཅིང་། །སེམས་ཅན་བསམ་གྱིས་མི་ཁྱབ་ཚིམ་བྱེད་པ། །དེ་དག་སོ་སོ་རིག་ཤེས་སྟོབས་རྣམས་ཀྱིས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །གང་དག་སོ་སོར་རིག་ཤེས་སྟོབས་

རྣམས་ཀྱིས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །དེ་དག་རྟག་ཏུ་ལུས་དང་ངག་དང་ཡིད། །ཡེ་ཤེས་སྔོན་དུ་འགྲོ་ཞིང་རྗེས་སུ་འབྲང་། །གང་དག་རྟག་ཏུ་ལུས་དང་ངག་དང་ཡིད། །ཡེ་ཤེས་སྔོན་དུ་འགྲོ་ཞིང་རྗེས་འབྲང་བ། །དེ་དག་སྨོན་ལམ་སྟོབས་ཀྱིས་ཅི་
འདོད་པར། །སེམས་ཅན་རྒྱུད་ན་གཟུགས་ནི་སྟོན་པར་བྱེད། །གང་དག་སྨོན་ལམ་སྟོབས་ཀྱིས་ཅི་འདོད་པར། །སེམས་ཅན་རྒྱུད་ན་གཟུགས་ནི་སྟོན་བྱེད་པ། །དེ་དག་ཚིག་རྣམས་རྗོད་པར་བྱེད་པའི་ཚེ། །དབྱངས་ཀྱི་ཡན་ལག་བསམ་ཡས་སྒྲ་འབྱུང་ངོ་། །གང་དག་ཚིག་རྣམས་རྗོད་པར་
བྱེད་པའི་ཚེ། །དབྱངས་ཀྱི་ཡན་ལག་བསམ་ཡས་སྒྲ་འབྱུང་བ། །དེ་དག་འགྲོ་བ་མ་ལུས་ཀུན་གྱི་སེམས། །སྐད་ཅིག་གཅིག་ལ་སེམས་ཀྱིས་རྣམ་པར་ཤེས། །གང་དག་འགྲོ་བ་མ་ལུས་ཀུན་གྱི་སེམས། །སྐད་ཅིག་གཅིག་ལ་སེམས་ཀྱིས་རྣམ་ཤེས་པ། །དེ་དག་ནམ་ཡང་
མི་འཆི་སྐྱེ་མི་འགྱུར། །ཉོན་མོངས་རྒྱུ་བའང་འབྱུང་བར་འགྱུར་མ་ཡིན། །གང་དག་ནམ་ཡང་མི་འཆི་མི་སྐྱེ་ཞིང་། །ཉོན་མོངས་རྒྱུ་བའང་འབྱུང་བར་མི་འགྱུར་བ། །དེ་དག་ཡོན་ཏན་ཆོས་ཉིད་ཡེ་ཤེས་ལུས། །ཆོས་ཀྱིས་རབ་ཏུ་ཕྱེ་བས་འཇིག་རྟེན་རྒྱུ། །གང་དག་ཡོན་ཏན་ཆོས་ཉིད་ཡེ་
ཤེས་ལུས། །ཆོས་ཀྱིས་རབ་ཕྱེ་འཇིག་རྟེན་རྒྱུ་བྱེད་པ། །དེ་དག་ས་བཅུ་རྣམས་དང་དབང་བཅུ་དང་། །ཕ་རོལ་ཕྱིན་དང་རྣམ་ཐར་མཆོག་ལ་གནས། །གང་དག་ས་བཅུ་རྣམས་དང་དབང་བཅུ་དང་། །ཕ་རོལ་ཕྱིན་དང་རྣམ་ཐར་མཆོག་གནས་པ། །དེ་དག་དབང་བསྐུར་བཀོད་དང་རྣམ་འཕྲུལ་
དང་། །ཏིང་འཛིན་མཆོག་ལ་གནས་པ་རྗེས་སུ་འཐོབ། །གང་དག་དབང་བསྐུར་བཀོད་དང་རྣམ་འཕྲུལ་དང་། །ཏིང་འཛིན་མཆོག་ལ་གནས་པ་རྗེས་ཐོབ་པ། །དེ་དག་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལས། །དབང་བསྐུར་ཐམས་ཅད་མ་ལུས་ནོད་པར་བྱེད། །གང་དག་ཕྱོགས་བཅུའི་
རྒྱལ་བ་ཐམས་ཅད་ལས། །དབང་བསྐུར་ཐམས་ཅད་མ་ལུས་ནོད་བྱེད་པ། །དེ་དག་སྤྱི་བོར་ཕྱོགས་བཅུའི་སངས་རྒྱས་ཀྱིས། །ཕྱག་མཐིལ་བདུད་རྩི་ཅན་གྱིས་དབང་བསྐུར་ཏོ། །གང་དག་སྤྱི་བོར་ཕྱོགས་བཅུའི་སངས་རྒྱས་ཀྱིས། །ཕྱག་མཐིལ་བདུད་རྩི་ཅན་གྱིས་དབང་བསྐུར་བ།

མཐུ་བརྟན་དེ་དག་ནམ་མཁའ་ལྟ་བུར་ནི། །མ་ལུས་ཁྱབ་བྱས་ཕྱོགས་རྣམས་ཀུན་ན་གནས། །མཐུ་བརྟན་གང་དག་ནམ་མཁའ་ལྟ་བུར་ནི། །མ་ལུས་ཁྱབ་བྱས་ཕྱོགས་རྣམས་ཀུན་གནས་པ། །མཚུངས་མེད་དེ་དག་སྤྱོད་ཡུལ་ལྷར་བཅས་ཀྱི། །འཇིག་རྟེན་རྣམས་ཀྱིས་ཤེས་པར་ཡོང་མི་ནུས། །
མཚུངས་མེད་གང་དག་སྤྱོད་ཡུལ་ལྷར་བཅས་ཀྱི། །འཇིག་རྟེན་རྣམས་ཀྱིས་ཤེས་པར་མི་ནུས་པ། །དེ་དག་རྟུན་པ་ཀུན་དང་མཐོང་བ་དང་། །མིང་ཐོས་པ་དང་སྤོབས་པ་དོན་ཡོད་དོ། །གང་དག་རྟུན་པ་ཀུན་དང་མཐོང་བ་དང་། །མིང་ཐོས་པ་དང་སྤོབས་པ་དོན་ཡོད་པ། །སྐྱེས་ཆེན་དེ་དག་སྦྱིན་པ་སྦྱིན་
བྱེད་ཀྱི། །སྦྱིན་པ་ཐམས་ཅད་དོན་ཡོད་འགྱུར་བ་ཡིན། །སྐྱེས་བུ་དམ་པ་དེ་དག་རྣམས་ཀྱི་མཐུས། །ཆོས་ཀྱང་གནས་ཤིང་བྱམས་པ་ཉམས་མི་འགྱུར། །དགེ་བའི་ལས་རྣམས་རབ་ཏུ་སྤྱོད་འགྱུར་ཏེ། །དཀོན་མཆོག་མཐུ་ཡང་དམ་པ་མཆོག་ཏུ་འགྱུར། །རྡོ་རྗེ་མཁྲེགས་པའི་རིན་ཆེན་མཆོག་ཡོད་
པ། །དེ་ཡི་མཐུ་ཡིས་རྒྱ་མཚོར་རིན་ཆེན་རྣམས། །མི་ཟད་མི་འགྲིབ་འཕེལ་བར་མི་འགྱུར་ཏེ། །དེ་བཞིན་ཡོན་ཏན་མཐའ་ཡས་ཡོན་ཏན་ཆུ། །གང་ན་སངས་རྒྱས་མེད་པའི་ཞིང་གྱུར་པ། །དེ་ནི་བྱང་ཆུབ་རྣམ་པར་སངས་རྒྱས་སྟོན། །ཕྱོགས་རྣམས་གང་ན་ཆོས་ཀྱང་མེད་གྱུར་པ། །ཕྱོགས་དེར་ཆོས་
ཀྱི་གཏེར་ནི་སྟོན་པར་བྱེད། །དེ་དག་རྟོག་མེད་རྣམ་པར་མི་རྟོག་ཅིང་། །དེ་དག་ལྷུན་གྱིས་གྲུབ་པར་ཕྱོགས་ཀུན་དུ། །ཟླ་བ་ལྟ་བུར་སྣང་བར་རབ་སྟོན་ཅིང་། །ཐབས་སྟོང་དག་གིས་སེམས་ཅན་འདུལ་བར་བྱེད། །དེ་དག་སྐད་ཅིག་རེ་ལ་ཕྱོགས་བཅུ་ཡི། །འཇིག་རྟེན་ཀུན་དུ་བྱང་ཆུབ་སངས་རྒྱས་སྟོན། །
འཁོར་ལོ་བསྐོར་དང་མྱ་ངན་འདས་ཞི་དང་། །རིང་བསྲེལ་རབ་ཏུ་རྒྱས་པའང་དཔའ་བོ་སྟོན། །མཁས་པ་དེ་དག་ཉན་ཐོས་རང་རྒྱལ་ས། །སངས་རྒྱས་བཀོད་པ་རྣམ་འཕྲུལ་མཐའ་ཡས་པ། །བསྐལ་པ་བསམ་མི་ཁྱབ་པར་སྟོན་བྱེད་ཅིང་། །ཐེག་གསུམ་སྒོ་ནས་སེམས་ཅན་འདུལ་བར་བྱེད། །མོས་པ་
ཀུན་གྱི་བསྒྲུབ་པ་ཤེས་པ་རྣམས། །ཁྱེའུ་དང་བུ་མོ་བུད་མེད་ལུས་རྣམས་དང་། །ལྷ་མི་ལྷ་མིན་ཀླུ་དང་གནོད་སྦྱིན་དང་། །གྲུལ་བུམ་ལྟོ་འཕྱེ་ཆེན་པོའི་གཟུགས་རྣམས་སྟོན། །རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་སྒོས། །དཔའ་པོ་དེ་དག་འགྲོ་བའི་གཟུགས་སྤྱོད་དང་། །རྟགས་དང་སྤྱོད་

དང་སྒྲ་སྐད་འཇུག་པ་དག །ཇི་སྙེད་ཐམས་ཅད་མ་ལུས་སྟོན་པར་བྱེད། །དེ་དག་ཞིང་བཀོད་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུའི་རྒྱལ་བ་ཀུན་ལ་མཆོད་པར་བྱེད། །གང་དག་ཞིང་བཀོད་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུའི་རྒྱལ་བ་ཀུན་ལ་མཆོད་བྱེད་པ། །
དེ་དག་འོད་ཟེར་བཀོད་པ་བསམ་ཡས་ཤིང་། །སེམས་ཅན་འགྲེལ་པའི་ཡེ་ཤེས་མཐའ་ཡས་སོ། །གང་དག་འོད་ཟེར་བཀོད་པ་བསམ་ཡས་ཤིང་། །སེམས་ཅན་འགྲེལ་པའི་ཡེ་ཤེས་བསམ་ཡས་པ། །དེ་དག་ལུས་དང་ངག་གི་རྣམ་འཕྲུལ་དང་། །ཡིད་ཀྱི་རྣམ་པར་འཕྲུལ་པ་
བསམ་མི་ཁྱབ། །གང་དག་ལུས་དང་ངག་གི་རྣམ་འཕྲུལ་དང་། །ཡིད་ཀྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ། །དེ་དག་སྦྱིན་དང་ཚུལ་ཁྲིམས་རྣམ་འཕྲུལ་དང་། །བཟོད་དང་བརྩོན་འགྲུས་རྣམ་འཕྲུལ་བསམ་མི་ཁྱབ། །གང་དག་སྦྱིན་དང་ཚུལ་ཁྲིམས་རྣམ་འཕྲུལ་དང་། །བཟོད་བརྩོན་
རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ། །དེ་དག་སངས་རྒྱས་ཕལ་ཆེན་ཏིང་འཛིན་སྒོས། །བསམ་གཏན་རྣམ་པར་འཕྲུལ་དང་ཤེས་རབ་དང་། །ཐབས་དང་མངོན་ཤེས་རྣམ་འཕྲུལ་བསམ་མི་ཁྱབ། །ཡོན་ཏན་ཀུན་གྱི་རྣམ་འཕྲུལ་མཐའ་ཡང་ཡས། །དེ་དག་ཕྲ་རབ་རྡུལ་འཇུག་ཏིང་ངེ་
འཛིན། །རྡུལ་རྣམས་ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང་། །རྡུལ་གཅིག་སྟེང་ན་ཞིང་རྣམས་བསམ་མི་ཁྱབ། །སྟོན་པར་བྱེད་ཀྱང་རྡུལ་ལ་འཕེལ་བ་མེད། །རྡུལ་དེའི་སྟེང་ན་སངས་རྒྱས་བཅས་ཞིང་དང་། །སངས་རྒྱས་མེད་པའི་ཞིང་ཡང་ཁ་ཅིག་སྟོན། །ཉོན་མོངས་རྣམ་དག་དོག་
པ་ཁ་ཅིག་དང་། །ཡངས་ཤིང་ཕྲ་དང་ཆེ་བའི་ཞིང་ཡང་སྟོན། །ཞིང་རྣམས་ལ་ལ་འཇིག་དང་འཆགས་པ་དང་། །ལ་ལ་སྤྱིའུ་ཚུགས་གྱུར་དང་འཐུན་པ་དང་། །ལ་ལ་སྣྲེལ་ཞི་སྨིག་རྒྱུ་ལྟ་བུ་དང་། །ལ་ལ་མིག་འཕྲུལ་ལྟ་བུར་གྱུར་པ་རྣམས། །ཇི་ལྟར་རྡུལ་གཅིག་སྟེང་དུ་སྟོན་བྱེད་པ། །
དེ་བཞིན་རྡུལ་རྣམས་མ་ལུས་ཀུན་ལ་སྟོན། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲ་སྟེ། །གྲགས་པ་མཐའ་ཡས་རྣམ་ཐར་འདི་འདྲའོ། །དེ་དག་རྒྱལ་མཆོད་རྣམ་འཕྲུལ་ཏིང་ངེ་འཛིན། །རྒྱལ་བ་ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང་། །ལག་པའི་མཐིལ་དུ་སྟོང་གསུམ་རྒྱས་

བཀང་སྟེ། །སྐྱེས་བུ་ཆེན་པོ་རྣམས་ལ་མཆོད་པ་བྱེད། །ཕྱོགས་བཅུ་དག་ན་མེ་ཏོག་ཕྲེང་བ་དང་། །སྤོས་བྱུག་རིན་ཆེན་རིན་ཆེ་ཇི་སྙེད་པ། །དེ་དག་བྱང་ཆུབ་ཤིང་དྲུང་བཞུགས་པ་ཡི། །རྒྱལ་རྣམས་མཆོད་ཕྱིར་ལག་པའི་མཐིལ་ནས་འབྱིན། །གོས་དང་ཕྱེ་མ་རིན་ཆེན་ཇི་སྙེད་དང་། །རྒྱལ་
མཚན་བ་དན་གདུགས་མཆོག་སྣ་ཚོགས་དང་། །གསེར་གྱིས་བརྒྱན་པའི་རིན་ཆེན་བླ་རེ་རྣམས། །དེ་དག་ལག་པའི་མཐིལ་ནས་ཆར་དུ་འབེབས། །ཕྱོགས་བཅུ་དག་ན་ཡོ་བྱད་མཐའ་ཡས་གང་། །དྲང་སྲོང་ཆེན་པོ་རྣམས་ལ་མཆོད་འོས་པ། །དེ་དག་ལག་པའི་མཐིལ་ནས་ཆར་འབེབས་
ཤིང་། །བྱང་ཆུབ་ཤིང་དྲུང་བཞུགས་པའི་རྒྱལ་བ་མཆོད། །ཕྱོགས་རྣམས་དག་ན་རོལ་མོ་ཇི་སྙེད་པ། །རྔ་དང་རྫ་རྔ་སྒྲ་སྙན་པི་བང་དང་། །སིལ་སྙན་སྒྲ་དང་སྒྲ་ཆེན་གླིང་བུ་རྣམས། །དེ་དག་ལག་པའི་མཐིལ་ནས་རབ་ཏུ་སྒྲོགས། །ཕྱོགས་བཅུ་ཀུན་གྱི་དཔེ་ཟླ་མེད་རྣམས་ཀྱི། །ཡང་
དག་ཡོན་ཏན་བསྔགས་པ་སྣ་ཚོགས་དང་། །བསྟོད་པའི་ཚིགས་བཅད་སྒྲུབ་པ་སྣ་ཚོགས་པ། །དེ་དག་ལག་པའི་མཐིལ་ནས་རབ་ཏུ་སྒྲོགས། །འོད་ཟེར་གང་དག་ལས་དགེས་ཡོངས་བསགས་པ། །ལག་པ་གཡས་ནས་ཡོངས་སུ་འགྱེད་བྱེད་ཅིང་། །སྤོས་ཆུས་རྒྱལ་བའི་ཞིང་
རྣམས་ཐམས་ཅད་དུ། །འབེབས་ཤིང་འཇིག་རྟེན་སྒྲོན་མ་རྣམས་ལ་མཆོད། །འོད་ཟེར་བཀོད་དང་ལྡན་པ་མཛེས་པའི་འོད། །པད་མའི་རྒྱན་ཕྲེང་བསམ་ཡས་རབ་འཕྱང་བ། །པད་མ་མཚན་རབ་གཟུགས་ཅན་དུ་མ་དག །ལག་ནས་རྒྱལ་བ་རྣམས་ལ་མཆོད་པར་བྱེད། །མེ་ཏོག་
ཕལ་ཆེན་མེ་ཏོག་བླ་རེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །བདུག་པ་ཕལ་ཆེན་བདུག་པའི་བླ་རེ་དང་། །བདུག་པ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །བདུག་པ་སྣ་ཚོགས་ཀུན་དུ་བཀྲམ་
བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕལ་ཆེན་སྤོས་དང་སྤོས་ཀྱི་བླ་རེ་དང་། །སྤོས་ཀྱིས་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །སྣ་ཚོགས་སྤོས་རྣམས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕྲེང་བ་ཕལ་ཆེན་ཕྲེང་བའི་བླ་རེ་དང་། །ཕྲེང་

བ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ཕྲེང་བ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕྱེ་མ་ཕལ་ཆེན་ཕྱེ་མའི་བླ་རེ་དང་། །ཕྱེ་མ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ཕྱེ་མ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་
ཆེན་པོ་དེ་དག་རྒྱལ་བ་མཆོད། །ན་བཟའ་ཕལ་ཆེན་ན་བཟའི་བླ་རེ་དང་། །ན་བཟའ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ན་བཟའ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕལ་ཆེན་གདུགས་དང་གདུགས་ཀྱི་བླ་རེ་དང་། །གདུགས་ཀྱི་
བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །སྣ་ཚོགས་གདུགས་རྣམས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །རིན་ཆེན་ཕལ་ཆེན་རིན་ཆེན་བླ་རེ་དང་། །རིན་ཆེན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །རིན་ཆེན་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་
ཆེན་པོ་དེ་དག་རྒྱལ་བ་མཆོད། །པད་མ་ཕལ་ཆེན་པད་མའི་བླ་རེ་དང་། །པད་མ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །པད་མ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །རྒྱན་ཕྲེང་ཕལ་ཆེན་རྒྱན་ཕྲེང་བླ་རེ་དང་། །རྒྱན་ཕྲེང་བཀོད་པའི་འོད་ཟེར་
རབ་བཀྱེ་སྟེ། །རྒྱན་ཕྲེང་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །རྒྱལ་མཚན་མཆོག་བཀོད་འོད་ཟེར་རབ་བཀྱེ་ཞིང་། །དེ་དག་རྒྱལ་མཚན་དཀར་དམར་སེར་པོ་དང་། །སྔོ་དང་རྒྱལ་མཚན་བཀོད་པ་སྣ་ཚོགས་པ། །དུ་མས་རྒྱལ་བའི་ཞིང་
རྣམས་བརྒྱན་པར་བྱེད། །ནོར་བུ་འདྲ་བ་སྣ་ཚོགས་བཀོད་པའི་གདུགས། །དར་གྱི་ལྡ་ལྡི་བ་དན་རབ་སྤྱངས་ཤིང་། །དྲིལ་གཡེར་དྲ་བ་རྒྱལ་བའི་གསུང་སྒྲོགས་པ། །དེ་བཞིན་གཤེགས་པའི་དབུ་ལ་དེ་དག་འཛིན། །ལག་པའི་མཐིལ་ནས་མཆོད་པ་མཐའ་ཡས་རྣམས། །རྒྱལ་བ་གཅིག་
ལ་དེ་དག་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །དེ་དག་འགྲོ་བ་སྡུད་པའི་ཡེ་ཤེས་ཀྱིས། །རྣམ་པར་འཕྲུལ་དང་ཏིང་འཛིན་མཆོག་བསྒྲུབས་ཤིང་། །བྱ་བ་དག་དང་བསྙེན་བཀུར་ཀུན་གྱི་སྒོ། །ཐབས་སྟོང་དག་གིས་སེམས་

ཅན་འདུལ་བར་བྱེད། །ཁ་ཅིག་དེ་བཞིན་གཤེགས་པ་མཆོད་སྒོ་དང་། །སྦྱིན་པ་བསམ་གྱིས་མི་ཁྱབ་གཏོང་སྒོ་དང་། །སྦྱངས་པའི་ཡོན་ཏན་ཚུལ་ཁྲིམས་ཀུན་སྒོ་དང་། །བཟོད་པ་མི་ཟད་མི་འཁྲུགས་སྒོ་དག་དང་། །ཁ་ཅིག་བརྟུལ་ཞུགས་དཀའ་ཐུབ་བརྩོན་སྒོ་དང་། །བསམ་གཏན་རབ་
ཏུ་ཞི་བར་གནས་སྒོ་དང་། །དོན་ལ་རྣམ་ངེས་ཤེས་རབ་སྒོ་རྣམས་དང་། །སྤྱད་པ་ཀུན་ལྡན་ཐབས་ཀྱི་སྒོ་དག་དང་། །ཚངས་པའི་གནས་པ་དག་དང་མངོན་ཤེས་སྒོ། །བསྡུ་བའི་དངོས་པོས་ཕན་པར་འདོད་སྒོ་དང་། །བསོད་ནམས་བསགས་དང་ཡེ་ཤེས་སྒོ་དག་དང་། །བདེན་དང་བརྟེན་དང་
རྣམ་པར་ཐར་སྒོ་དང་། །ཁ་ཅིག་སྟོབས་དང་དབང་པོ་ལམ་སྒོ་དང་། །ཉན་ཐོས་ཐེག་པས་རྣམ་པར་གྲོལ་སྒོ་དང་། །རྐྱེན་གྱི་ཐེག་པས་རྣམ་པར་དག་སྒོ་དང་། །ཐེག་པ་མཆོག་གི་རྣམ་པར་འཕྲུལ་སྒོ་དང་། །ཁ་ཅིག་མི་རྟག་ཉིད་དང་སྡུག་བསྔལ་སྒོ། །ཁ་ཅིག་བདག་མེད་སྲོག་མེད་སྒོ་དག་
དང་། །མི་སྡུག་འདུ་ཤེས་འདོད་ཆགས་བྲལ་སྒོ་དང་། །ཞི་འགོག་ཏིང་ངེ་འཛིན་གྱི་སྒོ་ཡིས་འདུལ། །འགྲོ་བའི་སྤྱོད་པའི་སྒོ་རྣམས་ཇི་སྙེད་པ། །དེ་སྙེད་ཆོས་ཀྱི་སྒོ་ལ་རབ་ཞུགས་ཏེ། །དེ་དག་ཀུན་དུ་རྣམ་ཐར་སྒོ་དག་ནས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །གང་
དག་ཀུན་དུ་རྣམ་ཐར་སྒོ་དག་ནས། །བསམས་བཞིན་འཇིག་རྟེན་སེམས་ཅན་འདུལ་བྱེད་པ། །དེ་དག་སུས་ཀྱང་མཚན་མར་གཟུང་མི་ནུས། །ཏིང་འཛིན་རྣམ་པར་འཕྲུལ་བ་དེ་འདྲའོ། །དེ་དག་དགའ་བ་བཀོད་པའི་ཏིང་འཛིན་མཆོག །འགྲོ་བ་ཐམས་ཅད་ཡོངས་སྨིན་འཐུན་བྱེད་པ།
དགའ་བདེ་སྤྲོ་བ་རབ་དགའ་ཀུན་ལྡན་པས། །བསམས་པ་བརྟན་ནས་སེམས་ཅན་འདུལ་བར་བྱེད། །གང་དུ་ལོ་ཉེས་འཇིག་རྟེན་ཡོ་བྱད་གང་། །བདེ་བྱེད་ཐམས་ཅད་རབ་ཏུ་དཀོན་གྱུར་པ། །དེར་ནི་ཀུན་གྱིས་བསམས་བཞིན་བྱ་བ་ཡིན། །སྦྱིན་པ་སྦྱིན་ཞིང་འགྲོ་བའི་དོན་རྣམས་
བྱེད། །དེ་དག་ཟས་སྐོམ་མཆོག་དང་རོ་མཆོག་དང་། །གོས་དང་བགོ་བ་རིན་ཆེན་སྣ་ཚོགས་དང་། །རྒྱལ་སྲིད་ནོར་དང་བདག་ཕངས་ཡོངས་གཏོང་བས། །སྦྱིན་ལ་མོས་པའི་འགྲོ་བ་འདུལ་བར་བྱེད། །བརྟན་པ་དེ་དག་མཚན་མཆོག་ལུས་སྤྲས་ཤིང་། །གོས་དང་རྒྱན་མཆོག་བགོས་ཤིང་

བརྒྱན་བྱས་ཏེ། །ཕྲེང་བས་སྤུད་ཅིང་སྤོས་ཀྱིས་བསྐུས་པ་ཡི། །གཟུགས་རྣམས་བསྟན་པས་སེམས་ཅན་འདུལ་བར་བྱེད། །མཐོང་ན་དགའ་ཚིམ་རབ་ཏུ་དགའ་རྣམས་ལ། །བློ་མཆོག་དེ་དག་གཟུགས་མཆོག་གཟུགས་བཟང་བ། །གཟུགས་ཀྱི་དམ་པ་ཡོངས་སུ་སྟོན་བྱེད་
ཅིང་། །གཟུགས་ལ་མོས་པའི་སེམས་ཅན་འདུལ་བར་བྱེད། །དེ་དག་ཀ་ལ་པིང་ཀའི་སྒྲ་སྙན་དང་། །ཁུ་བྱུག་ཀུན་ལ་དང་པའི་སྒྲ་སྐད་དང་། །རྔ་དང་ཚངས་དང་མིའམ་ཅི་ཡི་སྒྲས། །མོས་པ་ཀུན་ལ་དེ་བཞིན་ཆོས་ཀྱང་སྟོན། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གང་ཡིན་པས། །རྒྱལ་བ་གང་དག་
འགྲོ་བའི་དོན་མཛད་པའི། །ཆོས་ཀྱི་བྱེ་བྲག་སྒོ་མོ་དེ་དག་གིས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །དེ་དག་བདེ་དང་སྡུག་བསྔལ་གྲོགས་ཀྱང་བྱེད། །དོན་དང་གནོད་པའི་གྲོགས་ཀྱང་དེ་བཞིན་བྱེད། །བྱ་བ་ཀུན་ལ་གྲོགས་སུ་འགྱུར་བྱས་ཤིང་། །གྲོགས་ཀྱི་སྒོ་ནས་སེམས་
ཅན་འདུལ་བར་བྱེད། །སྡུག་བསྔལ་གནོད་པ་འདུས་བྱས་སྐྱོན་གྱི་རྣམས། །གྲོགས་ཀྱི་དོན་དུ་དེ་དག་བཟོད་བྱེད་ཅིང་། །འགྲོ་བ་ཀུན་ལ་ཕན་དོན་བདེ་དོན་དུ། །དེ་དག་གྲོགས་དོན་གནོད་པ་དང་དུ་ལེན། །གང་ན་མངོན་བྱུང་མེད་ཅིང་ཆོས་མེད་དེ། །དགོན་པར་འགྲོ་དང་ཐར་པ་མི་དམིགས་པ། །
དེར་ནི་རྒྱལ་སྲིད་འབྱོར་བ་རབ་སྤངས་ཏེ། །ཞི་བའི་ཡིད་ཀྱིས་གནས་མེད་མངོན་པར་འབྱུང་། །དེ་དག་ཁྱིམ་དང་འཆིང་དང་སྲིད་པའི་གནས། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར། །འདོད་པའི་དགའ་བ་ཀུན་ལ་མི་གནས་པར། །མངོན་པར་བྱུང་ཞིང་ཐར་པ་རབ་ཏུ་བརྗོད། །དེ་དག་
སྤྱོད་པ་བཅུ་རྣམས་རྗོད་བྱེད་ཅིང་། །སྐྱེས་ཆེན་རྣམས་ཀྱི་ཆོས་སྤྱོད་གང་ཡིན་དང་། །དྲང་སྲོང་རྣམས་ཀྱི་སྤྱོད་ཀུན་མ་ལུས་པར། ཡོངས་སུ་བརྗོད་ཅིང་འགྲོ་བའི་དོན་རྣམས་བྱེད། །གང་ན་སེམས་ཅན་དཔག་མེད་ཚེ་ལྡན་ཞིང་། །བདེ་དང་ལྡན་ལ་ཉོན་མོངས་ཆུང་ཡོད་པ། །དེར་ནི་རྒ་
བས་ཉེན་ཅིང་ནད་བུ་ཅན། །བདག་ལ་དབང་མེད་འཆི་བའི་དབང་གྱུར་སྟོན། །འདོད་ཆགས་འབར་ཞིང་ཞེ་སྡང་རབ་འབར་ལ། །འཇིག་རྟེན་གཏི་མུག་མེ་ཆེན་རབ་འབར་ཞིང་། །རྒ་དང་ན་དང་འཆི་བ་རབ་འབར་བའི། །འཇིག་རྟེན་བསྟན་ནས་སེམས་ཅན་འདུལ་བར་བྱེད། །དེ་དག་སངས་རྒྱས་

སྟོབས་བཅུ་བརྩོན་བཞི་དང་། །ཆོས་ཀྱི་ཁྱད་པར་བཅྭ་བརྒྱད་རྣམས་ཀྱིས་ཀྱང་། །སངས་རྒྱས་ཆེ་བའི་བདག་ཉིད་རྗོད་བྱེད་ཅིང་། །སངས་རྒྱས་ཡོན་ཏན་རྣམས་ཀྱིས་འགྲོ་དོན་བྱེད། །དེ་དག་ཀུན་བརྗོད་རྫུ་འཕྲུལ་རྗེས་བསྟན་པས། །གཟུགས་ཀྱི་བྱིན་རླབས་སྟོབས་ཀྱིས་ཐམས་ཅད་དུ། །དེ་བཞིན་
གཤེགས་པའི་རྫུ་འཕྲུལ་སྟོན་བྱེད་ཅིང་། །རྫུ་འཕྲུལ་རྣམ་པར་འཕྲུལ་པས་སེམས་ཅན་འདུལ། །དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད། །འཇིག་རྟེན་མི་ཆགས་ཆུ་ལ་པད་མ་བཞིན། །དགའ་ཞིང་དད་པར་བྱེད་ལ་རྣམ་པར་རྒྱུ། །དེ་
དག་སྙན་དངགས་མཁན་རྒྱལ་སྙན་དངགས་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞག་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང་། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་དུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་
བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང་། །ཡིད་བཞིན་ནོར་བུ་འདོད་འབྱིན་སྡོང་པོ་དང་། །ལམ་གོལ་དོང་བ་རྣམས་ལ་ལམ་
སྟོན་འགྱུར། །འཇིག་རྟེན་བྱུང་ནས་མི་རིང་ཤེས་གྱུར་ཅིང་། །སེམས་ཅན་ལས་ཀྱི་ཚུལ་རྣམས་མི་ཤེས་པ། །དེ་དག་ཀུན་ལ་རྨོས་ཆོས་ཚོང་ཐབས་དང་། །སྣ་ཚོགས་བཟོ་རྣམས་འཇིག་རྟེན་རྗོད་པར་བྱེད། །འཚེ་མེད་གནོད་པ་མེད་པའི་སྦྱོར་བ་གང་། །སེམས་ཅན་བདེ་བྱེད་མཁས་པས་
རབ་བསྔགས་པ། །རིགས་སྟོབས་སྨན་དང་བསྟན་བཅོས་སྣ་ཚོགས་ཀུན། །དྲང་སྲོང་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །གང་ལ་ལྷར་བཅས་འཇིག་རྟེན་མོས་འགྱུར་བ། །དྲང་སྲོང་སྤྱོད་མཆོག་དམ་པ་གང་ཡིན་དང་། །བརྟུལ་ཞུགས་དཀའ་སྤྱད་དཀའ་ཐུབ་མཆོག་ཀུན་ཀྱང་།
མཁས་པ་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །དེ་དག་སྤྱོད་ཅན་ཀུན་རྒྱུ་མུ་སྟེགས་ཅན། །གདུང་བ་གཽ་ཏ་མ་དང་མི་སྨྲར་སྤྱོད། །གཅེར་བུ་གོས་མེད་ལྷུར་ལེན་དགེ་སྦྱོང་ལ། །མུ་སྟེགས་ཅན་གྱི་སློབ་དཔོན་མཁས་པར་སྟོན། །དེ་དག་ཀུན་དུ་འཚོ་བའི་ཆོས་འཛིན་དང་། །

བླ་ན་ཡོད་དང་བླ་ན་མེད་རྣམས་དང་། །རལ་པ་རིང་དང་གཞོན་ནུའི་བརྟུལ་ཞུགས་ཅན། །དེ་དག་ཏུ་ཡང་སློབ་དཔོན་འགྱུར་བ་ཡིན། །ཉི་མའི་རྗེས་ལྟ་དཀའ་ཐུབ་ལྔ་ལྡན་དང་། །ཁྱི་དང་བ་ལང་བརྟུལ་ཞུགས་རི་དགས་སྤྱོད། །གླེའུ་ཅན་དག་དང་མུ་སྟེགས་སུམ་
ཅུ་པ། དེ་དག་ཏུ་ཡང་དེ་དག་སློབ་དཔོན་འགྱུར། །ལྷ་ཡི་ཤེས་ལ་འཇུག་པ་དགའ་རྣམས་དང་། །མུ་སྟེགས་ཉེ་རེག་ཡུལ་དུ་རྒྱུ་རྣམས་སུ། །རྩ་བ་འབྲས་བུ་ཆུ་སྤྱོད་གྱུར་ནས་ཀྱང་། །བསམ་ཡས་ཆོས་ལ་དེ་དག་དམ་པ་མཆོག །ཙོག་པུར་འདུག་དང་གཅིག་པུ་རྒྱུ་བ་
དང་། །ཚེར་མ་རྩྭ་དང་ཐལ་བར་ཉལ་བ་དང་། །གང་དག་གཏུན་ཤིང་མལ་ཅན་གནས་པ་དང་། །དེ་དག་ཏུ་ཡང་དེ་དག་སློབ་དཔོན་འགྱུར། །ཕྱི་རོལ་མུ་སྟེགས་ཅན་རྣམས་ཇི་སྙེད་པ། །དེ་དག་བསམ་པ་མོས་པ་རྟོགས་བྱས་ཤིང་། །བསྙེན་དཀའ་མི་བཟད་དྲག་ཤུལ་
དཀའ་ཐུབ་ཀྱིས། །མུ་སྟེགས་ཅན་གྱི་སྡུག་བསྔལ་སྤང་བར་འདུལ། །འཇིག་རྟེན་ལྟ་བས་འཁྲུགས་པ་ཤེས་བྱས་ནས། །ལྟ་བ་ངན་ལ་གནས་པའི་མུ་སྟེགས་ཅན། །ཀུན་ལ་ཕྲ་བའི་གཞི་དང་ཐབས་ཚུལ་གྱིས། །དེ་དག་རྣམས་ལ་བདེན་པ་སྟོན་པར་བྱེད། །ལ་ལར་
འགྲོ་ལྡིང་བ་ཡི་སྔགས་ཀྱི་གཞི། །ཤིན་ཏུ་གསང་བའི་གཞི་ཡིས་བདེན་པ་སྟོན། །ལ་ལ་དག་ལ་གསལ་ཞིང་དྲང་ཚིག་གིས། །ལ་ལ་དག་ལ་ལྷ་ཡི་གསང་ཚིག་གིས། །ལ་ལ་དག་ལ་ཡི་གེ་དབྱེ་ཚིག་དང་། །དོན་ལ་རྣམ་ངེས་རྡོ་རྗེའི་ཚིག་རྣམས་དང་། །རྒོལ་བ་འདུལ་བ་ཤེས་
བའི་ཚིག་རྣམས་དང་། །བསྟན་བཅོས་ཐུབ་མེད་ཐར་བའི་ཚིག་རྣམས་ཀྱིས། །ལ་ལ་དག་ལ་མི་སྐད་ཚིག་རྣམས་དང་། །ཀུན་ལ་འཇུག་པའི་ཚིག་ངེས་ཚིག་རྣམས་ཀྱིས། །ལ་ལ་དག་ལ་ལྷ་ཚིག་ངེས་ཚིག་དང་། །ཀླུ་ཡི་ངེས་ཚིག་གནོད་སྦྱིན་ངེས་ཚིག་གིས། །ལ་ལར་སྲིན་པོ་འབྱུང་
པོ་ཤ་ཟ་དང་། །དྲི་ཟ་གྲུལ་བུམ་ལྟོ་འཕྱེ་ཆེ་ཚིག་དང་། །མི་ཅི་ལྷ་མིན་མཁའ་ལྡིང་ཚིག་རྣམས་ཀྱིས། །བདེན་པ་བསྟན་ཅིང་ཐར་བར་འདྲེན་པར་བྱེད། །དེ་དག་བདེན་དང་ངེས་ཚིག་ཚུལ་ཤེས་ཏེ། །དེ་ལྟར་རྒྱལ་བའི་ཆོས་རྣམས་མ་ལུས་པའི། །ཆོས་ཉིད་བསམ་ཡས་ཚིག་ལམ་ཤེས་པས་

སྟོན། །དེ་དག་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ།། །།བམ་པོ་བཞི་པ་སྟེ་ཐ་མ། དེ་དག་འགྲོ་བདེ་མཆོག་གི་ཏིང་ངེ་འཛིན། །འགྲོ་བ་ཀུན་ལ་མངོན་བར་སྒྲུབ་བྱེད་ཅིང་། །འོད་ཟེར་བསམ་གྱིས་མི་ཁྱབ་རབ་བཀྱེ་སྟེ། །འོད་ཟེར་བཀྱེ་ནས་སེམས་ཅན་འདུལ་བར་བྱེད། །མཐོང་ན་ལེགས་
པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་ཇི་སྙེད་འོད་ཟེར་དེ་ཤེས་པ། །དེ་དག་མཐོང་ལེགས་དོན་མེད་མ་ཡིན་ཏེ། །བླ་ན་མེད་པའི་ཡེ་ཤེས་མཆོག་གི་རྒྱུ། །མི་རྣམས་ཀུན་ལ་སངས་རྒྱས་ཡོངས་བསྟན་ཅིང་། །ཆོས་ཀྱང་ཡོངས་བསྟན་དེ་ལམ་བསྟན་ཅིང་། །རྒྱལ་བའི་སྐུ་གཟུགས་
མཆོད་རྟེན་བསྟན་བྱས་པས། །དེས་ན་མཐོང་ལེགས་འོད་ཟེར་གྲུབ་པར་འགྱུར། །ལྷ་ཡི་འོད་ཟེར་ཟིལ་གྱིས་གནོན་པ་ཡི། །འོད་ཟེར་འོད་བྱེད་ཅེས་བྱ་རབ་གཏོང་ཞིང་། །རྡུལ་དང་མུན་པ་ཐམས་ཅད་བསལ་བྱས་ཏེ། །འཇིག་རྟེན་ཕན་པའི་འོད་དེས་རབ་ཏུ་སྣང་། །སེམས་ཅན་
གང་དག་འོད་དེས་བསྐུལ་བྱས་པ། །དེ་དག་རྒྱལ་བ་མཆོད་ཕྱིར་སྒྲོན་མ་འཛིན། །དེ་དག་རྒྱལ་བ་མཆོད་ཕྱིར་སྒྲོན་བཟུང་བས། །འཇིག་རྟེན་སྒྲོན་མ་མཛད་པའི་རྒྱལ་བར་འགྱུར། །འབྲུ་མར་མར་མེ་མར་གྱི་མར་མེ་དང་། །རྩྭ་ཤིང་འདམ་བུ་འོད་མའི་སྒྲོན་མ་དང་། །སྤོས་དང་
བཅུད་ལེན་རིན་ཆེན་སྒྲོན་མ་དག །རྒྱལ་བ་རྣམས་ལ་ཕུལ་ནས་འོད་བྱེད་ཐོབ། །སྒྲོལ་ཞེས་བྱ་བའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དེ་དག་སྲེད་ཡངས་སྲིད་པའི་རྒྱ་མཚོ་ལས། །སེམས་ཅན་བསྒྲལ་བའི་དོན་དུ་གོ་ཆ་གྱོན། །གང་དག་
སྲེད་ཡངས་སྲིད་པའི་རྒྱ་མཚོ་ལས། །སེམས་ཅན་བསྒྲལ་བའི་དོན་དུ་གོ་གྱོན་པ། །དེ་དག་ཆུ་བོ་བཞི་ལས་རབ་ཏུ་སྒྲོལ། །མྱ་ངན་མེད་པ་བདེ་བའི་གྲོང་ཁྱེར་སྟོན། །སྟེགས་དང་ཟམ་པ་དུ་མ་བྱས་པ་དང་། །ཆུ་ཀླུང་ལམ་ལ་སྒྲོལ་བའི་གྲུ་འབྱིན་ཏེ། །འདུས་བྱས་སུན་ཕྱུང་ཞི་བ་
བསྔགས་བྱས་པས། །དེས་ན་སྒྲོལ་བའི་འོད་ཟེར་གྲུབ་པར་འགྱུར། །སྐོམ་པ་སེལ་བའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །འདོད་པའི་ཡོན་ཏན་སྐོམ་པ་རབ་སྤངས་ཤིང་། །ཆོས་ལ་མོས་པའི་རོ་ནི་དོན་ཏུ་གཉེར། །འདོད་པའི་ཡོན་

ཏན་སྐོམ་པ་རབ་སྤངས་ཏེ། །ཆོས་མོས་རོ་ལ་དོན་དུ་གཉེར་གྱུར་པས། །བདུད་རྩི་ཆར་པ་འབེབས་པའི་སངས་རྒྱས་འགྱུར། །འཇིག་རྟེན་སྐོམ་པའི་སྲེད་པ་རྣམ་པར་སེལ། །རྫིང་དང་ཆུ་ཀླུང་ཁྲོན་པ་ཆུ་དོང་དང་། །མཚོ་རྣམས་བྱང་ཆུབ་དོན་དུ་བྱེད་བཙུད་དེ། །འདོད་པ་
སྨད་ཅིང་བསམ་གཏན་བསྔགས་བྱས་པས། །དེས་ན་སྲེད་པ་སེལ་བ་གྲུབ་པར་གྱུར། །དགའ་བར་བྱེད་པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དགའ་བ་རྒྱས་ཤིང་བྱང་ཆུབ་མཆོག་དོན་དུ། །རང་བྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་
དོ། །ཐུགས་རྗེ་ལྡན་པའི་སྐུ་གཟུགས་མཚན་བརྒྱན་པ། །པད་མའི་གདན་ལ་བཞུགས་པ་རྣམས་བྱས་ཤིང་། །རྟག་ཏུ་སངས་རྒྱས་ཡོན་ཏན་རྣམས་བརྗོད་པས། །དེས་ན་དགའ་བྱེད་འོད་ཟེར་གྲུབ་པར་གྱུར། །མགུ་བར་བྱེད་པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་
གང་དག་འོད་དེས་བསྐུལ་བྱས་པ། །རྟག་ཏུ་སངས་རྒྱས་ལ་ནི་དགའ་མགུ་ཞིང་། །ཆོས་ལ་དགའ་མགུ་དགེ་འདུན་དགའ་མགུའོ། །དེ་དག་རྟག་ཏུ་སངས་རྒྱས་དགའ་མགུ་ཞིང་། །ཆོས་ལ་དགའ་མགུ་དགེ་འདུན་དགའ་མགུ་ནས། །སངས་རྒྱས་ཆོས་དང་འཕགས་པའི་
ཚོགས་རྣམས་དང་། །རྟག་ཏུ་འགྲོགས་ཐོབ་བཟོད་པ་བླ་མེད་ཐོབ། །སངས་རྒྱས་རྗེས་དྲན་ཆོས་དང་ཚོགས་མཆོག་ལ། །སེམས་ཅན་མང་པོ་བསྐུལ་ཅིང་དྲན་བྱས་ཏེ། །བྱང་ཆུབ་སེམས་ཀྱི་ཡོན་ཏན་རབ་བརྗོད་པས། །དེས་ན་མགུ་བྱེད་འོད་ཟེར་གྲུབ་པར་འགྱུར། །བསོད་
ནམས་བསགས་པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །བླ་ན་མེད་པའི་བྱང་ཆུབ་དོན་གཉེར་ཞིང་། །སྦྱིན་པ་སྣ་ཚོགས་དུ་མ་སྦྱིན་པར་བྱེད། །གཏན་པ་མེད་པའི་མཆོད་སྦྱིན་དེ་བྱེད་ཚེ། །སློང་བ་རྣམས་ཀྱི་བསམ་པ་རྫོགས་བྱས་
ཏེ། །བསམ་པ་ཐམས་ཅད་སྦྱིན་པ་བྱིན་བྱས་པས། །བསོད་ནམས་བསགས་པའི་འོད་ཟེར་གྲུབ་པར་འགྱུར། །ཡེ་ཤེས་ལྡན་པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །ཆོས་གཅིག་སྒོ་མོ་ནས་ནི་དུ་མ་ཡི། །ཆོས་ཀྱི་སྒོ་རྣམས་

ཡུད་ཀྱིས་ཁོང་དུ་ཆུད། །ཆོས་ཀྱི་དབྱེ་བ་སེམས་ཅན་འཛིན་བཙུད་དེ། །དོན་ལ་ངེས་པའི་ཡེ་ཤེས་རྣམ་ཕྱེ་ཞིང་། །ཆོས་ཀྱི་ཚིག་དོན་བརྗོད་པ་བྱས་པས་ན། །དེས་ན་ཡེ་ཤེས་ལྡན་པའི་འོད་ཟེར་གྲུབ། །ཤེས་རབ་སྒྲོན་མའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་
བསྐུལ་བྱས་པ། །སྟོང་པ་བདག་མེད་མ་སྐྱེས་མ་བྱུང་ཞིང་། །རང་བཞིན་མེད་པའི་ཆོས་ལ་རབ་ཏུ་འཇུག །བདག་པོ་མེད་ཆོས་སྟོང་པ་བྱེད་མེད་པ། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་མཚུངས་འདྲ་ཞིང་། །རྨི་ལམ་མཚུངས་ལ་གཟུགས་བརྙན་འདྲ་བ་དག །བསྟན་པས་ཤེས་རབ་སྒྲོན་མ་དེ་གྲུབ་
པོ། །ཆོས་ཀྱི་རྣམ་འཕྲུལ་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །མི་ཟད་བཟོད་ཀྱི་གཟུངས་ནི་ཐོབ་གྱུར་ནས། །དེ་བཞིན་གཤེགས་པ་ཀུན་གྱི་མཛོད་ཀྱང་འཛིན། །ཆོས་འཛིན་རྣམས་ལ་ཡོངས་སུ་ཕན་གདགས་ཏེ། །དྲང་སྲོང་
རྣམས་ལ་ཆོས་ཀྱིས་བསྲུང་བྱས་ཤིང་། །འགྲོ་བ་ཆོས་ཀྱིས་རྗེས་སུ་བསྲུང་བྱས་པས། །ཆོས་ཀྱི་རྣམ་འཕྲུལ་འོད་ཟེར་གྲུབ་པར་འགྱུར། །གཏོང་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་འཇུངས་པ་གང་དག་དེས་བསྐུལ་བ། །ལོངས་སྤྱོད་མི་རྟག་མི་བརྟན་
ཤེས་གྱུར་ནས། །དེ་དག་རྟག་ཏུ་གཏོང་ལ་དགའ་མོས་འགྱུར། །མ་དུལ་གདུལ་དཀའི་སེམས་ཅན་སེར་སྣ་ཅན། །ནོར་རྣམས་རྨི་ལམ་སྤྲིན་དང་འདྲར་ཤེས་ནས། །དགའ་བའི་ཡིད་ཀྱིས་སྦྱིན་བ་སྤེལ་བྱས་པས། །དེས་ན་སྟོང་དང་ལྡན་པའི་འོད་གྲུབ་པོ། །ཡོངས་སུ་
གདུང་མེད་འོད་ཟེར་རབ་གཏོང་ཞིང་། །ཁྲིམས་འཆལ་སེམས་ཅན་གང་དག་དེས་བསྐུལ་བ། །ཚུལ་ཁྲིམས་རྣམ་པར་དག་ལ་གནས་གྱུར་ནས། །རང་བྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་དོ། །དགེ་བའི་ལས་ལམ་ཡོངས་སུ་དག་པ་དང་། །ཚུལ་ཁྲིམས་ལ་ཡང་
སེམས་ཅན་མང་འཛུད་ཅིང་། །བྱང་ཆུབ་སེམས་ཀྱང་ཡང་དག་འཛིན་འཇུག་པས། །ཡོངས་གདུང་མེད་པའི་འོད་ཟེར་དེ་གྲུབ་པོ། །བཟོད་པ་བཀོད་པའི་འོད་ཟེར་རབ་གཏོང་ཞིང་། །མི་བཟོད་སེམས་ཅན་གང་དག་དེས་བསྐུལ་བ། །ཁྲོ་དང་ཐ་བ་ང་རྒྱལ་ཡོངས་སྤངས་ཤིང་། །

དེ་དག་རྟག་ཏུ་བཟོད་མོས་དགའ་བར་འགྱུར། །སྡིག་ལྡན་རྣམས་ཀྱི་ཉེས་བྱས་བཟོད་བྱས་ཏེ། །བྱང་ཆུབ་དོན་དུ་འཁྲུགས་པ་མ་བྱས་ཤིང་། །བཟོད་པའི་ཡོན་ཏན་རྟག་ཏུ་བསྔགས་བརྗོད་པས། །དེས་ན་བཟོད་པ་བཀོད་པ་དེ་གྲུབ་པོ། །སྦྱངས་དང་ལྡན་པའི་འོད་ཟེར་རབ་གཏོང་
ཞིང་། །ལེ་ལོའི་སེམས་ཅན་གང་དག་དེས་བསྐུལ་བ། །རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་མེད་མཆོད་པ་བྱེད་པར་འགྱུར། །རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ནས། །དེ་དག་བདུད་བཞིའི་ལམ་
ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །སེམས་ཅན་མང་པོ་བརྩོན་འགྲུས་འཛིན་བཅུག་སྟེ། །དཀོན་མཆོག་གསུམ་ལ་མཆོད་པ་རབ་བྱས་ནས། །ཟད་པའི་དུས་ན་དམ་ཆོས་ཡོངས་བཟུང་བས། །དེས་ན་སྦྱངས་དང་ལྡན་བའི་འོད་ཐོབ་བོ། །ཞི་བར་བྱེད་པའི་འོད་ཟེར་རབ་
གཏོང་ཞིང་། །རྣམ་འཁྲུགས་སེམས་ཅན་གང་དག་དེས་བསྐུལ་བ། །དེ་དག་ཆགས་མེད་སྡང་མེད་རྨོངས་མེད་ཅིང་། །རྟོགས་པར་གྱུར་ནས་མཉམ་གཞག་སེམས་སུ་འགྱུར། །སྡིག་པའི་གྲོགས་པོ་སྐྱོན་ལྡན་སྤྱོད་ཅན་དང་། །འདྲེ་བ་ཡོངས་སུ་རྣམ་པར་སྤང་བྱས་ཏེ། །དགོན་པར་རབ་ཞི་བསམ་
གཏན་བསྔགས་བརྗོད་པས། །དེས་ན་ཞི་བར་བྱེད་པའི་འོད་གྲུབ་བོ། །ཤེས་རབ་བཀོད་པའི་འོད་ཟེར་རབ་གཏོང་ཞིང་། །ཤེས་འཆལ་སེམས་ཅན་ཇི་སྙེད་དེས་བསྐུལ་བ། །བདེན་དང་བརྟན་དང་རྣམ་ཐར་ཚུལ་རྣམས་དང་། །དབང་པོ་ཤེས་པ་རྟོགས་པར་ཁོང་ཆུད་འགྱུར། །བདེན་དང་བརྟན་
དང་རྣམ་ཐར་ཚུལ་རྣམས་དང་། །དབང་པོ་ཤེས་པ་རྟོགས་པར་ཁོང་ཆུད་ཅིང་། །ཉི་མ་སྒྲོན་མའི་ཏིང་འཛིན་ཐོབ་གྱུར་ནས། །ཤེས་རབ་སྣང་བར་མཛད་པའི་རྒྱལ་བར་འགྱུར། །རྒྱལ་སྲིད་ནོར་དང་བདག་ཕངས་ཡོངས་བཏང་སྟེ། །བྱང་ཆུབ་དོན་དུ་ཆོས་གང་བཙལ་བྱས་པ། །ཆོས་དེ་གུས་པར་
བྱས་ནས་རབ་བཤད་པས། །ཤེས་རབ་བཀོད་པའི་འོད་ཟེར་དེ་གྲུབ་བོ། །སངས་རྒྱས་ལྡན་པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །སངས་རྒྱས་སྟོང་ཕྲག་དུ་མ་བསམ་ཡས་རྣམས། །པད་མ་དམ་པ་རྣམས་ལ་བཞུགས་པར་མཐོང་། །སངས་

རྒྱས་ཆེ་དང་སངས་རྒྱས་རྣམ་ཐར་དང་། །སངས་རྒྱས་རྣམ་འཕྲུལ་མཐའ་ཡས་བརྗོད་བྱས་ཤིང་། །སངས་རྒྱས་སྟོབས་དང་རྫུ་འཕྲུལ་རབ་བརྗོད་པས། །དེ་ནས་སངས་རྒྱས་ལྡན་པའི་འོད་གྲུབ་བོ། །མི་འཇིགས་སྦྱིན་པའི་འོད་ཟེར་རབ་གཏོང་ཞིང་། །འཇིགས་ཉེན་སེམས་ཅན་གང་
དག་དེས་རེག་པ། །འབྱུང་པོ་གཟའ་དང་གསད་བརྡེག་བཅིང་བ་དང་། །ནད་འགོ་འཇིགས་པ་ཀུན་ལས་ཐར་བར་འགྱུར། །མི་འཇིགས་སྦྱིན་པས་སེམས་ཅན་གང་བསྐྱབས་དང་། །སྲོག་ཆགས་གསོད་ལས་བཟློག་པ་བྱས་པ་དང་། །འཇིགས་པ་སྐྱབས་ཚོལ་རྣམས་ལ་སྐྱབས་བྱས་པས། །
མི་འཇིགས་སྦྱིན་པའི་འོད་ཟེར་དེས་གྲུབ་བོ། །བདེ་བ་ཀུན་བྱེད་འོད་ཟེར་རབ་གཏོང་ཞིང་། །ནད་པ་ན་བ་གང་དག་དེས་རེག་པ། །རྣམ་པ་ཀུན་དུ་ནད་ཀྱི་སྡུག་བསྔལ་ཐར། །བསམ་གཏན་ཏིང་འཛིན་བདེ་བ་རྣམས་ཀྱང་ཐོབ། །ནད་གསོས་འབྲས་བུ་སྨན་དང་རྩ་བ་དང་། །རིན་ཆེན་བཅུད་ལེན་
སྤོས་དང་བྱུག་པ་དང་། །བུ་རམ་སྦྲང་རྩི་འོ་མ་མར་དག་དང་། །འབྲུ་མར་ཟས་སྐོམ་བྱིན་པས་དེ་ཐོབ་བོ། །སངས་རྒྱས་སྟོན་པའི་འོད་ཟེར་རབ་གཏོང་ཞིང་། །ཚེ་ཟད་ཐ་མར་གང་དག་དེས་བསྐུལ་བ། །སངས་རྒྱས་རྗེས་དྲན་སངས་རྒྱས་མཐོང་བར་འགྱུར། །དེ་དག་ཤི་འཕོས་སངས་
རྒྱས་བཞུགས་ཞིང་འགྲོ། །འཆི་བའི་དུས་སུ་སངས་རྒྱས་དྲན་བྱས་ཏེ། །དགའ་བྱེད་རྒྱལ་བའི་སྐུ་གཟུགས་བསྟན་བྱས་ཤིང་། །འཆི་ཀར་སངས་རྒྱས་སྐྱབས་སུ་གཏོང་བརྗོད་པས། །སངས་རྒྱས་སྟོན་པའི་འོད་ཟེར་དེ་ཐོབ་བོ། །ཆོས་རབ་རྗོད་པའི་འོད་ཟེར་རབ་གཏོང་ཞིང་། །
སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །ཆོས་ཉན་ཀློག་ཅིང་ཡི་གེར་འདྲི་བར་བྱེད། །དེ་དག་རྟག་ཏུ་ཆོས་ལ་དགའ་མོས་འགྱུར། །ཆོས་ཀྱི་མུ་གེ་བྱུང་ཚེ་ཆོས་བརྗོད་དེ། །ཆོས་ཚོལ་རྣམས་ཀྱི་བསམ་བ་རྫོགས་བྱས་ཤིང་། །འདུན་པ་བསྐྱེད་དེ་ཆོས་ལ་བརྩོན་གྱིས་ཞེས། །བརྗོད་
པས་ཆོས་རབ་བརྗོད་པ་དེ་ཐོབ་བོ། །སངས་རྒྱས་སྲས་རྣམས་ཡོངས་སུ་བསྐུལ་བའི་ཕྱིར། །དབྱངས་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང་། །འཇིག་རྟེན་གསུམ་ན་སྒྲ་རྒྱུད་ཇི་སྙེད་པ། །ཀུན་ཀྱང་དེ་བཞིན་གཤེགས་པའི་གསུང་དུ་ཐོས། །གསང་བསྟོད་སྒྲ་ཡིས་དྲང་སྲོང་ཆེ་བསྟོད་དེ། །རྒྱལ་

བའི་གསུང་སྒྲ་དོན་དུ་སིལ་སྙན་དང་། །སྒྲ་ཆེན་དྲིལ་བུ་སྦྱིན་རྣམས་འགྲོ་ཀུན་ལ། །རབ་ཏུ་བསྒྲགས་པས་དབྱངས་ལྡན་འོད་གྲུབ་བོ། །འཆི་མེད་སྦྱིན་པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །བག་མེད་སྤྱོད་པ་ཐམས་ཅད་རབ་སྤངས་ཏེ། །
ཡོན་ཏན་ཀུན་ལ་བརྩོན་པ་ཉམས་སུ་ལེན། །འདུས་བྱས་རྟག་ཏུ་བདེ་བ་མེད་པ་སྟེ། །སྡུག་བསྔལ་འཚེ་བ་དུ་མས་ཡོངས་སུ་གང་། །འགོག་པ་རྟག་ཏུ་བདེ་ཞིང་ཞི་སྐྱིད་ཅེས། །བརྗོད་པས་འཆི་མེད་སྦྱིན་བ་དེ་ཐོབ་བོ། །ཁྱད་པར་ལྡན་བའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་
དེས་བསྐུལ་བྱས་པ། །རྒྱལ་བ་རྣམས་ཀྱི་ཚུལ་ཁྲིམས་ཁྱད་པར་དང་། །ཏིང་འཛིན་ཁྱད་པར་ཤེས་རབ་ཁྱད་པར་ཐོས། །ཐུབ་ཆེན་རྒྱལ་པོའི་ཁྲིམས་ཀྱིས་མཆོག་གྱུར་ཅིང་། །ཏིང་འཛིན་མཆོག་དང་ཤེས་རབ་མཆོག་གྱུར་ཅེས། །བྱང་ཆུབ་དོན་དུ་བསྟོད་ཅིང་བསྔགས་བརྗོད་པས། །
དེས་ན་ཁྱད་པར་ལྡན་པའི་འོད་གྲུབ་བོ། །རིན་ཆེན་བཀོད་པའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །རིན་ཆེན་མི་ཟད་གཏེར་རྣམས་ཐོབ་གྱུར་ནས། །དྲང་སྲོང་ཆེ་ལ་རིན་ཆེན་དམ་པས་མཆོད། །རྒྱལ་དང་རྒྱལ་བའི་མཆོད་རྟེན་རིན་ཆེན་ཕུལ། །སྐྱེ་
བོ་ཉོན་མོངས་རིན་ཆེན་རྣམས་ཀྱིས་བསྡུས། །རྒྱལ་བ་རྣམས་ལ་རིན་ཆེན་རབ་ཕུལ་བས། །རིན་ཆེན་བཀོད་པའི་འོད་ཟེར་གྲུབ་པར་འགྱུར། །སྤོས་རབ་སྣང་བའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །མི་ལ་མེད་སྤོས་ཡིད་འོང་ཚོར་གྱུར་ནས། །
སངས་རྒྱས་ཡོན་ཏན་རྣམས་ལ་ངེས་པར་འགྱུར། །མི་དང་ལྷ་ཡི་སྤོས་དང་བྱུག་པ་ཡིས། །མི་ཡི་གཙོ་ལ་མཆོད་པར་རབ་བྱས་ཏེ། །སྤོས་ལས་རྒྱལ་བའི་གཟུགས་དང་མཆོད་རྟེན་དག །བྱས་པས་སྤོས་རབ་སྣང་བ་དེ་གྲུབ་བོ། །སྣ་ཚོགས་བཀོད་པའི་འོད་ཟེར་རབ་གཏོང་ཞིང་། །རྒྱལ་མཚན་
བ་དན་གདུགས་མཆོག་སྣ་ཚོགས་དང་། །སིལ་སྙན་བསྒྲགས་ཤིང་སྤོས་ཀྱིས་བདུག་པ་ཡིས། །ཕོ་བྲང་དམ་པ་མཛེས་བྱས་མེ་ཏོག་བཀྲམ། །སིལ་སྙན་དག་གིས་རྒྱལ་བ་རྣམས་བསུ་ཞིང་། །མེ་ཏོག་བྱུག་པ་བདུག་སྤོས་ཕྱེ་མ་དང་། །རྒྱལ་མཚན་བ་དན་གདུགས་མཆོག་རྣམས་

ཀྱིས་མཆོད། །དེས་ན་སྣ་ཚོགས་བཀོད་པ་གྲུབ་པར་གྱུར། །ཤིན་ཏུ་དང་བྱེད་འོད་ཟེར་རབ་གཏོང་ཞིང་། །ས་རྣམས་ལག་མཐིལ་བཞིན་དུ་གནས་པར་བྱེད། །མཆོད་རྟེན་དྲང་སྲོང་གནས་རྣམས་སྦྱངས་བྱས་པས། །དེས་ན་ཤིན་ཏུ་དང་བའི་འོད་གྲུབ་བོ། །སྤྲིན་དང་ལྡན་པའི་འོད་ཟེར་རབ་གཏོང་
ཞིང་། །སྤོས་ཀྱི་ཆར་འབེབས་སྤྲིན་རྣམས་ཀུན་དུ་གནས། །མཆོད་རྟེན་འཁོར་སར་སྤོས་ཀྱི་ཆུས་བཏབ་པས། །སྤྲིན་དང་ལྡན་པའི་འོད་དེ་རབ་ཏུ་ཐོབ། །ལྷབ་ལྷུབ་བཀོད་པའི་འོད་ཟེར་རབ་གཏོང་ཞིང་། །གཅེར་བུ་གོས་ཡོད་རྒྱན་དང་ལྡན་པར་འགྱུར། །གོས་དང་བགོ་བ་རྒྱན་ཕྲེང་སྣ་ཚོགས་
དག །སྦྱིན་པ་བྱས་པས་ལྷབ་ལྷུབ་བཀོད་པ་གྲུབ། །རོ་མཆོག་ལྡན་པའི་འོད་ཟེར་རབ་གཏོང་ཞིང་། །བཀྲེས་པ་ཁ་ཟས་རོ་མཆོག་ཐོབ་པར་འགྱུར། །ཟས་དང་སྐོམ་དང་རོ་མཆོག་སྣ་ཚོགས་རྣམས། །བྱིན་པས་རོ་མཆོག་ལྡན་བའི་འོད་གྲུབ་བོ། །ནོར་རྣམས་སྟོན་པའི་འོད་ཟེར་རབ་གཏོང་
ཞིང་། །དབུལ་པོ་དག་གིས་རིན་ཆེན་གཏེར་རྣམས་འཐོབ། །དཀོན་མཆོག་གསུམ་ལ་གཏེར་གཞི་མི་ཟད་པ། །དབུལ་བ་བྱས་པས་ནོར་སྟོན་འོད་ཐོབ་བོ། །མིག་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང་། །རྒྱལ་བ་དག་དང་རྒྱལ་བའི་
མཆོད་རྟེན་ལ། །མར་མེ་ཕུལ་བས་མིག་སྦྱོང་འོད་ཟེར་གྲུབ། །རྣ་བ་རྣམ་སྦྱོང་འོད་ཟེར་རབ་གཏོང་ཞིང་། །རྣ་བ་ཉམས་པས་སྒྲ་མང་ཐོས་པར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །སིལ་སྙན་ཕུལ་བས་རྣ་སྦྱོང་འོད་ཟེར་གྲུབ། །སྣ་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་
ཞིང་། །སྔོན་ཆད་མ་ཚོར་དྲི་ཞིམ་ཚོར་བར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །སྤོས་རབ་ཕུལ་བས་སྣ་སྦྱོང་འོད་ཟེར་གྲུབ། །ལྕེ་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །སྒྲ་སྙན་ཡིད་འོང་རྣམས་ཀྱིས་སངས་རྒྱས་བསྟོད། །མི་སྙན་བརླང་བར་སྨྲ་
བ་རྣམ་སྤངས་ཏེ། །འཇམ་པར་སྨྲས་པས་ལྕེ་སྦྱོང་འོད་ཟེར་གྲུབ། །ལུས་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དབང་པོ་ཉམས་པ་དབང་པོ་ལྡན་པར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །ལུས་བཏུད་བྱས་པས་ལུས་རྣམ་སྦྱོང་བ་ཐོབ། །སེམས་

རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །སྨྱོས་པ་ཐམས་ཅད་སེམས་དང་ལྡན་པར་འགྱུར། །ཏིང་འཛིན་དབང་རྗེས་སེམས་འགྲོ་བྱས་པས་ན། །སེམས་རྣམ་སྦྱོང་བའི་འོད་ཟེར་དེ་གྲུབ་བོ། །གཟུགས་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །མི་དབང་རྣམས་ཀྱི་
བསམ་ཡས་སྐུ་མཐོང་སྟེ། །སྐུ་གཟུགས་རི་མོ་སྣ་ཚོགས་མང་པོ་དང་། །མཆོད་རྟེན་བརྒྱན་བྱས་གཟུགས་སྦྱོང་འོད་གྲུབ་བོ། །སྒྲ་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །སྒྲ་ནི་སྒྲ་མི་སྟོང་པར་རབ་ཏུ་ཤེས། །རྐྱེན་ལས་བྱུང་བས་བྲག་ཅ་འདྲའོ་ཞེས། །སྒྲ་རྣམས་བསྟན་པས་འོད་
ཟེར་དེ་གྲུབ་བོ། །དྲི་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དྲིང་ཐམས་ཅད་དྲི་ཞིམ་མཆོག་ཏུ་འགྱུར། །སྤོས་རབ་མཆོག་ཆུས་རྒྱལ་བའི་མཆོད་རྟེན་དག །ཁྲུས་བྱས་བྱང་ཆུབ་ཞིང་གི་འོད་དེ་ཡིན། །རོ་བྲོ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དུག་ཅན་དུག་མེད་རོ་ཡི་
མཆོག་ཏུ་འགྱུར། །སངས་རྒྱས་ཉན་ཐོས་བཅས་དང་ཕ་མ་ལ། །རོ་མཆོག་ཐམས་ཅད་ཕུལ་བའི་འོད་དེ་ཡིན། །རེག་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །རེག་ན་རྩུབ་པ་འཇམ་ཞིང་བདེ་བར་འགྱུར། །མདུང་ཐུང་རྩེ་གསུམ་རལ་གྲི་མདའ་ཆེན་ཆར། །ཕྲེང་བ་
འཇམ་པ་པད་མ་ཨུད་པལ་འགྱུར། །བཅོས་བུའི་རས་མང་འཇམ་ཞིང་རེག་བདེ་རྣམས། །རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་བཏིང་བཀྲམ་སྟེ། །མེ་ཏོག་བྱུག་པ་ན་བཟའ་འཇམ་རྣམས་དང་། །ཕྲེང་བ་བླ་རེ་ཕུལ་བའི་འོད་དེ་ཡིན། །ཆོས་རྣམ་སྦྱོང་བའི་འོད་ཟེར་རབ་
གཏོང་ཞིང་། །འཇིག་རྟེན་ཕན་མཛད་རྒྱལ་བ་ཐམས་ཅད་ཀྱི། །སྤུ་རྣམས་ཀུན་ནས་ཆོས་རྣམས་བསམ་མི་ཁྱབ། །བྱུང་བ་ཐོས་ནས་མོས་པ་ཐམས་ཅད་ཚིམ། །རྐྱེན་ལས་བྱུང་བ་མ་སྐྱེས་ངོ་བོ་ཉིད། །རྒྱལ་བ་རྣམས་ཀྱི་སྐུ་ནི་ཆོས་སྐུ་སྟེ། །ཆོས་ཉིད་མཁའ་བཞིན་རྟག་ཏུ་
གནས་སོ་ཞེས། །བརྗོད་པས་ཆོས་རྣམས་སྦྱོང་བ་ཐོབ་པར་འགྱུར། །འོད་ཟེར་སྒོ་མོ་དེ་དག་ལ་སོགས་པ། །དྲང་སྲོང་རྣམས་ཀྱི་སྤུ་ཡི་སྒོ་གཅིག་ནས། །འོད་ཟེར་གང་གཱའི་བྱེ་མ་སྙེད་འབྱུང་སྟེ། །ཀུན་ཀྱང་ལས་སྦྱོར་ཐ་དད་ཚུལ་ཅན་ནོ། །ཇི་ལྟར་དེ་དག་སྤུ་ཡི་སྒོ་གཅིག་ནས། །

འོད་ཟེར་གང་གཱའི་བྱེ་མ་སྙེད་འབྱུང་བ། །མ་ལུས་སྤུ་རྣམས་ཀུན་ནས་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ། །ཡོན་ཏན་གང་གིས་འོད་ཟེར་གང་གྲུབ་པའི། །ཡོན་ཏན་དེ་གྲོགས་སྔོན་ཆད་གང་གྱུར་པ། །དེ་དག་ཉིད་ལས་འོད་ཟེར་རབ་འབྱུང་སྟེ། །དྲང་སྲོང་ཡེ་
ཤེས་རྣམ་འཕྲུལ་འདི་འདྲའོ། །དེ་དག་བསོད་ནམས་སྔོན་གྲོགས་གང་ཡིན་ལ། །རྗེས་སུ་ཡི་རང་གསོལ་བ་སུས་བཏབ་དང་། །གང་གིས་མཐོང་སྟེ་དགེ་བ་བསགས་གྱུར་པ། །དེ་དག་ཀུན་གྱིས་འོད་ཟེར་དེ་དག་ཤེས། །གང་དག་བསོད་ནམས་བྱས་ཤིང་དགེ་བསགས་དང་། །
གང་དག་ཡང་ཡང་སངས་རྒྱས་རྣམས་མཆོད་ཅིང་། །སངས་རྒྱས་ཡོན་ཏན་འདུན་ཏེ་དོན་གཉེར་བ། །དེ་དག་ཀུན་ལ་འོད་ཟེར་དེ་དག་བསྐུལ། །དཔེར་ན་དམུས་ལོང་ཉི་མ་མི་མཐོང་ཡང་། །དེ་མེད་མ་ཡིན་འཇིག་རྟེན་དག་ཏུ་འཆར། །མིག་དང་ལྡན་པས་ཤར་བར་ཤེས་གྱུར་
ནས། །ཀུན་ཀྱང་རང་རང་སོ་སོའི་ལས་ལ་འཇུག །དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་ཀུན། །རབ་ཏུ་འབྱུང་ཡང་ལོག་པས་ཉེན་གྱུར་ཅིང་། །མོས་ཉམས་ཕལ་པ་རྣམས་ཀྱིས་མི་མཐོང་སྟེ། །བློ་གྲོས་ཡངས་པ་རྣམས་ལ་དེ་དག་མོད། །དཔེར་རྒྱན་ནོར་བུ་བཞོན་པ་
གཞལ་མེད་ཁང་། །བཅུད་ཀྱིས་ལེན་དང་རིན་ཆེན་བྱུག་པ་སྤོས། །དེ་དག་སྐྱེ་བོ་ཆེ་ལ་ཡོད་མོད་ཀྱི། །ཕོངས་པར་གྱུར་པ་རྣམས་ལ་དེ་དག་མེད། །དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་མོད། །དེ་དག་ཡོད་ཀྱང་ལོག་པས་ཉེན་གྱུར་ཅིང་། །མོས་པ་ཉམས་པ་རྣམས་ཀྱིས་
མི་མཐོང་སྟེ། །བློ་གྲོས་ཡངས་པ་རྣམས་ལ་དེ་དག་མོད། །གང་དག་འོད་ཟེར་དབྱེ་བ་འདི་ཐོས་ནས། །དད་ཅིང་མོས་ལ་དང་བ་སྐྱེས་གྱུར་ན། །བདག་ནི་ཡོན་ཏན་ཆེར་འགྱུར་མི་འགྱུར་ཞེས། །དེ་དག་དོགས་དང་སོམ་ཉི་མི་སྐྱེད་དོ། །དེ་དག་གཡོག་འཁོར་བཀོད་པ་རྣམ་
འཕྲུལ་བ། །ཏིང་འཛིན་དམ་པ་མངོན་པར་གྲུབ་བྱེད་ཅིང་། །ཕྱོགས་བཅུ་ཀུན་དུ་དོ་ཟླ་མེད་རྣམས་ཀྱི། །ཞམ་རིང་སངས་རྒྱས་སྲས་རྣམས་སྟོན་པར་བྱེད། །འོད་བཀོད་དེ་དག་པད་མ་སྣ་ཚོགས་པ། །སྟོང་གསུམ་ཚད་ཙམ་བྱིན་གྱིས་བརླབས་བྱས་ནས། །སྐྱིལ་ཀྲུང་

བཅས་པའི་ལུས་ཀྱིས་ཀུན་ཁྱབ་སྟོན། །ཏིང་འཛིན་རྣམ་པར་འཕྲུལ་པ་འདི་འདྲའོ། །དེ་དག་ཞིང་བཅུའི་རྡུལ་སྙེད་པད་མ་གཞན། །འཁོར་དང་བཅས་པ་བྱིན་གྱིས་བརླབས་བྱས་ཤིང་། །སངས་རྒྱས་སྲས་ཀྱིས་ཐམས་ཅད་ཡོངས་སུ་བསྐོར། །དེ་དག་ཏིང་འཛིན་
ཏིང་འཛིན་མེད་པར་གནས། །དྲང་སྲོང་དེ་ཡིས་སེམས་ཅན་གང་དག་རྣམས། །ཡོངས་སུ་སྨིན་བྱས་སངས་རྒྱས་ལེགས་བསྒྲུབས་པ། །དེ་དག་པད་མ་ཆེན་པོ་དེ་བསྐོར་ཅིང་། །ཀུན་ཀྱང་ཐལ་མོ་སྦྱར་ནས་ལྟ་ཞིང་འཁོད། །གང་དག་ཏིང་འཛིན་གནས་པར་རབ་ཞུགས་པ། །སྐྱེས་
ཆེན་རྣམས་ཀྱི་ཆོས་ཉིད་འདི་ཡིན་ཏེ། །རང་གི་སློབ་མས་ཀུན་ཀྱང་ཡོངས་བསྐོར་ནས། །སྐར་མའི་ཚོགས་ཀྱིས་ཟླ་བ་བསྐོར་བ་བཞིན། །དེ་དག་ཇི་ལྟར་ཕྱོགས་གཅིག་རབ་འཇུག་ཅིང་། །ཞབས་འབྲིང་སངས་རྒྱས་སྲས་རྣམས་སྟོན་བྱེད་པ། །དེ་བཞིན་ཕྱོགས་རྣམས་མ་ལུས་
ཀུན་དུ་སྟོན། །ཏིང་འཛིན་རྣམ་པར་འཕྲུལ་པ་འདི་འདྲའོ། །དེ་དག་ཕྱོགས་ཀྱི་དྲ་བ་ཁྱབ་གནས་པའི། །ཏིང་འཛིན་དམ་པ་མངོན་པར་སྒྲུབ་བྱེད་ཅིང་། །ཁ་ཅིག་མཉམ་གཞག་ཁ་ཅིག་ལྡང་བར་ཡང་། །ཕྱོགས་བཅུ་ཀུན་དུ་རང་གི་ལུས་སྟོན་ཏོ། །དེ་དག་ཤར་གྱི་ཕྱོགས་
སུ་མཉམ་བཞག་ཅིང་། །ནུབ་ཀྱི་ཕྱོགས་ནས་དཔའ་བོ་རྣམ་པར་ལྡང་། །ནུབ་ཀྱི་ཕྱོགས་སུ་མཉམ་བར་བཞག་གྱུར་ཅིང་། །བདག་ཉིད་ཆེན་པོ་ཤར་གྱི་ཕྱོགས་ནས་ལྡང་། །དེ་བཞིན་ཕྱོགས་བཅུ་རྣམས་སུ་རབ་ཏུ་འཇུག །གཞན་གྱི་ཕྱོགས་སུ་མཉམ་བར་བཞག་
གྱུར་ལ། །ཡེ་ཤེས་ཡོན་ཏན་ཕྱུག་པོ་གཞན་ནས་ལྡང་། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ། །ཤར་ཕྱོགས་སངས་རྒྱས་ཞིང་རྣམས་གང་ཡིན་པ། །གྲངས་མེད་མ་ལུས་དག་ན་རང་བྱུང་བ། །དེ་དག་སྤྱན་སྔར་ཞབས་དྲུང་དེ་དག་རྣམས། །ཞི་བའི་ཏིང་ངེ་འཛིན་ལ་
གནས་པར་སྣང་། །ཕྱོགས་དེར་མཉམ་པར་བཞག་པར་བསྟན་བྱས་ནས། །དཔའ་བོ་ནུབ་ཀྱི་ཞིང་རྣམས་མ་ལུས་པར། །རྣམ་པར་ལྡང་ཞིང་མངོན་སུམ་རྒྱལ་ཀུན་ལ། །མཆོད་པ་དུ་མ་རབ་ཏུ་བྱེད་པར་སྣང་། །ནུབ་ཕྱོགས་སངས་རྒྱས་ཞིང་རྣམས་གང་ཡིན་པ། །གྲངས་མེད་

མ་ལུས་དག་ན་བཞུགས་སངས་རྒྱས། །དེ་དག་སྤྱན་སྔར་ཞབས་དྲུང་དེ་དག་རྣམས། །ཞི་བའི་ཏིང་ངེ་འཛིན་ལ་གནས་པར་སྣང་། །ཕྱོགས་དེར་མཉམ་པར་བཞག་པར་བསྟན་བྱས་ནས། །དཔའ་བོ་ཤར་གྱི་ཞིང་རྣམས་མ་ལུས་པར། །རྣམ་པར་ལྡང་ཞིང་མངོན་སུམ་
རྒྱལ་ཀུན་ལ། །མཆོད་པ་དུ་མ་རབ་ཏུ་བྱེད་པར་སྣང་། །དེ་བཞིན་ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །ཕྱོགས་རྣམས་མ་ལུས་ཀུན་དུ་བརྟན་པ་འཇུག །ཁ་ཅིག་མཉམ་གཞག་ཁ་ཅིག་ལངས་གྱུར་ཅིང་། །འཇིག་རྟེན་སྒྲོན་མ་རྣམས་ལ་མཆོད་བྱེད་སྣང་། །དེ་དག་
མིག་གི་ལམ་ལ་མཉམ་བཞག་ཅིང་། །གཟུགས་ཀྱི་ལམ་ནས་བདག་ཉིད་ཆེན་པོ་ལྡང་། །གཟུགས་རྣམས་བསམ་གྱིས་མི་ཁྱབ་སྟོན་པ་ན། །དེ་ལ་ལྷར་བཅས་འཇིག་རྟེན་རྨོངས་པར་འགྱུར། །གཟུགས་ཀྱི་ལམ་ལ་མཉམ་པར་བཞག་གྱུར་ལ། །མིག་ནི་མ་སྐྱེས་མ་
བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་། །མིག་གི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་རྣ་བའི་ལམ་ལ་མཉམ་བཞག་ཅིང་། །སྒྲ་ཡི་ལམ་ནས་བདག་ཉིད་ཆེན་པོ་ལྡང་། །གང་ལ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །སྒྲ་དང་སྐད་
རྣམས་ཀུན་ལ་རབ་ཏུ་ཞུགས། །སྒྲ་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང་། །རྣ་བ་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་། །རྣ་བའི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་སྣ་ཡི་ལམ་ལ་མཉམ་བཞག་ཅིང་། །
དྲི་ཡི་ལམ་ནས་བདག་ཉིད་ཆེན་པོ་ལྡང་། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །དྲི་མཆོག་དམ་པ་འཇུག་པར་རབ་ཏུ་ཞུགས། །དྲི་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང་། །སྣ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པ་རབ་
སྟོན་ཅིང་། །སྣ་ཡི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་ལྕེ་ཡི་ལམ་ལ་མཉམ་བཞག་ཅིང་། །རོ་མཆོག་ཀུན་གྱི་ལམ་ནས་རྣམ་པར་ལྡང་། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །བདག་ཉིད་ཆེན་པོ་རོ་མཆོག་རྣམས་དང་ལྡན། །

རོ་མཆོག་རྣམས་ལ་མཉམ་པར་བཞག་གྱུར་ཅིང་། །ལྕེ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་། །ལྕེ་ཡི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་ལུས་ཀྱི་ལམ་ལ་མཉམ་བཞག་ཅིང་། །རེག་པའི་ལམ་ནས་
བདག་ཉིད་ཆེན་པོ་ལྡང་། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །འཇིག་རྟེན་བདེ་བ་སྐྱེད་པའི་རེག་ལ་ཞུགས། །རེག་པའི་ལམ་ལ་མཉམ་པར་བཞག་གྱུར་ཅིང་། །ལུས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་། །
ལུས་ཀྱི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་སེམས་ཀྱི་ལམ་ལ་མཉམ་བཞག་ཅིང་། །ཆོས་ཀྱི་ལམ་ནས་བདག་ཉིད་ཆེན་པོ་ལྡང་། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །ཆོས་ལ་གནས་པའི་འཇུག་པ་རབ་ཏུ་ཞུགས། །ཆོས་ལམ་
རྣམས་ལ་མཉམ་པར་བཞག་གྱུར་ཅིང་། །སེམས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་། །སེམས་ཀྱི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་བྱིས་པའི་ལུས་ལ་མཉམ་བཞག་ཅིང་། །ལང་ཚོ་ཤུགས་ལ་གནས་པ་རྣམས་ལས་
ལྡང་། །ལང་ཚོ་ཤུགས་གནས་རྣམས་ལ་མཉམ་བཞག་ཅིང་། །རྒས་ཤིང་འཁོགས་པའི་ལུས་ལས་རྣམ་པར་ལྡང་། །རྒས་ཤིང་འཁོགས་པའི་ལུས་ལ་མཉམ་བཞག་ཅིང་། །དད་པའི་དགེ་བསྙེན་མ་ཡི་ལུས་ལས་ལྡང་། །དགེ་བསྙེན་དད་མའི་ལུས་ལ་མཉམ་བཞག་ཅིང་། །དད་པའི་དགེ་
བསྙེན་ལུས་ལས་རྣམ་པར་ལྡང་། །དད་པའི་དགེ་བསྙེན་ལུས་ལ་མཉམ་བཞག་ཅིང་། །དགེ་སློང་མ་ཡི་ལུས་ལས་རྣམ་པར་ལྡང་། །དགེ་སློང་མ་ཡི་ལུས་ལ་མཉམ་བཞག་ཅིང་། །དགེ་སློང་མང་དུ་ཐོས་པའི་ལུས་ལས་ལྡང་། །དགེ་སློང་མང་ཐོས་ལུས་ལ་མཉམ་བཞག་ཅིང་། །སློབ་
དངམི་སློབ་ལུས་ལས་རྣམ་པར་ལྡང་། །སློབ་དང་མི་སློབ་ལུས་ལ་མཉམ་བཞག་ཅིང་། །རྐྱེན་གྱི་སངས་རྒྱས་ལུས་ལས་རྣམ་པར་ལྡང་། །རྐྱེན་གྱི་སངས་རྒྱས་ལུས་ལ་མཉམ་བཞག་ཅིང་། །སངས་རྒྱས་སྐུ་མཆོག་རབ་ལས་རྣམ་པར་ལྡང་། །སངས་རྒྱས་སྐུ་

མཆོག་རབ་ལ་མཉམ་བཞག་ཅིང་། །ལྷ་ཡི་ལུས་གཟུགས་ལས་ནི་རྣམ་པར་ལྡང་། །ལྷ་ཡི་ལུས་གཟུགས་ལ་ནི་མཉམ་བཞག་ཅིང་། །རྫུ་འཕྲུལ་ཆེན་པོ་ཀླུ་ཡི་ལུས་ལས་ལྡང་། །རྫུ་འཕྲུལ་ཀླུ་ཡི་ལུས་ལ་མཉམ་བཞག་ཅིང་། །འཕྲུལ་ཆེན་གནོད་སྦྱིན་ལུས་ལས་རྣམ་པར་
ལྡང་། །འཕྲུལ་ཆེན་གནོད་སྦྱིན་ལུས་ལ་མཉམ་བཞག་ཅིང་། །འབྱུང་པོ་ཀུན་གྱི་ལུས་ལས་རྣམ་པར་ལྡང་། །འབྱུང་པོ་ཀུན་གྱི་ལུས་ལ་མཉམ་བཞག་ཅིང་། །སྤུ་ཡི་སྒོ་གཅིག་ནས་ནི་རྣམ་པར་ལྡང་། །སྤུ་སྒོ་གཅིག་ལ་མཉམ་པར་བཞག་གྱུར་ཅིང་། །སྤུ་སྒོ་ཐམས་
ཅད་ནས་ནི་རྣམ་པར་ལྡང་། །སྤུ་སྒོ་ཀུན་ལ་མཉམ་པར་བཞག་གྱུར་ཅིང་། །སྐྲ་རྩེ་གཅིག་གི་ཁྱོན་ལས་རྣམ་པར་ལྡང་། །སྐྲ་རྩེ་གཅིག་གི་ཁྱོན་ལ་མཉམ་བཞག་ཅིང་། །སྐྲ་རྩེ་ཀུན་གྱི་ཁྱོན་ལས་རྣམ་པར་ལྡང་། །སྐྲ་རྩེ་ཀུན་གྱི་ཁྱོན་ལ་མཉམ་བཞག་ཅིང་། །
ཕྲ་རབ་རྡུལ་གྱི་རྡུལ་ལས་དེ་དག་ལྡང་། །རྡུལ་གཅིག་ལ་ནི་མཉམ་བར་བཞག་གྱུར་ཅིང་། །མ་ལུས་རྡུལ་རྣམས་ཀུན་ལས་རྣམ་པར་ལྡང་། །རྡུལ་རྣམས་མ་ལུས་ཀུན་ལ་མཉམ་བཞག་ཅིང་། །རྒྱ་མཚོའི་རྡོ་རྗེའི་གཞི་ལས་རྣམ་པར་ལྡང་། །རྒྱ་མཚོའི་རྡོ་རྗེའི་
གཞི་ལ་མཉམ་བཞག་ཅིང་། །ནོར་བུའི་ཤིང་ཏོག་དག་ལས་རྣམ་པར་ལྡང་། །ཤིང་ཏོག་རྣམས་ལ་མཉམ་པར་བཞག་གྱུར་ནས། །རྒྱལ་བ་རྣམས་ཀྱི་འོད་ཟེར་སྒོ་ནས་ལྡང་། །རྒྱལ་བའི་འོད་ཟེར་སྒོ་ལ་མཉམ་བཞག་ཅིང་། །རྒྱ་མཚོའི་ཆུ་ཡི་ཆུ་ཀླུང་རྣམས་ལས་
ལྡང་། །རྒྱ་མཚོའི་ཆུ་ཀླུང་རྣམས་ལ་མཉམ་བཞག་ཅིང་། །བདག་ཉིད་ཆེན་པོ་མེ་ཡི་ལམ་ནས་ལྡང་། །མེ་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང་། །རླུང་གི་ལམ་ལས་དྲན་ལྡན་རྣམ་པར་ལྡང་། །རླུང་གི་ལམ་ལ་མཉམ་པར་བཞག་གྱུར་ཅིང་། །བདག་ཉིད་ཆེན་
བོ་ས་ཡི་གཞི་ལས་ལྡང་། །ས་ཡི་གཞི་ལ་མཉམ་པར་བཞག་གྱུར་ཅིང་། །ལྷ་ཀུན་གཞལ་མེད་ཁང་ལས་རྣམ་པར་ལྡང་། །ལྷ་ཀུན་གཞལ་མེད་ཁང་ལ་མཉམ་བཞག་ཅིང་། །དྲན་ལྡན་དེ་དག་མཁའ་ལས་རྣམ་པར་ལྡང་། །ཡོན་ཏན་བསམ་ཡས་བསགས་པ་དེ་དག་

གི། །ཏིང་འཛིན་རྣམ་ཐར་དེ་དག་བསམ་མི་ཁྱབ། །རྒྱལ་བ་ཀུན་གྱིས་བསྐལ་པ་བསམ་ཡས་སུ། །བཤད་པ་མཛད་ཀྱང་ཟད་པར་མཛད་མི་སྤྱོད། །འགྲོ་ལས་རྣམ་སྨིན་བསམ་གྱིས་མི་ཁྱབ་སྟེ། །རྒྱལ་བ་ཀུན་གྱིས་དེ་དག་གསུངས་པ་ནི། །ཀླུ་ཡི་རྣམ་འཕྲུལ་
སངས་རྒྱས་རྣམ་འཕྲུལ་དང་། །བསམ་བྱེད་བསམ་གཏན་རྣམ་འཕྲུལ་བསམ་མི་ཁྱབ། །དེ་དག་ལ་ཡང་དཔེ་བསྟན་བརྗོད་པར་བྱ། །དེ་དག་འདྲ་བའི་དཔེ་ཟླ་ཅང་མེད་དེ། །མཁས་ཤིང་རིག་པའི་སྐྱེ་བོ་དཔེ་རྣམས་ཀྱིས། །བསྟན་ན་མྱུར་དུ་དོན་རྣམས་ཤེས་པར་འགྱུར། །རྣམ་
ཐར་བརྒྱད་ཀྱི་དབང་ལ་གནས་པ་ཡི། །ཉན་ཐོས་གཅིག་ཏུ་གྱུར་ནས་མང་པོར་འགྱུར། །མང་པོར་གྱུར་ནས་ཕྱིར་ཡང་གཅིག་གྱུར་ཏེ། །མཁའ་ལ་བསམ་གཏན་འཆའ་ཞིང་འབར་བར་བྱེད། །སྨད་ནས་མེ་འབར་སྟོད་ནས་ཆུ་ཡི་རྒྱུན། །སྟོད་ནས་མེ་འབར་སྨད་ནས་ཆུ་ཡི་
རྒྱུན། །འགྲོ་དང་འགྲེང་དང་ཉལ་དང་འདུག་པ་དང་། །ལུས་འཕྲུལ་སྐད་ཅིག་གཅིག་ལ་བསམ་མི་ཁྱབ། །དེ་ནི་སྙིང་རྗེ་ཆེ་དང་མི་ལྡན་ཞིང་། །བྱང་ཆུབ་མི་ཚོལ་འཇིག་རྟེན་ཡལ་འདོར་ཡང་། །ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །འཇིག་རྟེན་ཕན་འདོད་
ཅི་ཕྱིར་སྟོན་མི་བྱེད། །ཉི་ཟླ་མཁའ་ལ་རྣམ་པར་རྒྱུ་འདོད་ཞིང་། །ཕྱོགས་རྣམས་ཀུན་གྱི་ཆུ་ཡི་དངོ་དག་དང་། །མཚོ་མཚེའུ་མཚོ་བྲན་སྣོང་དང་རིན་ཆེན་དང་། །རྒྱ་མཚོ་ཆུ་ཀླུང་རྣམས་སུ་གཟུགས་བརྙན་སྟོན། །དེ་བཞིན་གཟུགས་རྣམས་བསམ་གྱིས་མི་ཁྱབ་པ། །
སྐྱེས་བུ་དཔའ་བོ་ཕྱོགས་བཅུ་ཀུན་དུ་སྟོན། །ཏིང་འཛིན་རྣམ་ཐར་ཀུན་གྱི་ཚུལ་ལ་མཁས། །དེ་ལ་དེ་བཞིན་གཤེགས་པ་རང་བྱུང་དབང་། །དང་བའི་མཚོ་ལ་ཡན་ལག་བཞི་པའི་དམག །དེ་དག་སོ་སོར་རང་གི་གཟུགས་བརྙན་མཐོང་། །རལ་གྲི་མདའ་ཆེན་གཞུ་དང་
མདའ་རྣམས་དང་། །གོ་གྱོན་བཞོན་དང་ཐེག་པར་བཅས་སུ་མཐོང་། །གང་གི་གཟུགས་གང་གནས་གང་ཆ་བྱད་གང་། །དེ་དང་དེ་དག་དེ་ལྟར་ཆུ་ལས་མཐོང་། །འོན་ཀྱང་ཆུ་ལ་བྱམས་སྡང་རྣམ་རྟོག་མེད། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ། །

རྒྱ་མཚོའི་ལྷ་མོ་སྒྲ་ལྡན་ཞེས་བྱ་བ། །སེམས་ཅན་རྒྱ་མཚོར་ཇི་སྙེད་སྐྱེས་རྣམས་ཀྱི། །སྒྲ་ཡི་ཡན་ལག་དབྱངས་ཀྱི་ཚུལ་མཁས་ཏེ། །རང་གི་སྐད་ཀྱིས་སྐད་ཀུན་ཚིམ་པར་བྱེད། །སྒྲ་ལྡན་ཆགས་སྡང་གཏི་མུག་ཅན་དེ་ཡང་། །སྐད་རྣམས་ཀུན་གྱི་སྒྲ་ཡི་ཚུལ་མཁས་ན། །
གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་ཐོབ་རྣམས། །ལྷར་བཅས་འཇིག་རྟེན་ཅི་ཕྱིར་མགུ་མི་བྱེད། །ཏུམ་བུ་རུ་ཡི་ཆུང་མ་དབྱངས་ལྡན་མ། །ཚངས་པའི་བུ་མོ་ཡིད་ལས་བྱུང་བ་དེ། །བདེན་དང་དམ་བཅས་མི་འཚེ་དགའ་རྣམས་ཀྱི། །སེམས་དང་ཡིད་དང་ཁ་ཡི་སྒོར་
འཇུག་སྟེ། །དབྱངས་ལྡན་ཆགས་ཅན་ཞེ་སྡང་ཅན་དེ་ཡང་། །བརྟུལ་ཞུགས་གྲུབ་འཐུན་དབྱངས་ཀྱི་ཡན་ལག་གི། །ཡིད་འོང་སྐད་ཀྱིས་འཇིག་རྟེན་མགུ་བྱེད་ན། །ཡེ་ཤེས་ཡོན་ཏན་ཕྱུག་རྣམས་ཅིས་མི་བྱེད། །རིག་སྔགས་ཚུལ་མཁས་སྒྱུ་མའི་མཁན་པོ་ནི། །
སྣ་ཚོགས་གཟུགས་མང་མཐའ་ཡས་སྟོན་པར་བྱེད། །ཉིན་མཚན་ཡུད་དང་ཟླ་བ་ལོ་བརྒྱ་དང་། །ཁྱིམ་བཟང་རྒྱས་པ་ཤིན་ཏུ་མཛེས་པ་སྟོན། །འདོད་ཆགས་སྡང་ལྡན་སྒྱུ་མའི་མཁན་པོ་ཡང་། །སྒྱུ་མའི་འཕྲུལ་གྱིས་འཇིག་རྟེན་མགུ་བྱེད་ན། །བསམ་གཏན་
མངོན་ཤེས་རྣམ་ཐར་རབ་བསླབས་པ། །སྤྱོད་ཚུལ་མཁས་རྣམས་ཅི་ཕྱིར་མགུ་མི་བྱེད། །ལྷ་དང་ལྷ་མིན་དབང་པོ་འཐབ་པའི་ཚེ། །རྒྱལ་ལྡན་ལྷ་ཡིས་ལྷ་མིན་ཕམ་བྱས་ན། །དེ་དག་འཇིགས་པས་གདུགས་བཅས་བཞིན་བཅས་ཤིང་། །ཐེག་བཅས་དམག་བཅས་
གོ་གྱོན་བཞིན་དུ་འབྱེར། །འདོད་ཆགས་སྡང་ལྡན་ལྷ་དབང་དེ་དག་ཀྱང་། །ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །དབང་ཕྱུག་རྫུ་འཕྲུལ་དབང་གནས་དཔའ་བོ་རྣམས། །ལུས་ཀྱི་རྣམ་འཕྲུལ་ཅི་ཕྱིར་སྟོན་མི་བྱེད། །རྡོ་རྗེ་འཆང་བའི་གླང་བོ་ས་སྲུང་བུ། །
དབང་པོའི་འཁོར་གྱུར་རྫུ་འཕྲུལ་ཆེན་པོ་དེ། །མགོ་བོ་སུམ་ཅུ་རྩ་གསུམ་མངོན་སྤྲུལ་ཅིང་། །མགོ་རྣམས་ཀུན་ལའང་མཆེ་བ་དྲུག་དྲུག་སྟེ། །མཆེ་བ་དེ་དག་སོ་སོ་རེ་རེ་ལའང་། །རྫིང་བུ་ཆུས་གང་བདུན་བདུན་སྤྲུལ་པ་བྱེད། །རྫིང་རེ་ལ་ཡང་པད་མ་

སྣ་ཚོགས་པ། །རྣམ་པར་བཀོད་པ་བདུན་བདུན་སྤྲུལ་པ་བྱེད། །པད་མ་རེ་རེའང་ལྷ་ཡི་བུ་མོ་དག །སྒྱུ་རྩལ་ཀུན་ཤེས་བདུན་བདུན་སྤྲུལ་པ་བྱེད། །དེ་དག་རྩེད་མོ་གླུ་གར་ཚུལ་ལ་མཁས། །སུམ་ཅུ་རྩ་གསུམ་དབང་པོ་དེ་དང་རྩེ། །གླང་པོ་དེ་ཡང་
ལུས་ནི་བསྒྱུར་བྱས་ཏེ། །ལྷ་རྣམས་ཀུན་དང་འགྲོགས་ཤིང་འདྲེ་བར་བྱེད། །སྤྱོད་པའི་ཚུལ་དང་ལོངས་སྤྱོད་ཀུན་ཀྱང་འཐུན། །གླང་པོ་མཆོག་གི་རྣམ་འཕྲུལ་དེ་ལྟར་སྣང་། །གླང་པོ་ཆགས་སྡང་གཏི་མུག་ལྡན་དེ་ཡང་། །འདི་འདྲའི་རྫུ་འཕྲུལ་རབ་ཏུ་སྟོན་བྱེད་ན། །
ཤེས་རབ་ཐབས་ཀྱི་སྟོབས་ལ་སྦྱངས་པ་རྣམས། །ཏིང་འཛིན་བརྒྱ་ཡིས་རྣམ་འཕྲུལ་ཅིས་མི་བྱེད། །སྒྲ་གཅན་ཇི་ལྟར་འདོད་བཞིན་ལུས་འཕྲུལ་ཏེ། །རྡོ་རྗེའི་གཞི་ལ་རྐང་པ་འཇོག་བྱེད་ཅིང་། །རྒྱ་མཚོ་ལྟེ་བར་ཕྱིན་པ་ཙམ་དུ་སྟོན། །རི་རབ་རྩེ་དང་ཉིད་ཀྱི་
མགོ་ཡང་སྙོམས། །སྒྲ་གཅན་ཆགས་སྡང་གཏི་མུག་ལྡན་དེ་ཡང་། །འདི་འདྲའི་རྫུ་འཕྲུལ་རབ་ཏུ་སྟོན་བྱེད་ན། །འཇིག་རྟེན་སྒྲོན་མ་བདུད་རྣམས་རབ་འཇོམས་པ། །རྫུ་འཕྲུལ་མཐའ་ཡས་ཅི་ཕྱིར་སྟོན་མི་བྱེད། །བརྒྱ་བྱིན་རྣམ་འཕྲུལ་བསམ་ཡས་རབ་སྣང་སྟེ། །
ལྷ་དང་ལྷ་མིན་དབང་པོ་གཡུལ་འགྱེད་ཚེ། །ལྷ་མིན་བྱེ་བ་འཕྱེས་པ་ཇི་སྙེད་པ། །དེ་སྙེད་བརྒྱ་བྱིན་རང་གི་ལུས་ལས་སྤྲུལ། །ལྷ་མིན་དབང་དང་ལྷ་མིན་ཕལ་ཀུན་གྱིས། །བརྒྱ་བྱིན་རང་རང་མདུན་ན་འདུག་པར་ཤེས། །དེ་ནི་རྡོ་རྗེ་འཆང་བས་བཟུང་ངོ་ཞེས། །ལྷ་
མིན་དབང་པོ་ཀུན་ཀྱང་མགོ་མྱོས་གྱུར། །འཇིགས་པར་བྱེད་པའི་མིག་སྟོང་རབ་བསྟན་ཏེ། །རྡོ་རྗེ་མེ་ལྕེ་འབར་བ་ཐོགས་བྱེད་ཅིང་། །ལུས་ལ་གོ་བགོས་གཟི་བརྗིད་བསྙེན་དཀའ་བའི། །བརྒྱ་བྱིན་མཐོང་ནས་ལྷ་མིན་དབང་པོ་འབྱེར། །དེ་ཡང་བསོད་
ནམས་ཕལ་པའི་མཐུ་སྟོབས་ཀྱིས། །ལྷ་རྒྱལ་དོན་དུ་རྣམ་པར་འཕྲུལ་བྱེད་ན། །འགྲོ་བ་མ་ལུས་ཀུན་གྱི་སྐྱབས་གྱུར་པ། །བསོད་ནམས་མི་ཟད་རྣམས་ལྟ་ཅིས་མི་འཕྲུལ། །ལྷ་ལ་སྐུལ་མ་འདེབས་པའི་ལྷ་ཡི་རྔ། །ལྷ་ལས་རྣམ་པར་སྨིན་པས་གྲུབ་

གྱུར་པ། །ལྷ་རྣམས་བག་མེད་གནས་པར་ཤེས་གྱུར་ནས། །རྔ་དེ་ནམ་མཁའ་ལས་ནི་སྒྲ་སྒྲོགས་ཏེ། །འདོད་པ་ཐམས་ཅད་མི་རྟག་ཐེར་ཟུག་མིན། །ཐ་ཤལ་མི་བརྟན་དབུ་བའི་ངོ་བོ་ཉིད། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་མཚུངས་ཤིང་འདྲ། །སྲིད་པ་ཐམས་
ཅད་རྨི་ལམ་སྤྲིན་དང་མཚུངས། །བག་མེད་ཐམས་ཅད་དགྲར་བཅས་མྱ་ངན་ཅན། །འཆི་བའི་ལམ་ཡིན་མི་འཆི་ལམ་མ་ཡིན། །ཇི་སྙེད་སུ་དག་བག་མེད་གནས་གྱུར་པ། །དེ་དག་འཆི་བདག་ཆུ་སྲིན་ཆེན་པོས་ཟིན། །སྡུག་བསྔལ་རྩ་བ་ཡོངས་འཛིན་
ཐམས་ཅད་ཡིན། །སྐྱེ་བ་ཐམས་ཅད་འཕགས་པ་རྣམས་ཀྱིས་སྨད། །འདོད་པའི་ཡོན་ཏན་རྣམས་ཀྱི་ཡུལ་ལ་རྨོངས། །ཆོས་ཀྱི་སྟོབས་ལ་རྟག་དགའ་གྱིས་ཞེས་བསྐུལ། །རྔ་དེས་བསྐུལ་ནས་བརྒྱ་བྱིན་ལྷ་རྣམས་དང་། །ལྷ་ཡི་འདུན་ས་ཆོས་
བཟང་འདུག་ནས་སུ། །གཏམ་གང་ཞི་ཞིང་འདོད་ཆགས་བྲལ་འཐུན་པ། །ཆོས་ཀྱི་གཏམ་དེ་ལྷ་རྣམས་ཀུན་ལ་བརྗོད། །རྔ་དེ་གཟུགས་མེད་བསྟན་དུ་མི་རུང་ཡང་། །དེ་ལྟར་རྔ་སྒྲས་དོན་ཆེན་རབ་བྱེད་ན། །བསམ་པ་ཇི་བཞིན་གཟུགས་ནི་ཡོངས་སྟོན་
རྣམས། །འགྲོ་བ་ཀུན་གྱི་དོན་ཆེན་ཅིས་མི་བྱེད། །ལྷ་དང་ལྷ་མིན་དབང་པོ་གཡུལ་འགྱེད་ཚེ། །ལྷ་ཡི་བསོད་ནམས་ཁྱད་པར་མཐུ་སྟོབས་ཀྱིས། །ལྷ་ལ་སྐུལ་མ་འདེབས་པའི་རྔ་ཡི་སྒྲ། །ལྷ་རྣམས་མ་འཇིགས་ཤིག་ཅེས་སྒྲ་འབྱིན་ཏེ། །རྔ་ཡིས་
བསྐུལ་ནས་ལྷ་རྣམས་རབ་དགའ་ཞིང་། །སྐྲག་པ་མེད་དེ་སྟོབས་ཀྱང་སྐྱེས་པར་གྱུར། །ལྷ་མིན་དབང་པོ་སྐྲག་པས་ཉེན་པ་རྣམས། །འཇིགས་ནས་དམག་བཅས་དེ་ཡི་མོད་ལ་འབྱེར། །དེ་ལྟར་སྒྲ་སྐད་འབྱིན་པའི་རྔ་འདྲ་བ། །འགྲོ་བ་ཀུན་གྱི་སྐྱབས་དང་
དཔུང་གཉེན་པོ། །ཉོན་མོངས་བདུད་བཅོམ་སྙིང་རྗེ་ཆེ་ལྡན་རྣམས། །ཞི་བའི་སྒྲ་བསྒྲགས་ཉོན་མོངས་སེལ་བར་བྱེད། །དབང་པོའི་ལྷ་ཡི་བུ་མོ་དགུ་བཅུ་གཉིས། །དབང་པོའི་སྤྲུལ་པས་ཀུན་ཀྱང་དགའ་བར་འགྱུར། །གཅིག་ཀྱང་བདག་དང་བརྒྱ་བྱིན་

རྩེ་བར་ཤེས། །གཅིག་ལྟར་ལྷ་མོ་ཀུན་ཀྱང་དེ་བཞིན་ནོ། །ལྷ་མོ་ཀུན་དང་དཀའ་བར་གནས་སྣང་ཡང་། །ཆོས་བཟང་འདུན་ས་ན་ཡང་དེ་བཞིན་འདུག །ལྷ་རྣམས་ཀུན་ལ་ཆོས་རབ་སྟོན་སྣང་ཞིང་། །བརྒྱ་བྱིན་སྐད་ཅིག་གཅིག་ལ་རྣམ་པར་འཕྲུལ། །
བརྒྱ་བྱིན་ཆགས་སྡང་གཏི་མུག་ལྡན་པ་ཡང་། །སྤྲུལ་པས་རང་གི་འཁོར་རྣམས་དགའ་བྱེད་ན། །འགྲོ་དོན་མི་སྐྱོ་སྦྱོར་རྣམས་ཅི་ཡི་ཕྱིར། །རྫུ་འཕྲུལ་སྟོབས་ཀྱིས་འཇིག་རྟེན་མགུ་མི་བྱེད། །བདུད་ཀྱི་དཀྲུགས་མ་འགྲོ་བའི་དབང་སྒྱུར་བ། །དེ་ཡི་དབང་དུ་
སེམས་ཅན་འདི་ཀུན་འདོད། །ལས་དང་ཉོན་མོངས་ཀུན་དུ་ཞུགས་པ་ཡིས། །སོ་སོའི་སྐྱེ་བོ་ཐམས་ཅད་བདུད་དེས་བཅིངས། །ཆགས་སྡང་གཏི་མུག་ལྡན་པའི་བདུད་དེ་ཡང་། །འགྲོ་བ་ཐམས་ཅད་དབང་དུ་འགྱུར་བྱེད་ན། །དབང་བཅུ་དབང་ཐོབ་རྣམས་ལྟ་ཅི་
སྨོས་ཏེ། །འགྲོ་བ་ཐམས་ཅད་རང་གི་ཕྱོགས་མི་འཇོག །སྟོང་གསུམ་གནས་ཀྱི་བདག་པོ་ཚངས་པ་ཡང་། །སྟོང་གསུམ་ཚངས་གནས་ཇི་སྙེད་ཡོད་པ་ན། །དེ་དག་ཀུན་ན་འདུག་པར་རབ་སྣང་ཞིང་། །ཚངས་པའི་སྒྲ་དབྱངས་ཤིན་ཏུ་ཡིད་འོང་སྒྲོགས། །ཚངས་དེ་
འཇིག་རྟེན་པ་ཡི་ཚངས་ལམ་གྱི། །བསམ་གཏན་མངོན་ཤེས་རྣམ་པར་འཕྲུལ་བྱེད་ན། །འཇིག་རྟེན་རབ་འདས་བླ་ན་མེད་པ་ཡི། །བསམ་གཏན་རྣམ་ཐར་གནས་པ་ཅིས་མི་འཕྲུལ། །དབང་ཕྱུག་ཆེན་པོའི་ཤེས་པའི་རྣམ་འཕྲུལ་ལྟོས། །རྒྱ་མཚོའི་སྤྲིན་གྱིས་ཆར་ཐིགས་རབ་བཀྱེ་
བ། །སྐད་ཅིག་གཅིག་ལ་ཐམས་ཅད་འགྲང་བ་བྱེད། །ཐིགས་འགའི་ཟེར་ཀྱང་མ་ཤེས་དེ་མེད་ན། །བསླབ་པ་བསྐལ་པ་བསམ་ཡས་རབ་བསླབས་ཏེ། །བྱང་ཆུབ་བླ་མེད་ཡེ་ཤེས་ཐོབ་པ་རྣམས། །ཅི་ཕྱིར་སྐད་ཅིག་གཅིག་ལ་སེམས་ཀྱིས་ནི། །འགྲོ་བ་མ་ལུས་ཀུན་གྱི་སེམས་
མི་ཤེས། །སེམས་ཅན་ལས་སྨིན་བསམ་གྱིས་མི་ཁྱབ་པས། །འཇིག་རྟེན་འདི་ཀུན་རླུང་ལས་ཡོངས་སུ་བྱུང་། །རྒྱ་མཚོ་རི་དང་ལྷ་ཡི་གཞལ་མེད་ཁང་། །རིན་ཆེན་རྣམ་ཕྱེ་ས་བོན་བཀྲམ་པའང་བྱུང་། །རླུང་ལས་སྤྲིན་བྱུང་ཆར་པའང་ཀུན་དུ་འབབ། །རླུང་གིས་སྤྲིན་ཀྱང་རབ་ཏུ་ཞི་

བར་བྱེད། །འཇིག་རྟེན་ལོ་ཏོག་འཕེལ་བའང་རླུང་བྱེད་དེ། །རླུང་ནི་འགྲོ་བ་ཀུན་ལ་ཕན་པ་སྐྱེད། །རླུང་དེ་ཕ་རོལ་ཕྱིན་ལ་མ་བསླབས་ཤིང་། །སངས་རྒྱས་ཡོན་ཏན་རྣམས་ལ་མ་བསླབས་ཀྱང་། །འཇིག་རྟེན་རྣམ་སྨིན་བསམ་ཡས་སྟོན་བྱེད་ན། །དམ་པ་ཐོབ་རྣམས་ཅི་ཕྱིར་སྟོན་མི་བྱེད། །
རྒྱ་མཚོའི་འབྲུག་སྒྲའི་སྤྲིན་གྱི་ཆུ་ཚོགས་ནི། །བྱ་སྐད་རི་དགས་སྐད་དང་སྐྱེས་པ་དང་། །བུད་མེད་བུ་མོ་ཁྱེའུ་སྐད་ཅི་སྙེད་པ། །ཀུན་གྱི་སྒྲ་སྙན་སེམས་ཅན་རྣམས་ལ་སྒྲོགས། །དེ་ལྟར་སྒྲ་སྙན་རང་བཞིན་མེད་ཤེས་ནས། །སྒྲིབ་པ་མེད་པའི་སྤོབས་དང་ལྡན་འགྱུར་ཞིང་། །འགྲོ་བ་ཀུན་
ལ་སྒྲ་སྙན་བརྗོད་བྱས་ནས། །ཡིད་འོང་སྒྲ་ཡིས་འཇིག་རྟེན་མགུ་བར་བྱེད། །རྒྱ་མཚོ་འདི་ལ་ངོ་མཚར་རྨད་ཀྱི་ཆོས། །འགྲོ་ཀུན་རྒྱ་དང་མཚུངས་པས་རྒྱ་མཚོ་སྟེ། །ཆུ་དང་འབྱུང་པོ་རིན་ཆེན་ཡོང་མི་ཟད། །ཆུ་རྣམས་བཟུང་པས་ངོམས་པར་འགྱུར་བ་མེད། །དེ་བཞིན་དེ་དག་འགྲོ་ཀུན་རྒྱ་འདྲ་
སྟེ། །བསོད་ནམས་བསམ་གཏན་རྣམ་པར་ཐར་རྣམས་དང་། །ཤེས་རབ་ཡེ་ཤེས་ཡོན་ཏན་ཀུན་མི་ཟད། །བསོད་ནམས་ཡོན་ཏན་སོགས་པས་ངོམས་པ་མེད། །རྒྱ་མཚོའི་ཀླུ་ནི་རྣམ་པར་རྩེ་བ་ན། །ས་ཡི་གཞི་ནས་དབང་སྒྱུར་གནས་ཀྱི་བར། །གླིང་བཞི་བཅས་པར་སྤྲིན་ཆེན་རྒྱས་འགེངས་
ཏེ། །དེ་དག་ཀུན་ཀྱང་སྣ་ཚོགས་བཀོད་པ་མང་། །དེ་ནི་དབང་སྒྱུར་གནས་སུ་འཛམ་གླིང་གི། །གསེར་གྱི་མདོག་གི་སྤྲིན་རྣམས་རྣམ་པར་སྒྲུབ། །འཕྲུལ་དགར་མུ་ཏིག་དམར་པོའི་མདོག་ལྟ་བུ། །དགའ་ལྡན་གནས་སུ་ཁ་བ་བ་མོའི་མདོག །འཐབ་བྲལ་གནས་སུ་མཐོན་མཐིང་བཻ་དཱུརྱ། །སུམ་ཅུ་རྩ་གསུམ་རྡོ་ཡི་སྙིང་
པོ་འདྲ། །སྐྱོང་བའི་གནས་སུ་ཤེལ་གྱི་མདོག་ལྟ་བུ། །རྒྱ་མཚོར་རྡོ་རྗེ་མི་ཕྱེད་མཁྲེགས་འདྲ་བ། །མི་ཅི་གནས་སུ་སྤོས་མཆོག་འཁྲིགས་ལྟ་བུ། །ཀླུ་ཡི་གནས་སུ་པད་མའི་མདོག་འདྲ་བ། །གསང་བའི་གནས་སུ་ངང་པ་བྱ་གར་མདོག །ལྷ་མིན་གནས་སུ་རི་བྲག་མདོག་འདྲ་བ། །བྱང་དུ་གསེར་གྱི་
འོད་ཟེར་མདོག་སྟོན་ཏེ། །གླིང་རྣམས་གཞན་དུ་སྣ་ཚོགས་བཀོད་པ་སྟོན། །འཛམ་བུའི་གླིང་དུ་རི་སྔོན་འདྲ་བ་སྟེ། །གང་ན་ཅི་མཐོ་སྤྲིན་རྣམས་དེ་བཞིན་ནོ། །དབང་སྒྱུར་གནས་སུ་གསེར་སྤྲིན་ངེས་བསྟན་ནས། །ཉི་མའི་མདོག་འདྲ་གློག་ཀྱང་རབ་ཏུ་འགྱེད། །འཕྲུལ་དགའི་གནས་སུ་ཟླ་འོད་བཟང་

འདྲ་དང་། །དགའ་ལྡན་གནས་སུ་འཛམ་བུའི་གསེར་མདོག་འདྲ། །འཐབ་བྲལ་གནས་སུ་ཁ་བ་བ་མོའི་མདོག །སུམ་ཅུ་རྩ་གསུམ་གསེར་གྱི་འོད་ཟེར་འདྲ། །སྐྱོང་བའི་གནས་སུ་དཔལ་གྱི་སྙིང་པོའི་མདོག །རྒྱ་མཚོར་མུ་ཏིག་དམར་པོའི་མདོག་འདྲ་བཀོད། །མི་ཅི་གནས་སུ་
མཐོན་མཐིང་བཻ་དཱུརྱ། །ཀླུ་ཡི་གནས་སུ་དཔལ་གྱི་སྙིང་པོའི་མདོག །གསང་བའི་གནས་སུ་ཤེལ་གྱི་མདོག་འདྲ་བ། །ལྷ་མིན་གནས་སུ་རྡོ་ཡི་སྙིང་པོ་འདྲ། །བྱང་དུ་ནོར་བུ་སྐར་མདོག་ཁ་དོག་འདྲ། །གླིང་གཞན་རྣམས་སུའང་བཀོད་པ་གཞན་དང་གཞན། །འཛམ་བུའི་གླིང་དུ་ཟླ་བའི་ནོར་བུ་
འབར། །སྤྲིན་གྱི་མཚན་ཉིད་འཐུན་པའི་གློག་ཀྱང་འགྱེད། །དེ་ནི་དབང་སྒྱུར་གནས་སུ་ཚངས་སྒྲ་སྒྲོགས། །འཕྲུལ་དགའ་གནས་སུ་རྔ་སྒྲ་སྒྲོག་པར་བྱེད། །དགའ་ལྡན་གནས་སུ་སིལ་སྙན་རོལ་མོའི་སྒྲ། །འཐབ་བྲལ་གནས་སུ་ལྷ་ཡི་བུ་མོའི་སྒྲ། །སུམ་ཅུ་གསུམ་དུ་མི་ཅི་མང་པོའི་
སྐད། །སྐྱོང་བའི་གནས་སུ་དྲི་ཟའི་སྐད་དུ་སྟེ། །རྒྱ་མཚོར་རི་འཐབ་སྒྲ་སྐད་འདྲ་བའོ། །མི་ཅི་གནས་སུ་གླིང་བུ་ཀུ་ནལ་སྒྲ། །ཀླུ་ཡི་གནས་སུ་ཀ་ལ་པིང་ཀའི་སྒྲ། །གསང་བའི་གནས་སུ་ཀླུ་ཡི་བུ་མོའི་སྒྲ། །ལྷ་མིན་གནས་སུ་ལྷ་ཡི་རྫ་རྔའི་སྒྲ། །མི་ཡི་གནས་སུ་རྒྱ་མཚོ་གླིང་བུའི་སྒྲ། །
དེ་ནི་དབང་སྒྱུར་གནས་སུ་ལྷ་སྤོས་ཞིམ། །མེ་ཏོག་སྣ་ཚོགས་བཀོད་པའི་ཆར་ཡང་འབེབས། །འཕྲུལ་དགར་ཟླ་བ་ཟླ་བཟངས་འདྲ་བ་ཡི། །མེ་ཏོག་མན་དཱར་ཕྲེང་དང་བྱུག་པ་འབེབས། །དགའ་ལྡན་གནས་སུ་ནོར་བུ་ཆེན་པོའི་མདོག །རྒྱན་གྱི་དམ་པ་རིན་ཆེན་སྣ་ཚོགས་དང་། །གཙུག་
གི་ནོར་བུ་ཟླ་བ་འདྲ་བ་དང་། །གསེར་མདོག་འདྲ་བའི་དར་ལའི་ཆར་ཡང་འབེབས། །རྒྱལ་མཚན་གདུགས་དང་བ་དན་སྣ་ཚོགས་དང་། །ཕྲེང་བ་རྣམས་དང་རྒྱན་དང་བྱུག་པ་དང་། །མུ་ཏིག་དམར་དང་གསེར་དང་དར་ལ་དང་། །སིལ་སྙན་ཡིད་འོང་འཐབ་བྲལ་གནས་སུ་འབེབས། །སུམ་ཅུ་
གསུམ་དུ་ཡིད་བཞིན་ནོར་བུ་མཆོག །སྐྱོང་བའི་གནས་སུ་ཙན་དན་སྙིང་པོའི་མཆོག །གུར་གུམ་སིལ་མ་ལྷ་ཤིང་ཏ་མ་ལ། །སྤོས་ཆུའི་རྒྱུན་དང་མེ་ཏོག་རབ་ཏུ་འབེབས། །སྐྱོང་བའི་གནས་སུ་ཀླུ་ཡི་དབང་པོ་དེ། །ཉམ་སྟོབས་སྐྱེ་བའི་ཁ་ཟས་སྐོམ་གྱི་རྣམས། །ཁ་དོག་དྲི་ཞིམ་རོ་དང་

ལྡན་པ་དང་། །དེ་མིན་རིན་ཆེན་བསམ་ཡས་ཆར་ཡང་འབེབས། །དེ་ནི་རྒྱ་མཚོ་ཆེན་པོར་རྒྱུན་དུ་ཡང་། །ཆར་རྒྱུན་མི་འཆད་གཉའ་ཤིང་ཙམ་དག་དང་། །རྣམ་རྒྱལ་ཆེན་པོ་མཛོད་རྣམས་མི་ཟད་པ། །རིན་ཆེན་བཀོད་པ་མཐའ་ཡས་ཆར་ཡང་འབེབས། །མི་ཅི་གནས་སུ་རྒྱན་ཕྲེང་སྣ་
ཚོགས་དང་། །པད་མ་ཨུད་པལ་རས་དང་རིན་ཆེན་དང་། །མེ་ཏོག་བར་ཤ་མ་ལི་ཕྱེ་མ་སྤོས། །པི་བང་གླིང་བུ་སྒྲ་སྙན་རྫ་རྔ་འབེབས། །ཀླུ་ཡི་གནས་སུ་མུ་ཏིག་དམར་པོ་སྟེ། །གསང་བར་ནོར་བུ་རིན་ཆེན་སྐར་མདོག་འདྲ། །ལྷ་མིན་གནས་སུ་རལ་གྲི་མདའ་ཆེན་དང་། །དགྲར་འདུལ་
གཞུ་དང་སྟེའུ་ཀའི་ཆར་པ་འབེབས། །བྱང་དུ་དེ་ནི་རྒྱལ་ཕྲེང་རིན་ཆེན་དང་། །མེ་ཏོག་བར་ཤ་མ་ལི་ཙམ་པའི་ཕྲེང་། །ཀུ་རན་གཙང་དང་ཨ་ཏི་མུག་ཏ་འབེབས། །གླིང་གཞན་རྣམས་སུའང་སྣ་ཚོགས་ཆར་པ་འབེབས། །འཛམ་བུའི་གླིང་དུ་ཆུ་གསལ་དང་བ་ཡི། །ཆར་རྣམས་ཆོས་བཞིན་
ཕྲ་བའི་རྒྱུན་དུ་འབེབས། །མེ་ཏོག་འབྲས་བུ་སྨན་དང་སྤོས་དང་ཤིང་། །ལོ་ཏོག་བདེ་བྱེད་འཇིག་རྟེན་རྣམས་སུ་སྐྱེད། །དེ་ལྟར་སྤྲིན་བཀོད་བསམ་གྱིས་མི་ཁྱབ་དང་། །གློག་འབྱིན་འབྲུག་སྒྲོགས་བཀོད་པའི་ཆར་འབེབས་ཀྱང་། །གནས་ནས་མི་གཡོ་རྣམ་པར་རྟོག་པ་མེད། །ཀླུ་ཡི་རྣམ་འཕྲུལ་
དེ་ལྟར་བསམ་མི་ཁྱབ། །རྒྱ་མཚོའི་ཆུ་ན་གནས་པ་དེ་ལྟར་ཡང་། །ཀླུ་ཡི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །ཆོས་ཀྱི་རྒྱ་མཚོར་ཞུགས་པའི་ཡོན་ཏན་ཕྱུག །རྣམ་འཕྲུལ་བསམ་ཡས་ཅི་ཕྱིར་སྟོན་མི་བྱེད། །བག་ཙམ་སྨོས་པའི་དཔེ་ཚུལ་འདི་དག་གིས། །སྐྱེས་ཆེན་དེ་དག་རྣམས་ཀྱི་བརྗོད་
པ་བྱས། །དཔའ་བོ་དེ་དག་དཔེ་རྣམས་ཀུན་དང་བྲལ། །དེ་དག་དེ་འདྲའི་རྣམ་ཐར་དབང་བསྒྱུར་རོ། །བློ་གྲོས་དམ་པ་བློ་གྲོས་རྒྱ་ཆེན་ལྡན། །མ་ནོར་བློ་གྲོས་མཐའ་ཡས་བློ་གྲོས་ཅན། །ཡེ་ཤེས་མཆོག་ལྡན་ཁྱད་པར་བློ་ཅན་གྱི། །རྣམ་ཐར་མཆོག་རྣམས་འདི་ལྟ་རྣམས་ཀྱིས་བཤད། །རྣམ་
ཐར་དམ་པ་འདི་དག་སུས་ཐོས་ནས། །ཡིད་ཆེས་འཛིན་ཅིང་འཇིག་རྟེན་སྒྲོག་བྱེད་པ། །དེ་དག་ངོ་མཚར་རྨད་བྱུང་ཆོས་ལྡན་ཏེ། །དེ་དག་དགའ་བྱེད་མི་ཡི་འཇིག་རྟེན་ན། །འདི་འདྲའི་ཆོས་འདིར་གང་དག་དད་གྱུར་པ། །སེམས་ཅན་སོ་སོའི་སྐྱེ་བོའི་ཚོགས་ན་དཀོན། །གང་དག་དགེ་

བསགས་བསོད་ནམས་བྱས་གྱུར་པ། །དེ་དག་རྒྱུ་ཡི་སྟོབས་ཀྱིས་འདི་ལ་དད། །གང་དག་ཉན་ཐོས་ཐེག་པའང་ཡིད་ཆེས་པའི། །མི་དག་མི་ཡི་འཇིག་རྟེན་རྣམས་ན་ཉུང་། །དེ་བས་རྐྱེན་གྱི་ཐེག་པར་རབ་ཏུ་ཉུང་། །ཐེག་པ་ཆེན་པོར་དེ་དག་དེ་བས་ཉུང་། །ཐེག་པ་ཆེ་ལ་
ཞུགས་པ་དེ་དཀོན་ཏེ། །གང་དག་ཆོས་འདིར་དད་པའང་རབ་དཀོན་ན། །འཇུག་ཅིང་འཛིན་པ་སྨོས་ཀྱང་ཅི་དགོས་ཏེ། །གང་དག་དེ་བཞིན་སྒྲུབ་པ་སྨོས་ཅི་དགོས། །གང་དག་སྟོང་གསུམ་རི་དང་རྒྱ་མཚོར་བཅས། །ཕྱི་མའི་བསྐལ་པར་མགོ་བོས་འདེག་བྱེད་ཀྱང་། །ཆོས་འདིར་དད་པའི་བྱ་
དཀའ་ཅི་འདྲ་བ། །དེ་འདྲ་དེ་ནི་དེ་ལ་ཡོད་མ་ཡིན། །ལ་ལས་སྟོང་གསུམ་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ཀྱང་། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །བསོད་ནམས་ཁྱད་པར་དེ་འདྲ་དེ་ལ་མེད། །ལ་ལས་ཞིང་བཅུ་རི་དང་རྒྱ་མཚོར་བཅས། །
ལག་པའི་མཐིལ་དུ་བསྐལ་པར་མཁར་འཛིན་ཀྱང་། །ཆོས་འདིར་དད་པའི་བྱ་དཀའ་ཅི་འདྲ་བ། །དེ་འདྲ་དེ་ནི་དེ་ལ་ཡོད་མ་ཡིན། །ལ་ལས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །དགེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ཀྱང་། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །
བསོད་ནམས་ཁྱད་པར་དེ་འདྲ་དེ་ལ་མེད། །ལ་ལས་ཞིང་བཅུའི་རྡུལ་སྙེད་སངས་རྒྱས་རྣམས། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་བས། །གང་གིས་ཆོས་ཀྱི་ལེའུ་འདི་གཟུང་བྱས་པ། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །རྣམ་ཐར་དེ་དག་རབ་ཏུ་བསྟན་པའི་ཚེ། །
ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་གཡོས་པར་གྱུར། །བདུད་ཀྱི་གནས་རྣམས་མོག་མོག་བྱས་གྱུར་ཅིང་། །སྒྲ་རབ་ཕྱུང་བས་ངན་སོང་རབ་ཏུ་ཞི། །ཕྱོགས་བཅུ་ཀུན་གྱི་མི་ཡི་སེང་གེ་རྣམས། །དེ་དག་ཀུན་གྱིས་མངོན་པར་ཞལ་བསྟན་ཏེ། །ཕྱག་བརྐྱང་མཛད་ནས་ཡོན་ཏན་
མཐའ་ཡས་པ། །བཟང་པོ་དཔལ་གྱི་མགོ་ལ་བཞག་པར་གྱུར། །ཕྱག་གི་མཐིལ་གྱིས་མགོ་ལ་བྱུག་མཛད་དེ། །རྣམ་ཐར་འདི་དག་ལེགས་པར་བཤད་པ་ལེགས། །ཁྱོད་ཀྱིས་ལེགས་བསྟན་རྗེས་སུ་ངེད་དགྱེས་ཞེས། །སངས་རྒྱས་དེ་དག་ཀུན་གྱིས་

གསུང་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་བསྟན་པ་འདི་དག་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གང་དག་འཁོད་པའི་ལྷ་ཐམས་ཅད་དང་། མི་དང་མི་མ་ཡིན་པ་དེ་
དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པས་འདི་ལེགས་པར་བཀའ་སྩལ་ཏོ། །ཀྱེ་མ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་གཉིས་པ་འདི་མཛད་དོ། །ཆོས་བསྟན་པ་འདི་སྔོན་མ་ཐོས་སོ། །སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་རྙེད་པར་འགྱུར་བ་
དེ་དག་ནི་ཤིན་ཏུ་དཀོན་ཏེ། །སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ནོ། །སེམས་ཅན་དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །སེམས་ཅན་དེ་དག་ནི་ལྷ་དང་བཅས་པ་བདུད་དང་བཅས་པ་ཚངས་པ་དང་བཅས་པའི་འཇིག་རྟེན་ལ་
མཆོད་རྟེན་ལྟ་བུར་འགྱུར་ཏེ། དེ་དག་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། རབ་ཏུ་བྱུང་བ་རྣམས་སམ། ཁྱིམ་ན་གནས་པ་རྣམས་སམ། དེ་བཞིན་དུ་རྒྱལ་པོ་རྣམས་སམ། བློན་པོ་ཆེན་པོ་རྣམས་སམ། ཁྱིམ་བདག་རྣམས་ཀྱིས་གཙེ་བར་མི་ནུས་སོ་ཞེས་
ཅ་ཅོ་དང་གཞའི་སྒྲ་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་དཀོན་མཆོག་འདི་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བ་ནི་རྙེད་པར་དཀའ་བ་ལགས་ཏེ། འོན་ཀྱང་དེ་བཞིན་གཤེགས་པའི་མཐུས་ཆོས་འདི་ལྟ་
བུ་ནི་འཇིག་རྟེན་དུ་བྱུང་ཞིང་དེ་བཞིན་གཤེགས་པའི་མཐུ་ཉིད་ཀྱིས་སེམས་ཅན་དེ་དག་གིས་ཀྱང་ཐོས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་ཕྱུང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་
ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་ཏེ། སླན་ཆད་མི་བསྒྱུད་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་

དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་དེ་དང་། བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་དུ་བཟང་པོ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཉན་ཐོས་
ཆེན་པོ་གཞན་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་
གྲངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ།
ཨཱརྱ་བོ་དྷི་ས་ཏྭ་གོ་ཙ་ར་ཨུ་པཱ་ཡ་བི་ཥ་ཡ་བི་ཀུརྦ་ཎ་ནིར་དེ་ཤ་ན