Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 057_མདོ་སྡེ།_པ
Văn bản gốc(Tây Tạng)
Trang 4 / 22 (50.000 ký tự/trang)
མཐའ་མ་མེད་པ་དང་། །དེ་བཞིན་དཔག་ཏུ་མེད་ཅིང་གྲངས་མེད་དང་། །མཚུངས་མེད་བསམ་ཡས་མཉམ་མེད་གཞལ་ ཡས་དང་། །སྟོང་པ་མི་གཡོ་མེད་པའི་རང་བཞིན་ཤེས། །དེ་ནི་བྱང་ཆུབ་སེམས་དཔའ་ལྔ་པ་སྟེ། །སྦྱོར་བ་ཀུན་ཚོགས་ཕན་དང་སྙིང་བརྩེ་ལྡན། །དེ་ལ་རྗེས་སུ་བསྟན་པ་འདི་འདྲ་སྟེ། །ཡོན་ཏན་ཀུན་དང་ལྡན་པ་རྣམས་ཀྱིས་བསྟན། །དེ་ནི་སེམས་ཅན་མཐའ་ཡས་ ཐམས་ཅད་དང་། །ཆོས་ཀྱི་ངོ་བོ་ཉིད་ལ་རྨོངས་པ་མེད། །ཤིན་ཏུ་བློ་ལྡན་རྟོག་བྲལ་རྣམ་རྟོག་མེད། །འཇིག་རྟེན་ལྷ་དང་བཅས་པས་དབྱེར་མི་ཕྱེད། །སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའ་དང་། །སྤྱོད་པའི་བསྔགས་དང་བསྔགས་པ་མ་ཡིན་དང་། །སེམས་ཅན་ཆུང་ ངམ་ཡང་ན་ཆེའོ་ཞེས། །ཐོས་པར་གྱུར་ཀྱང་བསམ་ལས་ནུར་བ་མེད། །སེམས་ཅན་ཉོན་མོངས་ཅན་ནམ་རྣམ་དག་གམ། །གདུལ་སླ་ཞེའམ་གདུལ་བར་དཀའ་ཞེའམ། །ཆོས་དབྱིངས་ཆུང་ཞེའམ་ཡང་ན་རྒྱ་ཆེ་ཞེའམ། །འཇིག་པར་འགྱུར་ཞེའམ་འཆགས་པར་འགྱུར་ཞེ་ འམ། །ཆོས་དབྱིངས་ཡོད་ཅེའམ་མེད་ཅེས་ཐོས་གྱུར་ཀྱང་། །དུས་གསུམ་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ། །ངེས་པར་སེམས་ཤིང་ཐམས་ཅད་རྣམ་དཔྱོད་དེ། །སངས་རྒྱས་ཆོས་འདིར་བསམ་པ་ཤིན་ཏུ་ངེས། །མཚན་མ་མེད་དང་མཚན་ཉིད་མེད་པ་དང་། །དངོས་ མེད་རང་བཞིན་བརྫུན་ཞིང་དབེན་པ་དང་། །སྒྱུ་མའི་རང་བཞིན་མི་གཡོར་འདྲ་བ་ཡི། །ཆོས་མཆོག་ཞི་བ་འདི་འདྲ་ཉན་པར་བྱེད། །དེ་ལྟར་མི་ལྡོག་བྱང་ཆུབ་སེམས་དཔའ་ནི། །སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའ་དང་། །སྤྱོད་པ་ཡོད་དམ་མེད་ཅེས་ངེས་པར་དཔྱོད། ། འབྱུང་ངམ་མི་འབྱུང་ཞེ་ནའང་ཕྱིར་མི་ལྡོག །དེ་བཞིན་གཤེགས་པ་འདས་ཤེའམ་མ་འདས་ཤེའམ། །མ་བྱོན་ཅེའམ་མ་བྱོན་མ་ཡིན་ཞེའམ། །བྱུང་ངམ་མ་བྱུང་ཟད་དམ་མི་ཟད་དམ། །དེ་བཞིན་མཚན་ཉིད་གཅིག་གམ་མཚན་ཉིད་མེད། །གཅིག་དང་ཐ་དད་རྣམ་པ་མང་ པོ་དང་། །དོན་དམ་ཚིག་འབྲུ་དངོས་དང་དངོས་མེད་པ། །ཐམས་ཅད་སྒྲོ་བཏགས་རྣམ་པ་གཞན་ཉིད་དུ། །མི་ལྡོག་བྱང་ཆུབ་སེམས་དཔའ་ཡིད་ཆེས་བྱེད། །མཚན་མ་མེད་དང་མཚན་མ་ཡོད་པ་དང་། །མཚན་ཉིད་མེད་དང་མཚན་གྱིས་མཚོན་པ་དང་། །རྣམ་པར་ ཕྱེ་བ་ཕན་ཚུན་སྦྱར་བ་རྣམས། །ཐོས་ནས་འདི་ལ་མཐར་ཐུག་འཇུག་པར་བྱེད། །གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །འབྲས་བུ་ཡོད་པའི་ལས་རྣམས་བྱད་འགྱུར་ཞིང་། །ཇི་ལྟར་འདོད་བཞིན་འདིར་ནི་སྐྱེ་བ་ སྟོན། །ཕ་རོལ་རྣམས་ཀྱི་བསམ་པ་རྟོག་བྱེད་ཅིང་། །དེ་དག་རྣམས་ཀྱི་མོས་པ་སྤྱོད་པར་བྱེད། །སེམས་ཅན་སྤྱོད་དང་རྗེས་སུ་འཐུན་ཆོས་དང་། །ཞིང་རྣམས་འཇིག་དང་ཆགས་པ་རྣམས་ཀྱང་ཤེས། །ཇི་ལྟར་འདོད་སྦྱིན་མྱུར་དུ་མངོན་ཤེས་ཐོབ། །ཕྱོགས་རྣམས་ ཀུན་དུ་ཡིད་ནི་འཇུག་པར་བྱེད། །བདེ་གཤེགས་བསྔགས་པའི་ཆོས་རྣམས་ཐོས་ནས་ཀྱང་། །དེ་ལ་དེ་ནི་ནུར་བར་འགྱུར་བ་མེད། །ཡོངས་སུ་ཤེས་དང་ཞིང་གཡོ་བྱེད་པ་དང་། །དེ་བཞིན་བྱིན་གྱིས་བརླབ་དང་རྣམ་དཔྱོད་དང་། །ཇི་ལྟར་སྐད་ཅིག་གྲངས་མེད་འགྲོ་འགྱུར་བ། ། ཞིང་དུ་འགྲོ་བར་བྱ་བ་བརྗོད་པར་བྱ། །དེ་ནི་དྲི་བ་གྲངས་མེད་འདྲི་བར་བྱེད། །ལུས་རྣམས་ཅི་འདྲར་ཡིད་ཀྱི་ལུས་ཀྱང་སྟོན། །དེ་ལ་སྒྲ་སྐད་སྦྱོར་བ་འབྱམ་ཀླས་དང་། །སྐད་ཅིག་ལ་ཡང་སངས་རྒྱས་གྲངས་མེད་བརྗོད། །བྱང་ཆུབ་སེམས་དཔའ་རྒྱལ་ཚབ་གང་ཡིན་པ། །སེམས་ཅན་ རྣམས་ཀྱི་འཇུག་པ་ཇི་བཞིན་ཤེས། །དེ་དག་ཉོན་མོངས་རྒྱུད་དང་བག་ཆགས་དང་། །སྤྱོད་ཡུལ་གང་ཡིན་སྦྱོར་བ་གང་ཡིན་དང་། །ཐ་དད་ཆོས་དང་རྒྱུ་བ་ཅི་འདྲ་དང་། །འཇིག་རྟེན་རྣམ་པར་ཕྱེ་དང་སྔོན་མཐའ་དང་། །བརྡ་ཡི་བདེན་དང་དོན་དམ་བདེན་པ་དག །མ་ལུས་རྟོགས་པར་བྱ་ལ་ མཁས་པ་ཡིན། །ཕོ་བྲང་འཁོར་ལ་མཁས་པ་ཚང་འབྱིན་ཏེ། །དེར་ཡང་ཇི་ལྟར་ཀུན་དུ་སྤྱད་པ་དང་། །གནས་དང་དེ་བཞིན་འཇུག་པར་བྱ་བ་དང་། །ཕོ་བྲང་འཁོར་ནི་ཅི་འདྲ་དཔྱད་པ་དང་། །དམ་ཆོས་རྒྱལ་པོའི་དབང་བསྐུར་ཅི་འདྲ་དང་། །བྱིན་གྱི་རླབས་དང་གཞན་གནོན་ཅི་འདྲ་དང་། ། ཆོས་ལ་འཇུག་དང་བཀའ་ལུང་བརྗོད་བྱ་སྟེ། །འདི་ནི་རྒྱལ་ཚབ་ས་ལ་འཇུག་པ་ཡིན། །དེ་ཙམ་གྱིས་ན་དེ་ཡི་མཐར་ཐུག་སྟེ། །ཇི་སྐད་བསྟན་བཞིན་གཞན་དུ་འགྱུར་བ་མེད། །ཚེ་ཡི་འདུ་བྱེད་ནམ་ཞིག་འདོར་བ་ན། །ཚུལ་ལྡན་རྒྱལ་ཚབ་རྒྱལ་བར་མངོན་དུ་ཕྱོགས། །དབང་བསྐུར་ གང་ཡིན་བདེ་གཤེགས་སྲས་གཅིག་སྟེ། །ཐུ་བོ་ཁྱད་འཕགས་མཐར་ཕྱིན་བདག་ཉིད་ཅན། །སྐྲ་ཐིགས་གཅིག་གིས་ཆུ་ཚད་གཟུང་དུ་རུང་། །འདིར་ནི་བསམ་པ་བགྲང་བས་རྟོགས་མ་ཡིན། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་འདི་འདྲ་སྟེ། །འདི་ན་སེམས་ཅན་ལ་ལས་ཞིང་རྣམས་ཀུན། ། ཕྲ་རབ་རྡུལ་དུ་རླགས་ནས་མ་ལུས་འགྲང་། །གྲངས་མེད་འདི་སྙེད་ཅིག་ཅེས་གཅོད་བྱེད་པ། །དེ་ཀུན་འདིར་ནི་བྱང་ཆུབ་སེམས་དཔས་ཤེས། །འདས་དང་དེ་བཞིན་མ་བྱོན་སངས་རྒྱས་དང་། །གང་དག་ཕྱོགས་བཅུ་དག་ན་བཞུགས་པ་དང་། །རང་སངས་རྒྱས་དང་དེ་བཞིན་ཉན་ཐོས་ ཀྱི། །ས་བོན་གྱུར་པ་བྱང་ཆུབ་སེམས་དེ་སྐྱེ། །ཐོག་མར་བྱང་ཆུབ་སེམས་ཞེས་གང་བརྗོད་པ། །དེ་ནི་ཇི་ལྟའི་ཚུལ་དུའང་གྲངས་མེད་དེ། །འཇིག་རྟེན་ཁམས་འདི་ཀུན་ཀྱང་ཁྱབ་གྱུར་ན། །དེ་ལས་གོང་དུ་བརྗོད་དུ་ཅི་ཞིག་ཡོད། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་ པོས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དཀོན་མཆོག་ཏ་ལ་ལའི་གཟུངས་བཤད་པ་ལེགས་པར་སྨྲས་སོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ། གང་དག་ཆོས་ཀྱི་རྣམ་གྲངས་ འདིའི་མིང་ཐོས་པའི་སེམས་ཅན་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་བ་ཡིན་ན། གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་ངེས་པར་ སངས་རྒྱས་སུ་འགྱུར་རོ། །ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཤེས་རབ་ཟབ་མོ་དང་ལྡན་པ་དེ་དག་ནི་དེ་བཞིན་གཤེགས་པས་དབང་བསྐུར་བ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་དུ་ བཟང་པོས་སྨྲས་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གི་རྣ་ལམ་དུ་འདི་ལྟ་བུའི་ཆོས་འདི་དག་གྲག་པར་གྱུར་བའི་སྐྱེས་བུ་དམ་པ་དེ་དག་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་ལུང་བསྟན་པར་རིག་པར་བྱ་བ་ཡིན་ན། ཆོས་ཀྱི་རྣམ་གྲངས་ འདི་གང་དག་གིས་ལག་ཏུ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟིགས་སུ་གསོལ། བདག་གིས་འདི་ལྟ་བུའི་ཆོས་འདི་དག་མ་ འཚལ་བས་བདག་ནི་དམུས་ལོང་དང་འདྲ་ལགས་སོ། །བཅོམ་ལྡན་འདས་བདག་གཅིག་པུ་དམུས་ལོང་ལྟ་བུར་གྱུར་པར་ཡང་མ་བས་ཀྱི། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་པ་དེ་དག་ཐམས་ཅད་ཀྱང་དམུས་ལོང་ལྟ་ བུར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་བརྟན་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སོང་ལ་བརྒྱ་བྱིན་དང་། ཚངས་པ་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་སྐུལ་ཅིག །དེ་བཞིན་གཤེགས་པའི་བཀའ་ཡང་སྒྲོགས་ཤིག །ཆོས་ཀྱི་ཕྱག་རྒྱ་དམ་པ་དཀོན་མཆོག་ཏ་ལ་ལ་ཞེས་བྱ་བའི་གཟུངས་འདི་ཡང་འཁོར་དེར་སྒྲོགས་ཤིག །དེ་ནས་ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུས་དེ་བཞིན་གཤེགས་པའི་བཀའ་ཐོས་ནས་དཀོན་མཆོག་ཏ་ལ་ལའི་གཟུངས་འདིའི་དོན་གྱི་ཕྱིར་ཡོངས་སུ་སྐོམ་པས་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དེ་དག་ལ་དོན་འདིའི་སྐབས་བརྗོད་དེ་ཆོས་ཉན་པ་ཐམས་ཅད་འདུ་བར་གྱིས་ཤིག །དེ་བཞིན་ གཤེགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས་འཆད་ཅིང་བསམ་གྱིས་མི་ཁྱབ་པ་ཉིད་ཀྱང་སྟོན་པར་འགྱུར་གྱིས་འདུ་བར་གྱིས་ཤིག །ཁྱེད་ཕྱིས་འགྱོད་པར་གྱུར་ཏ་རེ། ཀྱེ་གྲོགས་པོ་དག་མདོ་སྡེ་རིན་པོ་ཆེ་འདི་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བ་ནི་ཤིན་ཏུ་རྙེད་པར་དཀའོ། ། དེ་ནས་སྐད་ཅིག་དེ་ཉིད་ལ་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་འདུས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ ཀྱིས་དཀོན་མཆོག་ཏ་ལ་ལའི་གཟུངས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པས་གནང་བ་མཛད་དོ། །བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་ན་ཡང་བཅོམ་ལྡན་འདས་ཅང་ མི་གསུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དཀོན་མཆོག་ཏ་ལ་ལ་ཞེས་བགྱི་བའི་གཟུངས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ ཀྱིས་དེའི་ཚེ་ཞལ་ནས་ལྗགས་ཀྱི་དབང་པོ་ཕྱུང་སྟེ། རིགས་ཀྱི་བུ་གང་ལ་ལ་དག་དཀོན་མཆོག་ཏ་ལ་ལའི་གཟུངས་འདིའི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ་ ཞེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་དབྱངས་ཀྱིས་གོ་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ཁྱོད་སོང་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཆོས་བཤད་ པར་གསོལ་བ་ཐོབ་ཤིག །དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་ཤིང་བླག་ཤ་དང་སཱ་ལའི་དྲུང་གཞན་ཞིག་ན་སྐྱིལ་མོ་ཀྲུང་བཅས་ཤིང་ལུས་མི་གཡོ་བར་འདུག་སྟེ། ཉི་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་པས་ལྷག་པའི་ཁ་དོག་བཀོད་པ་ཆེན་པོ་དང་ལྡན་པའི་ཁང་པ་བརྩེགས་ པ་ན་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་འདུག་པར་གྱུར་ཏེ། གསེར་གྱི་ཁ་དོག་ལྟ་བུའི་ལུས་དང་དཔལ་གྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འཇམ་དཔལ་ གཞོན་ནུར་གྱུར་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཁྱོད་ལ་ཆོས་བཤད་པར་གསོལ་བ་འདེབས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་ བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གཞིའི་དོན་འདི་གང་ཡིན། ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་ཁྱོད་ནི་ཤེས་རབ་ཟབ་པ་སྟེ། ཁོ་བོས་ནི་ཁྱོད་དང་འགྱེད་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། ཁྱོད་སྙིང་ལས་ཆུང་ ངུར་འདུག་ཤིག་དང་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་བསྟན་པར་བྱའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ཉན་གྱིས་ཁྱོད་ཀྱིས་ཤོད་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཏིང་ངེ་འཛིན་དེ་ལས་ལངས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་དབྱངས་ཀྱིས་གོ་བར་བྱས་སོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་གཙང་མའི་རིས་ཀྱི་ལྷའི་བུ་ནས་འོག་མིན་གྱི་བར་གྱི་ལྷའི་བུ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་འདུས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ ཏུ་བཅས་པ་ཡང་གནོད་སྦྱིན་བྱེ་བ་དུ་མ་དང་ལྷན་ཅིག་འདུས་པར་གྱུར་ཏོ། །བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་རྣམས་ཀྱང་འདུས་པར་གྱུར་ཏོ། །ཆོས་འདོད་པ་རྣམས་དང་། །ཆོས་འདོད་པ་མ་ཡིན་པའི་གང་ཟག་རྣམས་ཀྱང་འདུས་པར་གྱུར་ཏོ། །ལྷའི་བུ་མོ་མང་པོ་ ཡང་འདུས་པར་གྱུར་ཏོ། །དགེ་སློང་གི་འཁོར་དང་། དགེ་སློང་མའི་འཁོར་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་དང་། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་བར་གྱི་འཁོར་དང་། འཐབ་བྲལ་གྱི་འཁོར་དང་། དགའ་ལྡན་གྱི་འཁོར་དང་། འཕྲུལ་དགའི་འཁོར་ དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འཁོར་དང་། ཚངས་པའི་འཁོར་དང་། དེ་བཞིན་དུ་འོག་མིན་གྱི་བར་གྱི་ལྷའི་འཁོར་རྣམས་འདུས་པར་གྱུར་ཏོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཚོགས་ཀྱང་འདུས་པར་གྱུར་ཏེ། འདི་ལྟ་སྟེ། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་འོད་སྲུང་ ཆེན་པོ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང་། ཚེ་དང་ལྡན་པ་གསུམ་པོ་ཆེ་དང་། ཚེ་དང་ལྡན་པ་ལམ་ཕྲན་བསྟན་དང་། ཚེ་དང་ལྡན་ པ་ནམ་གྲུ་དང་། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང་། ཚེ་དང་ལྡན་པ་བཟང་སྐྱོང་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དེ་དག་དང་ཉན་ཐོས་ ཆེན་པོ་གཞན་དག་དང་། གྲགས་འཛིན་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཡང་འདུས་པར་གྱུར་ཏོ། །ཁམས་ཀྱི་རྒྱལ་པོ་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་དག་ཀྱང་འདུས་པར་གྱུར་ཏོ། །རྒྱལ་རིགས་དང་བྲམ་ཟེ་དང་ཁྱིམ་བདག་གི་འཁོར་དག་ཀྱང་འདུས་པར་གྱུར་ཏོ། །དེ་ནས་ ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་འདི་ལྟར་འཁོར་ཆེན་པོ་འདུས་པ་འདི་སུའི་མཐུ་ལགས། དེ་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་དང་ལྡན་པ་ཤ་ ར་དྭ་ཏིའི་བུ་འདི་ནི་དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མཐུ་ཡིན་ནོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་དཀོན་མཆོག་ཏ་ལ་ལའི་གཟུངས་མཉན་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སོང་ལ་འཇམ་དཔལ་གཞོན་ནུར་གྱུར་ པ་དང་། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་གསོལ་བ་ཐོབ་ཤིག །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་རིན་པོ་ཆེ་བསྟན་པ་དཀོན་མཆོག་ཏ་ལ་ལ་འདི་ཤོད་ཅིག །འཇམ་ དཔལ་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དཀོན་མཆོག་ཏ་ལ་ལའི་གཟུངས་ཉན་པར་འགྱུར་བ་སུ་ཡིན། ཤ་ར་དྭ་ཏིའི་བུས་སྨྲས་པ། འཁོར་བཞི་འདུས་པ་འདི་དག་དང་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་རྣམས་འདུས་པ་འདི་དག་སྟེ། ཁོ་བོ་ཡང་ཉན་པའི་ཕྱིར་ འོངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཤ་ར་དྭ་ཏིའི་བུ་ཆོས་ཉན་པ་འདི་དག་ནི་སྒྱུ་མས་བྱུང་བ་ཤ་སྟག་ན་ཁོ་བོས་སུ་ལ་ཆོས་བཤད། ཉན་པ་ནི་སུ་ཡིན། འཆད་པ་ནི་སུ་ཡིན། གནས་ བརྟན་གྱིས་སྨྲས་པ། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཤོད་ཅིག །ཁོ་བོས་མཉན་ཏོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བཤད་ཅེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། སྨྲས་པ། འཇམ་དཔལ་བཤད་པ་ཞེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །སྨྲས་པ། ཤ་ ར་དྭ་ཏིའི་བུ་སྟོང་པ་ཉིད་གང་གི་ཚིག་བླ་དགས་ཡིན། སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ནི་ཚིག་མེད་པ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་སྟོང་པ་ཉིད་ཚིག་མེད་པ་ཡིན་ན། ཅི་ཞིག་བཤད་པར་བྱ། བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་བསྟན་དུ་ མེད་པ་ཡིན་ཏེ། དེ་དག་ནི་བསྟན་དུ་མེད་ཅིང་མཉན་དུ་མེད་དོ། །གནས་བརྟན་གྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟ་བུ་བསྟན་པ་དེ་དག་ཐམས་ཅད་ནི་སྟོང་པ་ཉིད་བསྟན་པ། མཚན་མ་མེད་པ་བསྟན་པ། སྨོན་པ་མེད་པ་བསྟན་པ། བླང་བ་མེད་པ་བསྟན་པ། དོར་བ་མེད་པ་བསྟན་པ། སྤྲོས་པ་མེད་པ་བསྟན་པ་སྟེ། མ་སྤྲོས་པ་བསྟན་པ་ཡིན་ནོ། །དེ་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་དེ་དང་། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དེ་དག་ཀྱང་རབ་ཏུ་དགའ་ནས་མགྲིན་གཅིག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཤ་ར་ དྭ་ཏིའི་བུས་དཀོན་མཆོག་ཏ་ལ་ལའི་གཟུངས་འདི་ལེགས་པར་བཤད་དོ་ཞེས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔས་དཀོན་མཆོག་ཏ་ལ་ལའི་ གཟུངས་འདི་ཇི་ལྟར་གཟུང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱ། འཇམ་དཔལ་གྱིས་སྨྲས་པ། རབ་འབྱོར་གཟུངས་འདི་ནི་སྐྱེ་བ་མེད་པར་ཡིད་ལ་བྱའོ། །དངོས་པོ་མེད་པ་དང་། མཚན་ཉིད་མེད་པ་དང་། སྤྲོས་ པ་མེད་པ་དང་། དོར་བ་མེད་པར་ཡིད་ལ་བྱའོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་དགུ་བཅུ་རྩ་གཉིས་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །ལྷ་དང་མི་དྲུག་ཅུ་རྩ་གཉིས་ནི་མི་སྐྱེ་ བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་སྙིང་རྗེ་ཆེན་པོ་ཅི་འདྲ་བ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་གང་ཁམས་གསུམ་པ་ཡོངས་སུ་མི་གཏོང་བ་སྟེ། འདི་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །གང་སེམས་ཅན་ཐམས་ ཅད་ལ་སངས་རྒྱས་ཀྱི་ཞིང་ཀུན་དུ་སྟོན་པ་འདི་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །གང་སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་འཛིན་པ་འདི་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འདོར་བ་འདི་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །གང་སེམས་ཅན་ཐམས་ཅད་ ཀྱི་དོན་གྱི་ཕྱིར་ལུས་དང་སྲོག་ཡོངས་སུ་གཏོང་བ་འདི་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །གང་འདོད་ཆགས་སྤྱོད་པའི་སེམས་ཅན་རྣམས་ལ་བྱམས་པ་ཡང་དག་པར་བརྗོད་པ་འདི་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །གང་སེམས་ཅན་སྟོབས་དང་ལྡན་རྣམས་ལ་བྱམས་པ་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་སུ་བྱའོ། །འདྲེ་བ་མེད་པ་མང་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཀུན་དུ་ བཟང་པོས་འདི་སྐད་ཅེས་གསོལ་ཏོ། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་རྣམས་ཀྱི་དོན་དང་སྨན་པ་དང་། བདེ་བར་འགྱུར་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་དཀོན་མཆོག་ཏ་ལ་ ལ་ཞེས་བགྱི་བའི་གཟུངས་བཤད་དུ་གསོལ། སེམས་ཅན་ཐམས་ཅད་ལ་སྨན་པ་དང་། ཐུགས་བརྩེ་བ་མངའ་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །ཁྱེད་ཀྱི་ནང་ན་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་སྟོན་པར་སྤྲོ་བ་སུ་ཡོད། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་ སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱིས་ མངོན་འཕགས་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་ཟེ་བ་ལྡན་དང་། བྱང་ཆུབ་སེམས་དཔའ་ནོར་བུ་འོད་དང་། བྱང་ཆུབ་སེམས་དཔའ་གཙུག་ན་ནོར་བུ་ཅན་དང་། བྱང་ཆུབ་ སེམས་དཔའ་རྣམ་པར་ལྟ་དང་། བྱང་ཆུབ་སེམས་དཔའ་བལྟར་མི་མཐོང་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ལྟ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་ཕུང་པོ་དང་། བྱང་ཆུབ་སེམས་དཔའ་དཀོན་མཆོག་འབྱུང་གནས་དང་། བྱང་ཆུབ་སེམས་ དཔའ་ཆོས་དཔལ་དང་། བྱང་ཆུབ་སེམས་དཔའ་རྟོག་དཔལ་དང་། བྱང་ཆུབ་སེམས་དཔའ་ནོར་དཔལ་དང་། བྱང་ཆུབ་སེམས་དཔའ་བསོད་ནམས་དཔལ་དང་། བྱང་ཆུབ་སེམས་དཔའ་ཙན་དན་དཔལ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ བདུད་རྩི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་བསམ་ཡས་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་གྱིས་བརྒྱན་དང་། བྱང་ཆུབ་སེམས་དཔའ་མཚན་གྱིས་བརྒྱན་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ དགོད་ཅིང་དབང་པོ་ཐམས་ཅད་རབ་ཏུ་དགའ་བ་དང་། བྱང་ཆུབ་སེམས་དཔའ་རིའི་རྩེ་མོ་རྡོབ་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྤོབས་པ་མཁས་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ལག་བརྐྱང་དང་། བྱང་ཆུབ་སེམས་དཔའ་ས་འཛིན་དང་། བྱང་ཆུབ་སེམས་དཔའ་སྤོབས་པ་ མྱུར་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཟླ་བ་དྲི་མ་མེད་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཉི་གདུགས་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ མངོན་འཕགས་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ལྷུན་པོ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སྤོབས་པ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་ དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་གཉིས་ཀྱིས་མགྲིན་གཅིག་ཏུ་ཚིག་ཏུ་སྨྲས་པ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་བདག་ཅག་ཐམས་ཅད་འདུས་ཤིང་ཚོགས་ཏེ་དཀོན་མཆོག་ཏ་ལ་ལ་ཞེས་ བགྱི་བའི་གཟུངས་ཡང་དག་པར་བཤད་པར་སྤྲོ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དག་འདི་ནི་བྱ་དཀའ་བ་སྟེ། ཆོས་འདི་འདྲ་བ་འདི་ནི་ཤིན་ཏུ་བྱ་དཀའ་བའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བར་འགྱུར་བ་དཀོན་མཆོག་ཏ་ལ་ལའི་གཟུངས་ཉོན་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བཀོད་པ་ཆེན་པོའི་སེང་གེའི་ ཁྲི་ལ་བཞུགས་ཏེ་སྔགས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མྃ། བྷ་ར་ཏེ། བྷ་ར་ཏེ། བྷ་ར་བྷ་ར་ན་ཏེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཨ་ལ་ལ་ཆོས། ཨ་ལ་ལ་ ཆོས། ཨ་ལ་ལ་ཆོས་ཞེས་ལན་གཉིས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཆོས་ཞེས་བགྱི་བ་འདིའི་གཞིའི་དོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་གཞིའི་དོན་ནི་གཞི་མེད་པའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་གཞིའི་དོན་ནི་དངོས་པོ་མེད་པའི་གཞིའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་གཞིའི་དོན་ནི་ནམ་མཁའི་གཞིའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་གཞིའི་དོན་ནི་བླང་ བ་མེད་པའི་གཞིའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་གཞིའི་དོན་ནི་དོར་བ་མེད་པའི་གཞིའི་དོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་འོ་ན་ཅིའི་སླད་དུ་ཆོས་ཐམས་ཅད་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ ཆོས་ཐམས་ཅད་ཅེས་བྱ་བ་ནི་མིག་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། རིགས་ཀྱི་བུ་འདི་ནི་ཆོས་ཐམས་ཅད་ཅེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་ཐམས་ཅད་ནི་གཟོད་མ་ནས་ མ་སྐྱེས་པའི་ཕྱིར་སྟོང་པའོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དཀོན་མཆོག་ཏ་ལ་ལའི་གཟུངས་འདི་ཇི་ལྟར་གཟུང་བར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་ དཔའ་ཀུན་ཏུ་བཟང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་ཉིད་བསྟན་པ་དང་། སྐྱེ་བ་མེད་པའི་དེ་བཞིན་ཉིད་དང་། འབྱུང་བ་མེད་པའི་དེ་བཞིན་ཉིད་དང་། མཚན་ཉིད་མེད་པའི་དེ་བཞིན་ཉིད་དང་། ནམ་མཁའི་དེ་བཞིན་ཉིད་དང་། དངོས་པོ་མེད་ པའི་དེ་བཞིན་ཉིད་དང་། ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་དུ་གཟུངས་འདི་གཟུང་བར་བྱ་སྟེ། རིགས་ཀྱི་བུ་དཀོན་མཆོག་ཏ་ལ་ལའི་གཟུངས་འདི་གཟུང་བ་དང་། ཀུན་དུ་གཟུང་བ་དང་། བསྒོམ་པ་དང་། རྣམ་པར་དཔྱད་པ་དང་། གདགས་པ་ དང་། རབ་ཏུ་གཞག་པ་དང་། རྣམ་པར་དགྲོལ་བ་དང་། རྣམ་པར་དབྱེ་བ་དང་གསལ་བར་བྱ་བ་ནི་འདི་འདྲ་སྟེ། རིགས་ཀྱི་བུ་འདི་ནི་དཀོན་མཆོག་ཏ་ལ་ལའི་གཟུངས་བསྒོམ་པ་དང་། རྣམ་པར་བརྟག་པའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་ པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་ཞུགས་ནས་ཡུན་ཇི་སྲིད་ཅིག་ལོན། འཇམ་དཔལ་གྱིས་སྨྲས་པ། ཤ་ར་དྭ་ཏིའི་བུ་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་རྣམས་ཡུན་ཇི་སྲིད་ཅིག་ནས་ཞུགས་པ་སྲིད་དོ། །ཤ་ར་དྭ་ ཏིའི་བུས་སྨྲས་པ། རིགས་ཀྱི་བུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཡུན་ཇི་སྲིད་ཅིག་ནས་ཞུགས། འཇམ་དཔལ་གྱིས་སྨྲས་པ། ཤ་ར་དྭ་ཏིའི་བུ་སའི་ཁམས་ཡུན་ཇི་སྲིད་ཅིག་ནས་ཞུགས་པ་སྲིད་དོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་སའི་ཁམས་ཡུན་ ཇི་སྲིད་ཅིག་ནས་ཞུགས། འཇམ་དཔལ་གྱིས་སྨྲས་པ། ཤ་ར་དྭ་ཏིའི་བུ་རིག་པ་དང་། མ་རིག་པ་ཡུན་ཇི་སྲིད་ཅིག་ནས་ཞུགས་པ་སྲིད་དོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་རིག་པ་དང་། མ་རིག་པ་ཡུན་ཅི་སྲིད་ཅིག་ནས་ཞུགས། འཇམ་དཔལ་གྱིས་སྨྲས་པ། ཤ་ ར་དྭ་ཏིའི་བུ་ནམ་མཁའི་ཁམས་ཡུན་ཇི་སྲིད་ཅིག་ནས་ཞུགས་པ་སྲིད་དོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། འཇམ་དཔལ་ནམ་མཁའི་ཁམས་ཡུན་ཇི་སྲིད་ཅིག་ནས་ཞུགས། འཇམ་དཔལ་གྱིས་སྨྲས་པ། ཤ་ར་དྭ་ཏིའི་བུ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ཡུན་ཇི་སྲིད་ཅིག་ནས་ ཞུགས་པ་སྲིད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་སྐྱེས་བུ་དམ་པ་འདི་ལྟ་བུ་དག་དང་གཏམ་བྱ་བའི་ནུས་པ་ག་ལ་ཡོད། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཁྱི་དང་བྱི་ལ་ཐམས་ཅད་དམ། ཝ་ཐམས་ ཅད་ཀྱིས་ཀྱང་རིའི་རྒྱལ་པོ་རི་རབ་གཞིག་པར་མི་ནུས་སོ། །རིགས་ཀྱི་བུ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་འདི་འདྲ་བའི་ཉན་ཐོས་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་བསྟན་པ་གཅིག་གི་མཐའ་ཡང་རྟོགས་པར་མི་ནུས་ན་འཇམ་དཔལ་གཞོན་ནུར་གྱུར་པའི་བསྟན་པ་ལྟ་ཅི་སྨོས། དེ་ནས་ བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བཞུད་ལ་ཕྱི་མའི་ཚེ་ཕྱི་མའི་དུས་ན་མདོ་སྡེའི་རྒྱལ་པོ་འཛིན་པ་ཆོས་སྨྲ་བ་དེ་དག་ལ་ཀུན་དུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་མཛད་པར་དེ་བཞིན་གཤེགས་ པ་ལ་གསོལ་བ་ཐོབ་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་ཆོས་ཀྱི་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ ཡང་དག་པར་སྟོན་པར་བགྱིད་པ། ཆོས་སྨྲ་བ་དེ་དག་གི་ཡོན་ཏན་གྱི་ཁྱད་པར་རྣམས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དགེ་སློང་མདོ་སྡེའི་རྒྱལ་པོ་འཛིན་པ་ཆོས་སྨྲ་བ་དེ་དག་ནི་ངའི་ཆོས་ཀྱི་སྐུ་ལ་ངེས་པར་འབྱུང་བར་ འགྱུར་རོ། །དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་ཉེ་བར་འགྱུར་རོ། །དེ་དག་ལ་བདུད་དང་བདུད་ཀྱི་རིས་ཀྱི་ལྷའི་བུ་གླགས་ལྟ་བ་རྣམས་ཀྱིས་གླགས་མི་རྙེད་པར་འགྱུར་རོ། །རིགས་ཀྱི་བུ་གང་སུ་དག་ཆོས་སྨྲ་བའི་དགེ་སློང་དེ་ལ་སེ་ གོལ་གཏོགས་པ་གཅིག་ཙམ་སྲིད་ཅིག་མི་བྱམས་པའི་སེམས་སྐྱེད་པ་དེ་དག་ནི་མིར་འགྱུར་བ་ལས་ཀྱང་རིང་དུ་གྱུར་པ་ཡིན་ན་སངས་རྒྱས་ཀྱི་བྱང་ཆུབ་ལས་ལྟ་སྨོས་ཀྱང་ཅི་དགོས། འཇམ་དཔལ་གཞན་ཡང་གང་དག་མདོ་སྡེའི་རྒྱལ་པོ་འདི་འཛིན་པའི་དགེ་སློང་རྣམས་ལ་མ་དད་པའི་སེམས་ སྐྱེད་པ་དེ་དག་ནི་སོ་ཐགས་ངན་པར་འགྱུར། ལྕེ་དང་སྣ་མེད་པར་འགྱུར། རྐ་ལག་ཕྱི་ཕྱོགས་སུ་འགྱུར། ལུས་ནད་བུ་ཅན་དུ་འགྱུར། མིག་མེད་པར་འགྱུར། ཤེས་རབ་འཆལ་པའི་རང་བཞིན་ཅན་དུ་འགྱུར། བརྩོན་འགྲུས་ཆུང་བར་འགྱུར་ཏེ། འཇམ་དཔལ་འདི་དག་ནི་མི་གཏི་མུག་པ་ དེ་དག་གི་སྐྱོན་དུ་གྱུར་པའོ། །འཇམ་དཔལ་མདོར་བཤད་ན་དེ་དག་འཆི་བའི་དུས་ཀྱི་ཚེ་དེ་དག་གི་སྤུའི་ཁུང་བུ་རེ་རེར་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པར་འཇུག་གོ། །གལ་ཏེ་མིར་སྐྱེས་ན་ཡང་རྟག་ཏུ་དམུས་ལོང་དུ་འགྱུར། ལྕེ་མེད་པར་འགྱུར་རོ། །འཇམ་ དཔལ་གཞན་ཡང་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བ་དེ་དག་ནི་ཚེ་འདི་ཉིད་ལ་ལུས་མཛེ་ཅན་དུ་འགྱུར། མཆུ་འཇིགས་འཇིགས་ལྟར་འདུག་པར་འགྱུར། ལུས་ཞོམ་པར་འགྱུར། ལུས་གཅེར་བུར་འགྱུར། ལུས་སྐམ་པོར་འགྱུར། ཡི་དགས་འདྲ་བར་འགྱུར་རོ། །འཇམ་དཔལ་ གཞན་ཡང་མི་གཏི་མུག་པ་དེ་དག་གང་དུ་སྐྱེ་བར་འགྱུར་བ་དེ་དག་གི་གནས་ནི་ངས་སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པས་མཁྱེན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་ དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁ་རོག་དེ་སྐད་མ་འདྲི་ཤིག །འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་མྱོས་པར་འགྱུར་ཏེ་སྐྲག་པར་འགྱུར། དངང་བར་འགྱུར། རབ་ཏུ་དངང་བར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། སེམས་ཅན་འདི་དག་ གིས་འདི་ལྟ་བུ་ཐོས་ནས་སླན་ཆད་ནམ་ཡང་དམ་པའི་ཆོས་སྤོང་བར་མི་འགྱུར་བར་བགྱི་བའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སའི་འོག་ན་སེམས་ཅན་དམྱལ་བ་ཡོད་པའི་ མིང་ལ་འདི་ལྟ་སྟེ། ཚ་བ་དང་། རབ་ཏུ་ཚ་བ་དང་། ཐིག་ནག་དང་། ཀུན་དུ་འབར་བ་དང་། རབ་ཏུ་འབར་བ་དང་། རེག་དཀའ་བ་དང་། དྲག་པོ་དང་། མཆུ་རྣོན་དང་། ལྕགས་ཀྱི་ཐུ་ལུམ་དང་། ལྕགས་ཀྱི་བེ་ཅོན་དང་། མུན་ཁུང་དང་། མགོ་བསྟོད་དང་། སྤྱིའུ་ཚུགས་དང་། སྤྲིའུ་གདོང་དང་། རྟག་ཏུ་རབ་འབར་དང་། རུལ་པ་དང་། རྟག་ཏུ་དྲི་ང་དང་། རབ་འཇོམས་དང་། དེས་འཇོམས་དང་། ཤིན་ཏུ་གནོད་འཇོམས་རྣམས་ཏེ་འཇམ་དཔལ་མི་གཏི་མུག་པ་དེ་དག་གང་དུ་སྐྱེ་བར་འགྱུར་བའི་སེམས་ཅན་དམྱལ་བ་ནི་འདི་དག་གོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་ སེམས་དཔའ་ཀུན་དུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་སྨྲ་བ་དེ་དག་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་བཟང་པོ་ཁྱོད་ཀྱིས་ཞུས་པ་དེ་ལེགས་པར་ཞུས་སོ། །ཀུན་དུ་བཟང་པོ་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་ཆོས་སྨྲ་བ་དེ་འདི་ནས་ཤི་འཕོས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོབས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རབ་ཏུ་བརྒྱན་པར་སྐྱེ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་ ཀུན་ནས་མཛེས་པ་ཤ་སྟག་གོ། །འཆི་བའི་དུས་ཀྱི་ཚེ་རིགས་ཀྱི་བུ་དེ་ལ་སངས་རྒྱས་བྱེ་བ་ཕྲག་བཅུ་གཉིས་མངོན་དུ་འགྱུར་རོ། །རིགས་ཀྱི་བུ་མདོར་ན་རིགས་ཀྱི་བུ་དེའི་ཕན་ཡོན་ནི་གྲངས་མེད་དཔག་ཏུ་མེད་དེ། དེ་དག་ནི་བསྐལ་པ་སྟོང་དག་གིས་ཀྱང་བརྗོད་པར་མི་ནུས་སོ། །བྱང་ཆུབ་ སེམས་དཔའ་ཀུན་དུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་འགྱུར་བའི་སེམས་ཅན་ཇི་ལྟ་བུ་དག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་བཟང་པོ་འདི་ལྟ་བུའི་ཆོས་འདི་དག་ སྤོང་བར་འགྱུར་བའི་སེམས་ཅན་དེ་དག་ནི་ཕལ་ཆེར་རབ་ཏུ་བྱུང་བ་དག་འབྱུང་སྟེ། འདི་སྐད་དུ་འདི་དག་ནི་སྙན་དངགས་སྦྱར་བ་ཡིན་གྱི། འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །འདི་དག་ནི་རང་བཟོར་བྱས་པ་ཡིན་ཏེ། མདོ་སྡེ་འདི་དག་ནི་སྔོན་ནམ་ཡང་མ་ཐོས་ སོ་ཞེས་འཛེར་ཅིང་དེ་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་འགྱུར་རོ། །སྤངས་ནས་ཀྱང་མཐོལ་ཞིང་འཆགས་པར་མི་འགྱུར་ཏེ། དེ་དག་ཆོས་སྤངས་པས་འཆི་བའི་ཚེ་སེམས་ཅན་དམྱལ་བ་ཀུན་དུ་འབར་བ་མི་བཟད་པར་སྐྱེ་བར་འགྱུར་རོ། །སྐྱེས་མ་ཐག་ཏུ་ལྕགས་ཀྱི་འཁོར་ ལོས་མི་གཏི་མུག་པ་དེ་དག་གི་མགོ་གཅད་ནས་ས་ལ་ལྟུང་བར་འགྱུར་རོ། །དེ་ལྟར་གྱུར་ནས་ཀྱང་བསྐལ་པ་མང་པོ་བསྐལ་པ་བརྒྱ་ཕྲག་མང་པོ་དང་། བསྐལ་པ་སྟོང་ཕྲག་མང་པོར་དམུས་ལོང་དུ་འགྱུར་རོ། །གལ་ཏེ་བསྐལ་པ་བརྒྱ་དག་འདས་ནས་མིར་སྐྱེ་བར་གྱུར་ན་ཡང་ཚེ་རབས་ ཐམས་ཅད་དུ་དམུས་ལོང་དུ་སྐྱེ་བར་འགྱུར་ཞིང་ལྕེ་མེད་པ་དང་། གདོང་ཕྱིན་ཕྱོགས་སུ་འདུག་པ་དང་། ལྟག་སྒུར་དང་། མཇིང་པ་ནུབ་པ་དང་། རྐང་གྱོལ་དང་། ང་རོ་ཁྱི་སྐད་ལྟ་བུ་དང་། རྟག་ཏུ་བཀྲེས་ཤིང་སྐོམ་པས་ཉེན་པ་དང་། ལུས་སྐམས་པ་དང་། ཁ་མནམ་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མཐོང་ངམ་ཐོས་ན་ཡིད་དུ་མི་འོང་བར་སྐྱེ་བར་འགྱུར་རོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་མ་འཚལ་བ་བདག་ཅག་གིས་མདོ་སྡེ་འདི་ལྟ་བུ་དག་སྤངས་པ་དང་། ཆོས་སྨྲ་བ་དེ་དག་ལ་ཁྲོས་ པའི་སེམས་ཀྱིས་བལྟས་པར་གྱུར་པ་རྣམས་ནོངས་པ་ལ་ནོངས་པར་འཆགས་སོ། །བཅོམ་ལྡན་འདས་བདག་ཅག་ཇི་ལྟར་བྱིས་པར་གྱུར་པ་དང་། ཇི་ལྟར་རྨོངས་པར་གྱུར་པ་དང་། ཇི་ལྟར་ཤེས་རབ་འཆལ་པར་གྱུར་པ་དང་། ཇི་ལྟར་བློ་ཆུང་བར་གྱུར་པ་རྣམས་འཆགས་ཤིང་ མཆིས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་སུ་གསོལ། དེ་ནས་ཉན་ཐོས་ཆེན་པོ་དེ་དག་དང་བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དངངས་ནས་བཅོམ་ལྡན་འདས་ བདག་ཅག་ནི་བསྟན་པ་འདི་ལྟ་བུ་འདི་ཐོས་ནས་རབ་ཏུ་དངངས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཁྱེད་ཀྱིས་སྐྲག་པར་བྱ་བའི་རིགས་སོ། །གྲོགས་པོ་དག་ང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ པ་ཡིན་ན་ང་ཉིད་ཀྱང་སྐྲག་ན་གང་དག་ངའི་སློབ་མ་རྣམས་ལྟ་ཅི་སྨོས། རིགས་ཀྱི་བུ་དག་ཆོས་འདི་ནི་ཟབ་པ་སྟེ། དེ་ནི་མིའམ། མི་མ་ཡིན་པའམ། ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ་སུས་ཀྱང་རྣམ་པར་དཀྲུག་པར་མི་ནུས་ན་དགེ་སྦྱོང་ངམ་བྲམ་ཟེ་གཞན་དག་གིས་ལྟ་ ག་ལ་ནུས་ཏེ་ཅི་སྨོས། རིགས་ཀྱི་བུ་དག་ཆོས་ཀྱི་རྣམས་གྲངས་འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་པ་སྟེ། རིགས་ཀྱི་བུ་དག་དཔེར་ན་དཀོན་མཆོག་ཟ་མ་ཏོག་ཇི་ལྟ་བར་མདོ་སྡེའི་རྒྱལ་པོ་འདི་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ནི་ལེགས་པར་གསུངས་པ་ལགས་སོ། །བཅོམ་ལྡན་འདས་དགེ་སློང་དེ་ལྟ་བུ་དེ་དག་གིས་དད་པས་སྩལ་པ་ཇི་ལྟར་ཡོངས་སུ་འཇུ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། འཇམ་དཔལ་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བ་དང་། ཆོས་སྨྲ་བ་དེ་དག་ལ་མི་བྱམས་པའི་སེམས་སྐྱེད་པ་དེ་དག་ནི་ཉི་མ་གཅིག་གམ། སེ་གོལ་གཏོགས་པ་གཅིག་སྲིད་ཙམ་ཞིག་དད་པས་བྱིན་པ་ཡོངས་སུ་སྤྱད་པའམ། ཐ་ན་དགེ་འདུན་ ལ་ཕུལ་བའི་ས་ལ་མཆིལ་མ་ཐལ་གཅིག་འདོར་དུ་ཡང་ངས་མ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔ་པོ་དག་འདི་དང་ཉེ་བ་ལགས་སམ། འོན་ཏེ་རིང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་བརྟན་ཤ་ར་དྭ་ཏིའི་བུ་ཁ་རོག་དེ་སྐད་མ་འདྲི་ཤིག །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་མཚམས་མེད་པ་ལྔ་པོ་དག་ནི་བླའི་ཆོས་ཀྱི་རྣམ་གྲངས་འདི་སྤངས་པ་ནི་ནམ་ཡང་དེ་ལྟ་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་མཚམས་མེད་པ་ ལྔ་བྱེད་པ་ནི་མཚམས་མེད་པ་ལྔ་པོ་དག་མྱུར་དུ་ཟད་པར་བྱས་ནས་མིར་སྐྱེ་བར་འགྱུར་རོ། །དམ་པའི་ཆོས་སྤོང་བའི་གང་ཟག་དེ་ནི་ནམ་ཡང་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་བར་མི་འགྱུར་ཏེ། དེ་ནི་བདག་ཀྱང་ཕུང་ལ་གཞན་ཡང་ཕུང་བར་བྱེད་པར་འགྱུར་རོ། །དེ་ནས་ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་དུ་ཞིང་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་དམ་པའི་ཆོས་སྤོང་བའི་སེམས་ཅན་རྣམས་ནི་སྡུག་བསྔལ་ལོ། །ལས་ཀྱི་སྒྲིབ་པ་འདི་ལྟ་བུ་དག་ནི་བདག་གིས་རྨི་ལམ་ན་ཡང་མཐོང་བར་མ་གྱུར་ཅིག། །། བམ་པོ་གསུམ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་སྙམ་མ་སེམས་ཤིག་ངས་ཆོས་བསྟན་པ་ནི་འབྱུང་བ་དང་བཅས་པ་ཡིན་ན་འཇིག་རྟེན་ནི་ལས་བདག་གིར་བྱ་བ། རང་གི་ལས་ཀྱི་བགོ་ སྐལ་ལ་སྤྱོད་པ། རང་གི་ལས་བརྟན་པར་བྱ་བ་སྟེ། སེམས་ཅན་དག་རང་རང་གི་ལས་རྣམས་ཀྱིས་སྡུག་བསྔལ་གྱི་ཚོར་བ་མྱོང་གི་དེ་ལ་དེ་བཞིན་གཤེགས་པས་ནི་མ་ལན་ནོ། །ཤ་ར་དྭ་ཏིའི་བུ་ངས་ནི་དགེ་ལེགས་སུ་འགྲོ་བའི་ལམ་བཤད་དེ། བདེ་བར་འགྲོ་བ་དང་། འཇིགས་པ་མེད་པར་འགྲོ་བ་དང་། མྱ་ངན་ལས་འདའ་བར་འགྲོ་བ་དང་། འཆི་བ་མེད་པར་འགྲོ་བའི་ལམ་བཤད་ན། འོན་ཀྱང་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན། ངག་གིས་ཉེས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་ཞིང་ འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང་། ལོག་པར་ལྟ་བ་དག་སྟེ། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་སྤངས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་སྟེ། དེ་ལ་དེ་བཞིན་ གཤེགས་པས་ནི་མ་ལན་ནོ། །ཤ་ར་དྭ་ཏིའི་བུ་སེམས་ཅན་ཐམས་ཅད་ལ་ངའི་སྙིང་རྗེ་འདི་ལྟ་བུ་སྐྱེ་སྟེ། ངས་སེམས་ཅན་གཅིག་གི་དོན་དུ་ཡང་བསྐལ་པའམ། བསྐལ་པ་ལས་ལྷག་པར་སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་མྱོང་བར་བྱའི་སེམས་ཅན་གཅིག་ པོ་ནི་ཡོངས་སུ་གཏང་བར་མི་བྱའོ་སྙམ་སྟེ། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ནི་དེ་འདྲའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། མི་ཞིག་ལ་བུ་གཅིག་པ་གཟུགས་བཟང་པ་མཛེས་པ། བལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་ པ་ཞིག་ཡོད་ལ། དེ་རྐྱེན་འགའ་ཞིག་དང་ཕྲད་ནས་འཆི་བའི་དུས་བྱས་པར་གྱུར་ན། མི་དེ་བུ་ལ་སེམས་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། ངུ་ཞིང་སྨྲེ་སྔགས་འདོན་ཏོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་སྡུག་བསྔལ་བ་དག་ལ་བུ་གཅིག་པ་བཞིན་དུ་དགོངས་པ་མཛད་དེ། དེ་བཞིན་གཤེགས་པ་དག་ཉོན་མོངས་པ་རྣམས་དང་ལྷན་ཅིག་གནས་པ་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཤི་ བའི་རོ་དང་ལྷན་ཅིག་མི་གནས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དག་ཀྱང་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པས་ལམ་པོ་ཆེའི་བཞི་ མདོར་སྐྱེ་བོའི་ཚོགས་ཆེན་པོ་མངོན་པར་སྤྲུལ་ཏེ། བྱ་བ་དག་སྟོན་ཀྱང་བྱ་བ་དེ་དག་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ། མ་སྐྱེས་མ་འགགས་ཤིང་འགག་པར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་སེམས་ཅན་རྣམས་ ཡོངས་སུ་སྨིན་པར་མཛད་ཅིང་འདོད་ཆགས་ཀྱི་སྤྱོད་པ་ཡང་སྟོན་ཏེ། མཛད་པ་སྟོན་ཀྱང་སྤྱོད་པ་དེ་དག་ནི་ཡོད་པ་མ་ཡིན་ནོ། །དཔེར་ན་ནམ་མཁའི་ཁམས་ནི་རྣམ་པར་རྟོག་པ་མེད་ཅིང་སྤྲོས་པ་མེད་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་ཡང་རྣམ་པར་རྟོག་པ་མེད་ཅིང་ སྤྲོས་པ་མེད་དོ། །འོན་ཀྱང་སེམས་ཅན་རྣམས་དང་འཐུན་པར་དེ་བཞིན་གཤེགས་པ་རྣམས་འཐུན་པར་མཛད་དེ། སེམས་ཅན་རྣམས་ཇི་ལྟར་འདུལ་བར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་འཐུན་པར་འཇུག་གོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ལ་འཁྲུལ་ པ་མི་མངའོ། །དེ་བཞིན་གཤེགས་པ་ལ་མི་མཁྱེན་པ་མི་མངའོ། །དེ་བཞིན་གཤེགས་པ་ལ་བསྙེལ་བ་མི་མངའོ། །ཤ་ར་དྭ་ཏིའི་བུ་ང་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཐུ་བོ་དང་། གཙོ་བོ་དང་། རབ་དང་། མཆོག་དང་། ཕུལ་དང་། བླ་མ་དང་། བླ་ན་མེད་པ་དང་། གོང་ན་ མེད་པ་དང་། མི་མཉམ་པ་དང་མཉམ་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་ཚིག་སྨྲས་པ་འདི་ནི་བདེན་པའི་རྗེས་སུ་འཐུན་པའོ། །རབ་ཏུ་བྱུང་བའམ། ཁྱིམ་པ་ཡང་རུང་སྟེ། སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བ་དེ་དག་ཐམས་ཅད་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་ འདི་ལྟ་བུ་དག་རྙེད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་ཐོས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་གིས་ནི་རྙེད་པ་ནོངས་པར་རྙེད་དོ། །གང་དག་ ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་འགྱུར་བ་དེ་དག་ལྕེ་ཅི་འདྲ་བ་ཞིག་ཏུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དག་གི་ལྕེ་ནི་དཔག་ཚད་འབུམ་པར་འགྱུར་ཏེ། དེ་ལ་ལྕགས་ཀྱི་ཐོང་གཤོལ་འབར་བ་རབ་ཏུ་འབར་བ་ཀུན་དུ་རབ་ཏུ་འབར། ཀུན་དུ་ རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་གཅིག་ཏུ་གྱུར་བ་བྱེ་བ་ཕྲག་ལྔ་བརྒྱས་རྨོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ངག་མ་བསྲུངས་པའི་ཕྱིར་ཏེ། རབ་འབྱོར་མི་གཏི་མུག་པ་དེ་དག་གི་ལས་ཀྱི་སྒྲིབ་པ་ནི་དེ་ལྟ་བུར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཐམས་ཅད་ དང་ལྡན་པའི་འཁོར་དེས་དེ་བཞིན་གཤེགས་པས་བསྟན་པ་ནི་རྨད་དུ་བྱུང་བ་ཆེན་པོ་ལགས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་སྨྲ་བའི་དགེ་ སློང་དེ་དག་ཕྲག་པ་ལ་བཀུར་བར་བགྱིའོ། །མེ་ཏོག་དང་བདུག་པ་དང་སྤོས་དང་ཕྲེང་བ་དང་བྱུག་པ་རྣམས་ཀྱིས་མཆོད་པར་བགྱིའོ། །གདུགས་ལན་གསུམ་མཚན་ལན་གསུམ་དུ་ཕྱག་བགྱིའོ། །བསྙེན་བཀུར་བགྱིའོ། །བསྟི་སྟང་བགྱིའོ། །བླ་མར་བགྱིའོ། །རི་མོར་བགྱིའོ། ། མཆོད་པར་བགྱིའོ། །རྗེད་པར་བགྱིའོ། །གསོལ་བར་བགྱིའོ། །བསྟི་སྟང་བགྱི་བ་དང་། བླ་མར་བགྱི་བ་དང་། གུས་པས་བསྲུང་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། དེ་དག་ནི་བཅོམ་ལྡན་འདས་ཀྱི་སྲས་ཏེ་ཆོས་ཀྱི་སྐུ་ལས་ངེས་པར་བྱུང་བའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་ སྟེ་དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བུར་གྱུར་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་དེ་ནི་འོག་མ་ཐམས་ཅད་ཀྱི་མཆོད་པའི་འོས་དང་། ཕྱག་བགྱི་བའི་འོས་ལགས་སོ། །དེ་བཞིན་དུ་ཆོས་སྨྲ་བ་དེ་དག་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ གྱི་མཆོད་པའི་འོས་དང་ཕྱག་བགྱི་བའི་འོས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་སྨྲ་བའི་དགེ་སློང་དེ་དག་སྙིང་ལས་ཆུང་ངུར་བྱ་བ་དང་། ཡོངས་སུ་བསྐྱང་བ་དང་། ཀུན་དུ་བསྲུང་བ་དང་། བསྐྱབ་པའི་ཕྱིར་ཚིག་འདི་ལེགས་པར་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཀུན་དུ་བསྲུང་བར་བགྱིའོ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་ཡོངས་སུ་བསྐྱང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་རིགས་ཀྱི་བུ་ཚིག་འདི་ ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །གཞན་ལ་ཕན་དང་བདེ་བ་བྱེད་པ་བསགས་པ་པོ། །རྣམ་པ་སྣ་ཚོགས་རབ་མཛེས་མཆོག་རབ་ཚིག་ལྡན་པ། ཤིན་ཏུ་དྲི་མེད་བཞིན་ལྡན་ཁྱོད་ཀྱི་བསམ་པ་མཆོག །ཡོན་ཏན་རིན་ཆེན་མི་མཉམ་མཉམ་པའི་ཚིགས་ལེགས་སྨྲས། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དག་ཆོས་དུ་དང་ལྡན་ན་དཀོན་མཆོག་ཏ་ལ་ལའི་གཟུངས་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན་དཀོན་མཆོག་ཏ་ལ་ལའི་གཟུངས་འཐོབ་བོ། །ཆོས་གཅིག་ པོ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའོ། །ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཕྲག་དོག་མེད་པ་དང་། རློམ་སེམས་མེད་པ་སྟེ། ཀུན་དུ་བཟང་པོ་འདི་དག་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཆོས་གཉིས་སོ། །ཀུན་དུ་བཟང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་དབང་པོ་གནོད་པར་མི་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ ཐམས་ཅད་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་འཚེ་བ་བསྐྱེད་པར་མི་བྱའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པ་འདི་བཤད་པ་དང་། དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་ཁྱད་པར་གྱི་ཡོན་ཏན་ཡོངས་སུ་བརྗོད་པ་བཤད་པ་ན་ལྷ་དང་། མིའི་སྐྱེ་དགུ་ལས་སེམས་ཅན་དཔག་ ཏུ་མེད་པས་གཟུངས་ཐོབ་པར་གྱུར་ཏོ། །དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་ཁྱད་པར་གྱི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུའོ།། །།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཟབ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། གཟུགས་ཟབ་པའི་ཕྱིར་ཟབ་བོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཟབ་བོ། །སྟོང་པ་ཉིད་ཟབ་པའི་ཕྱིར་ཟབ་བོ། །ནམ་མཁའ་ཟབ་པའི་ཕྱིར་ཟབ་བོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ ཁྲི་བཞི་སྟོང་དེ་བཞིན་གཤེགས་པ་ལས་མངོན་དུ་ཐོས་ན་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ནི་ནམ་ཡང་མ་ཐོས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་རྣམ་གྲངས་འདི་ནི་ཤིན་ཏུ་ཐོས་པར་བྱ་དཀའ་བ་ཡིན་ནོ། །ཀུན་དགའ་བོས་གསོལ་པ། སླད་མའི་ཚེ་སླད་མའི་ དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་སེམས་ཅན་མང་པོ་དག་ལ་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་ ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ཟིན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ངས་ཆོས་སྨྲ་བ་དེ་དག་ཀྱང་བྱིན་གྱིས་བརླབས་སོ། །ཀུན་དགའ་བོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དེ་ནི་མིག་ན་བར་མི་འགྱུར། ལྕེ་ན་བར་མི་འགྱུར། སྣ་ན་བར་མི་ འགྱུར། སོ་ན་བར་མི་འགྱུར། ལག་པ་དང་རྐང་པ་ན་བར་མི་འགྱུར། ཀླད་པ་ན་བར་མི་འགྱུར། རྣ་བ་ན་བར་མི་འགྱུར། ལུས་དམན་པར་མི་འགྱུར། ལུས་དྲི་མི་ཞིམ་པར་མི་འགྱུར། ཕ་རོལ་གྱི་གནོད་པས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ལ་མི་དང་མི་མ་ཡིན་ པ་ཐམས་ཅད་སྲུང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་དེ་སྤྲོས་པ་ཐམས་ཅད་ཡོངས་སུ་སྤངས་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་འདི་བཤད་པའི་ཚེ་བདུད་བར་ ཆད་མི་བགྱིད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བདུད་ཐམས་ཅད་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱེད་མི་ནུས་ཏེ། ཀུན་དགའ་བོ་གང་གི་ཚེ་བདུད་སྡིག་ཅན་འདི་སྙམ་དུ་བདག་དཀོན་མཆོག་ཏ་ལ་ལའི་ གཟུངས་འཆད་པ་ལ་བར་ཆད་བྱེད་དུ་འགྲོའོ་སྙམ་པའི་སེམས་བསྐྱེད་པ་དེའི་ཚེ། བདུད་སྡིག་ཅན་གྱི་རང་གི་ཁྱིམ་ཀུན་དུ་འབར་བ་མཐོང་སྟེ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་དེ་ལྟར་ཟབ་བོ། །ཀུན་དགའ་བོ་ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པའི་ས་ཕྱོགས་ དེ་མཆོད་རྟེན་དུ་འགྱུར། ཕྱག་བྱ་བའི་འོས་སུ་ཡང་འགྱུར་རོ། །ཀུན་དགའ་བོས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་ས་ཕྱོགས་གང་ན་བཞུགས་པའི་ས་ཕྱོགས་དེ་ཉིད་ན་ཆོས་ཀྱི་རྣམ་གྲངས་འདི་ཡང་གནས་པར་གྱུར་ལ། བདག་དེ་བཞིན་གཤེགས་པ་ལ་བལྟ་བའི་སླད་ དུ་མཆིས་ཤིང་། མཆིས་ནས་ཀྱང་སྔར་དེ་བཞིན་གཤེགས་པ་ལ་ཕྱག་བགྱིས་ནས་སླད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་ཕྱག་བགྱིས་ན་ནོངས་པ་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གི་ཚེ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་བཀོལ་ཏེ། ང་ ལ་ཕྱག་འཚལ་བ་དེའི་ཚེ་ཁྱོད་ཉེས་པ་དང་བཅས་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་ང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཐུ་བོ་དང་། གཙོ་བོ་དང་། མཆོག་དང་། དམ་པ་ཡིན་མོད་ཀྱི། ཀུན་དགའ་བོ་ངས་སྔར་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཕྱིས་བྱང་ཆུབ་མངོན་ བར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་ལས་ཏིང་ངེ་འཛིན་རིན་པོ་ཆེ་དཀོན་མཆོག་ཏ་ལ་ལ་བསྟན་པ་འདི་གསན་པ་དེ་བཞིན་གཤེགས་པའི་གོང་ན་སུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཀུན་དགའ་བོ་མིའི་འཇིག་རྟེན་དང་ལྷའི་འཇིག་རྟེན་དང་དྲི་ཟའི་འཇིག་རྟེན་ན་ངའི་གོང་ན་སུ་ཡང་མེད་དེ། འོན་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ངས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཐོགས་པ་མེད་པ་བརྩེགས་པའི་སྙིང་པོ་འོད་ཟེར་བཟང་པོ་ བསམ་གྱིས་མི་ཁྱབ་པའི་འོད་ཟེར་དུ་མའི་ལྟེ་བ་རྒྱས་པ་ལས་མངོན་དུ་ཐོས་ཏེ་ཀུན་དགའ་བོ་བྱ་དཀའ་བ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མྱོང་ནས་ངས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་དེས་ང་ལུང་བསྟན་ཏོ། །ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ སྔར་ཆོས་ཀྱི་རྣམ་གྲངས་འདི་ལ་ཕྱག་གྱིས་ལ་ཕྱིས་ང་ལ་ཕྱག་འཚོལ་ཅིག །དེ་ནས་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། །ཨ་ལ་ལ་ཆོས། ཨ་ལ་ལ་ཆོས། ཆོས་རྣམས་ཀྱི་རྣམ་པར་འཕྲུལ་བ་ཨ་ལ་ ལའོ། །སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཐོས་པ་དེ་དག་ཀྱང་ཕྱག་བྱ་བའི་འོས་ཡིན་ན། གང་དག་འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་དེ་ བཞིན་གཤེགས་པ་ཞེས་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ལ་ཀྱེ་གྲོགས་པོ་དག་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་ནས་ ལྗགས་ཀྱི་དབང་པོ་ཕྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱི་དབང་པོས་སྣང་བར་བྱས་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་མི་ཐོས་པ་དེ་དག་ནི་ཇི་ལྟར་མི་དམུས་ ལོང་གིས་ཉི་མའི་སྣང་བ་མི་མཐོང་བ་དང་། ཇི་ལྟར་ཚོང་བ་ཐབས་མི་ཤེས་པ་དང་། ཇི་ལྟར་མི་དབུལ་པོ་གཞན་གྱི་ངོར་ལྟ་བ་དང་འདྲ་སྟེ། དེ་དག་གི་དོན་དུ་ངས་དཔེ་འདི་བྱས་ན་ཅི་ནས་སེམས་ཅན་རྣམས་ཆོས་རིན་པོ་ཆེའི་ཕུང་པོ་འདི་འདྲ་བ་ལས་རིང་དུ་མི་འགྱུར་བར་བྱ་བའི་ཕྱིར་ཆོས་ཀྱི་ རྣམ་གྲངས་འདིའི་ཆེད་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ང་ཁྱོད་ལ་གསོལ་བ་འདེབས་ན་རིགས་ཀྱི་བུ་ཁྱོད་སྤྲོའམ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ངུ་ཞིང་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་རང་གི་ཆོས་ཀྱི་སྟན་ལས་ལངས་མ་ཐག་ཏུ་དེ་ནས་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་དུ་ རབ་ཏུ་གཡོས་སོ། །འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏོ། །ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་གོ། །འུར་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །འཁྲུགས། རབ་ཏུ་འཁྲུགས། ཀུན་དུ་ རབ་ཏུ་འཁྲུགས་སོ། །འཇིག་རྟེན་དུ་སྣང་བ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་སོར་མོ་བཅུ་ཐལ་མོ་སྦྱར་ཏེ་ངུ་ཞིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྤྲོ་ལགས་སོ། །བདེ་བར་གཤེགས་ པ་བདག་སྤྲོ་ལགས་སོ། །བཅོམ་ལྡན་འདས་ཁྱོད་ནི་ཐམས་ཅད་མཁྱེན་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པ། ཐུགས་རྗེ་ཆེན་པོ་དང་ལྡན་བ་ལགས་ཀྱི་སྟེང་དུ་བདག་ནི་དེ་བཞིན་གཤེགས་པ་ལས་སྐྱེས་པ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་བཀའ་ལྟར་ མི་བགྱིད། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བཀའ་ནི་བདུད་རྩིའི་བཀའ་ལགས་ན། བདག་དེ་བཞིན་གཤེགས་པའི་བཀའ་དང་འགལ་བར་བགྱིད་པའི་མཐུ་བདག་ལ་ག་ལ་མཆིས། བཅོམ་ལྡན་འདས་བདག་གིས་ནི་བྱས་པ་གཟོ་བར་བགྱི་བ་ལགས་ཀྱི། བྱས་པ་ མི་གཟོ་བར་བགྱི་བ་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀྱེ་རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །ཁྱོད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོ་དང་། གཙོ་བོ་དང་མཆོག་ དང་དམ་པ་དང་ཕུལ་ཡིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །འདི་ནི་ངའི་སྟོན་པ་ཡིན་ཏེ། དེའི་ཕྱིར་ཁྱོད་ཀྱིས་བསྲུང་བར་བྱའོ། །དུས་དུས་སུ་བསྟི་སྟང་གྱིས་ཤིག །རིན་པོ་ཆེའི་སྣོད་དུ་ཆུག་ལ་ཕྲག་པ་ལ་ཐོགས་ཤིག །ཕྱི་མའི་ཚེ་ཕྱི་མའི་དུས་ན་དགེ་སློང་སྡིག་ པ་ཅན་དེ་དག་ལ་ཡིད་མ་རྟོན་ཅིག །རིགས་ཀྱི་བུ་འདི་ནི་ཁྱོད་ལ་རྗེས་སུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་བྱུང་བ་ཅི་འདྲ་བ་དེ་དག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁ་རོག་དེ་སྐད་མ་འདྲི་ ཤིག །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་གསོལ་པ། སེམས་ཅན་མང་པོ་ལ་སྨན་པར་བགྱིད་པར་འགྱུར་ལགས་ན། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་བཟང་པོ་བཤད་ ཀྱིས་ཉོན་ཅིག །འཁོར་རྒྱ་མཚོ་ལྟ་བུ་འདི་དང་འཇམ་དཔལ་དང་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་ཐམས་ཅད་ཡིད་ལ་བྱེད་པ་གཞན་ཐོང་ལ། ཕྱི་མའི་ཚེ་ཕྱི་མའི་དུས་ན་རབ་ཏུ་བྱུང་བ་ཅི་འདྲ་བ་དག་འབྱུང་ བར་འགྱུར་བ་དེ་དག་ཉོན་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དུ་བཟང་པོ་རབ་ཏུ་བྱུང་བ་དམ་པའི་ཆོས་སུན་འབྱིན་པ། ཁྱིམ་ལ་ཆགས་པ། རྙེད་པ་ལ་ཆགས་པ། གཙུག་ལག་ཁང་ལ་ཆགས་ པ། གནས་ལ་ཆགས་པ། ལྷུང་བཟེད་དང་ཆོས་གོས་ལ་ཆགས་པ། ཁྱིམ་སུན་པར་བྱེད་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དེ་དག་འབྱུང་སྟེ། ཀུན་དུ་བཟང་པོ་མི་གཏི་མུག་པ་དེ་དག་གི་དོན་དུ་ངས་མདོ་འདི་ཡོངས་སུ་གཏད་ཀྱིས་མདོ་འདི་ནུབ་པར་གྱུར་ཏ་རེ། དེ་ནས་ཕྱོགས་བཅུ་ ནས་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ཐམས་ཅད་ལྷགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་ཐམས་ཅད་འདུས་ཤིང་ཚོགས་ཏེ། ཇི་སྲིད་འཚོའི་བར་དང་། དམ་པའི་ཆོས་ཇི་སྲིད་གནས་ཀྱི་བར་དུ་ཆོས་ཀྱི་རྣམ་གྲངས་ འདི་ཡོངས་སུ་བསྐྱང་བར་བགྱིའོ། །ཆོས་སྨྲ་བའི་དགེ་སློང་དེ་དག་ལ་ཡང་ཡོངས་སུ་བསྐྱང་བར་བགྱིའོ། །བསྟི་སྟང་དུ་བགྱིའོ། །བཙུན་པར་བགྱིའོ། །རིམ་གྲོར་བགྱིའོ། །མཆོད་པར་བགྱིའོ། །རྗེད་པར་བགྱིའོ། །གསོལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་པོ་དེ་དག་ལ་ཡང་དག་པར་སྐུལ་བའི་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཡོན་ཏན་ཕ་རོལ་ཕྱིན་པ་དེ་དག་གི། །ཡོན་ཏན་ཀུན་བཤད་ཐམས་ཅད་ང་ལས་ཉོན། །ང་རྒྱལ་ རྒྱགས་དང་བག་མེད་སྤང་བྱོས་ལ། །དགའ་ཞིང་མགུ་བའི་ཡིད་ཀྱིས་མཉན་པར་གྱིས། །མ་ག་དྷཱ་འདིར་ཤིང་དབང་བྱང་ཆུབ་དྲུང་། །རང་བྱུང་མི་ཡི་སེང་གེ་བཞུགས་ཞེས་གྲག །ཏིང་འཛིན་རྣམ་པར་ཐར་བ་མཆོག་ལ་གནས། །ཤིང་རྒྱལ་ཆེན་པོ་དེ་ཡི་དྲུང་ན་བཞུགས། །ཕྱོགས་ བཅུའི་ཞིང་རྡུལ་སྙེད་དང་དེ་ཐབས་ཅིག །སྐྱེས་བུ་དམ་པ་རྣམས་ཀྱིས་དཔའ་བོ་བསྐོར། །སངས་རྒྱས་ཕལ་ཆེན་ཞེས་བྱའི་ཏིང་ངེ་འཛིན། །ཏིང་འཛིན་དེ་ལ་མི་ཡི་དབང་པོ་གནས། །མི་དབང་དེ་ནི་སྙོམས་པར་ཞུགས་རྟོགས་ནས། །འཇམ་དཔལ་གཞོན་ནུ་ཤར་གྱི་ཕྱོགས་ ལོགས་ནས། །སངས་རྒྱས་ཞིང་བཅུ་རྡུལ་སྙེད་ལྷན་ཅིག་ཏུ། །སྐྱེས་བུ་དམ་པ་རྣམས་དང་རྒྱལ་དྲུང་འོངས། །དེ་བཞིན་སྦྱར་ཏེ་ཕྱོགས་བཅུའི་ཞིང་ཀུན་ནས། །སངས་རྒྱས་སྲས་པོ་དཔལ་ཞེས་བྱ་བ་ཀུན། །ཕྱོགས་བཅུའི་ཞིང་རྡུལ་སྙེད་དང་ལྷན་ཅིག་ཏུ། །སྐྱེས་བུ་དམ་པ་རྣམས་དང་ ལྷགས་པར་གྱུར། །དེར་འདུས་གྱུར་ནས་འཇིག་རྟེན་ཕན་འདོད་པ། །འཇམ་དཔལ་གྲགས་པ་མཐའ་ཡས་ལྡན་རྣམས་ལ། །སེམས་ཅན་དམ་པ་བཟང་པོའི་དཔལ་གྱིས་དྲིས། །སངས་རྒྱས་སྲས་ཀྱི་སྤྱོད་གང་ཡོན་ཏན་ཅི། །དེ་ནས་སེམས་དཔའ་འཇམ་དཔལ་ཞེས་བྱ་བ། །རྙོག་ པ་མེད་པས་བྱང་ཆུབ་ཡོན་ཏན་དང་། །བདེ་ཡངས་ཡོན་ཏན་ལྡན་གྱི་སྤྱོད་ཡུལ་གཙང་། །སེམས་ཅན་དམ་པ་བཟང་པོའི་དཔལ་ལ་དྲིས། །སངས་རྒྱས་སྲས་པོ་རྣམས་ཀྱི་སྤྱོད་ཡུལ་གཙང་། །རྒྱལ་བས་བསྟེན་པ་བདག་གིས་འདིར་སྨྲས་ཀྱིས། །ཁྱོད་ཀྱང་སངས་རྒྱས་སྲས་ཀྱི་ཡོན་ཏན་ དང་། །སྤྱོད་པ་གང་དག་ཡིན་པ་བརྗོད་པར་གྱིས། །བཟང་པོའི་དཔལ་གྱིས་སྨྲས་པ་རྒྱལ་སྲས་ཉོན། །ཡོན་ཏན་མཐའ་ཡས་ལྡན་དེའི་ཡོན་ཏན་ལས། །དཔེ་ཚུལ་ཅུང་ཟད་ཙམ་ཞིག་བརྗོད་པར་བྱ། །རྒྱ་མཚོའི་ཐིག་པ་བཞིན་དུ་ཤིན་ཏུ་ཆུང་། །བྱང་ཆུབ་གཞིར་གྱུར་པ་ཡི་རང་བྱུང་སེམས། ། ཐོག་མ་ཉིད་དུ་བསྐྱེད་པ་གང་ཡིན་པ། །དེ་ཡི་ཡོན་ཏན་བསྔགས་པ་མཐའ་ཡས་ཏེ། །མཚུངས་མེད་ཀྱིས་ཀྱང་ཡོངས་སུ་བརྗོད་མི་སྤྱོད། །ཕ་རོལ་ཕྱིན་དང་ས་ཡི་ཡོན་ཏན་རྣམས། །བསྐལ་པ་མང་པོར་སྤྱད་པ་ཅི་སྨོས་ཏེ། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་དེ་དག་གི། །ཡོན་ཏན་ ཆུ་བོ་ཟད་པར་མཛད་མི་སྤྱོད། །ཡོན་ཏན་མཐའ་ཡས་རྣམས་ཀྱི་ཡོན་ཏན་ལས། །དཔེ་ཚུལ་ཅུང་ཟད་ཙམ་ཞིག་བརྗོད་བྱ་སྟེ། །མཁའ་ལ་བྱ་རྗེས་འདྲ་བར་ཆུང་བ་དང་། །ས་ཆེན་རྣམས་ལས་རྡུལ་ཕྲན་གཅིག་དང་མཚུངས། །བྱང་ཆུབ་ཡོན་ཏན་གནས་ཀྱི་སེམས་སྐྱེ་བ། །རྒྱུ་མེད་མ་ ཡིན་གྱི་ན་མ་ཡིན་གྱི། །རྒྱལ་དང་རྒྱལ་བའི་ཆོས་དང་དགེ་འདུན་ལ། །དད་དང་དང་བ་བསྐྱེད་ནས་སེམས་སྐྱེ་སྟེ། །དེ་ནི་འདོད་དང་ལོངས་སྤྱོད་རྒྱལ་སྲིད་དང་། །བདག་ལ་བདེ་དང་སྙན་དང་གྲགས་ཕྱིར་མིན། །འགྲོ་བའི་སྡུག་བསྔལ་མ་ལུས་ཞི་བྱའི་ཕྱིར། །འཇིག་རྟེན་ཕན་ པ་བྱེད་པའི་སེམས་སྐྱེའོ། །རྟག་ཏུ་སེམས་ཅན་ཕན་པར་བྱ་ཕྱིར་དང་། །ཞིང་རྣམས་སྦྱང་དང་སངས་རྒྱས་མཆོད་པ་དང་། །ཆོས་ཡོངས་གཟུང་དང་སངས་རྒྱས་བྱང་ཆུབ་དང་། །ཡེ་ཤེས་རྣམ་པར་སྦྱང་ཕྱིར་སེམས་དེ་སྐྱེ། །རྒྱལ་བ་ཀུན་དང་ཆོས་དང་དེ་བཞིན་དུ། །འཕགས་པའི་ ཚོགས་ལ་རྟག་ཏུ་དད་པ་དང་། །དང་ཞིང་མོས་དང་གུས་པ་རབ་བསྐྱེད་ནས། །བླ་མ་གུས་པར་མཆོད་ཕྱིར་སེམས་དེ་སྐྱེ། །རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་ སེམས་སྐྱེའོ། །དད་པའི་སྟོབས་ཀྱིས་མི་བདག་གྱུར་པ་རྣམས། །བསམ་ཡས་རྒྱ་ཆེན་མཆོད་པས་མཆོད་བྱས་ཤིང་། །ཆོས་དང་དེ་བཞིན་མི་ཕྱེད་དགེ་འདུན་ལ། །བསམ་ཡས་མཆོད་པས་མཆོད་ནས་སེམས་སྐྱེའོ། །དད་པ་སྔོན་འདྲེན་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཅིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་ རྩ་བ་ཡིན། །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕང་སྟོན་ཅིང་ཐོབ་པར་བྱེད། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་རྫི་ཞིང་། །ཉོན་ མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །དད་པ་རང་འབྱུང་ཡོན་ཏན་རྣམས་བྱང་ཚོལ། །དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་དལ་སྤངས་ཤིང་དལ་བའི་མཆོག་གཅིག་ཡིན། །དད་པ་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཡོན་ ཏན་ཞིང་གི་ས་བོན་མ་རུལ་པ། །དད་པ་བྱང་ཆུབ་ཞིང་ནི་རྣམ་པར་སྐྱེད། །ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བར་བྱེད། །དད་པ་རྒྱལ་བ་ཐམས་ཅད་སྟོན་པ་ཡིན། །དད་པས་མོས་པའི་ཁྱད་པར་དགའ་རྣམས་ཀྱི། །དེ་ལ་སྤྱོད་པ་རིམ་གྱིས་བརྗོད་པར་བྱ། །འདི་འདྲའི་ཆོས་ནི་འཇིག་རྟེན་རབ་ དཀོན་ཏེ། །རྒྱ་མཚོའི་ནང་ན་རིན་ཆེན་རྒྱལ་པོ་བཞིན། །གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་ཚུལ་ཁྲིམས་བསླབ་པ་ཡོངས་མི་འདོར། །གང་དག་ཚུལ་ཁྲིམས་བསླབ་པ་མི་འདོར་བ། །ཡོན་ཏན་ལྡན་དེ་ཡོན་ཏན་ལྡན་པས་བསྟོད། །ཚུལ་ཁྲིམས་བྱང་ཆུབ་སེམས་སྟོན་ བྱེད་པ་སྟེ། །སློབ་པའི་ས་ཡི་ཡོན་ཏན་རྣམས་ལ་སྦྱོར། །ཚུལ་ཁྲིམས་བསླབ་པ་འདོར་བར་མི་བྱེད་པ། །དེ་དག་རྒྱལ་བས་བསྔགས་པའི་འོས་སུ་འགྱུར། །གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་རྒྱལ་ལ་མཆོད་པ་རྒྱ་ཆེན་བྱེད། །གང་དག་རྒྱལ་ལ་མཆོད་པ་ཆེ་བྱེད་པ། །དེ་དག་ སངས་རྒྱས་དད་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་ཆོས་ལ་དད་གུས་པ། །དེ་དག་རྒྱལ་བར་ཆོས་ཉན་ངོམས་པ་མེད། །གང་དག་རྒྱལ་བའི་ཆོས་ཉན་མི་ངོམས་པ། །དེ་དག་ཆོས་ལ་མོས་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་དགེ་འདུན་དད་གུས་པ། །དེ་དག་མི་ལྡོག་དགེ་ འདུན་དད་པ་ཡིན། །གང་དག་མི་ལྡོག་དགེ་འདུན་རབ་དད་པ། །དེ་དག་དད་པའི་སྟོབས་ཀྱིས་མི་ལྡོག་འགྱུར། །གང་དག་དད་པའི་སྟོབས་ཀྱིས་མི་ལྡོག་པ། །དེ་དག་དབང་པོ་རྣོ་ཞིང་རབ་ཏུ་གསལ། །གང་དག་དབང་པོ་རྣོ་ཞིང་རབ་གསལ་བ། །དེ་དག་སྡིག་པའི་གྲོགས་པོ་རྣམ་པར་ སྤངས། །གང་དག་སྡིག་པའི་གྲོགས་པོ་རྣམ་སྤངས་པ། །དེ་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་སུ་བཟུང་། །གང་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་བཟུང་བ། །དེ་དག་དགེ་བ་རྒྱ་ཆེན་སོགས་པར་བྱེད། །གང་དག་དགེ་བ་རྒྱ་ཆེན་སོགས་བྱེད་པ། །བདག་ཉིད་ཆེན་པོ་དེ་དག་རྒྱུ་སྟོབས་ ལྡན། །བདག་ཉིད་ཆེན་པོ་རྒྱུ་སྟོབས་གང་ལྡན་པ། །དེ་དག་མོས་པའི་ཁྱད་པར་རྒྱ་ཆེན་འགྱུར། །གང་དག་མོས་པའི་ཁྱད་པར་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཀུན་གྱིས་རྟག་བྱིན་བརླབས། །གང་དག་རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །གང་དག་ བྱང་ཆུབ་དོན་དུ་སེམས་སྐྱེ་བ། །དེ་དག་དྲང་སྲོང་ཆེན་པོའི་ཡོན་ཏན་བརྩོན། །དྲང་སྲོང་ཆེན་པོའི་ཡོན་ཏན་གང་བརྩོན་པ། །དེ་དག་རིགས་མཐོ་སངས་རྒྱས་རིགས་སུ་སྐྱེ། །གང་དག་རིགས་མཐོ་སངས་རྒྱས་རིགས་སྐྱེས་པ། །དེ་དག་མཉམ་ཞིང་སྦྱོར་དང་མི་སྦྱོར་སྤངས། །མཉམ་ཞིང་ སྦྱོར་དང་མི་སྦྱོར་གང་སྤངས་པ། །དེ་དག་དད་དང་བསམ་པ་རྣམ་པར་དག །གང་དག་དད་དང་བསམ་པ་རྣམ་དག་པ། །དེ་དག་ལྷག་པའི་བསམ་པ་དམ་པ་མཆོག །གང་དག་ལྷག་བསམ་དམ་པ་མཆོག་ལྡན་པ། །དེ་དག་རྟག་ཏུ་ཕ་རོལ་ཕྱིན་པ་སྤྱོད། །གང་དག་རྟག་ཏུ་ཕ་རོལ་ ཕྱིན་སྤྱོད་པ། །དེ་དག་ཐེག་པ་ཆེན་པོ་འདི་ལ་ཞུགས། །གང་དག་ཐེག་པ་ཆེན་པོ་འདིར་ཞུགས་པ། །དེ་དག་སངས་རྒྱས་རྣམས་ལ་སྒྲུབ་པས་མཆོད། །གང་དག་སྒྲུབ་པས་སངས་རྒྱས་མཆོད་བྱེད་པ། །དེ་དག་སངས་རྒྱས་རྗེས་སུ་དྲན་མི་ཕྱེད། །གང་དག་སངས་རྒྱས་རྗེས་དྲན་ མི་ཕྱེད་པ། །དེ་དག་རྟག་ཏུ་སངས་རྒྱས་བསམ་ཡས་མཐོང་། །གང་དག་སངས་རྒྱས་བསམ་ཡས་རྟག་མཐོང་བ། །དེ་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན། །གང་དག་ནམ་ཡང་སངས་རྒྱས་མི་བཞུགས་མིན། །དེ་དག་བར་སྐབས་ཆོས་ལས་ཉམས་མི་འགྱུར། །གང་དག་བར་ སྐབས་ཆོས་ལས་མི་ཉམས་པ། །དེ་དག་སྤོབས་པ་སྒྲིབ་པ་མེད་པར་འགྱུར། །གང་དག་སྤོབས་པ་སྒྲིབ་པ་མེད་གྱུར་པ། །དེ་དག་ཆོས་རབ་སྟོན་པ་མཐའ་ཡས་འགྱུར། །གང་དག་ཆོས་རབ་སྟོན་པ་མཐའ་ཡས་པ། །དེ་དག་འགྲོ་ལ་བྱམས་ཤིང་ཕན་པར་འདོད། །གང་དག་ འགྲོ་ལ་བྱམས་ཤིང་ཕན་འདོད་པ། །དེ་དག་སྙིང་རྗེ་ཆེན་པོའི་རྩ་བ་བརྟན། །གང་དག་སྙིང་རྗེ་ཆེན་པོའི་རྩ་བརྟན་པ། །དེ་དག་ཆོས་དགའ་དགའ་བའི་དབང་པོར་འགྱུར། །གང་དག་ཆོས་དགའ་དགའ་བའི་དབང་པོ་ཅན། །དེ་དག་འདུས་བྱས་སྐྱོན་གྱིས་ཡལ་བར་བོར། །གང་དག་འདུས་བྱས་ སྐྱོན་གྱིས་ཡལ་བོར་བ། །དེ་དག་ང་རྒྱལ་རྒྱགས་མེད་བག་མེད་མིན། །གང་དག་ང་རྒྱལ་རྒྱགས་མེད་བག་མེད་མིན། །དེ་དག་རྟག་ཏུ་བདག་དང་གཞན་དོན་བརྩོན། །གང་དག་རྟག་ཏུ་བདག་གཞན་དོན་བརྩོན་པ། །དེ་དག་འཁོར་བར་ཡོངས་སུ་སྐྱོ་བ་མེད། །གང་དག་འཁོར་བར་ཡོངས་སུ་ མི་སྐྱོ་བ། །དེ་དག་རྟུན་པ་དམ་པ་མཆོག་དང་ལྡན། །གང་དག་རྟུན་པ་དམ་པ་མཆོག་ལྡན་པ། །དེ་དག་མངོན་ཤེས་རྣམ་པར་དག་པ་སྐྱེས། །གང་དག་མངོན་ཤེས་རྣམ་པར་དག་སྐྱེས་པ། །དེ་དག་འགྲོ་བའི་སྤྱོད་པ་མང་པོ་རྟོགས། །གང་དག་འགྲོ་བའི་སྤྱོད་པ་མང་རྟོགས་པ། །དེ་དག་འགྲོ་ བ་ཡོངས་སུ་སྨིན་བྱེད་མཁས། །འགྲོ་བ་ཡོངས་སུ་སྨིན་བྱེད་གང་མཁས་པ། །དེ་དག་འགྲོ་བ་སྡུད་ཤེས་ཆོ་ག་མཁས། །འགྲོ་བ་སྡུད་ཤེས་ཆོ་ག་སུ་མཁས་པ། །དེ་དག་བསྡུ་བའི་དངོས་པོ་བཞི་ལ་བརྩོན། །གང་དག་བསྡུ་བའི་དངོས་པོ་བཞིར་བརྩོན་པ། །དེ་དག་འགྲོ་བའི་དོན་ནི་ མཐའ་ཡས་བྱེད། །གང་དག་འགྲོ་དོན་མཐའ་ཡས་བྱེད་གྱུར་པ། །དེ་དག་ཤེས་རབ་ཐབས་ལ་རྟེན་པ་ཡིན། །གང་དག་ཤེས་རབ་ཐབས་ལ་རྟེན་གྱུར་པ། །དཔའ་བོ་དེ་དག་བླ་མེད་ལམ་ལ་གནས། །དཔའ་བོ་གང་དག་བླ་མེད་ལམ་གནས་པ། །དེ་དག་བདུད་དཔུང་རྣམས་ཀྱིས་ ཡོངས་མི་ཚུགས། །གང་དག་བདུད་དཔུང་རྣམས་ཀྱིས་མི་ཚུགས་པ། །དེ་དག་བདུད་ཀྱི་ལམ་ལས་རབ་ཏུ་འདས། །གང་དག་བདུད་ཀྱི་ལམ་ལས་རབ་འདས་པ། །དེ་དག་མི་ལྡོག་ས་ནི་རྗེས་སུ་འཐོབ། །གང་དག་མི་ལྡོགས་ནི་ཐོབ་གྱུར་པ། །དེ་དག་མི་སྐྱེ་བཟོད་པ་ཐོབ་པ་ཡིན། །གང་ དག་མི་སྐྱེ་བཟོད་པ་ཐོབ་གྱུར་པ། །འཇིག་རྟེན་སྒྲོན་ཏེ་རྒྱལ་བས་ལུང་བསྟན་ཏོ། །འཇིག་རྟེན་སྒྲོན་གང་རྒྱལ་བས་ལུང་བསྟན་པ། །དེ་དག་རྒྱལ་བ་ཀུན་དང་མངོན་སུམ་གནས། །རྒྱལ་བ་ཀུན་དང་མངོན་སུམ་སུ་གནས་པ། །དེ་དག་རྒྱལ་གསང་རྣམ་འཕྲུལ་ཆོ་ག་མཁས། །རྒྱལ་གསང་རྣམ་ འཕྲུལ་ཆོ་ག་སུ་མཁས་པ། །དེ་དག་རྒྱལ་བ་ཀུན་གྱིས་དགོངས་པ་ཡིན། །གང་དག་རྒྱལ་བ་ཀུན་གྱིས་དགོངས་གྱུར་པ། །དེ་དག་ཡོན་ཏན་ཀུན་གྱིས་ལེགས་པར་བརྒྱན། །གང་དག་ཡོན་ཏན་ཀུན་གྱིས་ལེགས་བརྒྱན་པ། །དེ་དག་བསོད་ནམས་དམ་པས་ལུས་ཀྱང་སྦྱངས། །བསོད་ ནམས་མཆོག་གིས་གང་ལུས་རྣམ་སྦྱངས་པ། །དེ་དག་གསེར་གྱི་རི་བོ་འདྲ་བར་འབར། །གསེར་གྱི་རི་བོ་འདྲ་བར་སུ་འབར་བ། །དེ་དག་སུམ་ཅུ་རྩ་གཉིས་མཚན་རྣམས་རྫོགས། །གང་དག་སུམ་ཅུ་རྩ་གཉིས་མཚན་རྫོགས་པ། །དེ་དག་ལུས་རྣམས་དཔེ་བྱད་བཟང་པོས་སྤྲས། ། གང་དག་ལུས་རྣམས་དཔེ་བྱད་བཟང་སྤྲས་པ། །དེ་དག་ལུས་ཀྱི་འོད་ནི་མཐའ་ཡས་སོ། །གང་དག་ལུས་ཀྱི་འོད་ནི་མཐའ་ཡས་པ། །དེ་དག་འོད་ཟེར་བཀོད་པ་བསམ་མི་ཁྱབ། །གང་དག་འོད་བཀོད་བསམ་གྱིས་མི་ཁྱབ་པ། །དེ་དག་འོད་ལས་པད་མ་རྣམས་ཀྱང་འབྱུང་། །གང་དག་ འོད་ལས་པད་མ་རྣམས་བྱུང་བ། །དེ་དག་རྒྱལ་གཟུགས་པད་མའི་གདན་འཁོད་པར། །ཕྱོགས་བཅུའི་འཇིག་རྟེན་དག་ཏུ་སྟོན་བྱེད་ཅིང་། །དོན་ཡོད་གནས་པ་སེམས་ཅན་འདུལ་བར་བྱེད། །གང་དག་རྒྱལ་གཟུགས་པད་མའི་གདན་འཁོད་པར། །ཕྱོགས་བཅུའི་འཇིག་རྟེན་དག་ཏུ་ སྟོན་བྱེད