Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 057_མདོ་སྡེ།_པ

Văn bản gốc(Tây Tạng)

Trang 3 / 22 (50.000 ký tự/trang)
རྣམ་པ་ཐམས་
ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བསོད་ནམས་འཇིག་རྟེན་ལས་འདས་པ། རྣམ་པ་ཐམས་ཅད་ཀྱི་དཔེར་ཡང་མི་བཟོད་པ་དེ་ལྟ་བུའི་བསོད་ནམས་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འཇིག་རྟེན་པའི་བསོད་
ནམས་ཚད་མེད་པ་གང་ཡིན་པ་དེ་ཡང་རྒྱུ་དང་འབྲས་བུར་བཅས་པ་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པར་བསྡུས་པའི་ཕྱིར་འདོད་པ་ཉིད་ཡོངས་སུ་གྲུབ་པ་མ་ཡིན་ཏེ། དེ་ནི་རྒྱུ་ཟད་དེ་འབྲས་བུ་བྱུང་བས་མི་རྟག་པའོ། །ཀུན་དགའ་བོ་ཉན་ཐོས་དང་རང་སངས་རྒྱས་
རྣམས་ཀྱི་བསོད་ནམས་འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ཡང་རྒྱ་ཆེ་བ་མ་ཡིན་ཞིང་དོན་ཆུང་ལ་ཟད་པར་འགྱུར་བའོ། །དེ་ལ་རྒྱ་ཆེ་བ་མ་ཡིན་པ་ནི་ཐེག་པ་དམན་པ་ལ་གནས་ཤིང་དམིགས་ཏེ་ཡིད་ལ་བྱེད་པའི་ཕྱིར་རོ། །དོན་ཆུང་བ་ནི་བདག་ཉིད་རྗེས་སུ་འཛིན་པར་ཉེ་བར་གནས་
པའི་ཕྱིར་རོ། །ཟད་པར་འགྱུར་བ་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་བསོད་ནམས་དེ་ནི་ཡོངས་སུ་གྲུབ་པ། རྒྱུ་ཟད་པ་མ་ཡིན་པ། རྒྱ་ཆེ་བ།
དོན་ཆེ་བ། ཟད་པར་མི་འགྱུར་བའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ལས་བྱུང་བའི་བསོད་ནམས་དེ་ལ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱིས་དཔེར་ཡང་མི་བཟོད་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་
འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བར་ཟུང་ཤིག །ཐེག་པ་ཆེན་པོ་ལ་དད་པ་འཇུག་པ་ཞེས་བྱ་

བར་ཡང་ཟུང་ཤིག །ཐེག་པ་ཆེན་པོ་ལ་དད་པ་རྣམ་པར་འཕེལ་བ་ཞེས་བྱ་བར་ཡང་ཟུང་ཤིག་ཐེག་པ་ཆེན་པོ་ལ་དད་པ་ངེས་པར་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བའི་ཚིག་
བླ་དགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་
དོ། །འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་ཞུས་ཤིང་བྲིས་ཏེ་གཏན་ལ་ཕབ་པ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་རཏྣོལྐ་ནཱ་མ་དྷཱ་ར་ཎཱི་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་
པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་དུ་ཚང་བ་ཐམས་ཅད་ཀྱང་དཀར་པོའི་ཆོས་ཡོངས་སུ་རྫོགས་པ། སེང་གེའི་སྒྲ་ཆེན་པོ་སྒྲོག་པ། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཚོལ་བ་ལ་མཁས་པ་ཤ་སྟག་གི་དགེ་སློང་གི་དགེ་འདུན་ཆེན་
པོ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་
བརྩོན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱིས་བརྒྱན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་མངོན་བསྒྲགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་དང་། བྱང་ཆུབ་སེསམ་དཔའ་སེམས་དཔའ་ཆེན་པོ་

ཡོན་ཏན་བཀོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་གློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་མཚོན་
ཆ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྲ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་འཛིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་བློ་གྲོས་དང་། བྱང་ཆུབ་སེསམ་དཔའ་སེམས་དཔའ་ཆེན་པོ་དོན་ཀུན་མཐོང་དང་། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་སོང་སྤོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ལེན་མི་འདོར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཙན་དན་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འབྱུང་དཀའ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་འབྱུང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་མགྱོགས་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་ངེས་པར་བྱུང་

པ་དབྱངས་སྒྲ་ཐོགས་པ་མེད་པ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཟིལ་གྱིས་གནོན་པ་ལ་མཁས་པ། མི་འཇིགས་པ་ལ་གནས་པ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བ། ཡིད་དུ་འོང་བའི་དབྱངས་དང་ལྡན་པ། ཁམས་གསུམ་ལ་མ་ཆགས་པ། གཡོག་
འཁོར་མི་ཕྱེད་པ་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་སྐྱེས་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཚད་མེད་པ་དང་ལྡན་པ། རེ་བ་ཐམས་ཅད་ཡོངས་སུ་སྐོང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་ཁོང་དུ་ཆུད་པ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་
དོན་ཡོད་པ་ལ་མོས་པ། ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་བརྩོན་པ། ཏིང་ངེ་འཛིན་དང་སྤྱོད་པ་ཚད་མེད་པར་བྱིན་གྱིས་བརླབས་པ། མི་འཇིགས་པ་ཐོབ་པ། སྟོང་པ་ཉིད་སྤྱོད་ཡུལ་བ། མཚན་མ་མེད་པ་ལ་གནས་པ་ཤ་སྟག་དང་ཡང་ཐབས་ཅིག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཇི་ལྟར་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་དངོས་པོ་མེད་པར་རྟོགས་པར་བྱའོ། །རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་ནམ་མཁའ་དང་མཚུངས་པ་དང་། སྤྲོས་པ་མེད་པ་དང་མ་སྤྲོས་པ་དང་བླང་བ་མེད་པ་དང་དོར་བ་མེད་པ་དང་དངོས་པོ་མེད་པ་དང་། གནས་པ་མེད་པ་སྟེ་དེ་ལྟར་རྟོགས་པར་བྱའོ། །
བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཆོས་ཀྱི་དབྱིངས་འབྱུང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་འབྱུང་བ་མེད་པའོ། །རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའོ། །
རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་དངོས་པོ་མེད་པར་རྟོགས་པ་སྟེ། དངོས་པོ་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ཞིང་བསྟན་པར་བྱ་བ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ལ་རྣམ་པ་དུ་མཆིས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་རྣམ་པ་ནི་ཚད་མེད་དེ་དེ་ནི་ཚད་དང་ལྡན་པར་བསྟན་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཆོས་ཀྱི་དབྱིངས་རྣམ་པར་རྟོག་པར་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་རྣམ་པར་མི་རྟོག་གོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཅིའི་སླད་དུ་རྟོག་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ནི་ཟབ་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཅི་སྐད་སྨྲས་པ་བཞིན་ནོ། །རིགས་ཀྱི་བུ་གཞན་ཡང་ཆོས་ཐམས་ཅད་སྤྲོས་པ་མེད་པ་ནི་བྱང་ཆུབ་ཅེས་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ཀྱི་ཞབས་
ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དཀོན་མཆོག་ཏ་ལ་ལ་ཞེས་བགྱི་བའི་གཟུངས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཆོས་ཐམས་ཅད་ལ་
ཐོགས་པ་མེད་པའི་སྤོབས་པ་ལ་གནས་པ་འདི་ལ་དྲིས་ཤིག་དང་། འདིས་ཁྱོད་ལ་སྟོན་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་ཏེ་འདུག་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཐམས་
ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་བཅོམ་ལྡན་འདས་ཉིད་ཀྱིས་ཅིའི་སླད་དུ་མི་བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་དག་འཁོད་པ་དེ་ན་དེ་བཞིན་གཤེགས་པ་རྣམས་བཏང་སྙོམས་སུ་བཞུགས་

སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་བཏང་སྙོམས་སུ་བཞུགས་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ང་ནི་སེམས་ཅན་གྱི་ཁམས་ཡལ་བར་འདོར་བ་མ་ཡིན་ཏེ། རིགས་ཀྱི་བུ་འོན་ཀྱང་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་བསྟན་པ་ནི་བསྟན་པ་ཚད་མེད་ཅིང་བསྟན་པ་བསམ་གྱིས་མི་ཁྱབ་བོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དཀོན་མཆོག་ཏ་ལ་ལ་ཞེས་བགྱི་བའི་གཟུངས་བཤད་དུ་གསོལ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འདི་ལ་དྲིས་ཤིག་དང་། འདིས་ཁྱོད་ལ་སྟོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྐྱེས་བུ་དམ་པ་འདི་ནི་ཡེ་ཤེས་ཀྱི་ཚོགས་ལ་གནས་པའོ། །འཇམ་དཔལ་གྱིས་གསོལ་པ། གལ་ཏེ་དེ་
བཞིན་གཤེགས་པས་བདག་ལ་དགོངས་ན་བདག་གིས་སྐྱེས་བུ་དམ་པ་འདི་ལ་དྲི་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཏིང་ངེ་འཛིན་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པ་ཡིན་ན་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་ཅི་དགོས། རིགས་ཀྱི་བུ་
ཁྱོད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྐལ་པ་དང་ལྡན་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་ཆོས་གང་དག་ཀུན་ཏུ་བསྟེན་པ་དང་། བསྒོམས་པ་དང་མང་དུ་བགྱིས་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུར་
རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་ཏེ། འོན་ཀྱང་འཇམ་དཔལ་ང་ཁྱོད་ལ་གསོལ་བ་འདེབས་ཀྱིས་ཁྱོད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་དྲིས་ཤིག །དེ་ནས་བཅོམ་ལྡན་
འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འདི་ནི་ཤིན་ཏུ་ཟབ་མོ་སྟོན་པ་སྟེ། ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་

ཁྱོད་ཀྱང་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་རྒྱལ་པོ་ཡིན་གྱིས་བདག་ལ་མ་གསུང་ཤིག །ཡང་རིགས་ཀྱི་བུ་ཁྱོད་ནི་སྟོང་པ་ཉིད་ལ་གནས་པའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་
སོར་མོ་བཅུའི་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཁྱོད་ཀྱིས་བདག་ལ་སྐབས་ཕྱེ་ན་ཁྱོད་ལ་བདག་ཡི་གེ་འབྲུ་གཉིས་ཤིག་འདྲིའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། རིགས་ཀྱི་བུ་དེའི་
དུས་ལ་དབབ་པར་ཤེས་ན་དྲིས་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་སངས་རྒྱས་ཞེས་བྱ་བའི་གཞིའི་དོན་གང་ཡིན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་
པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་སངས་རྒྱས་ཀྱི་གཞིའི་དོན་ནི་གཞི་མེད་པའི་དོན་ཏོ། །སངས་རྒྱས་ཀྱི་གཞིའི་དོན་ནི་དངོས་པོ་མེད་པའི་དོན་ཏོ། །སངས་རྒྱས་ཀྱི་གཞིའི་དོན་ནི་བསམ་གྱིས་མི་ཁྱབ་པའི་དོན་ཏོ། །སངས་རྒྱས་ཀྱི་གཞིའི་དོན་ནི་མི་མཉམ་པ་དང་མཉམ་པའི་དོན་ཏོ། །སངས་
རྒྱས་ཀྱི་གཞིའི་དོན་ནི་སྤྲོས་པ་མེད་པའི་དོན་ཏོ། །སངས་རྒྱས་ཀྱི་གཞིའི་དོན་ནི་མ་སྤྲོས་པའི་དོན་ཏོ། །སངས་རྒྱས་ཀྱི་གཞིའི་དོན་ནི་བླང་བ་མེད་པའི་དོན་ཏོ། །སངས་རྒྱས་ཀྱི་གཞིའི་དོན་ནི་དོར་བ་མེད་པའི་དོན་ཏོ། །སངས་རྒྱས་ཀྱི་གཞིའི་དོན་ནི་ནམ་མཁའ་དང་མཚུངས་པའི་དོན་ཏོ། །
སངས་རྒྱས་ཀྱི་གཞིའི་དོན་ནི་བསྙད་དུ་མེད་པའི་དོན་ཏེ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་ནི་དེ་ལྟ་བུ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་གལ་ཏེ་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཡིན་ན། འོ་ན་སངས་རྒྱས་ཀྱི་ཆོས་རྣམས་ཤེས་ཇི་སྐད་
བསྟན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བསྟན་པ་འདི་ནི་བསྟན་དུ་མེད་པའོ། །འཇམ་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བསྟན་དུ་མེད་ན་ཅི་ཞིག་བསྟན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། འཇམ་དཔལ་

བསྟན་དུ་མེད་པ་ནི་བཏགས་ཏེ་བསྟན་ཏོ། །འཇམ་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བཏགས་པས་ཅི་ཞིག་འདོགས་པར་བྱེད། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། འཇམ་དཔལ་བཏགས་པས་ནི་དངོས་པོ་ཡང་མི་འདོགས། དངོས་པོ་མེད་པ་ཡང་མི་འདོགས་
སོ། །འཇམ་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་གལ་ཏེ་བཏགས་པས་དངོས་པོ་ཡང་མི་འདོགས་དངོས་པོ་མེད་པ་ཡང་མི་འདོགས་ན་ཐེག་པ་གསུམ་པོ་དག་ཇི་ལྟར་བསྟན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། འཇམ་དཔལ་ཁྱོད་ཆོས་ཀྱི་དབྱིངས་ཆགས་བ་མེད་
པ་ལ་ཆགས་པར་མ་བྱེད། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་ཐམས་ནི་དངོས་པོ་མེད་པའོ་ཞེས་བསྟན་པའི་ཕྱིར་ཏེ། གང་དངོས་པོ་མེད་པའི་ཕྱིར་ཞེ་ན། ཕུང་པོ་ལྔ་དམིགས་པ་མེད་པའི་ཕྱིར་རོ། །འཇམ་དཔལ་གྱིས་སྨྲས་པ། བྱང་ཆུབ་སྤྲོས་པ་དང་
བཅས་པ་ཡིན་ནམ། འོན་ཏེ་སྤྲོས་པ་མེད་པ་ཡིན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་ནི་སྤྲོས་པ་དང་བཅས་པ་ཡང་མ་ཡིན། སྤྲོས་པ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་བྱང་ཆུབ་དང་། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དེ་ནི་གཉིས་སུ་
མེད་དེ་གཉིས་སུ་དབྱེར་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་རིགས་ཀྱི་བུ་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །གཏམ་འདི་བརྗོད་པས་ལྷ་དང་བཅས་པའི་འཇིག་རྟེན་འདི་ལ་རྨོངས་
པར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་བསྟན་པ་འདི་ལྟ་བུ་ནི་རྣམ་པ་འཚལ་བར་མི་རུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་
གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་བཏགས་པ་འདིས་བཏགས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་

པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་དག་པའི་སྒོ་འདི་ནི་མོས་པར་བགྱི་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་རྣམ་པར་དག་པའི་སྒོ་བསྟན་པ་འདི་ལེགས་པར་སྨྲས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །རིགས་ཀྱི་བུ་གཞན་ཡང་འདི་
ནི་ཆོས་ཐམས་ཅད་ཀྱི་རྒྱུ་འཐུན་པ་ཡིན་ནོ། །འདི་ནི་ཆོས་ཀྱི་ཆར་ཆེན་པོ་ཡིན་ནོ། །དེ་ནས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བྲམ་ཟེ་མཉམ་པ་ཉིད་དུ་གནས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ནི་མཉམ་པ་ཉིད་བསམ་གྱིས་མི་ཁྱབ་པ་ལགས་ཏེ། །
དེ་ལ་ཡི་གེ་མི་དམིགས། ཚིག་འབྲུ་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཆོས་ཀྱི་དབྱིངས་ལ་ཚིག་འབྲུ་མི་སྣང་། དོན་ཀྱང་མི་སྣང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་སྟོང་པ་ཉིད་ཀྱི་རྒྱུ་འཐུན་པ་གང་ལགས། རྣམ་པ་གང་ལགས། རྟགས་གང་ལགས། མཚན་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྟོང་པ་ཉིད་ནི་བརྗོད་དུ་མེད་པ། བསྙད་དུ་མེད་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་འདི་ལ་མོས་པ་
གང་ཡིན་པ་དེ་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་དེ་ནི་ཡི་གེ་མེད་པ་སྟེ། དེའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་དེ་ནི་བསྙད་དུ་མེད་པ་སྟེ། དེའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་ཆོས་ལ་གནས་པ་རྣམས་ཀྱི་རྣམ་པར་འཕྲུལ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་དང་པོ་བསྐྱེད་པའི་བྱང་

ཆུབ་སེམས་དཔའི་ཤེས་པ་ནི་མཆོག་ཡིན་གྱི་དགྲ་བཅོམ་པའི་ཤེས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལས་རིང་དུ་གནས་ལ། བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་བའི་ཕྱིར་རོ། །དེ་ནས་
བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་ཉན་ཐོས་ཀྱིས་ནི་ཉན་ཐོས་ཀྱི་ཆོས་རྣམས་མ་
ཐོབ་པ་ཉིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉན་ཐོས་ཀྱིས་ཉན་ཐོས་ཀྱི་ཆོས་རྣམས་མ་ཐོབ་པ་ནི་མ་ཡིན་ཏེ། འོན་ཀྱང་ཉན་ཐོས་ལ་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་དྲིས་པ་ལ་ལན་གདབ་པའམ། སྤྱོད་པའི་བྱིན་གྱིས་བརླབ་པར་བྱ་
བའི་ནུས་པ་དང་མཐུ་ག་ལ་ཡོད། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤ་ར་དྭ་ཏིའི་བུ་འདི་ནི་དེ་བཞིན་གཤེགས་པས་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན་བསྟན་པ་འདི་གང་ལ་བསྟན་
པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ངས་གང་བསྟན་པ་འདི་ནི་བསྟན་པ་མེད་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་གྱིས་ཉན་ཐོས་ཀྱི་ཆོས་རྣམས་ཐོབ་བམ། སྨྲས་
པ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། འོ་ན་ཅི་ཁྱོད་སོ་སོའི་སྐྱེ་བོའམ། སྨྲས་པ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། འོ་ན་ཅི་ཁྱོད་སློབ་བའམ། སྨྲས་པ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། འོ་ན་ཁྱོད་ཅི་ཤེས་རབ་དང་ལྡན་པའི་མཆོག་ཡིན་ནམ། སྨྲས་པ་དེ་ནི་མ་
ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། གལ་ཏེ་བཙུན་པ་ཤ་ར་དྭ་ཏིའི་བུ་སོ་སོའི་སྐྱེ་བོ་ཡང་མ་ཡིན། སློབ་པ་ཡང་མ་ཡིན། ཤེས་རབ་དང་ལྡན་པའི་མཆོག་ཀྱང་མ་ཡིན་ན་དེ་ཉིད་ཁྱོད་དམིགས་པ་ཅན་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་སྐྱེས་བུ་དམ་པ་རྒྱ་མཚོ་ལྟར་

གཏིང་དཔག་དཀའ་བ་ཁྱོད་དང་འགྱེད་པར་མི་བྱེད་དོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ནི་རྒན་རབས་ཐུ་བོ་མཆོག་ཡིན་གྱིས་བཙུན་པ་ཤ་ར་དྭ་ཏིའི་བུ་དེ་སྐད་མ་ཟེར་ཅིག །གནས་བརྟན་གྱིས་སྨྲས་པ། རིགས་ཀྱི་བུ་རྒས་པའི་དངོས་པོས་ནི་ཅི་ཡང་འཐོབ་པར་མི་
འགྱུར། མངོན་པར་རྟོགས་པར་མི་འགྱུར་རོ། །རིགས་ཀྱི་བུ་དོན་དེ་ཉིད་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་ངན་ངོན་གྱིས་ཀྱང་རི་བྲག་ཆེན་པོ་རྣམ་པར་འཇིག་གོ། །རིགས་ཀྱི་བུ་དེ་བཞིན་དུ་ཁྱོད་ཀྱི་སྤུའི་ཁུང་བུ་གཅིག་ན་ཤེས་རབ་འདུག་པ་གང་
ཡིན་པ་དེ་ནི་ཁོ་བོ་ལྟ་བུའི་སེམས་ཅན་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་རྣམས་ལ་མེད་དོ། །རིགས་ཀྱི་བུ་དོན་དེ་ཉིད་ཤེས་པར་བྱ་བའི་ཕྱིར་ཡང་ཁྱོད་ལ་དཔེ་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བ་ལང་གླང་པོ་ཆེ་ཤིན་ཏུ་མི་བཟད་པ་ཆེན་པོ་དེ་ཡང་མི་སྟོབས་དང་ལྡན་པས་ལྕགས་ཀྱུ་
ཆུང་དུས་དུལ་བར་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་ཁྱོད་ནི་སྟོབས་དང་ལྡན་པ། ཁོ་བོ་ནི་ཉམ་ཆུང་བ་སྟེ། གླང་པོ་ཆེ་ཆེན་པོ་འདི་ལྟ་བུ་དང་ཁོ་བོ་འགྱེད་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ།
དཔེར་ན་མི་དམུས་ལོང་གིས་ཤུལ་དུ་མཆི་བའམ། གྲོང་ཁྱེར་མཐོང་བར་ཡང་རྔོ་མི་ཐོགས་ན་ཁྱིམ་ནས་ཁྱིམ་དུ་མཆི་བའི་རྔོ་ལྟ་ག་ལ་ཐོགས་ཏེ། དེ་ནི་གནས་མ་མཆིས་སོ། །དེ་བཞིན་དུ་གླང་པོ་ཆེ་ཆེན་པོ་ལྟ་བུ་འདི་དག་གི་མདུན་ན་བདག་ནི་དམུས་ལོང་དང་མཚུངས་པར་མཐོང་སྟེ། སངས་རྒྱས་ཀྱི་
ཆོས་འདི་དག་ནི་དེ་ཙམ་དུ་རྒྱ་ཆེ་བ་ལགས་སོ། །བདག་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་ཏེ། ད་ཅི་བགྱིར་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་སྐད་མ་ཟེར་ཅིག །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པའི་འོད་
ཀྱིས་སེམས་ཅན་ཇི་སྙེད་ཅིག་ལ་རེག་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཁྱོད་ནི་ཏིང་ངེ་འཛིན་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་

དང་མིའི་སྐྱེ་དགུ་ལས་སེམས་ཅན་དགུ་ཁྲི་ཉིས་སྟོང་གིས་ཆོས་མངོན་པར་རྟོགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཀོན་མཆོག་ཏ་ལ་ལ་སྦྱོར་བ་མཐའ་ཡས་པ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་སོ། །
བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་སྙོམས་པར་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཕ་རོལ་ནས་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཕྲ་
རབ་ཀྱི་རྡུལ་སྙེད་ཀྱིས་ཞལ་མངོན་པར་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་མཚན་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་འཐུན་པ་ཤ་སྟག་གོ། །ཕྱོགས་གཅིག་ཇི་ལྟ་བར་ཕྱོགས་བཅུ་རྣམས་ནས་ཀྱང་དེ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ལ་
འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་ཀྱི་བློ་གྲོས་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྦྱོར་བ་མཐའ་ཡས་པ་ལ་སྙོམས་པར་ཞུགས་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འདི་ཉིད་ཀྱི་སྔོན་གྱི་སྨོན་
ལམ་དང་། སྔོན་གྱི་བྱིན་གྱི་རླབས་དང་། ཁྱོད་ཉིད་ཀྱི་དགེ་བའི་རྩ་བས་ཉེ་བར་བརྟན་པས་འདི་ལྟ་སྟེ་ཆོས་ཐམས་ཅད་བསྟན་པར་བྱ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་སྦྱང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་འཕེལ་བར་བྱ་བ་དང་། ཆོས་ཀྱི་དབྱིངས་སུ་འཇུག་པར་བྱ་བ་
དང་། སེམས་ཅན་གྱི་ཁམས་རྣམ་པར་དགྲོལ་བ་དང་། ཆགས་པ་མེད་པའི་ཡེ་ཤེས་ལ་འཇུག་ཅིང་ཆུད་པར་བྱ་བ་དང་། ཀུན་དུ་སྦྱོར་བར་བྱ་བ་དང་། སྐད་ཐམས་ཅད་བརྗོད་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པར་བྱ་བ་དང་། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་
པར་བྱ་བ་དང་། དུས་གསུམ་ཐམས་ཅད་ཡོངས་སུ་ཤེས་པའི་ཆོས་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་ཕྱོགས་བཅུ་ནས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐམས་ཅད་ཀྱང་མཚན་འཐུན་པར་འདི་དག་ཐམས་ཅད་ཁྱོད་ལ་བྱིན་གྱིས་རློབ་

ཀྱིས་རིགས་ཀྱི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་བཅུ་ལས་བརྩམས་ཏེ། སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་བསྟན་པ་འདི་ལ་སྤོབས་པ་སྐྱེད་ཅིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་
བློ་གྲོས་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་དང་། སྒྲིབ་པ་མེད་པ་དང་། ཆོད་པ་མེད་པ་དང་། བརྗེད་པ་མེད་པའི་ཆོས་ཉིད་དང་། ཐ་དད་པ་མེད་པའི་ཡེ་ཤེས་དང་། ཁ་ན་མ་ཐོ་བ་མེད་པ་དང་ཟིལ་གྱིས་མི་ནོན་པ་དང་། ཞུམ་པ་མེད་པ་དང་། འཕྲོགས་པ་མེད་པའི་ཆོས་ཉིད་དང་། བརྗོད་
པ་བཟང་པོ་ཉེ་བར་སྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཏིང་ངེ་འཛིན་འདི་ཉིད་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱི་མགོ་ལ་ཉུག་པ་མཛད་དེ། སངས་རྒྱས་
བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་རེག་མ་ཐག་ཏུ། དེ་ནས་ཏིང་ངེ་འཛིན་དེ་ལས་ལངས་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་འདི་ནི་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཀླས་
པ་དང་། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པས་རྒྱ་ཆེ་བའོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་གང་དག་འདས་པ་དང་། མ་བྱོན་
པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་གང་ཡིན། གང་ལས་བསམས་ཏེ་དེ་སྐད་སྨྲ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་

པ་བཅུ་པོ་དེ་དག་གང་ཡིན་པ་དེ་ཤོད་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་
པ་ནི་བཅུ་པོ་འདི་དག་སྟེ། དེ་དག་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་དང་། ལས་དང་
པོ་པ་དང་། རྣལ་འབྱོར་སྤྱོད་པ་དང་། སྐྱེ་བར་སྐྱེས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། ཕྱིར་མི་ལྡོག་པ་དང་གཞོན་ནུར་གྱུར་པ་དང་རྒྱལ་ཚབ་དང་། དབང་བསྒྱུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་
དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་ནི་བཅུ་པོ་དེ་དག་སྟེ། དེ་དག་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་
དེ་ལ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་མ་ཐག་ཏུ་གཟུགས་བཟང་བའམ། མཛེས་པའམ། ཁ་དོག་བཟང་པོ་
རྒྱས་པའམ། རྒྱ་ཆེ་བའམ། གཟི་བརྗིད་ཆེ་བའམ། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའམ། ཀུན་རྗོད་པའི་རྣམ་པར་འཕྲུལ་པའམ། རྗེས་སུ་བསྟན་པའི་རྣམ་པར་འཕྲུལ་པ་མཐོང་ངམ། སེམས་ཅན་སྡུག་བསྔལ་བ་དག་མཐོང་ངམ། དེ་བཞིན་གཤེགས་པའི་བསྔགས་པ་རྒྱ་ཆེར་
ཐོས་ན་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་ཅིང་ཐོག་མ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སེམས་བསྐྱེད་མ་ཐག་པ་དེ་ཉིད་ཀྱིས་བསྙེན་པར་དཀའ་བའི་གནས་བཅུ་ཡོངས་སུ་བཟུང་བར་འགྱུར་ཏེ། བཅུ་གང་ཞེ་ན། འདི་

ལྟ་སྟེང་གནས་དང་གནས་མ་ཡིན་པ་ཤེས་པ་དང་། འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་ལས་དང་ཆོས་ཡང་དག་པར་བླངས་པ་ཤེས་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དང་། ཁམས་དུ་མ་སྣ་ཚོགས་ཤེས་པ་དང་། མོས་པ་དང་རྣམ་པར་གྲོལ་བ་དུ་མ་ཤེས་པ་དང་། དབང་
པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡང་བ་ཐམས་ཅད་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང་། ལྷའི་མིག་གི་
ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་སྟེ། བསྙེན་པར་དཀའ་བའི་གནས་བཅུ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་སེམས་དང་པོ་བསྐྱེད་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་མཆོད་པ་དང་། བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ལ་སྦྱར་བར་བྱའོ། །དེ་ལ་འཇིག་རྟེན་གྱི་བདག་པོར་འགྱུར་བ་དང་། མཆོག་ཏུ་བྱ་བ་དང་ཟིལ་གྱིས་མི་གནོན་པ་དང་། སངས་རྒྱས་དཔག་ཏུ་མེད་པ་དང་ཕྲད་པ་དང་།
རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱ་བ་དང་། འཁོར་བའི་འཁོར་ལོ་རྣམ་པར་བཟློག་པ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། སེམས་ཅན་སྡུག་བསྔལ་བ་ཡོངས་སུ་བསྐྱབ་པ་ཡང་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་བསྐྱེད་མ་ཐག་པ་
དེ་ཉིད་ཀྱིས་ཤས་ཆེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་ཞིང་གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི། གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་
གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་ཐོག་མ་ཉིད་དུ་སེམས་རྣམ་པ་བཅུ་བསྐྱེད་དེ། རྣམ་པ་བཅུ་གང་

ཞེ་ན། འདི་ལྟ་སྟེ། ཕན་པར་བྱ་བའི་སེམས་དང་བདེ་བར་བྱ་བའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། མཉེན་པའི་སེམས་དང་། སྡུག་པའི་སེམས་དང་། ཕན་གདགས་པའི་སེམས་དང་། ཀུན་དུ་བསྲུང་བའི་སེམས་དང་། སྙོམས་པའི་སེམས་དང་། སློབ་དཔོན་གྱི་
སེམས་དང་། སྟོན་པའི་སེམས་ཏེ། སེམས་རྣམ་པ་བཅུ་པོ་འདི་དག་བསྐྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་ལུང་མནོད་པ་དང་། ཁ་ཏོན་ལ་སྦྱར་བར་བྱའོ། །མང་དུ་ཐོས་ནས་རབ་ཏུ་
དབེན་པ་ལ་སྦྱར་བར་བྱའོ། །རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་གཉེན་ལ་མངོན་པར་དགའ་བ་ལ་སྦྱར་བར་བྱའོ། །དགེ་བའི་བཤེས་གཉེན་ལ་མངོན་པར་དགའ་ནས་བཀའ་བློ་བདེ་བ་ལ་སྦྱར་བར་བྱའོ། །བཀའ་བློ་བདེ་བར་གྱུར་ནས་དུས་ཤེས་པ་ལ་སྦྱར་བར་བྱའོ། །དུས་ཤེས་པར་གྱུར་
ནས་མི་འཇིགས་པ་ལ་སྦྱར་བར་བྱའོ། །མི་འཇིགས་པར་གྱུར་ནས་དོན་ཤེས་པ་ལ་སྦྱར་བར་བྱའོ། །དོན་ཤེས་པར་གྱུར་ནས་ཆོས་ཀྱི་རྗེས་སུ་འབྲང་བ་ལ་སྦྱར་བར་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་ནས་བརྗེད་པ་མེད་པའི་ཆོས་ཉིད་ལ་སྦྱར་བར་བྱའོ། །རྨོངས་པ་མེད་པར་གྱུར་ནས་
ཆོས་རྣམ་པར་དགོད་པ་ལ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་བསྐྱེད་མ་ཐག་པ་དེ་ཉིད་ཀྱིས་ཤས་ཆེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་བརྩོན་པར་བྱེད་ཅིང་གོང་དུ་གནས་གང་དག་ཐོབ་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི་གཞན་གྱི་དྲིང་ལ་མི་འཇོག་པ་
ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་རྣལ་འབྱོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་རྣལ་འབྱོར་སྤྱོད་པའི་བྱང་ཆུབ་སེམས་
དཔའ་ནི་དམིགས་པ་རྣམ་པ་བཅུས་ཆོས་རྣམས་རྟོགས་པར་བྱེད་དེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་མི་རྟག་པ་ཉིད་དུ་རྟོགས་པར་བྱེད་པ་དང་། ཆོས་ཐམས་ཅད་ལ་སྡུག་བསྔལ་བ་ཉིད་དང་། བདག་མེད་པ་ཉིད་དང་། སྟོང་པ་ཉིད་དང་། གཡོ་བ་མེད་པ་ཉིད་དང་། དབུགས་

འབྱིན་པ་མེད་པ་ཉིད་དང་། གནས་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་དང་། རྩོལ་བ་མེད་པ་ཉིད་དང་། མངོན་བར་འདུ་བྱེད་པ་མེད་པ་ཉིད་དུ་རྟོགས་པར་བྱེད་དེ། ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་བའི་ཕྱིར་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྣལ་འབྱོར་
སྤྱོད་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་རྣལ་འབྱོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་གྱི་ཁམས་བརྟག་པ་ལ་སྦྱར་བར་བྱའོ། །ཆོས་ཀྱི་དབྱིངས་བརྟག་པ་ལ་སྦྱར་བར་བྱའོ། །འཇིག་རྟེན་གྱི་ཁམས་བརྟག་པ་ལ་སྦྱར་བར་བྱའོ། །སའི་ཁམས་བརྟག་
པ་ལ་སྦྱར་བར་བྱའོ། །ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་ནམ་མཁའི་ཁམས་དང་། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་བརྟག་པ་ལ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཤས་ཆེར་ཆོས་རྣམས་ལ་སྣང་བ་འཇུག་ཅིང་གོང་དུ་གནས་གང་དག་
ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི་གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྣལ་འབྱོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་སྐྱེ་བར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་
པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་སྐྱེ་བར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་སྤྱོད་པ་བྱེད་པ་བཅུས་གསུང་རབ་འཕགས་པར་སྐྱེས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཉིད་ལས་ཕྱིར་མི་ཟློགས་པ་དང་། སངས་རྒྱས་ལ་མི་ཕྱེད་པའི་དད་པ་མཐར་ཐུག་པར་འགྱུར་
བ་ཡོངས་སུ་གྲུབ་པ་དང་། ཆོས་ངེས་པར་སེམས་པ་དང་། སེམས་ཅན་ལ་རྣམ་པར་དཔྱོད་པ་དང་། ཞིང་ལ་རྣམ་པར་དཔྱོད་པ་དང་། འཇིག་རྟེན་ལ་རྣམ་པར་དཔྱོད་པ་དང་། ལས་ལ་རྣམ་པར་དཔྱོད་པ་དང་། རྣམ་པར་སྨིན་པ་ལ་རྣམ་པར་དཔྱོད་པ་དང་། འཁོར་བ་ལ་རྣམ་པར་དཔྱོད་པ་དང་།
མྱ་ངན་ལས་འདས་པ་ལ་རྣམ་པར་དཔྱོད་པ་སྟེ། ཡོངས་སུ་སྦྱོང་བ་བྱེད་པ་བཅུ་པོ་དེ་དག་གིས་གསུང་རབ་འཕགས་པར་སྐྱེས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་སྐྱེ་བར་སྐྱེས་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་སྐྱེ་བར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ནི་འདས་

པའི་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །མ་བྱོན་པའི་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །སངས་རྒྱས་ཐམས་
ཅད་ཀྱི་ཆོས་མཉམ་པ་ཉིད་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །འདས་པའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །ད་ལྟར་བྱུང་བའི་སངས་
རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡང་དག་པར་འགྲུབ་པ་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །འདས་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འགྲུབ་པ་མཉམ་པ་ཉིད་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །མ་བྱོན་
པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འགྲུབ་པ་མཉམ་པ་ཉིད་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འགྲུབ་པ་མཉམ་པ་ཉིད་རྣམ་པར་དཔྱད་པ་ལ་སྦྱར་བར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡོངས་སུ་འགྲུབ་པ་མཉམ་པ་ཉིད་རྣམ་
པར་དཔྱད་པ་ལ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཤས་ཆེར་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པར་བྱེད་ཅིང་། གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི་གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་སྐྱེ་བར་
སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་ལས་གང་ཅི་རྩོམ་
ཡང་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་བར་སྦྱར་བ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་དང་།

སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དྲང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་དད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་གདུལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རྩོམ་སྟེ། ཀྱེ་རྒྱལ་བའི་སྲས་དག་
འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་གནས་བཅུ་ཡང་དག་པར་བརྗོད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་མཐའ་ཡས་པ་དང་། སེམས་ཅན་དཔག་ཏུ་མེད་པ་དང་།
སེམས་ཅན་གྲངས་མེད་པ་དང་། སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་མཚུངས་པ་མེད་པ་དང་། སེམས་ཅན་གཞལ་དུ་མེད་པ་དང་། སེམས་ཅན་སྟོང་པ་ཉིད་དང་། སེམས་ཅན་གཡོ་བ་མེད་པ་ཉིད་དང་། སེམས་ཅན་མེད་པ་ཉིད་དང་། སེམས་ཅན་རང་བཞིན་མེད་པ་ཉིད་དོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཤས་ཆེར་མངོན་པར་ཞེན་པ་མེད་པ་ལ་སེམས་འཇོག་ཅིང་གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི་གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་
དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་བཅུ་ཐོས་ན་སངས་རྒྱས་ཀྱི་ཆོས་རྣམས་ལ་
བསམ་པ་ངེས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་། བྱང་ཆུབ་སེམས་དཔའ་རྣམས་
ཀྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། བྱང་ཆུབ་སེམས་དཔའི་སྦྱོད་པའི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། སེམས་

ཅན་གྱི་ཁམས་རྒྱ་ཆུང་ཞེས་འཆད་པའམ། སེམས་ཅན་གྱི་ཁམས་རྒྱ་ཆེ་ཞེའམ། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་ཞེའམ། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ཞེའམ། སེམས་ཅན་གྱི་ཁམས་གདུལ་སླ་ཞེའམ། སེམས་ཅན་
གྱི་ཁམས་གདུལ་དཀའ་ཞེའམ། ཆོས་ཀྱི་དབྱིངས་རྒྱ་ཆུང་ཞེའམ། ཆོས་ཀྱི་དབྱིངས་རྒྱ་ཆེ་ཞེའམ། འཇིག་རྟེན་གྱི་ཁམས་དག་འཇིག་ཅེའམ་མི་འཇིག་ཅེའམ་ཆོས་ཀྱི་དབྱིངས་ཡོད་ཅེའམ་ཆོས་ཀྱི་དབྱིངས་མེད་ཅེས་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན་ཏེ།
ཀྱེ་རྒྱལ་བའི་སྲས་དག་འདི་ནི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཆོས་ཀྱི་རྗེས་སུ་འཇུག་པ་བཅུ་ཡང་དག་པར་བརྗོད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་
མ་མེད་པ་ཉིད་དུ་ཡང་དག་པར་བརྗོད་པར་བྱ་བ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་ཉིད་དང་། དངོས་པོ་མེད་པ་ཉིད་དང་། མེད་པ་ཉིད་དང་། བརྫུན་པ་ཉིད་དང་། དབེན་པ་ཉིད་དང་། ངོ་བོ་ཉིད་མེད་པ་ཉིད་དང་། སྒྱུ་མ་ལྟ་བུ་ཉིད་དང་། རྨི་ལམ་ལྟ་བུ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་
དུ་ཡང་དག་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་མི་འཕྲོགས་པའི་ཕྱིར་ཤས་ཆེར་ལྷག་པའི་བསམ་པ་རྣམ་པར་འཕེལ་བའི་ཆོས་ཅན་དུ་གྱུར་ཅིང་། གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི་གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ།
ཀྱེ་རྒྱལ་བའི་སྲས་དག་འདི་ནི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་
དམིགས་པ་བཅུ་ཐོས་ན། སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཡོད་དོ་ཞེའམ་མེད་དོ་ཞེས་ཐོས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་དང་། ཆོས་ཡོད་དོ་ཞེའམ་མེད་དོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡོད་དོ་ཞེ་

འམ་མེད་དོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོད་དོ་ཞེའམ་མེད་དོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ངེས་པར་འབྱུང་ངོ་ཞེའམ་ངེས་པར་མི་འབྱུང་ངོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དག་འདས་སོ་ཞེའམ་མ་འདས་སོ་ཞེས་བྱ་བ་དང་།
དེ་བཞིན་གཤེགས་པ་དག་བྱོན་ཏོ་ཞེའམ་བྱོན་པ་མ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དག་ད་ལྟར་བྱུང་བའོ་ཞེའམ། ད་ལྟར་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཟད་དོ་ཞེའམ། མི་ཟད་དོ་ཞེས་བྱ་བ་དང་། དུས་གསུམ་པོ་དག་མཚན་ཉིད་གཅིག་ཅེའམ།
མཚན་ཉིད་གཅིག་པ་མ་ཡིན་ནོ་ཞེས་ཐོས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཆོས་ཀྱི་རྒྱུན་བཅུ་ཡང་དག་པར་
བརྗོད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་གཅིག་པ་ཉིད་དང་། ཐ་དད་པ་ཉིད་དུ་ཡང་དག་པར་བརྗོད་པར་བྱའོ། །མང་བ་དང་གཅིག་པ་ཉིད་དང་། ཡི་གེ་ལ་དོན་སྒྲོ་བཏགས་པ་དང་། དོན་ལ་ཡི་གེ་སྒྲོ་བཏགས་པ་དང་། དངོས་པོས་དངོས་པོ་མེད་པ་སྒྲོ་བཏགས་པ་
དང་། དངོས་པོ་མེད་པས་དངོས་པོ་སྒྲོ་བཏགས་པ་དང་། མཚན་མས་མཚན་མ་མེད་པ་སྒྲོ་བཏགས་པ་དང་། མཚན་མ་མེད་པས་མཚན་མ་སྒྲོ་བཏགས་པ་དང་། མཚན་ཉིད་ཀྱིས་མཚན་ཉིད་མེད་པ་སྒྲོ་བཏགས་པ་དང་། མཚན་ཉིད་མེད་པས་མཚན་ཉིད་སྒྲོ་བཏགས་པ་ཡང་དག་པར་
བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཤས་ཆེར་ཆོས་ཐམས་ཅད་ལ་མཁས་པ་ཡོངས་སུ་སྨིན་པའི་ཚུལ་ལ་ངེས་པར་འབྱུང་ཞིང་གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི་གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་
འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་གཞོན་ནུར་གྱུར་བའི་བྱང་ཆུབ་སེམས་དཔའ་ནི་ཆོས་རྟོགས་པ་བཅུ་དང་ལྡན་པ་ཡིན་

ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་ལས་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། ངག་གི་ལས་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། ཡིད་ཀྱི་ལས་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། སེམས་བསྐྱེད་པ་ཙམ་གྱིས་སྐྱེ་བ་མངོན་པར་སྒྲུབ་པ་ཡིན། སེམས་ཅན་གཞན་དག་དང་། གང་
ཟག་གཞན་རྣམས་ཀྱི་བསམ་བ་ཤེས་པར་བྱེད་ཅིང་མོས་པ་ལ་རྟོག་པ་ཡིན། སེམས་ཅན་གྱི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། འདོད་པའི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། གཟུགས་ཀྱི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། གཟུགས་མེད་པའི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་
ཡིན། དུས་ཇི་ལྟ་བ་བཞིན་དུ་འགྲོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཆོས་མངོན་པར་སྒྲུབ་པ་བཅུ་ཡང་དག་པར་བརྗོད་
པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་རབ་ཏུ་གཡོ་བར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དཔྱད་པ་དང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་གྲངས་
མེད་པར་འགྲོ་བ་དང་། དྲི་བ་གྲངས་མེད་པ་དྲི་བ་དང་། ཡིད་ཀྱི་ལུས་མངོན་པར་སྒྲུབ་པ་དང་། སྒྲ་སྐད་ལ་སྦྱོར་བ་ཚད་མེད་པ་དང་། སེམས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ཡོངས་སུ་འགྲུབ་པ་ཡང་དག་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཤས་ཆེར་མངོན་པར་སྒྲུབ་
པ་མཁས་པ་ལ་སྦྱོར་ཞིང་། གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི་གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་རྒྱལ་
ཚབ་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་ནི་ཆོས་རྟོགས་པར་བྱ་བ་བཅུ་ལ་མཁས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་སྐྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཉོན་མོངས་

པ་རྒྱུ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། བག་ཆགས་ཀྱི་མཚམས་སྦྱོར་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། སྤྱོད་ཡུལ་ལ་སྦྱོར་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཆོས་ཉིད་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཉེ་བར་སྤྱད་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན།
འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་ཤེས་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཀུན་རྫོབ་ཀྱི་བདེན་པ་ལ་ངེས་པར་རྟོགས་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་
དག་འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་དེ་ལ་གནས་བཅུ་ཡང་དག་པར་བརྗོད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོའི་ཕོ་བྲང་འཁོར་ལ་མཁས་པ་ཡང་དག་པར་བརྗོད་པར་བྱའོ། །རྒྱལ་པོའི་ཕོ་བྲང་འཁོར་
ཀུན་དུ་སྤྱད་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་རྣམ་པར་དཔྱད་པ་དང་། ཆོས་ཀྱི་རྒྱལ་པོའི་དབང་བསྐུར་བ་དང་། ཆོས་ཀྱི་རྒྱལ་པོའི་བྱིན་གྱི་རླབས་དང་། ཆོས་ཀྱི་རྒྱལ་པོའི་ཕ་རོལ་གནོན་པ་དང་། ཆོས་ཀྱི་རྒྱལ་པོའི་གནས་དང་། ཆོས་ཀྱི་རྒྱལ་
པོའི་བཀའ་ལུང་ཡང་དག་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་སེམས་ཤས་ཆེར་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པར་བསྒྲུབ་པ་ལ་འཇུག་ཅིང་གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྒྲུབ་ཀྱི་གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་
ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་
སེམས་དཔའ་ནི་ཤེས་པ་མངོན་པར་སྒྲུབ་པ་བཅུ་དང་ལྡན་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རབ་ཏུ་གཡོ་བར་བྱེད་པ་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བྱིན་གྱིས་རློབ་པ་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་

མེད་པ་སེམས་གཅིག་གིས་འདའ་བར་བྱེད་པ་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཡོངས་སུ་སྦྱོང་བ་བྱེད་པ་མང་བ་ཡིན། སེམས་ཅན་གྲངས་མེད་པའི་སེམས་གཅིག་གིས་རྣམ་པར་རིག་པར་བྱེད་པ་མང་བ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་
ལ་རྣམ་པར་ལྟ་བ་མང་བ་ཡིན། སེམས་ཅན་གྲངས་མེད་པའི་སེམས་ཀྱི་སྤྱོད་པ་ལ་སེམས་གཅིག་གིས་རྣམ་པར་དཔྱོད་པ་ལ་མཁས་པ་ཡིན། སེམས་ཅན་གྲངས་མེད་པའི་དབང་པོ་སེམས་གཅིག་གིས་རྟོགས་པར་བྱེད་པ་ལ་མཁས་པ་ཡིན། སེམས་ཅན་གྲངས་མེད་པ་
འདུལ་བ་ལ་མཁས་པ་ཡིན། སེམས་ཅན་གྲངས་མེད་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་འཛུད་པ་ལ་མཁས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་རྒྱལ་ཚབ་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མན་ཆད་གང་གིས་ཀྱང་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་
དཔའ་དེའི་ལུས་ཀྱི་ལས་ཤེས་པར་མི་ནུས། ངག་གི་ལས་ཤེས་པར་མི་ནུས། ཡིད་ཀྱི་ལས་ཤེས་པར་མི་ནུས། རྫུ་འཕྲུལ་ཤེས་པར་མི་ནུས། རྫུ་འཕྲུལ་རྣམ་པར་ལྟ་བ་ཤེས་པར་མི་ནུས། འདས་པའི་དུས་ལ་རྣམ་པར་ལྟ་བ་ཤེས་པར་མི་ནུས་ཤིང་མངོན་པར་འདུ་བྱེད་པ་ཤེས་
པར་མི་ནུས། བློས་རྣམ་པར་ལྟ་བ་ཤེས་པར་མི་ནུས། སེམས་ཀྱི་ཡུལ་ཤེས་པར་མི་ནུས། ཡེ་ཤེས་ཀྱི་སྤྱོད་ཡུལ་ཤེས་པར་མི་ནུས་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའོ། །ཀྱེ་རྒྱལ་བའི་སྲས་དག་དབང་བསྐུར་བ་ཐོབ་པའི་
བྱང་ཆུབ་སེམས་དཔའ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་དག་གནས་བཅུ་ཡང་དག་པར་བརྗོད་པ་མཛད་དེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དུས་གསུམ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཤེས་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པ་དང་། ཆོས་ཀྱི་དབྱིངས་
མཐའ་དང་དབུང་མེད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་དགང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་བྱིན་གྱིས་བརླབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་ཤེས་པ་དང་། ཆོས་ཐམས་ཅད་

མངོན་པར་ཤེས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་མཐའ་ཡས་པ་བརྗོད་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཤས་ཆེར་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་འཇུག་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་
གཞག་པའོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་བཅུ་བཤད་མ་ཐག་ཏུ་དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་
ཞིང་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་སོ། །འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏོ། །ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་གོ། །འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་
འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །འཁྲུགས། རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས་སོ། །སངས་རྒྱས་ཀྱི་མཐུ་དང་། ཆོས་ཉིད་ཐོབ་པས་ལྷའི་མེ་ཏོག་གི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷའི་བདུག་པའི་སྤྲིན་གྱི་ཆར་ཡང་མངོན་
པར་བབ་པོ། །ལྷའི་སྤོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་པོ། །ལྷའི་ཕྱེ་མའི་སྤྲིན་གྱི་ཆར་དང་། ལྷའི་ཕྲེང་བའི་སྤྲིན་གྱི་ཆར་དང་། ལྷའི་གོས་ཀྱི་སྤྲིན་གྱི་ཆར་དང་། ལྷའི་རིན་པོ་ཆེའི་སྤྲིན་གྱི་ཆར་དང་། ལྷའི་པད་མའི་སྤྲིན་གྱི་ཆར་དང་། ལྷའི་རྒྱན་ཕྲེང་གི་སྤྲིན་གྱི་ཆར་དང་། ལྷའི་རྒྱན་
གྱི་སྤྲིན་གྱི་ཆར་ཡང་མངོན་བར་བབ་པོ། །ལྷའི་སིལ་སྙན་རྣམས་ཀྱང་མ་དཀྲོལ་བར་སྒྲ་བྱུང་ངོ་། །ལྷའི་སྣང་བ་ཡང་རབ་ཏུ་བྱུང་ངོ་། །ལྷའི་ང་རོ་ཡང་གྲག་གོ། །གླིང་བཞི་པ་འདིར་རི་རབ་ཀྱི་རྩེ་མོར་ལྷའི་དབང་པོའི་ཁང་པར་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་
ཡང་ཆོས་བསྟན་པ་འདི་ཁྱབ་པར་གྱུར་ནས་བྱུང་སྟེ་ལྷག་ཆད་མེད་དོ། །ཚིག་འབྲུ་འདི་དག་ཉིད་ཀྱིས་དོན་འདི་ཉིད་སྟོན་ཏོ། །སངས་རྒྱས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཕ་རོལ་ནས་བྱང་ཆུབ་སེམས་དཔའ་

སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ལྷགས་ཏེ། ཕྱོགས་བཅུ་རྒྱས་པར་བཀང་ནས་འདི་སྐད་ཅེས་འཛེར་ཏོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཆོས་ཉིད་འདི་སྟོན་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་
ཀྱང་མིང་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་ཤ་སྟག་སྟེ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྤྲིན་ཅེས་བྱ་བ་དག་ནས་དེ་བཞིན་གཤེགས་པའི་མཚན་ཆོས་ཀྱི་བློ་གྲོས་བཟང་པོ་ཞེས་བྱ་བ་ཤ་སྟག་གི་ཐད་ནས་འདིར་ཕྱིན་ཏོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེ་དག་ཐམས་ཅད་དུ་ཆོས་
བསྟན་པ་འདི་བྱུང་སྟེ། འཁོར་འདི་ལྟ་བུ་དག་གི་ནང་དུ་ཚིག་འབྲུ་འདི་དག་གིས་དོན་འདི་ཉིད་སྟོན་ཏེ། ལྷག་ཆད་མེད་དོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་ནི་ཁྱོད་ཀྱི་དབང་དུ་གྱུར་ཏེ། སངས་རྒྱས་ཀྱི་མཐུས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ཏོ། །བདག་ཅག་ཇི་ལྟར་འཇིག་རྟེན་
གྱི་ཁམས་འདིར་ཕྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་ཐམས་ཅད་དུ་རི་རབ་ཀྱི་རྩེ་མོར་ལྷའི་དབང་པོའི་ཁང་པ་རྣམས་སུ་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཕྱིན་པར་གྱུར་ཏོ།། །།
བམ་པོ་གཉིས་པ། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དང་། ཆོས་ཀྱི་དབྱིངས་ལ་ཡང་རྣམ་པར་བལྟས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རང་བྱུང་
ཤིན་ཏུ་རྣམ་དག་བློ་མངའ་བ། །མཛེས་ཤིང་གཟུགས་ཀྱི་སྟོབས་དང་ལྡན་གྱུར་པ། །བསྙེན་དཀའ་མཚན་གྱིས་བརྒྱན་པ་མཐོང་གྱུར་ནས། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །དོ་ཟླ་མེད་པའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་བརྗོད་བཟང་དང་རྗེས་སུ་བསྟན་པ་དང་། །
སྡུག་བསྔལ་བཟོད་རླག་འཇིག་རྟེན་འགྲོ་མཐོང་ནས། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཡོན་ཏན་ཀུན་གྱི་འབྱུང་གནས་དེ་བཞིན་གཤེགས། །ཀུན་དུ་བཟང་པོའི་ཡོན་ཏན་ཐོས་གྱུར་ནས། །ནམ་མཁའི་དབྱིངས་འདྲ་འགྱུར་བ་མེད་པ་ཡི། །བྱང་ཆུབ་དོན་དུ་བརྟན་པ་སེམས་

འཇོག་བྱེད། །གནས་རྣམས་ཇི་སྙེད་གང་དག་ཡོད་གྱུར་དང་། །རང་བཞིན་གནས་པའི་གནས་རྣམས་གཞན་དག་ཀྱང་། །གཞན་མིན་དངོས་པོར་རྣམ་པར་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །འདས་དང་མ་འོངས་ད་ལྟར་དུས་དག་ན། །དགེ་དང་མི་དགེའི་
ལས་རྣམས་གང་ཡོད་པ། །དེ་དག་རྒྱུ་རྣམས་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཏིང་འཛིན་བསམ་གཏན་རྣམ་ཐར་སྤྱོད་པ་དང་། །དེ་བཞིན་སྙོམས་འཇུག་རྣམ་དག་མཐར་ཐུག་པ། །དེ་དག་གནས་སྐབས་རྟོགས་པར་བྱ་བའི་ཕྱིར། །བྱང་
ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །འཇིག་རྟེན་བརྩོན་འགྲུས་སྟོབས་དང་དབང་པོ་རྣམས། །ཅི་འདྲ་ཅི་འདྲ་དེ་ཡི་དེ་དང་དེར། །རིམ་པ་དེ་དག་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །འཇིག་རྟེན་ཀུན་གྱི་མོས་པ་ཅི་འདྲ་དང་། །ལྷག་པའི་བསམ་
བ་ཐ་དད་རྣམ་གསུམ་ནས། །བསྟན་བཅོས་དུ་མ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །རྣམ་པ་སྣ་ཚོགས་རྣམ་པ་དུ་མའི་ཁམས། །གང་དག་འཇིག་རྟེན་གསུམ་འདིར་ཡོད་ཀུན་གྱི། །ཁམས་ཀྱི་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་
དོན་དུ་བརྟན་པ་སེམས་དེ་འཇོག །ཆོས་འདིར་ཀུན་དུ་འགྲོ་བར་གང་གྱུར་ཅིང་། །དགེ་བའི་འཇུག་པ་གང་ཡང་རབ་འཇུག་པ། །ཡང་དག་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཞིང་རྣམས་ཐམས་ཅད་ཇི་ལྟར་འབྱུང་བ་དང་། །སེམས་
ཅན་ཇི་ལྟར་ས་ལས་འབྱུང་འགྱུར་ཞེས། །ཆགས་མེད་མིག་ནི་རབ་ཏུ་དབྱེ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །འདས་པའི་དུས་དང་ད་ལྟར་བྱུང་དུས་ན། །སེམས་ཅན་རིས་དངོས་མཚན་ཉིད་གང་ཡོད་དང་། །སྔོན་གྱི་གནས་རྣམས་རྟོགས་པར་བྱ་
བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་བ་སེམས་འདི་འཇོག །ཇི་ལྟར་འགྲོ་བར་སེམས་ཅན་འཆིང་བྱེད་པ། །ཀུན་དུ་སྦྱོར་བ་འཇིག་རྟེན་གང་ཡོད་པའི། །ཉོན་མོངས་ཟད་པ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །འཇིག་རྟེན་གསུམ་ན་ཐ་

སྙད་གང་བཏགས་དང་། །ངག་ལམ་སྔགས་ཚུལ་སྤྱོད་པ་གང་ཡོད་པ། །བརྡ་ཡི་བདེན་པ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །ཆོས་རྣམས་ཐམས་ཅད་བརྗོད་དུ་མེད་པ་སྟེ། །སྟོང་པ་མི་གཡོ་རང་བཞིན་ངོ་བོ་ཉིད། །དོན་དམ་
བདེན་པ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཞིང་རྣམས་དག་ཏུ་ས་གཡོ་བསྟན་པ་དང་། །རྒྱ་མཚོ་དག་ཀྱང་རྣམ་པར་འཁྲུགས་པ་དང་། །དེ་བཞིན་གཤེགས་ཀྱི་རྫུ་འཕྲུལ་བསྟན་པའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་
བྱེད། །འོད་ཟེར་རྩེ་མོ་རེ་ལས་འོད་ཟེར་རྣམས། །དེ་བཞིན་ཕྱོགས་བཅུ་ཀུན་དུ་རབ་ཏུ་འགྱེད། །དེ་དག་འོད་གཅིག་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཞིང་མང་བསམ་གྱིས་མི་ཁྱབ་གང་ཡོད་པ། །དེ་དག་རང་གི་ལག་ཏུ་མངོན་སྤྲུལ་
ཏེ། །སྒྱུ་མའི་ཚུལ་དེ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཞིང་རྣམས་ཇི་ལྟར་དེ་བཞིན་སེམས་ཅན་ཀུན། །གནོད་པ་མེད་པར་ལག་པའི་མཐིལ་བཞག་ནས། །ཆོས་རྣམས་སྲོག་མེད་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་
སེམས་འདི་འཇོག །རྒྱ་མཚོ་རྣམས་ན་ཇི་སྙེད་ཆུ་ཡོད་པ། །སྐྲ་རྩེའི་ཐིགས་པའི་ནང་དུ་འཇུག་པར་བྱེད། །མ་ལུས་མཐར་ཐུག་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །ཞིང་རྣམས་ཀུན་ན་ཕྲ་རབ་རྡུལ་གྱི་བག །གང་ཡོད་དེ་དག་མ་ལུས་བགྲང་བྱེད་
ཅིང་། །ཕྲ་རབ་རྡུལ་གྲངས་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །འཇིག་རྟེན་འདི་ན་འདས་དང་དེ་བཞིན་དུ། །མ་འོངས་སྲེག་པའི་བསྐལ་པས་འཇིགས་པ་རྣམས། །བསྐལ་པ་ཟད་པ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་
སེམས་འདི་འཇོག །དུས་གསུམ་དག་གི་དེ་བཞིན་གཤེགས་རྣམས་དང་། །སྟོན་པ་རང་རྒྱལ་ཐོས་ལས་བྱུང་རྣམས་ཀྱི། །ཆོས་ཀྱི་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །བརྗོད་དུ་མེད་པའི་འཇིག་རྟེན་ཁམས་ཀྱི་རྣམས། །སྐྲ་ཡིས་

བཅིངས་ནས་མ་ལུས་སྲང་ལ་འདེབས། །དངོས་པོའི་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །ཁོར་ཡུག་རི་བོ་བསམ་གྱིས་མི་ཁྱབ་པ། །སྐྲ་ཡིས་བཅིངས་ནས་མ་ལུས་སྲང་ལ་འདེབས། །རགས་དང་ཕྲ་བ་རྟོགས་པར་བྱ་བའི་ཕྱིར། །བྱང་
ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །ལུས་པ་མེད་པའི་འཇིག་རྟེན་ཁམས་རྣམས་སུ། །སྐད་ཅིག་གཅིག་ལ་དབྱངས་ཀྱིས་གོ་བར་བྱེད། །དབྱངས་ཀྱི་ཡན་ལག་དག་པ་བསྟན་པའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །འཇིག་རྟེན་ཀུན་གྱི་སྒྲ་རྣམས་ཅི་
འདྲ་བ། །སྐད་ཅིག་གཅིག་ལ་སྐད་ཅིག་རྗོད་བྱེད་ཅིང་། །ཞི་བའི་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །འཇིག་རྟེན་གསུམ་པོ་མ་ལུས་རྟོགས་པར་བྱེད། །སེམས་ཅན་ཀུན་གྱིས་རབ་ཏུ་རྣམ་པར་ཤེས། །ལྕེ་ཡངས་རྒྱ་ཆེན་རྟོགས་པར་
བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཞིང་རྣམས་ཀུན་དུ་བརྗོད་དང་འདྲ་བར་ཡང་། །སྐད་ཅིག་གཅིག་ལ་ལྟ་གྱུར་སེལ་བར་བྱེད། །རྣམ་རྟོག་ཆོས་རྣམས་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །འདིར་ནི་ཞིང་རྣམས་
ཐམས་ཅད་མ་ལུས་པར། །དེ་བཞིན་གཤེགས་པས་གང་ཞིང་རང་བྱུང་གི། །ཆོས་རྣམས་སྐད་ཅིག་གཅིག་ལ་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །རྡུལ་ཕྲན་ཐ་དད་ལྟ་བུར་འཇིག་རྟེན་ཁམས། །རྣམ་པ་ཀུན་དུ་མངོན་པར་སྤྲུལ་བྱེད་ཅིང་། །ཡིད་ལས་བྱུང་
བདེ་དག་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །འདས་དང་དེ་བཞིན་མ་བྱོན་སངས་རྒྱས་རྣམས། །ཇི་སྙེད་གང་དག་འཇིག་རྟེན་བཞུགས་སོ་ཅོག །སེམས་ཀྱི་སྐད་ཅིག་གཅིག་ལ་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཚིག་གཅིག་
བརྗོད་ཀྱང་བསམ་གྱིས་མི་ཁྱབ་པའི། །བསྐལ་པ་ཟད་ཀྱི་དེ་ལ་ཉམས་པ་མེད། །ཚིག་རབ་དབྱེ་བ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །ཕྱོགས་བཅུ་རྣམས་ཀྱི་འཇིག་རྟེན་ཐམས་ཅད་ཀྱི། །འགྲོ་བ་ཅི་འདྲ་ལྡོག་པ་ཅི་འདྲ་བ། །སེམས་ཀྱི་སྐད་ཅིག་

གཅིག་ལ་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཕྱོགས་རྣམས་ཀུན་དུ་འགྲོ་ཡང་ལུས་ཀྱིས་སམ། །ངག་གམ་ཡིད་ཀྱིས་གང་དུའང་ཆགས་པ་མེད། །དུས་གསུམ་སྟོང་པ་ཉིད་དུ་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་
འདི་འཇོག །བྱང་ཆུབ་སེམས་ནི་ཇི་ལྟར་བསྐྱེད་པ་བཞིན། །གཞལ་ཡས་བསྐལ་པར་ཕྱོགས་སུ་རྒྱུ་བྱེད་ཅིང་། །སངས་རྒྱས་སྤྱན་སྔར་མཆོད་པར་བྱའོ་ཞེས། །འདི་ནི་མི་ལྡོག་རྣམས་ཀྱི་བསྟན་པ་ཡིན། །ཕྱོགས་བཅུ་དག་གི་འཇིག་རྟེན་ཐ་དད་པར། །འཇིག་རྟེན་བདག་པོར་རྒྱལ་
བའི་སྲས་འགྱུར་བ། །གང་ཡང་རུང་བ་དམ་པ་སྒྲོག་པར་བྱེད། །འདི་ནི་མི་ལྡོག་རྣམས་ཀྱི་བསྟན་པ་ཡིན། །བྱང་ཆུབ་དོན་དུ་སྲིད་པར་སྤྱད་སྤྱོད་ཚེ། །བྱང་ཆུབ་སེམས་དཔའི་བདེ་སྦྱོར་གང་ཡིན་པ། །དེ་ཡི་བསྔགས་པ་རྟག་ཏུ་རྗོད་པར་བྱེད། །འདི་ནི་མི་ལྡོག་རྣམས་ཀྱི་བསྟན་པ་ཡིན། །
ཆོས་མཆོག་ཆོས་རབ་ཕུལ་དུ་ཕྱིན་པ་དང་། །ཁྱད་པར་འཕགས་ཆོས་བླ་མེད་གང་ཡོད་པ། །དེ་དག་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན། །འདི་ནི་མི་ལྡོག་རྣམས་ཀྱི་བསྟན་པ་ཡིན། །ཡོན་ཏན་ཀུན་ལྡན་དེ་བཞིན་གཤེགས་པ་ཡི། །ཚེ་ཉིད་འདི་ན་ཡོད་ཀྱི་གཞན་མེད་པ། །
དེ་ལ་བྱང་ཆུབ་སེམས་དཔའ་སྦྱོར་བར་བྱེད། །འདི་ནི་མི་ལྡོག་རྣམས་ཀྱི་བསྟན་པ་ཡིན། །ཚད་མེད་གཞལ་ཡས་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་རྣམས་དང་ཕྲད་གྱུར་ཅི་འདྲ་བ། །བྱང་ཆུབ་སེམས་དཔའ་དེ་ལ་སྟོན་པར་བྱེད། །འདི་ནི་མི་ལྡོག་རྣམས་ཀྱི་བསྟན་པ་
ཡིན། །ཏིང་འཛིན་གང་དག་ཇི་སྙེད་ཡོད་པ་དང་། །དེ་བཞིན་ཏིང་འཛིན་རྒྱུད་ཀྱི་རྣམ་པ་དག །དེ་དག་བདེ་གཤེགས་སྲས་ལ་རྗོད་པར་བྱེད། །འདི་ནི་མི་ལྡོག་རྣམས་ཀྱི་བསྟན་པ་ཡིན། །འཁོར་བའི་འཁོར་ལོ་རྣམ་པར་ཟློག་པ་དང་། །དམ་པའི་ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །
འཇིག་རྟེན་ཀུན་གྱིས་རྟག་ཏུ་མ་བསྐོར་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བསྟན་བྱ། །ཤིན་ཏུ་སྡུག་བསྔལ་འཇིག་རྟེན་ཐམས་ཅད་དང་། །ངན་སོང་ས་རྣམས་དག་ཏུ་གནོད་གྱུར་པའི། །གནས་དང་སྐྱབས་དང་དཔུང་གཉེན་གྱུར་པ་དེ། །བྱང་ཆུབ་སེམས་དཔའ་རྣམས་

ལ་བསྟན་པར་བྱ། །གང་ཞིག་བྱང་ཆུབ་དོན་དུ་སེམས་འཇོག་པ། །དེ་ནི་དང་པོའི་བྱང་ཆུབ་སེམས་དཔར་བསྟན། །བསླབ་པའི་གདམས་ངག་ཇི་བཞིན་ངེས་བྱས་པ། །ཇི་བཞིན་རྣམ་པར་གཞག་འདི་དེ་ཡི་ཡིན། །ནད་བྲལ་རྣམས་ཀྱི་བསྟན་པ་ཇི་བཞིན་དུ། །འཇིག་རྟེན་ཀུན་ལ་
ཕན་པ་བྱ་བའི་ཕྱིར། །དེ་ལྟར་ཐོག་མ་སུ་ཞིག་སེམས་བསྐྱེད་པ། །འདི་ནི་གཉིས་ཏེ་དང་པོའི་ལས་ཅན་ནོ། །ཕན་པ་ཐོབ་བྱེད་སེམས་དང་རབ་དང་བདེ། །གཉེན་དང་སྡུག་དང་དེ་བཞིན་སྡུད་སེམས་དང་། །ཀུན་དུ་བསྲུང་བའི་སེམས་དང་སྙོམས་པའི་སེམས། །སློབ་དཔོན་སེམས་
དང་སྙོམས་པར་སྟོན་པའི་སེམས། །དེ་འདྲ་དག་ལ་སེམས་གནས་གྱུར་པ་དེ། །ལུང་ནོད་ཁ་ཏོན་བྱེད་པར་སྦྱར་བར་བྱ། །མང་དུ་ཐོས་ནས་དགོན་པར་གནས་སུ་གཞུག །དབེན་པར་གྱུར་ནས་དགེ་བཤེས་སྟེན་དུ་གཞུག །དགེ་བཤེས་རྣམས་ལ་བཀའ་བློ་བདེ་བར་བྱ། །དུས་
ཚོད་ཤེས་ལ་ཤེས་བཞིན་ལྡན་པར་བྱ། །དུས་ཤེས་གྱུར་ནས་ཤིན་ཏུ་འཇིགས་མེད་བྱ། །འཇིགས་པ་མེད་ནས་དོན་ལ་བརྩོན་པར་བྱ། །དོན་ཤེས་གྱུར་ནས་དེ་བཞིན་ཆོས་བརྗོད་བྱ། །ཆོས་རྣམས་ཀུན་ལ་རྨོངས་གྱུར་མེད་པར་བྱ། །རྨོངས་པ་མེད་པར་གྱུར་ནས་རྒྱལ་བའི་སྲས། །
ལེགས་པར་གསུངས་པའི་ཆོས་ལ་གནས་པར་བྱ། །འདི་ནི་དང་པོའི་ལས་ཅན་བརྗོད་པ་སྟེ། །བྱང་ཆུབ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཡིན། །འདི་ནི་གདམས་པ་འདི་ནི་བསྟན་པ་སྟེ། །འདི་ལ་སུ་སློབ་དེ་ནི་སངས་རྒྱས་སྲས། །བྱང་ཆུབ་སེམས་དཔའ་གསུམ་པ་གང་ཡིན་
པ། །ཆོས་ཀྱི་རྒྱལ་པོའི་བསྟན་ལ་རབ་ཏུ་སྦྱོར། །མི་རྟག་ཉིད་དང་སྡུག་བསྔལ་སྟོང་ཉིད་དང་། །བདག་མེད་པ་དང་གཡོ་བ་མེད་པ་དང་། །དེ་བཞིན་ཆོས་འདི་ཐམས་ཅད་བདག་མིན་དང་། །མངོན་པར་འདུ་བྱེད་མེད་དང་དབེན་པ་དང་། །འདི་དག་ཐམས་ཅད་རྟོག་པ་མེད་ཡིན་པར། །
བྱང་ཆུབ་སེམས་དཔའ་དེ་ལྟར་རྟོག་པར་བྱེད། །སེམས་ཅན་ཁམས་དང་ཆོས་ཀྱི་དབྱིངས་ལ་ཡང་། །བརྟག་པར་བྱ་ཕྱིར་དེ་ནི་གཟེངས་ཡང་བསྟོད། །འཇིག་རྟེན་ཁམས་ནི་མཐའ་ཡས་མུ་མེད་ཅེས། །དེ་ལྟར་དེ་ནི་དཔྱོད་དུ་གཞུག་པར་བྱ། །འདི་ན་ས་དང་ཆུ་དང་དེ་བཞིན་མེ། །

རླུང་དང་ནམ་མཁའ་ཇི་སྙེད་ཡོད་པ་དང་། །ཕྱོགས་ན་འདོད་དང་གཟུགས་དང་གཟུགས་མེད་པ། །དེ་དག་རྣམས་ལ་དེ་ནི་དཔྱོད་དུ་གཞུག །རྒྱ་ཆེན་ཆོས་རྣམས་ཀུན་དང་ཁམས་རྣམས་ཀྱི། །རང་བཞིན་མ་ལུས་མཐར་ཐུག་བརྟག་བྱ་བ། །དེ་ནི་སངས་རྒྱས་སྲས་
པོ་སྦྱོར་བྱེད་ལ། །ཕན་པར་བྱ་ཕྱིར་རྗེས་སུ་བསྟན་པ་ཡིན། །བྱང་ཆུབ་སེམས་དཔའ་སྐྱེ་བར་གང་སྐྱེས་པ། །བསྟན་ལ་སྐྱེས་ཤིང་རབ་ཏུ་འབྱུང་བར་བྱེད། །བློ་ལྡན་དེ་ནི་དངོས་མེད་དངོས་པོ་རྟོགས། །དམ་ཆོས་གནས་སུ་སྐྱེས་ཏེ་ལེགས་པར་སྐྱེས། །དེ་ནི་རང་གི་ས་ལས་ཡོངས་
མི་ལྡོག །སངས་རྒྱས་མཐར་ཐུག་ཡིན་པར་འཛིན་པ་སྐྱེ། །རྟག་ཏུ་ཆོས་ལ་ངེས་པར་སེམས་དང་ལྡན། །སེམས་ཅན་རང་བཞིན་ཅི་འདྲར་རྣམ་པར་དཔྱོད། །ལས་དང་འཇིག་རྟེན་དག་དང་ཞིང་རྣམས་དང་། །རྣམ་པར་སྨིན་དང་འཁོར་དང་མྱ་ངན་འདས། །རྣམ་པར་དབྱེ་བ་རྒྱལ་
བའི་སྲས་ཀྱིས་ཤེས། །དེ་ཐུགས་སྐྱེས་པའི་བྱང་ཆུབ་སེམས་དཔར་བརྗོད། །ཐམས་ཅད་མཁྱེན་པ་འདས་དང་བྱུང་རྣམས་དང་། །མ་བྱོན་དག་ཀྱང་ཆོས་རྣམས་རྣམ་དཔྱད་ནས། །གྲུབ་དང་གང་ཡང་ལེགས་སྐྱེས་མཐར་ཐུག་དང་། །རང་བྱུང་རྣམས་ཀྱི་གྲུབ་པ་ཅི་འདྲ་བ། །
སངས་རྒྱས་དམ་པ་དེ་དག་ཐམས་ཅད་ནི། །དུས་གསུམ་མཉམ་ཉིད་རྗེས་སུ་ཞུགས་པ་ཤེས། །ནམ་ཡང་མཉམ་ཉིད་བྱེ་བྲག་འབྱེད་མི་བྱེད། །དེ་ནི་དུས་གསུམ་ཐ་དད་མེད་པར་འཇུག །གང་གི་ཕན་ཡོན་རྣམ་པ་འདི་འདྲ་བ། །དེ་ནི་བྱང་ཆུབ་སེམས་དཔའ་བཞི་པ་སྟེ། །
འདི་དག་རབ་བསྒྲུབས་བྱང་ཆུབ་སེམས་དཔའ་དེ། །བྱང་ཆུབ་དོན་དུ་ངེས་པར་འབྱུང་བར་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་ལྔ་པ་སྟེ། །སྦྱོར་བ་ཕུན་སུམ་ཚོགས་པར་བརྗོད་པ་ཡིན། །ཐབས་ལ་མཁས་པའི་རྗེས་སུ་ཞུགས་པ་སྟེ། །བསོད་ནམས་ལས་དག་
བརྩམས་པས་མཐར་ཕྱིན་བྱེད། །དེ་ལྟར་བསོད་ནམས་རབ་ཏུ་ཅི་བྱེད་ཀྱང་། །འཇིག་རྟེན་ཀུན་གྱི་རྟེན་དུ་འགྱུར་བ་དང་། །ཕན་པར་འདོད་དང་བདེ་བ་ཐོབ་བྱེད་དང་། །སྙིང་བརྩེ་བ་དང་སྐྱེ་དགུ་དགྲོལ་འགྱུར་བྱེད། །འཇིག་རྟེན་གནོད་གྱུར་གདུལ་བར་བྱ་བའི་ཕྱིར། །འདྲེན་པར་བྱེད་

ཅིང་རབ་ཏུ་དང་བར་བྱེད། །སེམས་ཅན་མང་པོ་ཐམས་ཅད་གདུལ་འདོད་དང་། །མྱ་ངན་འདས་པའི་སེམས་ཀྱིས་མཐུ་ཡང་ཆེ། །འཇིག་རྟེན་ཐམས་ཅད་