Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 057_མདོ་སྡེ།_པ
Văn bản gốc(Tây Tạng)
Trang 21 / 22 (50.000 ký tự/trang)
ི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་རྒྱས་པར་བགྱི་བའི་སླད་དུ་ནན་ཏན་དུ་བགྱིའོ། །ཆོས་སྨྲ་བ་དེ་དག་དང་མདོ་སྡེ་འདི་འཆང་བ་དེ་དག་ལ་ཇི་ལྟར་མི་གནོད་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། མོས་པ་རྙེད་ཅིང་ཆོས་ཀྱི་ རྒྱན་གྱིས་བརྒྱན་ཏེ། ཆོས་ཀྱི་རྣམ་གྲངས་འདི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་ཞུགས་ནས་རབ་ཏུ་འཆད་པར་འགྱུར་བ་དེ་ལྟར་ཆོས་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བཅོམ་ལྡན་འདས་བདག་ ཅག་ཆོས་མཉན་པའི་སླད་དུ་ཆོས་སྨྲ་བ་དེ་དག་གི་གན་དུ་མཆི་བར་བགྱིའོ། །ཁྲོ་ཞིང་གཤེ་ཡང་དང་དུ་བླང་བར་བགྱིའོ། །བདུད་བར་ཆད་བགྱིད་པའི་གནོད་པ་ཐམས་ཅད་ལས་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཇི་ ལྟ་བུར་ཁྱོད་ལྷའི་དབང་པོ་ཐོབ་པས་ཆོས་ཀྱི་དབང་པོར་ཞུགས་ནས། ང་དང་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་སེང་གེའི་སྒྲ་སྒྲོགས་པ་ལེགས་སོ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་བཞིན་གཤེགས་པ་གཅིག་གི་དམ་པའི་ཆོས་ཡོངས་སུ་ བཟུང་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་བ་ཡིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། དེ་ལ་རིགས་ཀྱི་བུ་མི་མཇེད་ཀྱི་བདག་ པོ་ཚངས་པ་དགུག་པའི་ཚིག་བཤད་ཀྱིས། །དགུག་པའི་ཚིག་གང་དག་གིས་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བའི་ཕྱིར་གནས་པར་འགྱུར་བ་ཉོན་ཅིག །དེ་ལ་དགུག་པའི་ཚིག་ནི་འདི་རྣམས་སོ། །འདི་ལྟ་སྟེ། མཻ་ཏྲེ། ཤུ་བྷ་མཻ་ཏྲེ། དྷརྨ་མཻ་ཏྲེ། མཻ་ཏྲྱ། ནུ་ས་ཧི་ཏེ་ས་མཻ་ཏྲེ། སནྡྷི་མཻ་ཏྲེ། ཨ་ནུ་ག་མ་མཻ་ཏྲེ། ཨ་ནུ་ག་ཀྵ་མཻ་ཏྲེ། ཨ་ནུཏྟྭ་ར་མཻ་ཏྲེ། ས་ཏྲ་མཻ་ཏྲེ། དྷརྨ་མཻ་ཏྲེ། ཨ་ནུ་གྲ་ཧ་མཻ་ཏྲེ། ཨ་པྲ་ཏི་སཱ་རི་མཻ་ཏྲེ། ཨུ་ལ་ལོ་ཀན་མཻ་ཏྲེ། བི་ལོ་ཀ་ན་མཻ་ཏྲེ། བི་ལོ་ཀ་ན་མཻ་ཏྲེ། བེ་བྷྱཿཨ་ནུ་ག་མ་ན་མཻ་ཏྲེ། བུདྡྷ་ཨ་དྷི་ཥྛཱ་ན་མཻ་ཏྲེ། ཨ་ནུ་རཱ་ག་ཀྵ་མཻ་ཏྲེ། ཨ་ནུ་རཱ་ག་ཁ་ཤ་མཻ་ཏྲེ། དྷརྨ་པྲ་ཏི་སཱ་ར་ཎ་མཻ་ཏྲེ། མོ་ཁ་ཤ་མཻ་ཏྲེ། ཨོ་ནོ་ཨོ་ནོ་ནུ་རོཾ་དྷེ། བི་རོ་དྷ་མཻ་ཏྲེ། ཨོ་ཏོ་མོ་མཻ་ཏྲེ། བྲ་ཧྨ་བ་ཐ་མཻ་ཏྲེ། དྷྱ་ན་ཨ་ལངྐར་མཻ་ཏྲེ། ཏ་སྱ་ཨ་ནུ་སནྡྷི་ཀཱ་རུ་ཎ་མཻ་ཏྲེ། ཏ་སྱ་ཨ་ནུ་སནྡྷི་མུ་ཏི་ཏ་མཻ་ཏྲེ། ཏ་སྱ་ས་ནུ་སནྡྷི། ཨུ་པེ་ཀྵ་མཻ་ཏྲེ། བྲ་ཧྨ་བ་ ཐ་ཨ་ནུ་ག་མ་ན་མཻ་ཏྲེ། ཙིཏྟ་ཨཱུ་ཙྩི་ལ་ལྱ་མཻ་ཏྲེ། ཨ་ནུ་སཱ་ར་ཎ་མཻ་ཏྲེ། ནི་སྟི་ར་ཎ་མཻ་ཏྲེ། སརྦ་ཏ་ཨ་ནུ་ག་ན་མ་ན་མཻ་ཏྲེ། ཨཱ་གཙྪ་ཏུ་བྲཧྨ། ཨུད་པྲི་ཛྱ། དཱ་ན་སུ་ཁེ་ན། བྱུཏྟིཥྛ་སྭ་མ་དྷེ། ནི་ཏྲ་མ་མ་ཧཱ་བི་མ་ནཱ་ད། བྱ་བ་ལོ་ཀཱ་ཡ། ཛམྦུ་དྭཱི་པ་ན་ཀུ་རུ་ཥཱ་དྷརྨྨ་ར་ཀྵཱ་ན། མཱ་ཏི་ཀྲ་མ་བུདྡྷ་ དྷི་ཥྛ་ནཱོཾ། ནམ་མཁའ་མཛོད་འདི་དག་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་ཚིག་གོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་པའི་འཇིག་རྟེན་ན་འདུག་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་རིག་པའི་གསང་སྔགས་བྱམས་པའི་ཚིག་འདི་དག་སངས་ རྒྱས་ཀྱི་མཐུས་ལྷའི་རྣ་བའི་ཁམས་ཀྱིས་ཐོས་ཏེ། ཐོས་ནས་ཀྱང་ཚངས་པ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་ འདུག་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པས་བདག་བྱམས་པ་དང་སྙིང་རྗེར་ལྡན་ཏེ། ཆོས་ཀྱི་རྣམ་གྲངས་འདི་བསྲུང་བའི་སླད་དུ་ནན་ཏན་དུ་ བགྱིའོ། །གང་ཆོས་སྨྲ་བ་དེ་དག་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་སྡུད་ཅིང་མདོ་སྡེ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། འཆད་པ་དང་། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་བ་དེ་དག་དགོན་པར་མཆིས་སམ། ལམ་གོལ་བར་མཆིས་སམ། གྲོང་དང་། གྲོང་ཁྱེར་ རམ། གྲོང་རྡལ་དུ་མཆིས་སམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་འཁོར་དུ་མཆིས་ཀྱང་རུང་། ཆོས་ཀྱི་གཏམ་བགྱིད་ཀྱང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་འཆད་ན་བསམ་པར་བགྱིའོ། །བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །དེ་དག་ལ་སྤྲོ་བ་སྩལ་ བར་བགྱིའོ། །སྟོབས་ཡོངས་སུ་རྫོགས་པར་བགྱིའོ། །དྲན་པ་བསྒྲུབ་པར་བགྱིའོ། །བློ་གྲོས་ཡོངས་སུ་གཟུང་བར་བགྱིའོ། །རྟོགས་པའི་རྗེས་སུ་འཇུག་པར་བགྱིའོ། །སྤོབས་པ་སྩལ་བར་བགྱིའོ། །མ་དད་པ་རྣམས་དད་པར་བགྱིའོ། །དད་པ་རྣམས་བསྒྲལ་བར་བགྱིའོ། །བཅོམ་ ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་བདག་ཅག་གིས་ཡོངས་སུ་བཟུང་སྟེ་རྒྱ་ཆེར་འགྱུར་བ་དེ་ལྟར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །ཚངས་ པ་དམ་པའི་ཆོས་ཡོངས་སུ་བཟུང་བས་དེ་བཞིན་གཤེགས་པ་ཁྱོད་ལ་རྗེས་སུ་ཡི་རང་ངོ་། །ཇི་ལྟར་ངས་ད་ལྟར་བསྐོར་བ་བཞིན་དུ་ཚངས་པ་ཁྱོད་ཀྱིས་ཀྱང་རིང་པོར་མི་ཐོགས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ། །ཇི་ལྟར་ཁྱོད་ཀྱིས་ད་ལྟར་ངའི་དམ་པའི་ཆོས་ཡོངས་སུ་བཟུང་བ་དེ་བཞིན་ དུ་ཚངས་པ་གཞན་དག་ཀྱང་ཁྱོད་ཀྱི་དམ་པའི་ཆོས་འཛིན་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཇི་ཙམ་དུ་གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་ རབ་ཏུ་བསྟན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་པ་བསྐྱེད་པ་དང་། བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྒྱས་པ་རྣམ་པར་དག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཆོས་སྣང་བ་ཐོབ་པར་ བྱ་བ་དང་། བདུད་ཐམས་ཅད་ཚར་གཅད་པ་དང་། མུ་སྟེགས་ཅན་ཐམས་ཅད་གཞོམ་པ་དང་། དོན་དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དཀོན་མཆོག་གསུམ་གྱི་རིགས་མི་ཆད་པར་བྱ་བའི་ཕྱིར་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་དུ་བླ་ན་མེད་པའི་ ཆོས་དཀོན་མཆོག་གི་མཛོད་འདི་བསྲུང་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ནི་བདག་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ལགས་སོ། །བཅོམ་ལྡན་འདས་བདག་དགའ་ལྡན་གྱི་གནས་ན་ མཆིས་ཏེ། འདི་ལྟ་བུའི་མདོ་སྡེ་དག་ཀུན་དུ་བསྲུང་བ་དང་། ཡོངས་སུ་གཟུང་བ་དང་། ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་ནན་ཏན་བགྱིའོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་འདི་ལྟ་བུའི་མདོ་སྡེ་དམ་པ་སུའི་རྣ་བར་གྲག་པར་འགྱུར་བ་དང་། ཐོས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིང་བདག་ཉིད་ཀྱང་སྦྱོར་བར་བགྱིད་པ་དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་སུ་རིག་པར་བགྱིའོ། །བཅོམ་ལྡན་འདས་དེའི་ཚེ་བདུད་ཀྱི་ཕྱོགས་ཀྱང་གཡོས་པར་གྱུར་ ཏེ། འོན་ཀྱང་དགེ་བའི་རྩ་བ་གང་གིས་བདག་གི་སྤུའི་ཁུང་བུ་རེ་རེ་གྲུབ་པ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བདུད་སྡིག་ཅན་དུ་གྱུར་ཀྱང་། དེ་དག་བདག་གི་སྤུའི་བུ་ག་གཅིག་གིས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བའི་བརྒྱའི་ཆར་ ཡང་ཉེ་བར་མི་མཆི་བ་ནས་དཔེའི་བར་དུ་ཡང་ཉེ་བར་མི་མཆིའོ། །བཅོམ་ལྡན་འདས་བདག་གི་བསོད་ནམས་ཀྱི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་ཕམ་པར་བགྱིས་ལ། དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་གྲངས་མ་མཆིས་པར་ ཡང་དག་པར་བསྒྲུབས་པའི་བྱང་ཆུབ་འདི་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ལེགས་སོ་ལེགས་སོ། །བྱམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་བདུད་དང་། ཉོན་མོངས་པ་ཐམས་ ཅད་ཚར་གཅད་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཟིལ་གྱིས་མནན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་སྟེ། བྱམས་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལས་སོ། །ལས་བཞི་པོ་དེ་དག་ ལས་གཅིག་གིས་ཡོངས་སུ་བསྡུས་སོ། །གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། འོད་སྲུང་དང་ཀུན་དགའ་བོ་ཇི་ཙམ་དུ་ གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་གཏད་དོ། །འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བདག་གིས་མཐུ་དང་། སྟོབས་ དང་ནུས་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་ཡོངས་སུ་གཟུང་བར་བགྱིའོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་ཅག་གིས་གཟུང་ལགས་ཏེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བདག་གིས་ཡངས་ཤིང་རྒྱས་པར་ བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཀྱིས་བརྒྱན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་འདི་ལྟ་བུའི་མདོ་སྡེ་དེ་བཞིན་གཤེགས་པས་གསུངས་པ་ཟབ་མོ་ཟབ་མོར་སྣང་བ་རྒྱུ་བ་ ཆད་པ། ངེས་པའི་དོན་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། དོན་དམ་པ་སྟོང་པ་ཉིད་དང་ལྡན་པ། ཚུལ་ཁྲིམས་ཀྱི་རྒྱན་གྱིས་བརྒྱན་པ། དྲན་པ་དང་། ཏིང་ངེ་འཛིན་དང་། ངེས་པར་རྟོགས་པ་དང་། ཡིད་རབ་ཏུ་དགའ་བར་བྱེད་པ། ཤེས་རབ་ཀྱི་འོད་སྣང་བར་བྱེད་པ། རྣམ་པར་ གྲོལ་བ་ངེས་པར་སྟོན་པ། ཞི་བ། མ་གོས་པ། མཁས་ཤིང་རྟོགས་པ་རྣམས་ཀྱིས་རིག་པར་བྱ་བ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ། གཟུངས་དང་། མདོ་སྡེའི་རྒྱལ་པོའི་ཕྱག་རྒྱས་བཏབ་པ། ཐོགས་པ་མེད་པའི་སྤོབས་པ་འཛིན་པ་དང་། དྲན་པ་དང་བློ་གྲོས་དང་། རྟོགས་པ་དང་། མོས་པ་རྣམ་པར་འཕེལ་བ། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ནོན་པ། ཚུལ་ཁྲིམས་འཆལ་བ་རྣམས་སྤ་འགོང་བ། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུང་བ་དང་། སྡོམ་པ་ཚར་ཕྱིན་པ་དང་། གཏོང་བའི་ཡོན་ཏན་གྱི་ཆོས་ལ་རབ་ཏུ་གནས་པ། ཡོན་ ཏན་གྱི་ཆོས་མཐའ་ཡས་པ་ལས་ངེས་པར་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་ཆོས་དང་ཡེ་ཤེས་འདི་འཛིན་ཏམ། ལེན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་ གམ། ཚིག་ཏུ་འདོན་ཏམ། སེམས་སམ། རྟོག་གམ། ཚུལ་བཞིན་ངེས་པར་སེམས་སམ། ནན་ཏན་ལ་གནས་པ་དེ་དག་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པ་ལ་སླར་ཚིགས་སུ་བཅད་པ་འདི་ དག་གསུངས་སོ། །ཕྱོགས་བཅུ་རྒྱ་ཆེར་དཔག་ཏུ་མེད་པ་ཡི། །ཞིང་རྣམས་སངས་རྒྱས་སྤྱན་གྱིས་གང་གཟིགས་པ། །དེ་དག་ཐམས་ཅད་རིན་ཆེན་རབ་བཀང་སྟེ། །བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་པ་བས། །གང་གིས་སངས་རྒྱས་མང་པོས་བཤད་པ་ཡི། ། མདོ་འདི་འདྲ་བ་རབ་བཟང་མ་གོས་པ། །འཆང་ངམ་ཀློག་གམ་གཞན་ལ་སྟོན་བྱེད་པ། །དེ་ཡི་བསོད་ནམས་དེ་ནི་ཆེས་མཆོག་གོ། །མེ་ཏོག་དྲི་ཞིམ་བྱུག་པ་གདུགས་རྣམས་དང་། །བ་དན་རྒྱལ་མཚན་ལྡ་ལྡི་གོས་རྣམས་ཀྱིས། །ཞིང་དེ་ཐམས་ཅད་ཡོངས་སུ་གང་བྱས་ནས། །བྱང་ཆུབ་ སེམས་དཔས་སངས་རྒྱས་མཆོད་པ་བས། །བདེ་གཤེགས་བསྟན་པ་དམ་ཆོས་རབ་འཇིག་ཅིང་། །འགག་པའི་ཚེ་ན་གང་ཞིག་བག་ཡོད་པ། །དམ་པའི་ཆོས་ནི་ཡོངས་སུ་འཛིན་བྱེད་པ། །དེ་ཡི་བསོད་ནམས་དེ་ནི་ཆེས་མཆོག་གོ། །ཕྱོགས་བཅུ་དག་ན་རྒྱ་མཚོ་གང་ཡོད་པ། །དེ་དག་ འབྲུ་མར་དྲི་ཞིམ་རབ་བཀང་སྟེ། །སྙིང་པོ་རི་རབ་ཚད་ཙམ་བྱས་ནས་སུ། །རྒྱལ་བའི་མཆོད་རྟེན་མེ་མར་བུས་པ་བས། །གང་གིས་ཆོས་སྒྲོན་འདི་ནི་རབ་འཇིག་ཚེ། །འཇིག་རྟེན་འདི་དག་མུན་པས་བསྒྲིབས་ཤེས་ནས། །རྒྱལ་བས་གསུངས་པའི་ཆོས་འདི་འཛིན་བྱེད་ན། །དེ་ཡི་བསོད་ནམས་ དེ་ནི་ཆེས་མཆོག་གོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་མཆོག་ཚོལ་ཞིང་། །ཞིང་རྣམས་བྱེ་བར་འདྲེན་པ་གང་མཐོང་བ། །དེ་དག་ལ་ནི་བསྐལ་པ་བྱེ་མང་དུ། །ལྷ་རྫས་འདུ་བྱེད་ཡིད་འོང་མཆོད་པ་བས། །གང་ཞིག་སངས་རྒྱས་བྱས་པ་གཟོ་བ་དང་། །དཀོན་མཆོག་གསུམ་ནི་རྗེས་སུ་གཟུང་བ་ དང་། །ཆོས་འདི་ལ་ནི་སེམས་ཅན་གཟུད་པའི་ཕྱིར། །དམ་ཆོས་འཛིན་པ་དེ་ནི་ཆེས་མཆོག་གོ། །ཇི་ལྟར་མགོན་པོ་རྣམས་ཀྱི་ཆོས་འཛིན་ལྟར། །སེམས་ཅན་གང་ངས་སངས་རྒྱས་སྤྱན་གྱིས་གཟིགས། །དེ་དག་གང་གིས་བརྒྱ་བྱིན་ཚངས་པར་བཀོད། །དེ་ཡི་བསོད་ནམས་དེ་སྙེད་ མི་འཕེལ་ལོ། །སེམས་ཅན་དེ་ཀུན་དགྲ་བཅོམ་བཀོད་པ་དང་། །རང་རྒྱལ་ཐེག་པར་རབ་ཏུ་བཀོད་པ་བས། །གང་ཞིག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །དམ་ཆོས་འཛིན་པ་དེ་ནི་ཁྱད་པར་འཕགས། །གལ་ཏེ་བསོད་ནམས་དེ་ལ་གཟུགས་ཡོད་ན། །ཕྱོགས་བཅུའི་ཞིང་རྣམས་ཐམས་ ཅད་གང་བར་འགྱུར། །སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར། །བསོད་ནམས་དེ་ཡི་སྣོད་ནི་ཡོད་མ་ཡིན། །ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་ཀྱི་དམ་ཆོས་འཛིན་པ་ཡི། །བསོད་ནམས་དེ་ཡང་ཚད་ ཡོད་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པས་བཅོམ་ལྡན་འདས་ལས་དམ་པའི་ཆོས་ཡོངས་སུ་འཛིན་པའི་བསོད་ནམས་བཤད་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པར་མི་བགྱིད་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །བཅོམ་ལྡན་འདས་གང་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་བྲལ་བའི་དགེ་བའི་རྩ་བ་ གཞན་ཐམས་ཅད་ནི་བདག་ལ་ཡུངས་འབྲུ་ཙམ་དུ་གདའོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་དགེ་བའི་རྩ་བ་ནི་ཕྱོགས་བཅུའི་ནམ་མཁའི་ཁམས་ཇི་ལྟ་བ་བཞིན་དུ་བདག་འདུ་ཤེས་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་འདི་ལྟར་བདག་སེམས་ཅན་ཐམས་ཅད་ལ་བདེ་བར་འཚལ་བའི་སླད་ དུ་ལུས་དང་སྲོག་ཀྱང་བོར་ཏེ། བདེ་བ་ཐམས་ཅད་མི་འཚལ་བར་དམ་པའི་ཆོས་ཡོངས་སུ་བཟུང་བའི་སླད་དུ་གོ་ཆ་བགོ་བར་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ ཞིང་དཔག་ཏུ་མེད་པ་ནས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དང་བློ་མཉམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱ་བའི་ཕྱིར་ནམ་མཁའི་དཀྱིལ་ནས་མེ་ཏོག་གི་ཆར་མངོན་པར་རབ་ཏུ་ཕབ་བོ། །བར་སྣང་ལས་ཀྱང་སྒྲ་འདི་སྐད་ཅེས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་འདུས་པ་ཆེན་པོའི་ལེའུ་འདི་བརྒྱན་ཏེ་ཡོངས་སུ་གཟུང་བའི་བར་དུ་སངས་རྒྱས་ཀྱི་བྱ་བ་བྱས་སོ། །བྱང་ཆུབ་ཀྱི་སེམས་དང་མ་བྲལ་བའི་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་དུ་དམ་པའི་ཆོས་རྒྱན་ པར་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྐུ་ལས་འདི་ལྟ་བུའི་འོད་རབ་ཏུ་བཏང་བས་འོད་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་གང་བར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་འདིའི་ཐོག་མ་དང་། བར་མ་དང་། ཐ་མ་བཤད་པ་ན་སེམས་ཅན་དཔག་ཏུ་མེད་ གྲངས་མེད་པ་ནི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་བཟོད་པ་ཐོབ་པར་གྱུར་ཏོ། །སེམས་ཅན་ལ་ལ་དག་ནི་སེམས་རྣམ་པར་གྲོལ་ལོ། །ལ་ལ་དག་ནི་ཆོས་ཀྱི་མིག་རྣམ་པར་དག་གོ། །ལ་ལ་དག་ནི་འདོད་ཆགས་དང་བྲལ་བ་རྙེད་དོ། །ལ་ལ་དག་ནི་ལྷ་དང་མིའི་ཕུན་ སུམ་ཚོགས་པ་ཡོངས་སུ་བཟུང་བར་གྱུར་ཏེ། སངས་རྒྱས་གཞན་དག་ལ་ཡང་ལྟ་བའི་ཕྱིར་རྒྱུ་བསགས་པར་ཡང་གྱུར་ཏོ། །དེ་དག་ཐམས་ཅད་ལ་ཡང་བཅོམ་ལྡན་འདས་རྗེས་སུ་ཐུགས་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་ མཁའ་མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱལ་པོའི་འོད་དང་། བྱང་ཆུབ་སེམས་དཔའ་ བསོད་ནམས་ཀྱིས་བརྒྱན་པ་དང་། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་བ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འདུས་པ་ཆེན་པོའི་ལེའུ་ལས་འཕགས་ པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཛ་ཡ་ཤཱི་ལ་དང་། ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །། ༄༅།།རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པ་རི་པྲྀཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་ཅིག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་ཆོས་སྦྱིན་པའི་རྣམ་པར་སྨིན་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་སུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་སྙིང་རྗེ་བས་ཚིགས་སུ་བཅད་པ་གཅིག་གཞན་གྱི་རྒྱུད་ལ་བཞག་ན་བྱམས་པ་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་ བའི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་གིས་གང་གཱའི་བྱེ་སྙེད་ འཇིག་རྟེན་ཁམས། །དེ་དག་རིན་ཆེན་བྱུར་བུར་བཀང་བྱས་ཏེ། །དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་གིས་ཚིགས་བཅད་གཅིག་ཅིག་སེམས་ཅན་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེ། །སྙིང་རྗེ་བསྐྱེད་ནས་ཚིགས་བཅད་སྦྱིན་པ་ལ། །གང་གཱའི་ཆ་དང་གྲངས་སུའང་མི་ཕོད་ ན། །ལན་གཉིས་ལན་གསུམ་སེམས་ལ་ག་ལ་ཞིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་ དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ༄༅།།རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་པ་རི་པྲྀཙྪ་སཔྟ་དྷརྨྨ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ་ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་ཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པད་མའི་ལྟེ་བ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔས་ཆོས་དུ་ཞིག་ལ་བསླབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔས་ཆོས་བདུན་ལ་བསླབ་པར་བྱ་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རྟོག་པས་ཀྱང་འདོད་པ་ལ་སྟེན་པར་མི་བྱེད་ན་དབང་པོ་གཉིས་ཀྱིས་སྦྱོར་བ་ལྟ་སྨོས་ཀྱང་ཅི་ དགོས། ཐ་ན་རྨི་ལམ་གྱི་ནང་དུ་ཡང་མི་དགེ་བའི་བཤེས་གཉེན་སྟེན་པར་མི་བྱེད་པ་དང་། བྱ་དང་འདྲ་བའི་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པར་བྱ་བ་དང་། ཐབས་དང་ཤེས་རབ་ལ་མཁས་པས་ང་རྒྱལ་དང་། ངར་འཛིན་པ་མེད་པར་བྱ་བ་དང་། དངོས་པོ་དང་དངོས་པོ་མེད་པ་སྤངས་ནས་ སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་བརྟན་པོ་དང་ལྡན་པར་བྱ་བ་དང་། ཡང་དག་པར་བདེན་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ཤེས་པས་སྒྱུ་མ་དང་། རྨི་ལམ་དང་འདྲ་བར་འཁོར་བ་ལས་མངོན་པར་དགའ་བར་བྱ་བ་མ་ཡིན་པ་དང་། རྒྱུ་དང་འབྲས་བུ་ལ་སྐུར་པ་གདབ་པར་མི་བྱ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་ ཏུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔས་ཆོས་བདུན་པོ་དེ་དག་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དགེ་སློང་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་ཡི་རངས་ཏེ་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ་ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙྪ་བ་དགེ་སློང་དགེ་བའི་ བློ་གྲོས་ཀྱིས་བསྒྱུར་བ།། ༄༅།།རྒྱ་གར་སྐད་དུ། ཨཱརྱ་པྲ་ཏི་བྷཱ་ན་མ་ཏི་བ་རི་པྲཱྀ་ཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་དང་ ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེའི་ཚེ་ཚོང་དཔོན་སྤོབས་པའི་བློ་གྲོས་ཞེས་བྱ་བ་ཞིག་ཚོང་དཔོན་གྱི་བུ་ལྔ་བརྒྱ་ཙམ་སོ་སོའི་གཡོག་འཁོར་ལྔ་བརྒྱ་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ བ་དང་ལྷན་ཅིག་ཏུ་མཉན་དུ་ཡོད་པའི་གྲོང་ཁྱེར་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་ འདས་ལ་ལན་གསུམ་བསྐོར་བ་བྱས་ནས་གཡོག་འཁོར་དང་བཅས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚོང་དཔོན་སྤོབས་པའི་བློ་གྲོས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བླ་མའི་མཆོག །ཁམས་གསུམ་པའི་དམ་པ། བྱང་ཆུབ་ཀྱི་བསོད་ནམས་ཀྱི་ལྷག་པའི་གཞི། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བར་མཛད་པ། ཀུན་དུ་ཁྱབ་པའི་ ཐབས་ལ་མཁས་པའི་ཕྱོགས་ཐུག་པ་མ་མཆིས་པ་ངེས་པར་ཐོབ་པར་མཛད་པ་ལགས་ན། བཅོམ་ལྡན་འདས་མ་མཆིས་པའི་དུས་སྙིགས་མའི་རྙོག་པ་ལྔ་དང་ལྡན་པ་ལ་དུག་གསུམ་འབར་ཞིང་རབ་ཏུ་འབར་ལ། གཅིག་ལ་གཅིག་གདུང་བར་བགྱིད་པའི་སེམས་ཅན་རྣམས་ཀྱི་ནང་ན་གང་ ཉེས་པར་བསམ་པ་སེམས་པའི་དུས་ན་གཙོ་བོ་མ་མཆིས་ཤིང་དེ་གང་གི་ཡང་མ་ལགས་པ་དང་། རྒྱལ་པོ་དང་། བློན་པོ་ཆེན་པོ་རྣམས་ཡུལ་ལ་སྲེད་པས་ཟིལ་གྱིས་ནོན་ཏེ་ཕན་ཚུན་མི་འཐུན་ཞིང་གཅིག་ལ་གཅིག་གཡུལ་འགྱེད་པ་དང་། དེ་དག་གཅིག་ལ་གཅིག་གཡུལ་འགྱེད་པ་ན་གཞན་ དག་གི་དམག་གི་དཔུང་གི་ཚོགས་དང་། དེ་ལས་གཞན་པ་ཡུལ་གྱི་མི་ལུས་ཆབ་འཚལ་བ་རྣམས་ཀྱི་མིང་ཡང་མི་གདའ་བ་དང་། སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུས་སངས་རྒྱས་ཀྱི་སློབ་མ་གང་ཟག་བཞི་པོ་མང་པོ་དེ་དག་ཀྱང་བསྟན་པ་འདི་ལ་འཇུག་ཅིང་རབ་ཏུ་བྱུང་བའི་ཚུལ་འཐོབ་པ་དང་། དེ་དག་ཀྱང་ཕྱི་རོལ་གྱི་གོས་ངུར་སྨྲིག་ཙམ་དང་། ཁོང་པའི་ནང་གི་འདུན་པ་དང་། ཞེ་སྡང་དང་། ཤིན་ཏུ་མ་གུས་ཤིང་ཕན་ཚུན་མི་འཐུན་ལ་གཅིག་ལ་གཅིག་སྐུར་པ་འདེབས་པར་བགྱིད་པ་དང་། སྐྱོན་སྒྲོགས་པར་བགྱིད་པ་དང་། ཡོན་ཏན་ངེས་པར་སྦེད་པར་བགྱིད་པ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པས་ནོན་ཅིང་ངར་འཛིན་པ་དང་། ང་ཡིར་འཛིན་པར་བགྱིད་པ་དང་། དེ་དག་ཤི་འཕོས་ན་ཡང་ངན་སོང་གསུམ་དུ་སྐྱེ་ཞིང་ཡུད་ཙམ་ཞིག་རྙེད་པའི་དཔལ་ཡང་མ་འཚལ་བ་དང་། ཚེ་རབས་གཞན་དག་ཏུ་བསྐལ་པ་མང་པོར་སྡུག་བསྔལ་གྱི་ཚོར་བ་མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་མཆི་བ་དག་འབྱུང་བར་འགྱུར་བ་ཡང་མཐོང་ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་སེམས་ཅན་འདི་དག་ཡོངས་སུ་སྨིན་པར་བགྱི་བ་དང་། ངན་འགྲོའི་ལམ་ལས་རྣམ་པར་བཟློག་ནས་བསོད་ནམས་ཀྱིས་གཞལ་མེད་ཁང་ཐོབ་པར་བགྱི་བའི་ཆོས་རྣམས་ གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་སྤོབས་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤོབས་པའི་བློ་གྲོས་དེ་ལྟར་ཁྱོད་སེང་གེའི་སྒྲ་བསྒྲགས་པས་དེ་བཞིན་གཤེགས་པ་ལ་ཞུ་ཞིང་། དེ་ལྟར་སེམས་ཅན་ཐམས་ཅད་དེ་བཞིན་ གཤེགས་པ་ལ་ཆོས་ཞུ་བར་སྤྲོ་བ་སྐྱེད་པ་ལེགས་སོ་ལེགས་སོ། །སྤོབས་པའི་བློ་གྲོས་སེམས་ཅན་རྣམས་གང་ཐོབ་ནས་ལེགས་པར་རབ་ཏུ་དཔལ་དང་ལྡན་པར་འགྱུར་ཞིང་། ནག་པོའི་ཕྱོགས་སྒྲུབ་པ་སྤངས་ནས་དཀར་པོའི་ཕྱོགས་ལ་ཞུགས་ཤིང་། དོན་ཐམས་ཅད་ འགྲུབ་པར་འགྱུར་བའི་ཆོས་དེ་དག་ཁྱོད་ཞུས་ཤིག་ཞུས་ནས་ཀྱང་ཐེ་ཚོམ་མེད་པར་ཉོན་ཅིག་དང་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ། བཅོམ་ལྡན་འདས་ལས་གང་དག་གིས་ནི་ལྷ་རྣམས་ཀྱི་རིས་སུ་སྐྱེ་བར་འགྱུར། གང་དག་ གིས་ནི་མི་རྣམས་ཀྱི་རིས་སུ་སྐྱེ་བར་འགྱུར། གང་དག་གིས་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། གང་དག་གིས་ནི་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར། གང་དག་གིས་ནི་ཡི་དགས་རྣམས་སུ་སྐྱེ་བར་འགྱུར། གང་དག་གིས་ནི་རིགས་མཐོན་པོ་རྣམས་སུ་སྐྱེ་ བར་འགྱུར། གང་དག་གིས་ནི་བྲན་དང་བྲན་མོ་རྣམས་སུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ལས་གང་དག་གིས་ནི་མི་རྣམས་ཀྱི་ནང་དུ་སེམས་ཅན་སྐྱེས་པ་རྣམས་སྐལ་བ་བཟང་པོར་འགྱུར་ཞིང་ཁྱིམ་ཁོལ་དང་ལྡན་པ་དང་། ཁ་དྲི་བདའ་བ་དང་། ཁ་དོག་དང་ལྡན་པ་དང་། མཐོང་ན་དགའ་བ་དང་། གནོད་པ་མ་མཆིས་པ་དང་། ལུས་དང་སེམས་ཤིན་ཏུ་ཐ་མལ་དུ་གནས་པ་དང་། སྐྱེ་བོ་མང་པོས་བསྔགས་པ་རྣམས་སུ་འགྱུར། ལས་གང་དག་གིས་ནི་སེམས་ཅན་རྣམས་མིའི་དམ་པ་ཐོབ་ནས་རྟག་ཏུ་སྐུར་པ་འདེབས་པ་ཐོབ་པར་འགྱུར་ཞིང་། སྐྱེ་བོ་མང་པོ་མི་དགའ་བ་དང་། མདོག་མི་སྡུག་པ་དང་། ཁ་དྲི་མི་བདའ་བ་དང་། གནོད་པ་མང་བ་དང་། སེམས་མི་དགའ་བ་དང་། ལུས་ཤིན་ཏུ་སྦྱངས་པ་མ་ལགས་པ་དང་། ཉེས་བྱས་ཀྱི་ལས་ཐམས་ཅད་བགྱིད་པར་འགྱུར། བཅོམ་ལྡན་འདས་ལས་གང་དག་གིས་ནི་ལེགས་པར་གསུངས་པའི་ ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་བ་དགེ་སྦྱོང་དང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཉེ་བར་ཞི་བ་གཙོ་བོར་འཛིན་པ་རྣམས་གང་དང་གང་དུ་སྐྱེ་བའི་སྐྱེ་བ་ཐམས་ཅད་དུ་རྒྱུན་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་རྣམས་དང་མི་འབྲལ་བར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་ རྣམས་མཐོང་ནས་ཀྱང་དེ་དག་ལས་ཆོས་ཐོས་ནས་ཡིད་དགའ་ཞིང་ཅི་བསམས་པ་བཞིན་དུ་དོན་ཡང་གྲུབ་པར་འགྱུར། བདག་གིས་ཞུ་བ་བཅུ་པོ་དེ་དག་ཞུས་པ་ལགས་ན་འབྱུང་པོ་གྲངས་མ་མཆིས་པ་ཐམས་ཅད་ལ་སྨན་པའི་སླད་དུ་བཅོམ་ལྡན་འདས་གསོལ་བ་མ་བཏབ་པར་དགེ་བའི་བཤེས་གཉེན་མཛད་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། དབང་དང་ལྡན་པ། ཆོས་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་དང་ལྡན་པས་རྣམ་པར་ཕྱེ་སྟེ་རྒྱས་པར་ལན་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་ཁྱོད་ཀྱིས་ཇི་ལྟ་བུ་ཞུ་བ་ཞུས་པ་རྣམས་རྒྱས་པར་རྣམ་ པར་ཕྱེ་སྟེ་བཤད་ཀྱིས་ཉོན་ཅིག །ཚོང་དཔོན་སྤོབས་པའི་བློ་གྲོས་ཀྱིས་བཅོམ་ལྡན་འདས་དེ་བཞིན་འཚལ་ལོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ཀྱིས་ནི་ ལྷ་ཉིད་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་བྱམས་པ་དང་ལྡན་པའི་སེམས་ཀྱིས་གནོད་པ་མེད་པར་སེམས་ཅན་རྣམས་ཡོངས་སུ་སྐྱོང་བར་བྱེད་ཅིང་བཟོད་པ་དང་ལྡན་པ་རྣམས་ཡིན། གཞན་གྱིས་ནོར་འཕྲོག་པར་མི་བྱེད་ཅིང་བཀྲེན་པའི་སེམས་དང་ལྡན་པ་མ་ཡིན་པས་ཡོངས་སུ་གཏོང་བར་བྱེད་པ་ཡིན། གཞན་གྱི་ཆུང་མ་ལ་སྤྱོད་པ་རྣམས་ཀྱང་ཡོངས་སུ་དག་པ་མ་ཡིན་ཏེ། བསླབ་པའི་གཞི་རྣམས་ཀྱང་སྲུང་བར་བྱེད་པ་ཡིན། གསོ་སྦྱོང་ལ་བརྩོན་ཞིང་བདེན་པར་སྨྲ་བ་ཡིན་རང་བཞིན་དུ་འདུག་ཅིང་རང་གི་སྐྱོན་ཚད་མེད་པ་སྤོང་བར་བྱེད་ལ་མྱོས་པར་འགྱུར་བའི་བཏུང་བ་སྤངས་པ་ཡིན་ཏེ། ལས་ལྔ་པོ་དེ་དག་ དང་ལྡན་པ་རྣམས་ལྷའི་ལུས་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྲོག་ཆགས་གསོད་ལས་ལྡོག་པ་བྱས་པས་ལྷ་དང་མི་དང་ལྷ་མིན་རྣམས། །འཇིག་རྟེན་དུ་ནི་མི་ཐུབ་ལུས་ཅན་ཚེ་རིང་ནད་མེད་འགྱུར་བ་ཡིན། །འོད་ཀྱི་དཀྱིལ་ འཁོར་དག་པའི་ལུས་ཅན་ཤེས་ལྡན་དྲི་མེད་རྫོགས་པའི་ལུས། ལྷ་ནང་རབ་མཆོག་དེ་ཡི་ལོངས་སྤྱོད་སྣ་ཚོགས་དཔལ་ཅན་རྟག་ཏུ་འབྱུང་། །བོར་མ་ཐག་ཏུ་ལྷ་ནང་རྟག་ཏུ་ལྷ་ཡི་དབང་ཕྱུག་རྣམས་སུ་འགྱུར། །བསམ་མེད་བསལ་བ་འཕྲོ་བ་རྣམ་ལོག་རིན་ཆེན་ལོངས་སྤྱོད་རྣམས་དང་ལྡན། ། རྟག་ཏུ་དགའ་ཞིང་རབ་ཏུ་ཡིད་དགའ་དཔལ་ལྡན་གཞལ་མེད་ཁང་གནས་ཤིང་། །རྩེ་ཞིང་དགའ་བའི་དཔག་བསམ་ཤིང་གི་ཡུལ་ན་མེ་ཏོག་གཏོར་ལུས་ལྡན། །མཁས་ཤིང་འདོད་པ་མི་ཕན་ཡོངས་སྤངས་དྲི་མཆོག་དག་པའི་ལུས་དང་ལྡན། །ཚེ་རབས་ཀུན་དུ་དཔེ་མེད་གསེར་མཆོག་ལུས་དང་ ལྡན་ཞིང་རབ་ཏུ་མཛེས། །རྟག་ཏུ་ལྷ་ཡི་ནང་དུ་སྐལ་བ་བཟང་ཐོབ་ལུས་ལས་འོད་འབྱུང་འགྱུར། །ལྷ་མོ་སྣ་ཚོགས་ཚོགས་ཀྱིས་བསྐོར་ཅིང་འདོད་པའི་དཔལ་ལ་སྤྱོད་པར་བྱེད། །སྔོན་ཆད་ཆོ་ག་བཞིན་དུ་ངག་སྐྱོན་བཞི་སྤངས་ཁ་ནི་དྲི་ཞིམ་ལྡན། །གསལ་ཞིང་ཐོགས་མེད་མི་འཇིགས་ཚིག་ མཆོག་ལྷ་རྣམས་འདིར་ནི་ངེས་པར་འབྱུང་། །ཡང་དག་ལན་འདེབས་རྣམ་བསྒྲགས་སྙན་ཅིང་སྐྱེ་བོས་ཤིན་ཏུ་ཚིག་གཟུང་འོས། །པི་བང་རོལ་མོ་སྒྲ་འབྱོར་སྤྲིན་སྒྲ་སྐད་སྙན་ཕོ་བྲང་འཁོར་སྐད་ལྡན། །མ་རྨོངས་སེམས་ཀྱིས་མྱོས་འགྱུར་མ་ལེགས་རྗོད་བྱེད་སྤངས་པས་ལྷར་འགྱུར་ཞིང་། །གྲངས་ མེད་དགེ་བའི་ལྷ་ཡིས་མཆོད་པ་ལྷ་ཡི་གནས་ན་གནས་པར་འགྱུར། །བློ་དང་ལྡན་ཞིང་ལུས་བརྟན་ཡིད་བཟང་བག་ཡོད་ཀུན་དང་ལྡན་པར་འགྱུར། །དེ་དག་རྟག་ཏུ་བདེ་འགྱུར་དབང་རྣམས་དེ་དག་ཕན་པ་རྗོད་པར་བྱེད། །གལ་ཏེ་ཚེ་ཟད་ལྷ་ཡི་ཡུལ་ནས་ལྷུང་བའི་ལྷ་རྣམས་དེ་ཚེ་སྨད། །སྡིག་མེད་ ལོ་བརྒྱ་ཉི་ཤུ་ལོན་ན་ལྷ་ཡི་གནས་སུ་འགྲོ་བར་འགྱུར། །བསོད་ནམས་ལྔ་མངོན་གྱུར་པས་དེ་ནི་དམ་པ་དཔལ་ལྡན་ལུས་འོད་ཅན། །ལྷ་རྣམས་ལམ་སེལ་བྱེད་ཅིང་ལྷ་རྣམས་བྱེ་བས་མཆོད་དེ་བརྟན་པར་འགྲོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་ སྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་བྱས་པ་གཟོ་བས་སྦྱིན་པ་དང་། བཀྲེན་པ་དང་། དབུལ་པོ་དང་། སྡུག་བསྔལ་བ་ལ་ཀུན་བགེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་མ་ཉམས་པར་ སྟེན་པ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་དང་། བརྩོན་འགྲུས་ཀྱིས་སེམས་ཅན་ལེ་ལོ་ཅན་རྣམས་དགེ་བའི་ཆོས་ལ་སྤྲོ་བར་བྱེད་ཅིང་ངེས་པའི་སེམས་ཀྱིས་གུས་པ་དང་བཅས་ལ་འཐུན་པར་འཛིན་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ ལྡན་པ་རྣམས་མི་ཉིད་འཐོབ་པར་འགྱུར་ཞིང་ལོངས་སྤྱོད་ཀྱང་ཆེན་པོར་འགྱུར་བ་དང་། ཚེ་རིང་བ་དང་། མཛེས་པ་དང་། གཟི་བརྗིད་དང་ལྡན་པ་དང་། འཇིག་རྟེན་གྱི་རྗེ་དཔོན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྦྱིན་པ་བྱིན་ པས་མི་ཡི་རྒྱལ་པོ་དམ་པར་འགྱུར། །རྟག་ཏུ་ལོངས་སྤྱོད་འབྱོར་དང་ལྡན་པར་རབ་ཏུ་འགྱུར། །ལུས་ངན་པོ་དང་མཚུངས་པར་སྦྱིན་དང་སྤྱོད་པར་བྱེད། །རིགས་དང་དམ་པ་ཐོབ་པས་རྟག་ཏུ་དགའ་བར་འགྱུར། །ཚུལ་ཁྲིམས་མ་ཉམས་དེ་ནི་དཀོན་མཆོག་མཆོད་པར་བྱེད། །ཉེས་བྱས་ཡོངས་ སུ་སྤངས་པས་ཤིན་ཏུ་ངེས་པ་སྟེ། །ཚེ་རིང་དམ་པ་ཐོབ་པས་འཆི་འཕོ་མེད་པ་ཡིན། །བདེ་བ་ཐོབ་པས་སྐྱོན་མེད་རབ་ཏུ་དགའ་བར་འགྱུར། །དེས་པའི་མི་ནི་ཕ་རོལ་སེམས་འཁྲུགས་མ་བྱས་ཤིང་། །གཞན་དག་རྣམས་ཀྱིས་གནོད་བྱས་ཕྱིར་ནི་གནོད་མི་བྱེད། །དེ་བཞིན་ཚིག་ངན་བརྗོད་ ཀྱང་གཤེ་བར་མི་བྱེད་པས། །དགེ་བ་མཆོག་གི་ཚུལ་ཐོབ་ནས་ནི་མཛེས་པར་འགྱུར། །བརྩོན་འགྲུས་བཟང་ལ་ལྷག་པའི་བསམ་པས་སེམས་དཀར་ཞིང་། །སྟོབས་དང་གཟི་བརྗིད་ཆེན་པོ་དགེ་བ་རྣམས་དང་ལྡན། །དམག་དཔོན་ཉིད་ཀྱི་དམ་པ་ཐོབ་པར་གྱུར་པས་ན། །ལོངས་ སྤྱོད་འབྱོར་པའི་སྤྱོད་ཡུལ་ལྡན་པས་ལྷ་དེར་འགྱུར། །མི་འཕྲོག་སེམས་ལྡན་མཁས་ཤིང་ཤིན་ཏུ་འཐུན་པ་སྟེ། །བྱས་པ་གཟོ་ཞིང་ལས་ལ་འདོད་པར་རབ་ཏུ་བྱེད། །དཀོན་མཆོག་གསུམ་དང་མ་ལ་སོགས་ལ་མཆོད་མཛངས་པ། ནམ་ཡང་ཀུན་ལ་ཐེ་ཙོམ་བྱེད་པར་མི་འགྱུར་རོ། །མི་གང་ཁྱད་པར་ འཕགས་པ་དགེ་བ་ལྔ་པོ་རྣམས། །བྱེད་པ་དེ་ནི་ས་ཡི་བདག་པོར་རབ་ཏུ་འགྱུར། །སྟོབས་ལ་སོགས་དང་གཟུགས་དང་ལོངས་སྤྱོད་མི་ཟད་ལྡན། །གྲགས་ལྡན་ཤིན་ཏུ་གཙོ་བོ་རྣམས་ཀྱིས་རིམ་གྲོ་བྱས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་ སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཞིང་སྐྱེས་ནས་ཀྱང་དེ་དག་ཏུ་བསྐལ་པ་བྱེ་བ་མང་པོར་གནས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་ལ་དད་པར་མི་བྱེད་ལ་ཀུན་དུ་བསྔགས་པ་མ་ཡིན་ བརྗོད་པས་སྐུར་པ་འདེབས་པར་བྱེད་ཅིང་འཕགས་པའི་ལམ་ལ་བརྙས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་འཇིག་པ་དང་། བར་གྱི་དུས་ན་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ཟག་བཞི་པོ་མང་པོར་མི་གུས་པ་འཐུན་པར་མི་འཛིན་པ། འཇིག་རྟེན་གྱི་སྨྲ་བ་ལྷུར་ལེན་པ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང་། གཅིག་ལ་གཅིག་ཉེས་རྩོམ་གྱིས། གཅིག་ལ་གཅིག་སྐུར་པ་འདེབས་པའི་ཚིག་གིས་རྒྱལ་པོ་དང་། རྗེ་དཔོན་དང་། བློན་པོ་དང་། ཕ་དང་། བུ་རྣམས་གཅིག་ལ་གཅིག་མི་འཐུན་པས་མི་གུས་པ་རྣམས་ དང་། མ་འོངས་པའི་དུས་ན་དགེ་སློང་རྣམས་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ལ་བརྟེན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བདག་ཉིད་དགེ་སློང་ཡིན་པར་ཁས་འཆེ་ཞིང་དགེ་བའི་ཆོས་ ཡང་དག་པར་སྒྲུབ་པ་ལ་མི་གནས་ལ། མཁན་པོ་དང་། སློབ་དཔོན་རྣམས་མགུ་བར་མི་བྱེད་ཅིང་བཀའ་བློ་མི་བདེ་ལ་འཐུན་པར་མི་འཛིན་ཅིང་ཡང་དག་པར་རྗེས་སུ་བསྟན་ཀྱང་རྗེས་སུ་བསྟན་པ་ལ་སྒྲུབ་པར་མི་བྱེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ལ་བདག་ལ་སྟོད་པར་བྱེད། གཞན་ ལ་སྨོད་པར་བྱེད་ཅིང་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པའི་ཤས་ཆེ་ལ་བླ་མ་རྣམས་ལ་བརྙས་པར་བྱེད། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཅིང་སྐུར་པ་འདེབས་པར་བྱེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་སེམས་ཅན་ དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཞིང་། སྐྱེས་ནས་ཀྱང་ཇི་སྲིད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འཇིག་པ་མ་བྱུང་བ་དེ་སྲིད་དུ་གནས་པར་འགྱུར་ཞིང་། འཇིག་པ་བྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་ན་སེམས་ཅན་དམྱལ་བ་གང་དག་ཡོད་པ་དེ་དག་ཏུ་འཕེན་པར་ འགྱུར་རོ། །གང་གི་ཚེ་དེར་ཡང་འཇིག་པ་བྱུང་བར་གྱུར་ན། དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་ན་སེམས་ཅན་དམྱལ་བ་གང་དག་ཡོད་པ་དེ་དག་ཏུ་འཕེན་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། ཀུན་དུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན་སེམས་ཅན་དམྱལ་བ་གང་དག་ཡོད་པ་དེ་དག་ ཏུ་འཁྱམ་ཞིང་སྡུག་བསྔལ་ཉམས་སུ་མྱོང་ལ་འབྱུང་བའི་མཐའ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྨོངས་པས་ཐོག་མ་མེད་ནས་འཇིགས་པའི་སྡུག་བསྔལ་བྱིང་གྱུར་པའི། །འཇིག་རྟེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་ཁས་ལེན་མི་ བྱེད་དེ། །དེ་ནི་ཀུན་རིག་མ་ཡིན་རྣལ་འབྱོར་རྒྱལ་པོ་མ་ཡིན་ཞེས། །བདག་ཉིད་ཆུད་གཟན་སྐྱེ་བོ་གཞན་རྣམས་ལ་ཡང་སླུ་བར་བྱེད། །བདེ་བར་གཤེགས་པའི་མཆོད་རྟེན་འབྱོར་པ་སྡུག་པའི་མཆོག་བྱས་ན། །དེ་ནི་དགེ་བ་ཆུང་འགྱུར་འཇིག་པར་བྱེད་པའི་ཆར་འགྱུར་ཞེས། །མི་དགེ་འདི་ནི་མངོན་ སུམ་དགེ་བ་མདུན་ན་ཡོད་བཞིན་དུ། །འོན་ཀྱང་སྡིག་པ་རྣམ་པ་སྣ་ཚོགས་ཀུན་ཏུ་སྤྱོད་པར་བྱེད། བར་མ་རྩོད་པའི་དུས་འདིར་བཞི་པོ་བཀྲེས་པས་ཉམ་ཐག་པ། །ཕན་ཚུན་འཁོན་དུ་འཛིན་པས་དཀྲུགས་ཤིང་བླ་མ་སྨོད་པར་བྱེད། །འཁོར་དུ་འདུས་པ་འདུལ་བའི་དགའ་བ་འདི་ནི་རྣམ་བཤིག་པས། ། མི་བཟད་རོ་མེད་ལོག་པར་ལྟུང་བའི་སར་ནི་འགྲོ་བར་འགྱུར། །རྒྱལ་པོ་ཕ་དང་སྲིང་མོ་སྤུན་དང་གཞོན་ནུ་བུ་མོ་རྣམས། །བྱམས་པའི་ཡིད་ནི་ལོག་གྱུར་ལོངས་སྤྱོད་རྣམས་ལ་བརྐམ་ཆགས་ཏེ། །བྱིས་པ་བུ་ལྟར་ཐམས་ཅད་གཅིག་ལ་གཅིག་ནི་བཞད་གད་བྱེད། །ལོག་ལྟུང་དམ་པ་རྣམ་པར་འབྱིང་བར་ མྱུར་དུ་འགྲོ་བར་འགྱུར། །མ་འོངས་དུས་འདིར་གང་དག་ཤིན་ཏུ་སྡིག་ཅན་སེམས་ཅན་རྣམས། །འཐུན་པར་མི་འཛིན་དགེ་སྦྱོང་ཁ་དོག་འཛིན་པ་གཟུགས་མི་སྡུག། །ངན་པའི་བདག་ཉིད་ལྡན་པ་སྡིག་པ་ཁྲག་ཁྲིག་བྱེད་འགྱུར་བ། །དེ་དག་ཤི་འཕོས་ནས་ནི་སྡིག་པ་རྩོད་པའི་མཆོག་གིས་ གནོན། །མི་ཡིས་བསྐལ་པ་བརྒྱ་ཕྲག་མང་པོར་སྡིག་པ་ལྔ་པོ་དག །བསྒྲུབས་ཤིང་བྱས་པ་དག་ནི་བཤགས་པར་ནུས་པ་མ་ཡིན་ཏེ། །གང་དུ་སངས་རྒྱས་ཁྲག་ཁྲིག་གིས་ཀྱང་བསྐྱབ་པར་མི་སྤྱོད་པའི། །མེ་རི་དྲག་པོ་མནར་མེད་པ་ཡི་མེར་ནི་སྲེག་པར་འགྱུར། །དེ་ནས་བཅོམ་ ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་འཆལ་པའི་ཚུལ་ཁྲིམས་དང་། ཆོམ་རྐུན་དང་། གཞན་གྱི་བུ་ལོན་བླངས་ནས་གནོད་ སེམས་སུ་བྱེད་པ་དང་། སྲོག་གཅོད་པ་དང་། མ་དད་པས་དམ་པའི་ཆོས་མ་ཡིན་པ་ཉན་པར་དགའ་ཞིང་དམ་པའི་ཆོས་མ་ཡིན་པ་ཉན་པ་ལ་དགའ་བས་ལོག་པས་འཚོ་བ་ཐམས་ཅད་ལ་དགའ་བ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་དུད་འགྲོ་རྣམས་སུ་སྐྱེ་བར་ འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྟག་ཏུ་གཞན་གྱི་ནོར་འཕྲོག་པ་ལ་དགའ་བའི་མི་རྣམས་ནི། །བུ་ལོན་བྱིན་པ་རྣམ་པར་བླངས་ནས་མི་གཞན་གསོད་པར་བྱེད། །སྲོག་གཅོད་པ་ལ་དགའ་བའི་རི་དགས་འཆི་བདག་རྒྱལ་པོ་རྣམས། ། རྒྱ་ལ་སོགས་པས་བཟུང་ནས་སེམས་ཅན་རྣམས་ལ་གསོད་པར་བྱེད། །དད་པ་ལ་སོགས་དམན་པའི་བློ་གྲོས་དཀར་པོའི་འདུ་ཤེས་ཅན། །ནག་པོ་དཔག་ཏུ་མེད་པ་བདག་ཅག་སྤྱོད་པར་མི་ཤེས་པ། །རྨོངས་པ་རྣམས་ནི་དམ་ཆོས་དཀོན་མཆོག་གཏམ་ལ་དགའ་མི་བྱེད། །འཇིག་རྟེན་ཞུགས་པའི་ ཆོས་ལ་འདིར་ནི་རྗེས་སུ་འགྲོ་བར་འགྱུར། །ཇི་ལྟར་གངས་རི་ལས་འདིར་ཁ་བ་བབ་དང་རབ་བབ་པ། ཆུ་ནི་ཆུ་ཡི་ཤུགས་ཀྱིས་འཕྲལ་དུ་ས་འོག་འགྲོ་བ་བཞིན། །ལྷ་མིའི་གྲོང་དུ་སྡིག་པའི་ཕུང་པོ་མང་དུ་བྱས་པས་ན། །རྨོངས་པ་རྣམས་ནི་དེ་བཞིན་དུད་འགྲོ་རྣམས་སུ་མྱུར་དུ་འགྲོ། །རྟ་དྲེའུ་རྔ་ བོང་གླང་ཆེན་བ་ལང་མ་ཧེ་སེང་གེ་དང་། །ཝ་དང་སྦྲུལ་དང་ཕག་དང་ཁྱི་ལ་སོགས་པར་གྱུར་ནས་སུ། །རྩྭ་ཟ་བ་དང་ཤ་དང་བདུད་རྩི་ལོ་མའི་ཟས་ཟ་ཞིང་། །དེ་དག་རྟག་ཏུ་གཞན་གྱི་ཁུར་ཁྱེར་བྱེད་ཅིང་དུབ་པར་འགྱུར། །བཀྲེས་པས་ཟིལ་གྱིས་ནོན་པས་གཅིག་ལ་གཅིག་ཟ་ལྷུར་བྱེད་པ། ། བསྐལ་པ་ཁྲག་ཁྲིག་རྣམས་སུའང་ནམ་ཡང་ཐར་བར་མི་འགྱུར་ཞིང་། །ཇི་ལྟར་རྒྱ་མཚོ་གཅིག་ན་རུ་སྦལ་མིག་ནི་གཅིག་ཡོད་པས། །གཉའ་ཤིང་བུ་གར་མགྲིན་པ་བཏད་པར་ནུས་པ་མ་ཡིན་པ། །དེ་བཞིན་ལྷ་དང་མི་དང་དབང་ཕྱུག་ཆེ་ཉིད་བདེ་བླག་ཏུ། །ལོག་པར་ལྷུང་བ་བརྒྱ་ཡིས་ཐོབ་པར་ནུས་པ་མ་ཡིན་ཏེ། ། སངས་རྒྱས་འོད་ཟེར་དམ་པའི་ཚོགས་ཅན་དཔག་ཏུ་མེད་པ་དང་། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་འོད་ཀྱིས་དེ་དག་འབྱིན་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། །སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི་ཡི་དགས་ཀྱི་འཇིག་ རྟེན་དུ་སྐྱེ་བར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་བཀྲེན་ཞིང་ཆགས་པ་དང་། མུན་པ་མུན་ནག་ཆེན་པོའི་བཤེས་གཉེན་དང་། སོགས་པ་ལྷུར་བྱེད་པའི་ཕྱིར་བདག་ཉིད་ཀྱང་ལོངས་སྤྱོད་པར་མི་བྱེད་པ་དང་། ཆོས་མ་ཡིན་པ་དང་ལྡན་པའི་ཕྱིར་ཕྲག་དོག་དང་། སེར་སྣ་ལྷུར་བྱེད་པས་སྤུན་དང་། སྲིང་ མོ་དང་། བུ་དང་། ཆུང་མ་དང་། བྲན་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། འབྲེལ་པ་དང་། སྦྱིན་གནས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་ཐམས་ཅད་ལ་རབ་ཏུ་སྦྱིན་པར་མི་བྱེད་ཅིང་ཕ་མ་དག་ལ་ཡང་རབ་ཏུ་སྦྱིན་པར་ མི་བྱེད་པ་དང་། ངེས་པར་བསྐྱང་བར་འོས་པ་དག་མི་སྐྱོང་ལ་བསྙེན་བཀུར་མི་བྱེད་ཅིང་བླ་མ་ལ་མི་གུས་ལ་གཅེས་པར་མི་བྱེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་ཡི་དགས་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་བཀའ་སྩལ་ཏོ། །བཀྲེན་པའི་ཉེས་པས་བཅོམ་པ་ནོར་གཏོང་མི་ཕོད་པ། །དེ་དག་གཞན་དག་ལས་ནི་བླང་བར་འདོད་པར་བྱེད། །མཛོད་རྣམས་ཀྱི་ནི་སྒོ་འཕར་དམ་དུ་བསྡམས་པ་རྣམས། །འདིར་ནི་བསྐྱང་འོས་རྩ་ལག་མཆོག་རྣམས་གསོ་མི་བྱེད། །གཞན་ནོར་ཆུད་གཟོན་པ་ཡིས་ རྟག་ཏུ་སྐྲག་པ་རྣམས། །བླ་མ་ལ་ཡང་དེ་དག་རབ་རྩུབ་བྱམས་ཅན་མིན། །དེ་དག་བདག་གི་ཆུང་མ་ལ་སོགས་གཡོག་ཚོགས་ལ། །དབྱིག་སྦྱིན་མི་བྱེད་ཤིན་ཏུ་སྙིང་བརྩེ་ཤེས་མེད་ཅིང་། །དཀར་པོ་དག་ལས་ལོག་པ་དེ་དག་འདི་ནས་ཤི་འཕོས་ནས། །ཡུན་རིང་མཆོག་ཏུ་ལུས་འབར་སྡུག་ བསྔལ་ཡི་དགས་འགྱུར། །དེ་དག་ལོ་བརྒྱ་རྣམས་སུ་རྨི་ལམ་རྨིས་པར་ཡང་། །གོས་དང་ཟས་དང་བཏུང་བའང་ནམ་ཡང་རྨི་མི་འགྱུར། །ཁབ་འདྲའི་ཁ་དང་རི་ཆེན་ལྟ་བུའི་ལྟོ་ཅན་རྣམས། །ཉམ་ཐག་ཤར་དང་ནུབ་ཀྱི་རྒྱ་མཚོར་རྒྱུག་པར་བྱེད། །ཁ་ནས་མེ་འབར་ལུས་ངན་ཕྱོགས་དང་ལྷོ་ ཕྱོགས་གཞན། །སྐམས་པར་མཐོང་ནས་རིན་ཆེན་མེ་ནང་ལྷུང་བར་འགྱུར། །གཤིན་རྗེའི་ཕོ་ཉ་དཔུང་མགོ་ལས་གྲུབ་རབ་སྟུག་ཅིང་། །སྲ་ལྡན་རྣམས་ཀྱིས་མནན་ནས་ཟངས་ཞུན་བཟོད་དཀའ་རབ། །མི་འདྲ་རོ་བྲོ་མེད་པ་དེ་དག་རྣམས་ལ་ལྡུད། །རྨོངས་རྣམས་ཡན་ལག་བརྒྱད་ལྡན་ ཆུ་བཞིན་འཐུང་བར་བྱེད། །ནང་གྲོལ་ལུས་ཀྱི་ཁོག་པ་བསྲེགས་པ་བསལ་བའི་རླུང་གིས་སུ། །སྐྱེས་པའི་བདག་ཉིད་རྣམས་ལ་སྟོབས་ཆེན་ཡང་ལྡུད་བྱེད། །དེ་ནས་ཤི་འཕོས་མི་ཡི་འཇིག་རྟེན་འདིར་སྐྱེས་རྣམས། །རིགས་དང་ལོངས་སྤྱོད་ལུས་གཡོག་རྣམས་ཀྱིས་དམན་པར་འགྱུར། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། །སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི་རིགས་མཐོན་པོ་རྣམས་སུ་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་དང་། ཆོས་ཀྱི་སྦྱིན་པ་དག་གིས་འཇིག་རྟེན་ཐམས་ཅད་ལ་ གནོད་སེམས་མེད་པར་གྱུར་པ་དང་། དཀོན་མཆོག་གསུམ་དང་། ཕ་མ་ལ་གུས་པ་དང་། ལྷན་ཅིག་སྐྱེས་པའི་བཟོད་པ་དང་། དེས་པ་དང་། ཤིན་ཏུ་གྱ་ནོམ་པ་དང་། སངས་རྒྱས་ཀྱི་གསུང་རྣམ་པ་སྣ་ཚོགས་ཀློག་པ་དང་། ཁ་ཏོན་བྱ་བ་ལ་བརྩོན་པ་སྟེ། སྤོབས་ པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི། རིགས་མཐོན་པོ་རྣམས་སུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བསམ་བྱས་གང་དག་བསོད་ནམས་ཚོགས་པ་སྐལ་བཟང་སྦྱིན་པའི་ཆོ་ ག་བཞིན། །ཀུན་དུ་སེམས་ཅན་མང་ལ་ཀུན་བགེད་དེ་དག་རྟག་ཏུ་ནད་མེད་འགྱུར། །ཚེ་དང་ཁ་དོག་སྟོབས་ལྡན་ལུས་ཅན་འཇིག་རྟེན་མཆོག་ཏུ་འགྱུར། །མཚུངས་དང་རྒྱ་ཆེན་ཁྱད་པར་ཅན་གྱིས་མཛེས་མཛོད་རིན་ཆེན་རི་དབང་བཞིན། །འདུལ་བ་ཉམས་དགའི་དཀོན་མཆོག་ མཚུངས་མེད་ཕ་མ་རྣམས་ལ་བསྙེན་བཀུར་བས། །ཤིན་ཏུ་རྒྱ་ཆེན་གཙོ་མཆོག་ཁྱིམ་དུ་སྐྱེས་པ་གྲངས་མེད་སྐྱེ་བོས་མཆོད། །ཤིན་ཏུ་ནུས་ཀྱང་ཡིད་འཁྲུག་རྣམ་སྤངས་ཀུན་དུ་གཟུགས་ཀྱིས་འཕགས་པ་རྣམས། །འཇིག་རྟེན་རྣམས་ཀྱི་མིག་ཏུ་སྡུག་པ་སྐལ་བཟང་རིགས་ནི་མཐོན་པོར་འགྱུར། ། གང་ཟག་བརྟན་ཞིང་ཀུན་བཟོད་ཤིན་ཏུ་ཡིད་བཟང་དཀར་དང་འཐུན་རྣམས་དང་། །མི་རྣམས་གང་དག་ཤེས་རབ་དག་མཆོག་སངས་རྒྱས་གསུང་ལ་ཁ་ཏོན་བརྩོན། །དེ་དག་འབྱོར་པ་ཐོབ་ནས་རིགས་མཆོག་སྐྱེས་པ་ཀུན་དུ་ཀུན་མཆོག་མཛེས། །དེ་དག་དགེ་བས་རྒྱས་པས་ལུས་ཆེན་རྒྱ་མཚོ་ཆེན་ པོ་བཞིན་དུ་སྤ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི་བྲན་དང་བྲན་མོ་ཉིད་འཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཕ་མ་རྣམས་ལ་མི་གུས་པ་དང་། གྱ་ནོམ་པའི་སེམས་ མ་ཡིན་པ་དང་། ཟློག་པ་མེད་ཅིང་ཅི་དགར་སྡིག་པ་སྤྱོད་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། བུ་ལོན་ཕྲོགས་ནས་བདག་སྦེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་བྲན་དང་བྲན་མོ་ཉིད་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བསོད་ནམས་རྒྱ་ཆེན་འབྱོར་པ་གངས་འོད་ལྟ་བུའི་ཁྱིམ་དུ་སྐྱེ་ཐོབ་ནས། །བླུན་པོ་གང་དག་རྒྱགས་ཁེངས་དྲེགས་པས་དཀྲུགས་ཤིང་གུས་པར་མི་བྱེད་ལ། ཕ་མ་རྣམས་ལ་རྨད་བྱུང་སྦྱིན་གནས་འདྲ་བར་འདུ་ཤེས་མི་བྱེད་པ། །དེ་དག་ཉེས་ པས་གཞན་དུ་འཇིག་རྟེན་དབང་གྱུར་དམན་ཞིང་གཡོན་ཅན་འགྱུར། །དཀོན་མཆོག་མཚུངས་མེད་རྣམས་ལ་མ་གུས་ལྷུར་བྱེད་མ་རུངས་བརླང་ཚིག་འགྱུར། །གང་དག་བྱམས་དང་དེ་བཞིན་སྙིང་རྗེ་མ་ལུས་དགེ་བ་ཆུད་གཟན་པ། །དེ་དག་གྲངས་མེད་སྐྱེ་བར་འཛིན་མེད་གཞན་འཇོམས་ངོ་ཚ་མི་ཤེས་ ཤིང་། །མི་ཡི་ཡུལ་དུ་བྲན་ཉིད་སྤངས་ནས་སྐད་ཅིག་གིས་ནི་དམའ་བར་འགྱུར། །གཟུགས་དང་དབང་ཕྱུག་རིགས་མཆོག་བློ་བྲལ་དམན་ལ་མོས་པའི་གླེན་པར་འགྱུར། །དཀོན་མཆོག་རྣམས་མ་མཆོད་པས་ང་རྒྱལ་མེད་ཅིང་ཞན་ལ་མདངས་ངན་འགྱུར། །དཔལ་ཀུན་མེད་ཅིང་ཏིང་འཛིན་བྲལ་བ་ལས་ རྣམས་ཀྱིས་ནི་བསྡིགས་པར་འགྱུར། །དེ་དག་འཇིག་རྟེན་ཀུན་དགའ་དགའ་སྟོན་ཆེ་སོགས་མེད་ཅིང་ཚེགས་ཀྱིས་འཚོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི་སྐལ་བ་བཟང་པོར་འགྱུར་ ཞིང་། ཁྱིམ་ཁོལ་དང་། ཁ་དྲི་ཞིམ་པ་དང་། གནོད་པ་མེད་པ་དང་། ལུས་དང་། སེམས་ཤིན་ཏུ་སྦྱངས་པ་དང་། བལྟ་ན་སྡུག་པ་དང་། སྐྱེ་བོ་མང་པོས་བསྔགས་པ་རྣམས་སུ་འགྱུར་ཏེ། ལྔ་གང་ཞེ་ན། འདུ་ཤེས་ཇི་ལྟ་བ་བཞིན་དུ་ཡང་དག་པ་དང་། མ་ཚང་བ་མེད་པ་དང་། སྒྲོ་ བཏགས་པ་མེད་པའི་ཚིག་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་དང་། ཐེག་པ་རྣམ་པ་གསུམ་པོ་ཐམས་ཅད་ཀྱི་ཚིག་གི་རང་བཞིན་ལ་མི་བཟོད་པ་མེད་ཅིང་མི་སྨོད་ལ། མི་སྤོང་ཞིང་དེ་ཐམས་ཅད་གཟུང་བ་དང་། བཤད་པ་དང་། བཀླག་པ་དང་། ཁ་ཏོན་ལ་སོགས་ པ་བྱེད་པ་དང་། ངག་གི་སྐྱོན་བཞི་པོ་ཚད་མེད་པ་རྣམ་པར་སྤང་ཞིང་འཕགས་པའི་ལས་ལ་སྐུར་པ་མི་འདེབས་པ་དང་། སེམས་ཅན་ལོག་པར་སྒྲུབ་པ་ལ་གནས་པ་རྣམས་ལ་སྙིང་བརྩེ་ཞིང་ཡོངས་སུ་བསྐྱང་པ་དང་། སྐྱོན་དེ་ལས་བཟློག་ཅིང་དགེ་བ་ལ་དགོད་པ་དང་། གཞན་གྱི་སྐྱོན་མཐོང་བའི་ བརྗོད་པ་ཡལ་བར་འཇོག་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་མི་རྣམས་ཀྱི་ནང་དུ་སྐྱེས་ནས། སྐལ་བ་བཟང་པོར་འགྱུར་ཞིང་ཁྱིམ་ཁོལ་དང་ལྡན་པ་དང་། ཁ་དྲི་ཞིམ་པ་དང་། ཡིད་གཞུངས་པ་དང་། འཐུན་བ་དང་། སྐྱེ་བོ་མང་པོ་དགའ་བ་དང་། མྱ་ངན་མེད་པ་དང་། སེམས་ཐ་མལ་དུ་གནས་པ་དང་། ཁྲོ་བ་མེད་པ་དང་། གནོད་པ་མེད་པ་དང་། ཁ་དོག་དང་ལྡན་པ་དང་། གྲགས་པ་དང་ལྡན་པ་རྣམས་སུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་སོགས་ལ་ཤིན་ ཏུ་ཤས་ཆེར་གུས་འབད་ཕ་མ་རྣམས་མཆོད་པས། །རྟག་ཏུ་ངག་སྐྱོན་ཀུན་བྲལ་འཇིག་རྟེན་དག་ཏུ་རྨད་དུ་བྱུང་བར་འགྱུར། །ཚིག་གི་ཡོན་ཏན་གཟུང་འོས་རྔ་སྒྲར་བཅས་ཤིང་ཚེ་རབས་ཀུན་དུ་ཕན། །ཨུད་པལ་དྲི་དང་མཛེས་པའི་རླུང་ལྡན་ཁ་ཡིས་ཕྱོགས་སུ་སྙན་པ་གྲགས། །གང་ དག་བདག་བྱམས་གཞན་མཚུངས་མི་ཕན་སྐྱོན་བརྗོད་སྡིག་པ་ངན་པ་ལས། །ཕྲལ་ནས་དགེ་བ་ཀུན་ལ་སེམས་ཅན་རྣམས་ནི་སྦྱོར་དུ་འཇུག་བྱེད་པ། །དེ་དག་འཇིག་རྟེན་ཐོབ་ནས་སྐལ་བ་བཟང་པོ་ཀུན་དུ་ཐམས་ཅད་དགའ། །ཤིན་ཏུ་ཡིད་འོང་རིན་ཆེན་ཡུལ་ཅན་བདེ་གནས་སྡིག་ལས་ལོག་པར་ འགྱུར། །དམ་པའི་ཆོས་ནི་གཟུང་དང་བསྟན་བརྩོན་དེ་སེམས་བྱེད་ཅིང་དེས་པར་འགྱུར། །འདིར་ནི་སེམས་ཅན་ཀུན་ལ་ཕ་མ་འདྲ་བར་བྱམས་པའི་སེམས་ལྡན་འགྱུར། །འདས་པའི་དུས་སུ་ལུས་ཅན་ཀུན་ནི་ངེད་ཀྱི་རྩ་ལག་ཚོགས་གྱུར་ཅེས། །དེ་ལྟ་ཟླ་བ་ལྟ་བུའི་སེམས་སྦྱངས་དེ་དག་ལ་ ནི་ཕན་པར་བྱེད། །འགྲན་དྲེགས་ཁྱད་གསོད་ལ་སོགས་རྣམ་པ་སྣ་ཚོགས་ཕན་ཚུན་སུན་འབྱིན་པའི། །སྡིག་པ་ཡོངས་སུ་སྤངས་ནས་དག་པའི་ཡིད་ཅན་སྐྱོན་རྣམས་ཀུན་སྦས་ནས། །སེམས་ཅན་ལྷག་པའི་བསམ་པ་དགེ་བས་སྙན་ཚོགས་ཕན་ཚུན་རྗོད་པར་བྱེད། །མྱུར་དུ་ལྷ་ཡི་ དབང་ཕྱུག་མཚུངས་མེད་ཐོབ་ནས་སངས་རྒྱས་དགེ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི་མིའི་དམ་པ་ཐོབ་ནས་རྟག་ཏུ་སྐུར་པ་འདེབས་པ་ཐོབ་པར་འགྱུར་ཞིང་སྐྱེ་བོ་ མང་པོ་མི་དགའ་བ་དང་། ཁ་དྲི་མི་ཞིམ་པ་དང་། སེམས་མི་དགའ་བ་དང་། གནོད་པ་མང་བ་དང་། ལུས་ཤིན་ཏུ་སྦྱངས་པ་མ་ཡིན་པར་འགྱུར་ཏེ། ལྔ་གང་ཞེ་ན། བརྫུན་དུ་སྨྲ་བ་དང་། བརྫུན་དུ་སྨྲ་བས་རྟག་ཏུ་གཞན་སླུ་བའི་སེམས་ལྷུར་ལེན་པ་དང་། ཆོས་ཀྱི་འབེལ་ བའི་གཏམ་ཆེན་པོ་ལ་འདུས་པ་ན་ཆོས་ཀྱི་གཏམ་དེ་ལ་རྣམ་པར་སྨོད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་མཐོང་ན་དེ་དག་ལ་བརྙས་ཤིང་ཁྱད་དུ་གསོད་པ་དང་། དམའ་བའི་སེམས་སུ་བྱེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་ མིའི་དམ་པ་ཐོབ་ནས་རྟག་ཏུ་སྐུར་པ་འདེབས་པ་ཐོབ་པར་འགྱུར་ཞིང་སྐྱེ་བོ་མང་པོ་མི་དགའ་བ་དང་། མདོག་མི་སྡུག་པ་དང་། ཁ་དྲི་མི་ཞིམ་པ་དང་། སེམས་མི་དགའ་བ་དང་། གནོད་པ་མང་བ་དང་། ལུས་ཤིན་ཏུ་སྦྱངས་པ་མ་ཡིན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སེམས་ཡིད་རྣམས་ཀྱིས་གཞན་སེམས་དྲག་ཏུ་འཁྲུག་དང་སྡིག་པ་རྣམས་བྱས་པས། །ལོག་པའི་ངག་དང་གཞན་ལ་གནོད་པར་དགའ་བ་ཐ་མ་རྣམས་སེམས་དང་། །ལུས་ཀྱིས་སྡུག་བསྔལ་གཞལ་མེད་རྫོགས་པ་བར་མེད་ཉམས་སུ་མྱོང་བར་ འགྱུར། །ལྕགས་ཀྱི་ལྕགས་ཀྱུ་ཆེན་པོ་རྣོན་པོ་རྣམས་ཀྱིས་ཉམ་ཐག་ལྕེ་འབྱིན་འགྱུར། །གཤིན་རྗེའི་དབང་ཕྱུག་གནས་སུའང་མི་རྣམས་ཤིན་ཏུ་ཟངས་བསྐོལ་ལྡུད་པར་འགྱུར། །དམྱལ་བར་མི་བདེན་ཚིག་ཅན་སྐྱེས་པ་དེ་དག་དགའ་བར་ཡོང་མི་འགྱུར། །གང་ཚེ་འདིར་ནི་ཚིག་བཟང་བྲལ་བ་རོ་ལྟར་ ཁ་དྲི་མི་ཞིམ་ཞིང་། །འཇིག་རྟེན་མིག་ཏུ་ཡིད་འོང་བལྟ་ན་སྡུག་པ་མ་ཡིན་རྣམས་སུ་འགྱུར། །རྒྱལ་པོའི་ཕོ་བྲང་འཁོར་དུ་མི་སྙན་སྐུར་འདེབས་རྩོད་པའི་སྐྱོན་མང་ཞིང་། །དེ་དག་རྟག་ཏུ་སྐྱོན་གནས་མི་ནི་ས་ཡ་མང་པོས་གླེང་བར་འགྱུར། །སེམས་ཅན་བརྫུན་སྨྲ་རྣམས་ཀྱིས་ཐ་མལ་སེམས་དང་ ལུས་བདེ་མ་ཡིན་ཕྱིར། །སྔར་བཤད་ཉེས་འགྲོ་དེ་ཡི་འབྲས་བུ་སྡུག་བསྔལ་མང་པོ་སྤྱོད་པར་འགྱུར། །མི་ཉིད་སྤངས་ནས་དབང་མེད་མི་རྣམས་བདེ་བ་ཀུན་ལ་སླུ་བྱེད་པའི། །སེམས་ཅན་དམྱལ་བའི་འཇིག་རྟེན་འགྲོ་འགྱུར་དེ་ནས་ཤི་འཕོས་གྱུར་ནས་ནི། །འགྲོ་བ་ལྔ་པོའི་འཁོར་བའི་འཁོར་ལོ་ རྩུབ་པར་དུད་འགྲོ་རྣམས་སུ་སྐྱེ། །དེ་ལྟར་ལུས་ཅན་འཁྱམ་པ་རྣམས་ཀྱི་སྡུག་བསྔལ་ཟད་པར་འགྱུར་བ་མེད། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་དགེ་སྦྱོང་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཉེ་བར་ཞི་བ་ གཙོ་བོར་འཛིན་པའི་སེམས་ཅན་ཆོས་ལྔ་དང་ལྡན་པ་རྣམས་ནི་གང་དང་གང་དུ་སྐྱེ་བའི་སྐྱེ་བ་དེ་དང་དེ་ཐམས་ཅད་དུ་རྟག་པར་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་ཕྲད་པ་ཐོབ་པར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཀྱང་དེ་དག་ལས་ཆོས་ཀྱང་ཐོས་ནས་ཡིད་ དགའ་ཞིང་ཅི་བསམས་པ་བཞིན་དུ་བྱང་ཆུབ་རྣམས་ཐོབ་པར་འགྱུར་ལ། ཅི་འདོད་པ་བཞིན་དུ་ཕུན་སུམ་ཚོགས་པ་རྣམས་ཀྱང་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་གཞན་དག་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་ སྒྲུབ་པ་ལ་རྣམ་པར་འཇོག་པར་བྱེད་པ་དང་། རྣམ་པ་ཐམས་ཅད་ཀུན་ཏུ་རྫོགས་ཤིང་རྒྱས་ལ་རྒྱ་ཆེན་པོ་ལེགས་པར་བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། མཁན་པོ་དང་སློབ་དཔོན་ཤེས་ཤིང་གུས་པ་དང་བཅས་པ་དང་། བཀའ་བློ་བདེ་བ་དང་འཐུན་པར་འཛིན་ པར་སྒྲུབ་པ་དང་། ཀུན་དུ་ཐོགས་པ་མེད་པའི་འོད་ཟེར་རྣམས་ཀྱིས་སེམས་ཅན་ཐམས་ཅད་བདག་དང་འདྲ་ཞིང་བུ་གཅིག་པའི་བྱིས་པ་དང་འདྲ་བར་མཐོང་བ་དང་། ཇི་ལྟར་བརྩམས་པའི་མདོ་སྒྲུབ་པ་དང་། བཀླག་པ་དང་། ཁ་ཏོན་དང་། ལུང་མནོད་པ་དང་། བཤད་པ་རྣམས་ ཡིད་ལ་བྱེད་པ་ཡངས་ཤིང་རྣམ་པ་སྣ་ཚོགས་པ་དག་གིས་བར་ཆད་མེད་པར་བསྒོམ་པ་ལ་མངོན་པར་ཞེན་ཅིང་སྒྲུབ་པར་བྱེད་པ་སྟེ། སྤོབས་པའི་བློ་གྲོས་དགེ་སྦྱོང་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཉེ་བར་ཞི་བ་གཙོ་བོར་འཛིན་པའི་སེམས་ཅན་ཆོས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་ གང་དང་གང་དུ་སྐྱེས་པའི་སྐྱེ་བ་དེ་དང་དེ་ཐམས་ཅད་དུ་བར་ཆད་མེད་པར་སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་རྣམས་དང་མི་འབྲལ་བར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཀྱང་། དེ་དག་ལས་ཆོས་ཀྱང་ཐོས་ནས། ཡིད་དགའ་ཞིང་ཅི་ བསམས་པ་བཞིན་དུ་བྱང་ཆུབ་རྣམས་ཐོབ་པར་འགྱུར་ལ། ཅི་འདོད་པ་བཞིན་དུ་ཕུན་སུམ་ཚོགས་པ་རྣམས་ཀྱང་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་སངས་རྒྱས་ཡོན་ཏན་མཆོག་གི་ཆོས་ལ་གནས། ། དེ་དག་ཉིད་ཀྱིས་སེམས་ཅན་ཐམས་ཅད་འདུལ་བར་བྱེད། །སངས་རྒྱས་སྐུ་གཟུགས་གཟུགས་ལེགས་རྣམས་ནི་བྱེད་པར་འགྱུར། །མཁས་པ་རྣམས་ནི་སློབ་དཔོན་ཚིག་ལ་མཆོད་པར་བྱེད། །གང་དག་ཕྱོགས་བཅུ་རྣམས་ཀྱི་འཇིག་རྟེན་མ་ལུས་ལ། །བདག་དང་བུ་གཅིག་བྱིས་པ་ རྣམས་དང་འདྲར་མཐོང་བ། །དེ་དག་སྲིད་པ་ཀུན་དུ་མྱ་ངན་མེད་ངེས་འགྱུར། །ཤིན་ཏུ་རྣམ་དག་ཐུགས་མངའ་སངས་རྒྱས་རྣམས་ཀྱང་མཐོང་། །གང་དག་ཤེས་རབ་རིན་ཆེན་ཆེན་པོ་འབྱོར་མཛད་རྣམས། །ཉིན་དང་མཚན་དུ་དགེ་བ་ཀུན་དུ་སྤྱོད་པར་བྱེད། །འདིར་ནི་རྨད་དུ་བྱུང་བའི་འོད་དང་ ལྡན་པ་རྣམས། །འཇིག་རྟེན་མུན་པ་ཆེ་ལ་སྣང་བ་མཆོག་བྱེད་འགྱུར། །ཀུན་དུ་ཆོས་རྣམས་ཐམས་ཅད་རབ་ཏུ་རྣམ་ཕྱེ་ནས། །སངས་རྒྱས་ལམ་ལས་མཆོག་ནི་གཞན་མེད་པར། །ངེས་པར་བྱས་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱི། །མཐར་ཐུག་འགྲོ་བར་འགྱུར་བའི་རྒྱུ་ནི་ཤེས་ པར་འགྱུར། །དེ་ནས་ཚོང་དཔོན་སྤོབས་པའི་བློ་གྲོས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ། ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། ཚོང་དཔོན་གྱི་བུ་ལྔ་བརྒྱ་ཙམ་པོ་དང་། སོ་སོའི་ གཡོག་འཁོར་ལྔ་བརྒྱ་ཙམ་པོ་དེ་དག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་བོ། །བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་ འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཇི་སྙེད་འདུས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ནི་ཅི་བསམས་པ་བཞིན་གྱི་ཐེག་པ་རྣམས་ལ་སེམས་བསྐྱེད་དོ། །ཅི་འདོད་པ་བཞིན་དུ་ཕུན་སུམ་ཚོགས་པ་ཡང་ཐོབ་ཅིང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། གོས་དང་། རྒྱན་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར་ཏོ། །དེ་ནས་ཚོང་དཔོན་སྤོབས་པའི་བློ་གྲོས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁམས་གསུམ་པའི་བླ་མས་ཆོས་ལྔ་པོ་འདི་དག་ལེགས་པར་གསུངས་པ་ལེགས་སོ་ལེགས་སོ། །ཆོས་ལྔ་པོ་དེ་དག་ཐོས་ནས་འཁོར་འདི་ཡིད་བཞིན་དུ་ཐམས་ཅད་རྫོགས་པར་དོན་གྲུབ་པར་གྱུར་ ལགས་སོ། །མ་འོངས་པའི་སེམས་ཅན་རྣམས་ཀྱང་འདི་ཉིད་ཐོས་ནས་ནག་པོའི་ཕྱོགས་སྤངས་ཏེ། དཀར་པོའི་ཕྱོགས་ལ་ཞུགས་ཤིང་བརྟུལ་ཞུགས་འགྲུབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་སྤྱན་ འདྲེན་ན་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཁྱོད་ཀྱིས་དེ་ལྟར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་སྤོབས་པའི་བློ་གྲོས་ལ་ཐུགས་བརྩེ་བའི་སླད་དུ་གནང་བར་མཛད་དོ། །དེ་ནས་ཚོང་དཔོན་སྤོབས་པའི་བློ་གྲོས་བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས་ཚིམ་ཞིང་ མགུ་སྟེ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་རང་གི་ཁྱིམ་ དུ་སོང་ནས་ཕ་མ་གཉིས་ཀྱི་རྐང་པ་ལ་ཕྱག་བྱས་ཏེ་ཐལ་མོ་སྦུག་སྦུག་པོར་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་འདི་ལྟར་གང་འཇིག་རྟེན་ན་ཤིན་ཏུ་དཀོན་མཆོག་གཤེགས་པ་བླ་ན་མེད་པ་ཆོས་ཀྱི་རྒྱལ་པོ་ཁམས་གསུམ་པ་ཐམས་ཅད་ལས་འདས་པ་བཅོམ་ལྡན་འདས་དགེ་སློང་གི་ དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གིས་གདུགས་ཚོད་ལ་སྤྱན་དྲངས་ན། དེས་ཀྱང་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་གནང་ལགས་ཀྱིས་མཁྱེན་པར་མཛོད་ཅིག །དེ་ནས་སྤོབས་པའི་བློ་གྲོས་ཀྱི་ཕ་མ་དག་ཡིད་དགའ་སྟེ་འདི་སྐད་ཅེས་སྨྲས་སོ། །བུ་ལེགས་སོ། །ཁྱོད་ཀྱིས་ལེགས་ པར་བྱས་སོ་ཞེས་མངོན་པར་བསྟོད་དེ། དེ་བཞིན་གཤེགས་པ་མཆོད་པའི་ལས་ལ་སྤྲོ་བར་གྱུར་ཏོ། །དེ་ནས་སྤོབས་པའི་བློ་གྲོས་ཀྱིས་རང་གི་ཆུང་མ་པད་མ་གཡོག་འཁོར་དང་བཅས་པ་ལ་བསྒོ་བ། བཟང་མོ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་འཁོར་དང་བཅས་པའི་དོན་དུ་བཟའ་བ་དང་བཏུང་བ་རོ་བརྒྱ་དང་ལྡན་པ་མང་བ་དང་བསོད་པར་སྦྱོར་ཅིག །སྦྱར་ནས་ཀྱང་ཁྱིམ་ཐམས་ཅད་ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། བླ་རེ་བྲེ་བ་དང་། དར་གྱི་ལྡ་ལྡི་གདགས་པ་དང་། མེ་ཏོག་ཆལ་པར་དགྲམ་ པ་དང་། བདུག་སྤོས་དྲི་ཞིམ་པོས་བདུག་པར་བྱེད་དུ་བཅུག་ལ། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་པའི་གདན་ཅི་འོས་སུ་ཐིང་སྟེ། མཆོད་ཡོན་དང་ཞབས་ལ་དབུལ་བ་སྤྱན་སྔར་བཞག་པས་བཅོམ་ལྡན་འདས་དམ་པ་དེ་ལ་སྡོད་ཅིག་ཅེས་བསྒོ་སྟེ། སྤོབས་པའི་ བློ་གྲོས་མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས་ལ་སོགས་པ་དང་ལྷན་ཅིག་འགྲོགས་ཤིང་ཇི་སྐད་སྨྲས་པ་ཐམས་ཅད་བྱས་སོ། །དེ་ནས་བཅོམ་ལྡན་འདས་དེའི་མཚན་མོ་འདས་ནས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་སྐྱེད་མོས་ཚལ་ཆེན་པོ་ ནས་བྱུང་ནས། སེམས་ཅན་རྣམས་ལ་ཐུགས་བརྩེ་བས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་དཔལ་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པའི་རོལ་པས་ཆོ་འཕྲུལ་དང་བཅས་པས་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོར་གཤེགས་སོ། །གཤེགས་ནས་ཀྱང་རིམ་གྱིས་སྤོབས་པའི་བློ་གྲོས་ ཀྱི་ཁྱིམ་ག་ལ་བ་དེ་ལོགས་སུ་བཞུད་དོ། །དེ་ནས་སྤོབས་པའི་བློ་གྲོས་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་བསུ་ནས་མཆོད་ཡོན་དང་ཞབས་ལ་འབུལ་བས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཞབས་འབྲིང་བ་དང་བཅས་པར་ཁྱིམ་གྱི་ ནང་དུ་གཤེགས་ཏེ། བཅོམ་ལྡན་འདས་ནི་ཅི་འོས་པའི་གདན་མཆོག་ལ་བཞུགས་སོ། །དགེ་སློང་གི་དགེ་འདུན་ནི་ཅི་འོས་པ་ལ་འཁོད་དོ། །དེ་ནས་སྤོབས་པའི་བློ་གྲོས་ཀྱི་ཕ་མ་དང་། སླས་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས་རྣམས་ནི་ཡིད་ དགའ་ཞིང་འདུད་ལ། བླ་མ་ལ་གུས་པ་དང་། གཅེས་པར་བྱེད་པ་ཆེན་པོས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་པ་ལ་འདྲིམ་པར་རྩོམ་མོ། །སྤོབས་པའི་བློ་གྲོས་ནི་མེ་ཏོག་དང་། སྤོས་ཆུར་བཅས་པས་བཀང་བའི་རིལ་བ་ཐོགས་ནས་སྟོན་པའི་སྤྱན་སྔར་འདུག་པར་ གྱུར་ཏོ། །ཡང་དེའི་ཚེ་སྡུག་བསྔལ་བའི་གྲོགས་པོ་གཉིས་ཤིག་སྤོབས་པའི་བློ་གྲོས་ཀྱི་ཁྱིམ་དུ་ཕྱིན་པར་གྱུར་ནས། དེ་གཉིས་ལས་གཅིག་ནི་དགེ་འདུན་གྱི་ནང་དུ་ཞུགས་སོ། །དེའི་ཚེ་དགེ་སློང་ཐམས་ཅད་ལ་བཟའ་བ་དང་། བཏུང་བ་འབྱོར་ཚོགས་ཞེས་མ་སྨྲས་ལ། བཅོམ་ལྡན་ འདས་ཀྱིས་ཀྱང་རྗེས་སུ་ཐུགས་རང་བ་མ་གསུངས་པས། དེ་གང་གིས་ཀྱང་ཅི་ཡང་མ་བྱིན་ནས། དེ་ཁྲོས་ཏེ་ཕྱིར་བྱུང་ནས་འདི་སྙམ་དུ་ཀྱེ་མ་སྡུག་བསྔལ་བ་བདག་ལ་གང་གིས་ཅི་ཡང་མ་བྱིན་པ་ནི། དགེ་སྦྱོང་བདག་ཉིད་ངན་པ་རྣམས་ཏེ། སེམས་ཉེ་བར་ཞི་བ་མ་ཡིན་ ཞིང་། སྙིང་རྗེ་མེད་ལ་བྱམས་པའི་སེམས་དང་ལྡན་པ་མ་ཡིན་པ་དག་གོ། །གང་དེ་དག་ལ་བྱིན་ཡང་འབྲས་བུ་མེད་པ་དེ་ལྟ་བུ་དག་ལ་སྦྱིན་པར་བྱེད་པ་ནི་སྦྱིན་བདག་བླུན་པོ་སྟེ། གལ་ཏེ་བདག་རྒྱལ་པོར་གྱུར་ན་ཐམས་ཅད་ཀྱི་མགོ་ལྕགས་ཀྱི་འཁོར་ལོས་གཅད་དོ་སྙམ་དུ་སེམས་པར་ གྱུར་ཏོ། །དེ་ནས་དེའི་འོག་ཏུ་དགེ་སློང་ཐམས་ཅད་ལ་བཟའ་བ་དང་། བཅའ་བ་དག་འབྱོར་ཚོགས་ཞེས་བྱས་ཤིང་། བཅོམ་ལྡན་འདས་ཀྱིས་ཀྱང་རྗེས་སུ་ཐུགས་རང་བར་མཛད་པ་དང་། ཅིག་ཤོས་འོངས་པར་གྱུར་ཏོ། །དེས་ནི་བཟའ་བ་དང་། བཏུང་བ་མང་བ་དང་། བསོད་པ་ ཐོབ་ནས་དེ་ཡི་རངས་ཏེ། ཕྱིར་བྱུང་ནས་འདི་སྙམ་དུ་ཀྱེ་མ་སྡུག་བསྔལ་བ། བདག་ལ་གང་དག་གིས་བཟའ་བ་དང་། བཏུང་བ་མང་བ་དང་། བསོད་པ་བྱིན་པ་ནི་དགེ་སྦྱོང་བདག་ཉིད་ཆེན་པོ་རྣམས་ཏེ། སྙིང་བརྩེ་བར་བྱེད་ལ་སེམས་ཉེ་བར་ཞི་བ་ཡིན་ཞིང་། བྱམས་པའི་བདག་ཉིད་ཅན་ དག་གོ། །འདིས་ནི་བདག་ཞག་བདུན་དུ་ཚིམ་པར་འགྱུར་བར་བྱས་སོ། །གང་འདི་དག་ལ་བྱིན་ན་འབྲས་བུ་ཆེ་བ་སྦྱིན་གནས་ཆེན་པོ་འདི་ལྟ་བུ་དག་ལ་སྦྱིན་པར་བྱེད་པ་ནི་སྦྱིན་བདག་ཆེན་པོ་མཁས་པ་སྟེ། ལེགས་སོ། །གལ་ཏེ་བདག་རྒྱལ་པོར་གྱུར་ན་སངས་རྒྱས་ལ་སོགས་པ་ དགེ་སློང་གི་དགེ་འདུན་ལ་ཞག་བདུན་དུ་བསྙེན་བཀུར་ཐམས་ཅད་ཀྱིས་རིམ་གྲོ་བྱེད་པར་གྱུར་ཅིག་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ནས། བསྩང་སྡེར་གྱུ་སྟེ་ཕྱག་བཅབས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་ དགའ་བོ་དེང་ཕྱིན་ཆད་བཟའ་བ་དང་། བཏུང་བ་མ་བླངས་པ་ཉིད་དུ་རྗེས་སུ་ཡི་རང་བརྗོད་ཅིག །དེ་ནས་སྤོབས་པའི་བློ་གྲོས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཡང་དག་པར་དགའ་བ་དང་། ཡང་དག་པར་ གཟེངས་བསྟོད་པ་དང་། ཡང་དག་པར་འཛིན་དུ་གཞུག་པ་སྔོན་དུ་མཛད་པའི་ཆོས་ཀྱི་གཏམ་སེམས་ཅན་མང་པོའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་བསྐྱེད་པར་མཛད་དེ། གདན་ལས་བཞེངས་ནས་བཞུད་དེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་ནས་དེ་ན་བཞུགས་སོ། །དེ་ནས་སྡུག་ བསྔལ་བ་དེ་གཉིས་འཁོར་འཁོར་འཁྱམ་འཁྱམ་སྟེ། ཡུལ་གཞན་ཞིག་ཏུ་སོང་ནས་ཕ་ཟད་ཚུ་ཟད་ཙམ་གྱི་ཕྱོགས་སུ་ཉལ་བར་གྱུར་ཏོ། །དེར་བསོད་ནམས་ཀྱི་ལས་ཅན་དེ་ལ་སྟེང་གི་ནམ་མཁའ་ལ་གྲིབ་མའི་དོན་དུ་སྤྲིན་གྱི་བླ་རེ་གློག་དང་རླུང་འབྱུང་བ་དང་བཅས་པ་རབ་ཏུ་གནས་ པར་གྱུར་ཏོ། །དེའི་ཚེ་ཡུལ་དེ་ན་རྒྱལ་པོ་གང་ཡིན་པ་དེ་འཆི་བའི་དུས་བྱས་སོ། །དེ་ན་གང་རྒྱལ་སྲིད་ལ་དབང་བསྐུར་བར་བྱ་བའི་རྒྱལ་པོའི་མཚན་དང་ལྡན་པ་ཡང་གཞན་མེད་དོ། །དེ་ན་ཚོང་དཔོན་དང་། གྲོང་མི་དང་། ཡུལ་མི་དང་། བློན་པོ་ཆེན་པོ་དང་། བློན་པོ་དང་། སྒོ་བ་དང་། འཁོར་ན་ འཁོད་པ་རྣམས་ནི། མཚན་མཁན་དང་། ལྟས་མཁན་དང་། སྐར་མ་དང་། གཟའ་སྤྱོད་པ་ལ་མཁས་པ་ལ་རྒྱལ་པོར་འགྱུར་བ་སུ་ཡོད་ཅེས་བརྩོན་པར་གྱུར་ཅིང་འདྲིའོ། །དེས་སྨྲས་པ། སྐྱེས་བུ་དབུལ་པོ་མཚན་དང་ལྡན་པ་ཞིག་ཡོད་དོ། །དེ་ནི་རྒྱལ་པོར་འགྱུར་རོ། ། དེ་ནས་དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྒྱལ་པོ་ལ་འོས་པ་རིན་ཐང་ཆེ་བའི་ཁྲི་སྟན་བཟང་པོ་གསེར་གྱི་རྐང་རྟེན་དང་བཅས་པ་དང་། ཡུ་བ་ནོར་བུ་ལས་བྱས་པའི་གདུགས་དཀར་པོ་དང་། ཡུ་བ་གསེར་ལས་བྱས་ཤིང་ནོར་བུ་དང་ལྡན་པའི་རྔ་མའི་བསིལ་ཡབ་དང་། སྤོས་ཆུས་ བཀང་བའི་བུམ་པ་དུ་མ་དང་། མེ་ཏོག་དང་། རྒྱན་ཕྲེང་དང་། གོས་དང་། དབུ་རྒྱན་དང་། ཐོད་དང་བཅས་པ་ལ་སོགས་པའི་རྒྱན་དང་། སྤོས་ཀྱི་ཕུར་མ་དང་། སློ་མ་དག་ཐོགས་ཏེ། སིལ་སྙན་དང་། ཕེག་རྡོག་པ་དང་། གླུ་དབྱངས་དང་བཅས་པ་དག་དང་། རྒྱལ་པོའི་ ཕོ་བྲང་འཁོར་ནས་བྱུང་སྟེ། ཀུན་ནས་དེ་ཀུན་ཏུ་བཙལ་ཏོ། །ལྟས་མཁན་དེས་སྤྲིན་གྱི་ཚོགས་ཀྱིས་བཀབ་པའི་ཕྱོགས་དེ་མཐོང་སྟེ། མཐོང་ནས་ཀྱང་དེ་དག་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་གིས་སྤྲིན་སྔོན་པོའི་དཀྱིལ་འཁོར་གྱིས་ཁེབས་པ་དགའ་ཞིང་གསལ་བའི་ཕྱོགས་དེ་མཐོང་ ངམ། དེ་དག་གིས་སྨྲས་པ། གྲོགས་པོ་མཐོང་ངོ་། །དེས་སྨྲས་པ། དེ་ན་རྒྱལ་པོའི་མཚན་དང་ལྡན་པའི་སྐྱེས་བུ་དེ་འདུག་སྟེ། དེའི་བསོད་ནམས་ཀྱི་ལས་ཀྱིས་གྲིབ་མའི་དོན་ཏུ་སྤྲིན་དེ་དག་འདུས་སོ། །དེ་ནས་དེ་དག་དེར་དོང་ནས། སིལ་སྙན་དང་། གླུ་དབྱངས་ཀྱི་སྒྲས་ སྦྲན་ཏེ་བཏུད་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །དབང་བསྐུར་བ་བཞེས་ལ་རྒྱལ་པོར་གྱུར་ཅིག །དེས་སྨྲས་པ། ཁོ་བོ་ལྟ་བུ་རྒྱལ་པོའི་འོས་ག་ལ་ཡིན། དེ་དག་གིས་སྨྲས་པ། བསོད་ནམས་ཀྱི་ལས་ཅན་ཁྱོད། དེ་སྐད་མ་ཟེར་བར་གདོན་མི་ཟ་བར་རྒྱལ་པོ་བྱ་དགོས་སོ། །སྨྲས་ པ། དེ་བཞིན་དུ་གྱུར་ཅིག །དེ་ནས་དེ་དག་གིས་མལ་གྱི་རྐང་རྟེན་ལ་རྐང་པ་བཞག་པ་དེ་སྟན་བཟང་པོ་ལ་འདུག་ཏུ་བཅུག་ནས། བཀྲ་ཤིས་ཐམས་ཅད་ཀྱིས་རྒྱས་པར་བྱེད་ཅིང་དབང་བསྐུར་ཏེ། དབུ་རྒྱན་དར་ཐོད་ཅན་ལ་སོགས་པའི་རྒྱན་རྣམས་ཀྱིས་བརྒྱན་ནས། ཤིང་ར