Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 047_མདོ་སྡེ།_ག

Văn bản gốc(Tây Tạng)

Trang 12 / 20 (50.000 ký tự/trang)
་གྱིས་ལྷ་དེའི་ཚིག་ཐོས་ནས་དེའི་མཚན་མོ་འདས་ཏེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དྲུག་ཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རྩིའི་དབྱངས་སྒྲོགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གཙོ་བོའི་བུ་མྱ་ངན་སེལ་བས་དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་སྒྲོགས་མཛེས་པ་དང་། མཛེས་པ་སྡུག་པ་དང་། དབང་པོ་ཞི་ཐུགས་ཞི་དུལ་བ་དང་ཞི་
གནས་མཆོག་ནི་བརྙེས། དུལ་བ་དང་ཞི་གནས་དམ་པ་ནི་བརྙེས་སྦས་པ། གླང་པོ་དབང་པོ་ནི་དུལ། མཚོ་ལྟར་དང་ཞིང་རྙོག་མ་མེད་ལ་རབ་ཏུ་གསལ་བར་མཐོང་ངོ་། །མཐོང་ནས་དེ་བཞིན་གཤེགས་པ་དེའི་དྲུང་དུ་གཞལ་དུ་མེད་པའི་དགའ་བ་སྐྱེས་ཏེ། དེ་རེ་ཤིག་ཆོས་མི་ཉན་ཏོ། །
དེ་ནས་དེ་འདི་སྙམ་དུ་སེམས་ཏེ། ཁྱོད་ཀྱི་ཡེ་ཤེས་ཅི་འདྲ་བར་བདག་ཀྱང་དེ་འདྲ་བར་གྱུར་ཅིག །ཁྱོད་ཀྱི་སྐུ་དང་གསུང་ཅི་འདྲ་བར་བདག་ཀྱང་དེ་འདྲ་བར་གྱུར་ཅིག་སྙམ་མོ། །དེ་བཞིན་གཤེགས་པས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེས་དེ་བཞིན་
གཤེགས་པ་བདུད་རྩིའི་དབྱངས་སྒྲོགས་དེ་ལ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གིས་གང་བའི་སྐོན་པ་སྟོང་མངོན་པར་གཏོར་ནས་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། ཇི་ལྟར་ཐོས་པ་དེ་བཞིན་མཐོང་སྟེ་དེ་བས་ལྷག་པར་བཟང་། །འདི་ལྟར་ཁྱོད་ལ་སྐྱབས་མཆི་རྐང་གཉིས་མཆོག་འགྱུར་
བགྱི། །དགེ་བའི་རྩ་བ་འདི་ཡིས་མི་ཡི་འདྲེན་གྱུར་ནས། །སེམས་ཅན་མགོན་མེད་སྐྱབས་མེད་སྡུག་བསྔལ་དགྲོལ་བར་བགྱི། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཙོ་བོའི་བུ་མྱ་ངན་སེལ་ཅེས་བྱ་བར་གྱུར་པ་དེ་བཞིན་གཤེགས་པ་གང་ལ་ཡོངས་སུ་ཞུ་བ་ལ་འོངས་ནས།
མཐོང་བ་ཙམ་ཉིད་ཀྱིས་ཐེ་ཚོམ་དང་བྲལ་བ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་གཙོ་བོའི་བུ་མྱ་ངན་སེལ་ཅེས་བྱ་བར་གྱུར་ཏོ། །གང་ལ་ཞུས་པ་ཙམ་ཉིད་ཀྱིས་ཐེ་ཚོམ་དང་བྲལ་ཏེ། དེས་ན་ང་དེ་བཞིན་གཤེགས་པ་དེ་མཐོང་བ་ཙམ་གྱིས་དད་པས་འཇིག་

རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་བསྒྲུབས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ཉིད་མཐོང་བར་བྱའོ། །མཽད་གལ་གྱི་བུ་དེ་ཉིད་མཐོང་བའི་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་དད་པ་བསྐྱེད་པར་བྱ། འཇིག་རྟེན་པའི་
ཤེས་པ་ཁོང་དུ་ཆུད་པར་བྱ་བ་ལ་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་ངས་འཇིག་རྟེན་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་འཇིག་རྟེན་ཤེས་པ་འགོག་པ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་སེམས་ཅན་རྣམས་ལ་ཇི་ལྟར་
ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་གྲོ་ཞིན་སྐྱེས་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དབེན་པར་སོང་ནས་ནང་
དུ་ཡང་དག་འཇོག་ལ་འཇུག་སྟེ། འདི་སྙམ་དུ་སེམས་སོ། །གང་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་དེ་དག་སྲིད་པ་ལ་ཇི་ལྟར་འགྲོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ་བདག་དགེ་སྦྱོང་དང་བྲམ་ཟེ་གང་དག་གི་དྲུང་དུ་སོང་སྟེ་གང་ཡིན་པ་ཡོངས་སུ་དྲི་བར་བྱ་སྙམ་མོ། །དེའི་ཚེ་དེ་བཞིན་
གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་སྒྲོན་མ་དེ་ཞེས་བྱ་བ་ནས་དེ་མི་
མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་ཐུགས་སུ་མ་ཆུད་པ་ཅི་ཡང་མེད་དེ། དེ་བདག་གི་འདི་འཆད་དོ་ཞེས་བྱ་བའི་བར་དེ་ལྟ་བུའི་སྒྲ་མངོན་པར་ཕྱུང་ངོ་། །དེ་ནས་དྲང་སྲོང་གྲོ་ཞིན་སྐྱེས་འདི་སྙམ་དུ་
སེམས་ཏེ། བདག་དེ་བཞིན་གཤེགས་པའི་དྲུང་དུ་སོང་ནས་ཡོངས་སུ་ཞུ་བར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ཇི་ལྟ་བཞིན་དུ་ལུང་སྟོན་པར་མཛད་དེ། དེའི་དོན་དེ་བཞིན་དུ་གཟུང་བར་བྱའོ་སྙམ་ནས། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་དེ་ག་ལ་བ་དེར་སོང་

སྟེ་ཕྱིན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་དེ་མཐོང་ནས་གཞལ་དུ་མེད་པའི་དད་པ་ཐོབ་སྟེ། སེམས་རབ་ཏུ་དང་བས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དྲང་སྲོང་གྲོ་ཞིན་སྐྱེས་དེས་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་མཆོག་བདེ་གཤེགས་སེམས་ཅན་གང་དག་སྲིད་པར་སྐྱེ། །དེ་དག་ཚོགས་རྣམས་གར་མཆི་འདྲེན་པ་བདག་ལ་གསུངས། །དངོས་པོ་འདི་ཀུན་རྒྱུ་མེད་པ་ཞེས་ཁ་ཅིག་མཆི། །
བདག་གི་རང་བཞིན་སྐྱེ་སྟེ་འགྲོ་བར་དེ་བཞིན་མཆི། །ས་ནི་ས་རུ་མཆི་ཞིང་ཆུ་ཡང་ཆུ་རུ་མཆི། །མེ་ནི་མེ་རུ་མཆི་ཞིང་རླུང་ཡང་རླུང་དུ་མཆི། །འབྱུང་བའི་ཚོགས་པ་མ་གཏོགས་དེ་ལས་གཞན་མ་མཆིས། །དེར་ནི་རྣམ་ཤེས་མཐོང་སྟེ་འདི་ལྟར་རྣམ་ཤེས་སྣང་། །ཁ་ཅིག་འདི་སྐད་མཆི་སྟེ་གཟུགས་
ལ་སེམས་ཐོགས་མེད། །ལྡོག་པ་ག་ལས་འབྱུང་བ་འདི་ཀུན་མི་འཚལ་ན། །ཇི་ལྟར་བདག་ནི་ཐེ་ཚོམ་མེད་ཅིང་ཆོས་ཀུན་མཁས། །མི་མཆོག་བདག་གི་ཐེ་ཙོམ་དེ་དག་དགུམ་པ་གསུངས། །སྒྲོན་མ་གང་ཟག་མཆོག་གི་མཁྱེན་པས་དེ་ལུང་བསྟན། །གྲོ་ཞིན་དེས་པས་གང་ཞུས་བཤད་
ཀྱིས་ང་ལ་ཉོན། །གཟུགས་དང་ཚོར་བ་འདུ་ཤེས་སེམས་པ་སེམས་དང་ལྔ། །འདི་དག་བརྟེན་ནས་འབྱུང་སྟེ་འོང་བ་དེ་དག་མེད། །ཇི་ལྟར་ནམ་མཁའི་སྤྲིན་ནི་བྱུང་ནས་ཞིག་ཅིང་མེད། །དེ་ལྟར་འགྲོ་དང་མི་འགྲོ་མེད་པའི་ཆོས་ཤེས་བྱོས། །དེ་ནས་དྲང་སྲོང་གྲོ་ཞིན་སྐྱེས་འདི་སྙམ་དུ་སེམས་ཏེ། ཇི་
ཙམ་དུ་དེ་བཞིན་གཤེགས་པ་ནི་མཁྱེན་པ་མཉམ་སྟེ། གང་གིས་ཆོས་རྣམས་ཀྱི་ཆོས་ཉིད་འདི་གཟིགས་པ་ནི་ངོ་མཚར་ཏོ། །ཆོས་དེ་དག་ཀྱང་གང་ནས་ཀྱང་མི་འོང་ལ་གང་དུ་ཡང་མི་འགྲོ། འགྲོ་བར་ཡང་སྣང་ལ། རྒྱུ་མེད་པ་ལས་ཀྱང་མི་སྐྱེ། གར་ཡང་མི་སྐྱེ་ལ་འགོག་པ་ཡང་མེད་འགྲོ་
བ་ཡང་མེད་དོ་སྙམ་ནས། དེ་དད་པ་མཆོག་དང་ལྡན་པས་སེམས་བསྐྱེད་དེ། བདག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པའི་ཡེ་ཤེས་འདི་དང་ལྡན་ནས་ཆོས་རྣམས་ཀྱི་ཆོས་ཉིད་འདི་དག་ཉིད་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག ། མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས།

དེའི་ཚེ་དེའི་དུས་ན་དྲང་སྲོང་གྲོ་ཞིན་སྐྱེས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་གྲོ་ཞིན་སྐྱེས་ཞེས་བྱ་བ་འཇིག་རྟེན་དུ་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་འཇིག་རྟེན་ཤེས་
པ་འགོག་པ་ཤེས་པ་བརྙེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་འགོག་པ་ཤེས་པ་ལ་མངོན་པར་བརྩོན་པར་བྱའོ། །མཽད་གལ་གྱི་བུ་འཇིག་རྟེན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་བདག་འཇིག་རྟེན་ཤེས་པ་འགོག་
པར་འགྱུར་བའི་ལམ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་
ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་འོད་བྱེད་ཅེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་བྱུང་ངོ་། །རིན་པོ་ཆེ་སྣ་བདུན་དང་ལྡན་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་
མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་སྟེ། རིན་པོ་ཆེ་འདི་བདུན་ནོ། །བུ་ཡང་སྟོང་ཐམ་པ་བྱུང་སྟེ་དཔའ་ཞིང་རྟུལ་ཕོད་ལ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པའོ། །དེ་སའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཆད་པ་
མེད་ཅིང་ཚོན་གྱིས་བདའ་བ་མེད་ལ། རང་གི་ཆོས་ཀྱིས་ཤིན་ཏུ་གནས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་ཞེས་བྱ་བ་རབ་ཏུ་བྱུང་བའི་ཚོགས་དགེ་འདུན་དཔག་ཏུ་མེད་པའི་འཁོར་དང་། དགེ་བསྙེན་ཁྲི་ཕྲག་དཔག་ཏུ་མེད་པའི་འཁོར་དང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་
དཔག་ཏུ་མེད་པའི་འཁོར་དང་། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པའི་འཁོར་བྱུང་ངོ་། །དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་དེའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་རྣམས་ཀྱི་ཡོངས་སུ་སྤྱོད་པ་འདི་ལྟ་བུ་བྱུང་སྟེ། འདི་ལྟ་སྟེ་དཔེར་ན། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་

ཚད་དུ་སེམས་ཅན་དེ་དག་གི་ཚེའི་ཚད་དེ་བཞིན་ངེས་ཏེ། ལོ་སྟོང་དུ་ཚེའི་ཚད་ངེས་པ་ནི་མ་ཡིན་ལ་ཚེ་དཔག་ཏུ་མེད་པར་གྱུར་ཏོ། །དེ་ཚེའི་ཚད་དུ་མ་ཕྱིན་པར་བར་དུ་འཆི་བའི་དུས་མི་བྱེད་དོ། །དེ་རྒྱལ་པོ་འོད་བྱེད་བློན་པོ་བདུན་སྟོང་ཙམ་དང་ལྷན་ཅིག །རྒྱལ་ཕྲན་ལྔ་སྟོང་ཙམ་དང་ལྷན་
ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །བློན་པོ་བདུན་སྟོང་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བའི་
ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་དེ་ལ་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། གཟུགས་ལ་ཇི་ལྟར་བརྟགས་ན་འདུན་པ་འདོད་ཆགས་མེད། །ཇི་ལྟར་གཟུགས་ལས་བྱུང་ན་ཕུང་གྲོལ་མྱ་ངན་མེད། །
གཟུགས་ལས་བྱུང་ན་ཇི་ལྟར་ཕུང་པོ་སོ་སོར་རྟོག །ཇི་ལྟར་གཟུགས་དང་བྲལ་ཞིང་ཞི་བ་ཇི་ལྟར་ཚོལ། ཇི་ལྟར་བྱ་རྒྱལ་ཇི་ལྟར་སྒོང་སྦུབས་བྱ་བཞིན་དུ། །ཡུལ་ལ་མཐོང་བ་བཅོམ་ནས་དཔའ་བོ་ཇི་ལྟར་མཆི། །འཇིག་རྟེན་མི་དག་མེ་གསུམ་གྱིས་ནི་གདུངས་པ་ན། །མུན་ཀུན་བཅོམ་
ནས་ཇི་ལྟར་མྱ་ངན་འདས་པར་མཆི། །ཕུང་པོ་ཁམས་དང་སྐྱེ་མཆེད་ཇི་ལྟར་ཡོངས་སུ་གཏོང་། །མེ་འབར་ཞི་བ་ལྟ་བུ་དབང་པོ་ཇི་ལྟར་དོར། །ལྷར་བཅས་འཇིག་རྟེན་ཇི་ལྟར་བླ་མེད་ཡོན་གནས་དང་། །དཔའ་བོ་ཡོན་སྤྱོད་ཇི་ལྟར་སེམས་ཅན་རབ་ཏུ་འགྲེལ། །མེ་ཞི་ལྟ་བུར་ཇི་ལྟར་འགྲོ་
བར་འཇིགས་མ་མཆིས། །ལས་དང་ཉོན་མོངས་ཐམས་ཅད་ཀུན་ཏུ་ཇི་ལྟར་ཞི། །མྱ་ངན་འདས་པར་འགྲོ་བའི་སྐྱེ་བ་ཇི་ལྟར་འཐོབ། །གདུགས་དང་རྒྱལ་མཚན་བ་དན་མཆོག་གིས་མཆོད་པར་འགྱུར། །དེ་བཞིན་གཤེགས་པ་སྤྱོད་ཞི་བསྟན་པ་བདེ་བར་གཤེགས། །རྐང་གཉིས་
མཆོག་གིས་ཆོས་ཀུན་གཟིགས་པས་དེ་ལུང་བསྟན། །ཤེས་རབ་ཀྱིས་བསལ་འདོད་ཆགས་ཞེ་སྡང་གཏི་མུག་སྤང་། །ཤེས་པས་ཕུང་པོ་ཤེས་བྱ་སེམས་ཅན་མེད་ཤེས་ཀྱིས། །ཆགས་པ་མར་མེ་ཟད་འདྲ་ཆགས་མེད་ཉེ་བར་ཞི། །ལྷ་མི་དྲི་ཟ་དེ་དག་འགྲོ་བ་མི་ཤེས་ཏེ། །ལས་དང་ཉོན་མོངས་

ཤེས་ཤིང་སྲིད་ཤེས་མྱ་ངན་མེད། །མེ་ཤིང་ཟད་པ་ལྟ་བུར་ཆགས་མེད་མྱ་ངན་འདའ། །གང་ཚེ་སྲེད་དང་བྲལ་གྱུར་རྣམ་ཤེས་རྒྱུད་བསྲེགས་ཤིང་། །སྡུག་བསྔལ་མྱུ་གུ་མི་སྒྲུབ་ཡེ་ཤེས་མེ་ཡིས་བསྲོས། །དེ་ཡི་འགྲོ་བ་མེད་དེ་མེ་ལྕེ་འབར་བ་བཞིན། །སངས་རྒྱས་ཀུན་
གྱིས་འདུ་བྱེད་འགྲོ་བ་མེད་པར་བསྟན། །དེ་ནས་རྒྱལ་པོ་འོད་བྱེད་དེས་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་ལ་རིན་པོ་ཆེའི་མེ་ཏོག་ཐམས་ཅད་ཀྱིས་མངོན་པར་གཏོར་མངོན་པར་རབ་ཏུ་གཏོར་ཅིང་། དེའི་འོག་ཏུ་སྤོས་དང་མེ་ཏོག་དག་གིས་ཀྱང་གཏོར་ཏོ། །དེ་དགེ་བའི་རྩ་བ་
དེས་བསྐལ་པ་གྲངས་མེད་པ་བདུན་ཅུ་རྩ་དྲུག་ཏུ་ངན་འགྲོ་དང་ནམས་ཀྱང་དབུལ་བའི་རིགས་དང་། ནམས་ཀྱང་རིགས་དམའ་བར་མ་སྐྱེས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་རྒྱལ་པོ་འོད་བྱེད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ།
ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འོད་བྱེད་ཅེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་དེ་ག་ལ་བར་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་། སྤོས་དང་། མེ་ཏོག་དག་གིས་མངོན་པར་གཏོར་ནས་ངས་གཞལ་དུ་མེད་པའི་གུས་པ་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་
ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གུས་པ་གཞལ་དུ་མེད་པ་བསྐྱེད་པར་བྱ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱང་ཡོངས་སུ་མི་གཏང་བར་བྱ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡོངས་སུ་མ་བཏང་བའི་བྱང་ཆུབ་སེམས་
དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་བསམ་གཏན་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་
ནས། ཇི་ལྟར་ཞི་གནས་ཀྱི་དབང་པོས་ངེས་པར་འབྱུང་བར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་རྒྱ་ཆེ་བ་རྣམ་པ་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་ཐམས་ཅད་སྐྱོབ་ཅེས་བྱ་བ་

ཞིག་བྱུང་སྟེ། རྒྱལ་པོ་ཐམས་ཅད་སྐྱོབ་དེའི་བཙུན་མོ་བུད་མེད་དྲུག་ཁྲི་བརྒྱད་སྟོང་བྱུང་སྟེ་ལྷའི་བུ་མོའི་གཟུགས་དང་འདྲ་ཞིང་། མ་ལྟར་བྱམས་པ། སྲུ་མོ་ལྟར་ཡིད་གཅུགས་པ་བྲན་མོ་ལྟར་གུས་པ། ལྷ་མོ་ལྟར་ཡོན་ཏན་ཅན་དེ་དག་གི་ནང་ན་རྒྱལ་པོ་ཐམས་ཅད་སྐྱོབ་འདུག་སྟེ། འདོད་
པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བའི་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་བསམ་གཏན་བཞི་པའི་བར་རྫོགས་པར་བྱས་ཏེ་གནས་སོ། །དེ་བསམ་
གཏན་བཞི་པ་ལས་སྙོམས་པར་ཞུགས་ནས། བསམ་གཏན་བཞི་པ་ལས་ལངས་ཏེ། སེམས་ཅན་དག་འདོད་པའི་ཡོན་ཏན་ལྔ་ལ་མོས་ཤིང་འདོད་པ་ལ་ལྷག་པར་ཆགས། སྡིག་པའི་ལས་དག་ཀུན་ཏུ་སྤྱོད་ཅིང་། སྡིག་པའི་ལས་དག་བྱས་པས་ངན་འགྲོར་རབ་ཏུ་ལྟུང་སྟེ། ཁ་
ཅིག་ནི་སེམས་ཅན་དམྱལ་བར་ཁ་ཅིག་ནི་དུད་འགྲོའི་སྐྱེ་གནས་སུ། ཁ་ཅིག་ནི་གཤིན་རྗེའི་འཇིག་རྟེན་དུ། ཁ་ཅིག་ནི་ལྷའི་འཇིག་རྟེན་དུ། ཁ་ཅིག་ནི་མིའི་འཇིག་རྟེན་དུ་ཚེ་ཐུང་ངུར་འགྱུར་བའི་ལས་མངོན་པར་འདུ་བྱེད། ཁ་ཅིག་ནི་ཚེ་རིང་པོར་འགྱུར། ཁ་ཅིག་ནི་གནོད་པ་ཉུང་བར་འགྱུར།
ཁ་ཅིག་ནི་རིགས་དམའ་བར་འགྱུར། ཁ་ཅིག་ནི་རིགས་བཙུན་པར་འགྱུར། ཁ་ཅིག་ནི་གཟི་བརྗིད་ཆུང་བར་འགྱུར། ཁ་ཅིག་ནི་གཟི་བརྗིད་ཆེ་བར་འགྱུར། ཁ་ཅིག་ནི་ལོངས་སྤྱོད་ཆུང་བར་འགྱུར། ཁ་ཅིག་ནི་ལོངས་སྤྱོད་ཆེ་བར་འགྱུར། ཁ་ཅིག་ནི་ཤེས་རབ་འཆལ་བར་འགྱུར།
ཁ་ཅིག་ནི་ཤེས་རབ་ཆེན་པོར་འགྱུར། ཁ་ཅིག་ནི་རྒྱུན་གྱི་རྗེས་སུ་འབད། ཁ་ཅིག་ནི་རྒྱུན་ལས་བཟློག་པ་ལ་འབད་པ་དག་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། ལམ་འདི་ནི་ཡུལ་དང་མི་འཐུན་པ་ཡིན་ཏེ། གང་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་ལམ་འདིར་བདག་
གིས་སྐྱེ་བོ་འདི་དག་གཞུག་པར་བྱའོ་སྙམ་ནས། དེ་བསམ་གཏན་བཞི་པ་དེ་ལས་ལངས་ཏེ། སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་རྣམས་སུ་རྒྱུ་ཞིང་སྤྱོད་དོ། །དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་ཐོབ་པའི་སྟོབས་ཀྱིས་སྙིང་

རྗེ་ཆེན་པོས་ནོན་པས་ན་དགེ་བ་བཅུའི་ལས་ཀྱི་ལམ་སྟོན་ཅིང་། མི་དགེ་བ་བཅུའི་ལས་ཀྱི་ལམ་འགོག་པ་ན་གྲོང་ནས་གྲོང་དུ་གྲོང་ཁྱེར་ནས་གྲོང་ཁྱེར་དུ། ཡུལ་ནས་ཡུལ་དུ་སྤྱད་པ་སྤྱོད་དོ། །དེའི་ཚེ་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་དེར་དགེ་བ་བཅུའི་
ལས་ཀྱི་ལམ་ལ་རབ་ཏུ་བཀོད་དོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བཟློག་གོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ན་སེམས་ཅན་དེ་དག་ཐམས་ཅད་སངས་
རྒྱས་ཀྱི་ཞིང་དེར་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དེ། སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་པ་ལུས་ཞིག་ནས་ཚངས་པའི་འཇིག་རྟེན་དུ་ཚངས་པར་འགྱུར་ཞིང་ཚངས་པ་ཆེན་པོར་སྐྱེས་ནས་ཟིལ་གྱིས་གནོན་ཅིང་། ཟིལ་གྱིས་མི་ནོན་ཏོ། །
དེ་ནས་ཤི་ནས་བསྐལ་པ་འཇིག་པའི་ཚེ་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །འོད་གསལ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་བསྐལ་པ་འཇིག་པའི་ཚེ་ཡང་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེས་ཚངས་པའི་འཇིག་རྟེན་དེར་འདུག་པ་ན་སེམས་ཅན་བྱེ་བ་ཁྲག་ཁྲིག་
དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་བཙུད་དོ། །ཡང་འཇིག་རྟེན་འཇིག་པ་ན་འོད་གསལ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེས་གནས་པ་དེར་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །དེ་ནམས་ཀྱང་དེར་སྐྱེས་པ་མེད་གང་ཆོས་མེད་པ་ལ་གནས་
སོ། །ཐབས་བརྒྱ་སྟོང་འདི་བྱས་པས་ཚངས་པའི་འཇིག་རྟེན་ནས་ཤི་ནས། འོད་གསལ་གྱི་ལྷའི་ནང་དུ་འོད་གསལ་ནས་ཚངས་པའི་འཇིག་རྟེན་དུ། གལ་ཏེ་བརྒྱ་ལ་མི་རྣམས་ཀྱི་ནང་དུ་འོངས་ཤིང་གང་གི་ཚེ་སངས་རྒྱས་མ་བྱུང་ན་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར། སངས་རྒྱས་བྱུང་
བ་བཞུགས་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་རིམ་གྲོ་པར་གྱུར་ཏེ། དེ་དགེ་བའི་རྩ་བ་བསགས་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྙོམས་པར་འཇུག་པ་ལ་བཞུགས་པ་འདིས་བཞུགས་ཏེ། གལ་ཏེ་བདེ་བའམ། གལ་ཏེ་དབེན་པས་དེ་བཞིན་གཤེགས་པ་བཞུགས་སོ་ཞེས་ཤེས་

སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཐམས་ཅད་སྐྱོབ་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཐམས་ཅད་སྐྱོབ་ཅེས་བྱ་བར་གྱུར་ཏོ། །ངས་དེའི་ཚེ་དེའི་དུས་ན་ཡང་སྐྱེ་བོ་ཡུལ་ལ་ཆགས་
པ་དག་བསམ་གཏན་ལ་བཀོད་ཅིང་། འདོད་པའི་ཁམས་ལས་ཐར་བར་བྱས་སོ། །ངས་ད་ཡང་སྐྱེ་བོ་ཡུལ་ལ་ཆགས་པ་དག་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱ་ཞིང་། མྱ་ངན་ལས་འདས་པའི་ལམ་ལ་དགོད་པར་བྱའོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་འཇིག་རྟེན་གྱི་དོན་བྱེད་པར་འདོད་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་བསླབ་པར་བྱའོ། །མཽད་གལ་གྱི་བུ་ངས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡུལ་ལ་སྡུད་པར་གཞོལ་བའི་སེམས་ཅན་རྣམས་བདག་
སློབ་པའི་རྗེས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཇི་ལྟར་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་
གཤེགས་པ་ཞི་བའི་གནས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་ཞི་བའི་གནས་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུར་གྱུར་ཏོ། །དེ་བཞིན་གཤེགས་པ་ཞི་བའི་གནས་དེའི་ཉན་ཐོས་འདུས་པ་དང་པོ་ནས་
དགྲ་བཅོམ་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའི་བར་ཉན་ཐོས་ཁྲི་བྱུང་ངོ་། །དེའི་བྱང་ཆུབ་སེམས་དཔའ་འདུས་པ་དང་པོ་བརྒྱད་ཅུ་བྱུང་ངོ་། །ཉན་ཐོས་འདུས་པ་གཉིས་པ་ནི་དགྲ་བཅོམ་པ་ཟག་པ་ཟད་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་
པའི་བར་གྱི་ཉན་ཐོས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་བྱུང་ངོ་། །བྱང་ཆུབ་སེམས་དཔའ་འདུས་པ་ནི་དེའི་ཉིས་འགྱུར་བྱུང་སྟེ། དེ་དག་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དཔག་ཏུ་མེད་ཅིང་ཚད་མེད་པ་དང་ལྡན་པའི་བར་དུའོ། །

ཐབས་འདིས་དེ་བཞིན་གཤེགས་པ་དེའི་ཉན་ཐོས་འདུས་པ་དང་། བྱང་ཆུབ་སེམས་དཔའ་འདུས་པ་དཔག་ཏུ་མེད་པ་བྱུང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ཞི་གནས་གུས་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་བཞིན་
གཤེགས་པ་དེའི་དེ་བཞིན་གཤེགས་པ་བཞུགས་པའི་རྗེས་སུ་འབྲང་བས་ཞི་གནས་ལ་གུས་པར་གྱུར་ཏོ། །གཞན་ཡང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པས་འདྲ་བར་རྣམ་པར་མཐོང་བ་དང་ལྡན་པར་གྱུར་ཏེ། དེའི་ཞི་གནས་གང་རྣམ་པར་མཐོང་བ་ཐོབ་ནས། སྙིང་རྗེ་ཆེན་
པོས་ནོན་པའི་སེམས་ཀྱིས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་ནས། ཐབས་མཁས་པས་ཞི་གནས་ཀྱང་མི་མཐོང་ལ་རྣམ་པར་མཐོང་བ་ལ་ཡང་བསྟེན་ཏོ། །དེས་རྫུ་འཕྲུལ་མངོན་ཏུ་བྱས་ནས་སྤྲུལ་པ་སྟོང་མངོན་པར་སྤྲུལ་ཏོ། །སྐྱེ་བོ་ཡུལ་གང་ལ་རྣམ་པར་གཡེངས་
པ་དག་སྦྱིན་པས་བསྡུས་སོ། །སྦྱིན་པས་བསྡུས་ནས་ཚུལ་ཁྲིམས་ལ་རབ་ཏུ་བཀོད་དོ། །ཚུལ་ཁྲིམས་ལ་བཀོད་ནས་སངས་རྒྱས་ཀྱི་ཆོས་དག་རབ་ཏུ་བསྟན་ཏོ། །དེར་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཆོས་ཟབ་མོ་འདིའི་བཟོད་པ་ལ་རབ་ཏུ་བཙུད་དོ། །དམ་པའི་ཆོས་རྣམ་པར་ཤེས་
པའི་ལུས་དང་སེམས་རྒྱས་པར་ཡང་དག་པར་རབ་ཏུ་འཛིན་པར་འགྱུར། སྙིང་རྗེ་ཆེན་པོ་ལ་ཡང་རབ་ཏུ་བཙུད། སྔོན་བསམ་གཏན་དེ་དག་ལ་ཡང་རབ་ཏུ་བཙུད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་ཡུན་རིང་དུ་གོམས་པས་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་བཙུད་དེ། ཡུན་
མི་རིང་བར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་ཟློ་ཞིང་། ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས།
དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཞི་གནས་གུས་པ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཞི་གནས་གུས་པ་ཞེས་བྱ་བར་གྱུར་ཏོ། །དེས་ན་ང་བསམ་གཏན་གོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་སོ། །གང་དུ་

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཀུན་ཡོངས་སུ་རྫོགས་སོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན་ཐབས་མཁས་ཤིང་ཕྱིར་མི་ལྡོག་པར་རིག་པར་བྱའོ། །མཽད་གལ་གྱི་བུ་ངས་གཞན་ཡང་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་
པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་སེམས་ཅན་རྣམས་ལ་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། ཡུལ་གྱི་སྐྱོན་གང་ཐོས་ནས་སེམས་ཅན་རྣམས་ལ་སྟོན་པར་གྱུར་ཅིག་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་
པ་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་ཞེས་བྱ་བ་ཞིག་བྱུང་ངོ་། །རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟ་ཇི་ལྟར་འཇིག་རྟེན་སྣ་ཚོགས་ལ་མངོན་
པར་དགའ་བ་དེ་ལྟ་དེ་ལྟར་ཡོན་ཏན་ལས་ཡོངས་སུ་ཉམས་པས་གང་བདག་གིས་ཡུལ་སྤངས་ཏེ་ཚལ་དུ་འགྲོའོ་སྙམ་མོ། །དེ་ནས་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་རྒྱལ་སྲིད་བོར་ནས་ཚལ་དུ་གནས་སོ། །དེས་ཚལ་དུ་གནས་ནས་དབང་པོས་ཡུལ་རིག་ཅིང་ཞི་གནས་
རིག་པས་རྣམ་པར་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཆོས་རྗེས་སུ་དྲན་པ་དང་ཡིད་ལ་བྱེད་པས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་བྱུང་བ་གང་ཡིན་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བསམ་གཏན་ལ་ཞུགས་པ་རྣམས་ལ་སོ་སོར་དགྱེས་
པ་བྱས་སོ། །དགེ་བའི་རྩ་བ་དེས་ང་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་བོ། །དགེ་བའི་རྩ་བ་དེ་རྗེས་སུ་དྲན་ནས་རིགས་ཀྱི་བུ་བསམ་གཏན་དང་རབ་ཏུ་ལྡན་པ་རྣམས་ལ་འཇིག་རྟེན་གྱི་ཟས་སོ་སོར་དགྱེས་པ་བྱས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ན་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཞི་གནས་ལ་མངོན་པར་དགའ་བ་དེ་རྣམས་ལ་

འཇིག་རྟེན་གྱི་ཟས་ཀྱིས་སྦྱིན་པ་བྱས་ཏེ། གང་ཞི་གནས་ལ་མངོན་པར་བརྩོན་པར་གནས་པ་རྣམས་ཀྱི་ཞི་གནས་བསྐྱེད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་
བར་འདོད་པས་ཞི་གནས་དང་འཐུན་པའི་བསམ་གཏན་པ་ལ་འཚོ་བའི་ཡོ་བྱད་རབ་ཏུ་སྦྱིན་པར་བྱའོ། །མཽད་གལ་གྱི་བུ་ངས་བསམ་གཏན་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་
མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ཐོགས་མེད་དཔལ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་བསམ་གཏན་གང་དང་གང་སྐྱེས་པ་དེ་དང་དེ་འགོག་པའི་ཆོས་ཅན་དུ་མཐོང་ངོ་། །དེ་བསམ་
གཏན་གྱི་རྣམ་པ་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་ཤིང་སྲིད་པ་དང་འགྲོ་བ་ཐམས་ཅད་ལ་ཞུམ་པ་མེད་པའི་འདུ་ཤེས་བྱུང་ངོ་། །དེས་ན་དེ་མི་གནས་པའི་སེམས་ཀྱི་རྒྱུན་འགོག་པ་ལ་གཞོལ་བས་འཆི་བའི་དུས་བྱེད་པ་ན་བསྐལ་པ་དགུ་བཅུ་རྩ་དྲུག་ཏུ་མངལ་གྱི་གནས་སུ་མི་འཇུག་སྟེ། རྟག་
པར་རྒྱུན་ཏུ་རྫུས་ཏེ་སྐྱེ་བར་འགྱུར་རོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཐོགས་མེད་དཔལ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཐོགས་མེད་དཔལ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ང་ཉིད་
བསྐལ་པ་དགུ་བཅུ་རྩ་དྲུག་ཏུ་མངལ་གྱི་གནས་སུ་མ་ཞུགས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་འདུ་བྱེད་ཐམས་ཅད་འགོག་པའི་འདུ་ཤེས་སུ་བྱ་སྟེ་བྲལ་བར་མི་བྱའོ། །མཽད་གལ་གྱི་བུ་ངས་བསམ་གཏན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་
བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། སྟོན་པ་སྤྱན་བཟང་ཞེས་བྱ་བ་བྱུང་སྟེ། དེའི་འདོད་པའི་ཁམས་ནི་འདོད་པའི་སྐྱོན་གྱིས་གནོད་པར་

མཐོང་། གཟུགས་ཀྱི་ཁམས་ནི་གཟུགས་ཀྱི་སྐྱོན་གྱིས་གནོད་པར་མཐོང་། གཟུགས་མེད་པའི་ཁམས་ནི་གཟུགས་མེད་པའི་སྐྱོན་གྱིས་གནོད་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་མགོན་མེད་ཅིང་འདྲེན་པ་མེད་དེ། གང་དང་གང་ལ་གནས་པར་བྱེད་པ་དེ་
དང་དེས་གནོད་དེ། གང་བདག་གིས་འདུ་བྱེད་ཐམས་ཅད་ལ་གནས་པར་མི་བྱ་སྟེ། གནས་པ་མེད་ན་གཡོ་བར་མི་འགྱུར་རོ་སྙམ་མོ། །དེ་ཆོས་ཐམས་ཅད་ལ་མི་གནས་པའི་བསམ་གཏན་ཅན་ནི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཐོབ་པོ། །དེ་ཤེས་པ་ཁོང་དུ་ཆུད་ནས་སེམས་ཅན་རྣམས་ལ་
ཡང་དག་པར་རབ་ཏུ་བསྟན་ཏོ། །དེའི་ཆོས་དེ་བསྟན་པ་ལས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཐོགས་པ་མེད་པའི་ཡེ་ཤེས་ལ་བཙུད་ཅིང་། དེ་མི་གནས་པའི་ཡོངས་སུ་མྱ་ངན་ལས་འདས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྟོན་པ་སྤྱན་བཟང་
ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་སྟོན་པ་སྤྱན་བཟང་ཞེས་བྱ་བར་གྱུར་ཏེ། ངས་འདོད་པ་དེ་ལས་ངེས་པར་འབྱུང་བ་བསྟན་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སྐྱེ་བ་དང་འཇིག་པའི་
ཆོས་ལ་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་ངས་རྣམ་པར་ཐར་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་
གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ལྷ་དང་ལྷ་མ་ཡིན་གྱི་འཇིག་རྟེན་རྒ་བ་དང་ན་བས་གཟིར་བའི་དབུགས་སྩོལ་བར་མཛད་ཅིང་རྒ་བ་དང་ན་བ་ལས་འདའ་བའི་ཕྱིར་ཆོས་སྟོན་ཏེ། རྒ་བ་དང་ན་བ་ལས་རབ་ཏུ་གྲོལ་བའི་སེམས་
ཅན་རྣམས་འཇིགས་པ་མེད་པར་འགྱུར་རོ། །ཆགས་པར་འགྱུར་བ་རྣམས་ལ་མི་ཆགས། སྡང་བར་འགྱུར་བ་རྣམས་ལ་མི་སྡང་། རྨོངས་པར་འགྱུར་བ་རྣམས་ལ་མི་རྨོངས། བསམ་གཏན་རྣམས་ལ་མི་ཆགས། ཟད་པར་གྱི་སྐྱེ་མཆེད་རྣམས་ལ་མི་ཆགས། མཐར་གྱིས་སྙོམས་

པར་འཇུག་པ་རྣམས་ལ་མི་ཆགས་ཏེ། དེ་སེམས་རྣམ་པར་གྲོལ་ཞིང་ཤིན་ཏུ་རྣམ་པར་གྲོལ་བ་འདི་ནི་རྣམ་པར་ཐར་པ་ཤེས་པ་ཞེས་བྱའོ། །དེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་རྟོགས་པར་བྱས་ནས་ཆོས་སྟོན་ཏོ། །དེའི་ཚེ་རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་
པ་ཞེས་བྱ་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་ཞིག་བྱུང་ངོ་། །དེ་སྐྱེ་བོའི་ཚོགས་མང་པོ་དང་ལྷན་ཅིག་ཁམས་ཀྱི་རྒྱལ་ཕྲན་སྟོང་ཕྲག་དྲུག་ཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས།
དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བས་རྣམ་པར་ཐར་པ་བརྒྱད་
བསྟན་ཏོ། །དེས་རྣམ་པར་ཐར་བ་བརྒྱད་ཐོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་ནས་དེ་ཁམས་ཀྱི་རྒྱལ་ཕྲན་དང་ལྷན་ཅིག་ཏུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེར་ཁམས་ཀྱི་རྒྱལ་ཕྲན་སྟོང་ཕྲག་དྲུག་ཅུ་པོ་དེ་དག་རྣམ་པར་
ཐར་པ་བརྒྱད་མངོན་སུམ་དུ་བྱས་ཏེ། རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་དེ་ནི་མ་གཏོགས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་
ཚེ་དེའི་དུས་ན་རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱའོ། །དེས་ན་ང་རྣམ་པར་ཐར་པ་བརྒྱད་ཐོས་པས་སྲིད་པ་ཐམས་ཅད་ལ་མི་གནས་སོ། །སྲིད་པ་དང་། འགྲོ་བ་དང་། འཆི་བ་དང་། སྐྱེ་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་དབང་གིས་བསྐལ་པ་གྲངས་མེད་པ་ཕྲག་
བཅྭ་བརྒྱད་དུ་འཁོར་བ་ལ་གནས་ཤིང་། འཁོར་བའི་སེམས་ཅན་རྣམས་ཀྱི་དོན་བསམས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་མི་གནས་པར་བྱའོ། །མཽད་གལ་གྱི་བུ་སྙོམས་པར་འཇུག་པ་ཐམས་ཅད་ལ་མི་གནས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། །།བམ་པོ་བཅུ་བདུན་པ། མཽད་གལ་གྱི་བུ་ངས་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡུལ་ཉམ་ང་བ་ལ་ཞེན་པ་རྣམས་ཆགས་པ་ཐམས་ཅད་ལས་
བདག་གིས་ཇི་ལྟར་སེམས་རབ་ཏུ་གྲོལ་བར་བྱ་སྙམ་ནས། རྣམ་པར་ཐར་པར་འགྱུར་བ་དང་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་འགྱུར་བའི་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་
པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་བློ་གྲོས་ལེགས་བསམས་ཞེས་བྱ་བ་འགྲོ་བ་ལ་ཕན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོས་ཡང་དག་པར་རབ་ཏུ་གནས་པ་འགྲོ་བ་ཐམས་ཅད་ཀྱི་འཆིང་བ་གཅོད་པ་ལ་ཡང་དག་པར་རབ་ཏུ་གནས་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་ཡེ་ཤེས་གང་
གིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཆིང་བ་གཅོད་པའི་ཡེ་ཤེས་དེ་རྟོགས་པར་བྱའོ་སྙམ་མོ། །དེ་ཡེ་ཤེས་དེ་རྟོགས་པར་བྱ་བའི་དོན་དུ་ཡོངས་སུ་འཛིན་པ་ཐམས་ཅད་ལ་ལྷག་པར་ཆགས་པར་མི་བྱེད་དོ། །ལྷག་པར་ཆགས་པ་མེད་པ་ན་འདི་ལྟར་སོ་སོར་རྟོག་སྟེ། ཆོས་གང་ལ་བསླབས་
པས་སེམས་ཅན་ཐམས་ཅད་ཀྱི་ཀུན་འབྱུང་བ་རབ་ཏུ་ཤེས་པའི་ཆོས་གཅིག་པོ་གང་ཡང་ཡོད་དམ། དེ་འདི་སྙམ་དུ་སེམས་ཏེ། ཐམས་ཅད་མཁྱེན་པའི་ཐུགས་མ་གཏོགས་པར་གང་སེམས་ཅན་ཐམས་ཅད་ཀྱི་ཀུན་འབྱུང་བ་ཤེས་པར་འགྱུར་བའི་ཆོས་གཅིག་པོ་ནི་མེད་དོ་སྙམ་མོ། །
ཐམས་ཅད་མཁྱེན་པའི་ཐུགས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། གང་བདག་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་ནི་དེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་མ་འོངས་པའི་
དུས་ན་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པར་གྱུར་ནས་མ་དུལ་བ་རྣམས་འདུལ་བ་དང་། མ་ཞི་བ་ཞི་བར་བགྱིད་པ་དང་། མ་གྲོལ་བ་རྣམས་གྲོལ་བར་བགྱིད་པ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་

ལས་བཟླའོ། །དེ་འདི་སྙམ་དུ་སེམས་ཏེ། བདག་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་འཇུག་པར་བྱེད་པའི་དགེ་སྦྱོང་དང་། བྲམ་ཟེ་བསྙེན་བཀུར་བྱ་བ་གང་ཡིན་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
བདུད་རྩིས་དབང་བསྐུར་ཅེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་པོ་འཇིགས་བྱེད་བླ་མ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཞིག་བྱུང་ངོ་། །རྒྱལ་པོ་
བློ་གྲོས་ལེགས་བསམས་དེ་མ་མཐོང་བའི་གྲོགས་པོ་ཡོན་ཏན་གྱི་གྲོགས་པོ། ཆོས་ཀྱི་གྲོགས་པོ་ཡིན་ནོ། །དེས་རྒྱལ་པོ་བློ་གྲོས་ལེགས་བསམས་དེ་ལ་གྲོགས་པོ་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཡོན་ཏན་
དང་སྐྱོན་ཐམས་ཅད་མཁྱེན་པ་ཞིག་འཇིག་རྟེན་དུ་བྱུང་ངོ་ཞེས་ཐོས་ཏེ། འདོང་བར་བྱ་བ་ནས་བསྙེན་བཀུར་བྱའོ་ཞེས་བྱ་བའི་བར་དུ་ཕོ་ཉ་བཏང་ངོ་། །ཕོ་ཉ་དེས་བཀའ་བཞིན་འཚལ་ཞེས་རྒྱལ་པོ་འཇིགས་བྱེད་བླ་མའི་ལྟར་མཉན་ནས། རྒྱལ་པོ་བློ་གྲོས་ལེགས་བསམས་ག་ལ་བ་དེར་
སོང་སྟེ་ཕྱིན་ནས། རྒྱལ་པོ་བློ་གྲོས་ལེགས་བསམས་ལ་རྒྱལ་པོ་ཞེས་མང་དུ་བརྗོད་ནས་སྤྲིང་ཡིག་ཕུལ་ཏེ་ཚིག་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ་དོན་གྱི་དུས་ལགས། ཆོས་ཀྱི་དུས་ལགས། ཉེ་བར་གཤེགས་པའི་དུས་ལགས་སོ། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་
བདུད་རྩིས་དབང་བསྐུར་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་བ་ནི་ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་དང་ལྡན་ནོ་ཞེས་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེའི་བསྔགས་པ་བརྗོད་དོ། །དེ་ནས་རྒྱལ་པོ་བློ་གྲོས་ལེགས་བསམས་དེ་དེ་བཞིན་གཤེགས་པ་དེ་ཞེས་སྒྲ་ཐོས། བདུད་རྩིས་
དབང་བསྐུར་ཞེས་སྒྲ་ཐོས་ནས། སེང་གེའི་ཁྲི་ལས་བབས་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ལན་གསུམ་དུ་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། །

དེའི་ཚེ་དེ་རིངས་པ་ཉིད་དུ་ཚུལ་དང་འཐུན་པའི་བཞོན་པ་བཟང་པོ་བཤམས་ནས་བཞོན་པ་བཟང་པོ་དེ་ལ་ཞོན་ཏེ། བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། སྐྱེ་བོའི་ཚོགས་མང་པོ་དང་ལྷན་ཅིག་ཏུ། རྒྱལ་པོ་འཇིགས་བྱེད་བླ་མ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གྲོགས་པོའི་ཆོས་ཚུལ་
བྱས་ནས་དྲིས་པ། གྲོགས་པོ་དེ་བཞིན་གཤེགས་པ་ག་ལ་བཞུགས་གསུངས། དེས་སྨྲས་པ་གྲོགས་པོ་རེ་ཞིག་ཁ་ཟས་ཀྱི་བྱ་བ་བྱས་ཏེ། ཕྱིས་དེ་བཞིན་གཤེགས་པ་བསྟན་ཏོ། །དེས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་མཐོང་བ་དེ་ཉིད་ཁ་
ཟས་ཀྱི་བྱ་བ་བྱས་པར་འགྱུར་རོ། །དེ་ནས་རྒྱལ་པོ་འཇིགས་བྱེད་བླ་མས་རྒྱལ་པོ་བློ་གྲོས་ལེགས་བསམས་ལྟར་མཉན་ནས། བློ་གྲོས་ལེགས་བསམས་བློན་པོའི་འཁོར་དང་བཅས་པ་དེ་དང་ལྷན་ཅིག་སྲོག་ཆགས་ཁྲི་ཕྲག་བརྒྱད་ཅུ་རྩ་དྲུག་དང་ལྷན་ཅིག་ཏུ་རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང་། རྒྱལ་
པོའི་མཐུ་ཆེན་པོས་རྒྱལ་པོའི་ཕོ་བྲང་རིན་ཆེན་ཅན་ནས་བྱུང་སྟེ། འབྱུང་པོ་ཐམས་ཅད་སྒྲོགས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེ་ག་ལ་བ་དེར་སོང་ངོ་། །ཇི་ཙམ་དུ་བཞོན་པར་བྱ་བའི་ས་དེ་ཙམ་དུ་བཞོན་པས་སོང་ནས་བཞོན་པ་
ལས་བབས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེ་ག་ལ་བ་དེར་སོང་ནས་མཐོང་ངོ་། །དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེས་ཀྱང་རྒྱལ་པོ་གཉིས་པོ་དེ་དག་སྐྱེ་བོའི་ཚོགས་མང་པོ་དེ་དང་རྒྱང་རིང་པོ་ནས་འདིར་འོང་བ་གཟིགས་ནས་ཏ་ལའི་སྲིད་ཙམ་དུ་ནམ་
མཁའ་ལ་མངོན་པར་འཕགས་ཏེ་འཆག་གོ། །འཆག་པ་ན་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེའི་སྐུའི་སྨད་ལས་ཆུའི་རྒྱུན་རབ་ཏུ་ཕབ་བོ། །སྐུའི་སྟོད་ལས་མེ་རབ་ཏུ་འབར་རོ། །འདོད་པ་ན་སྤྱོད་པའི་ལྷ་དག་གིས་ཀྱང་ལྷའི་གདུགས་འཛིན་ཅིང་ལྷའི་མེ་ཏོག་མན་དཱ་ར་བ་དག་ཀྱང་རབ་ཏུ་འཐོར་
རོ། །དེ་ནས་རྒྱལ་པོ་བློ་གྲོས་ལེགས་བསམས་ཀྱིས་དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་གཞལ་དུ་མེད་པའི་དད་པ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེས་ན་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་ལ་

ཚིགས་སུ་བཅད་པས་མངོན་པར་བསྟོད་པ། གཟུགས་ཀུན་དཔེ་མེད་ཁམས་གསུམ་དག་ལས་ཁྱད་པར་འཕགས། །འདྲེན་པ་ཁྱོད་ལ་དཔེར་བྱ་ནུས་པ་སུ་མ་མཆིས། །སེམས་ཅན་ཁ་ལོ་སྒྱུར་བའི་གཟུགས་གང་དཔེར་བྱ་བ། །དེ་ལྟར་ཁྱོད་ཀྱི་གཟུགས་དང་འདྲ་བ་
གང་མ་མཆིས། །ཁྱོད་ཀྱི་གཟུགས་ནི་སེམས་ཀྱིས་གྲུབ་སྟེ་གང་འདྲ་བ། །གང་གིས་ཁྱོད་ཀྱི་དཔེར་འགྱུར་ཁམས་གསུམ་འདི་ན་མེད། །བདག་གཟུགས་འདི་འདྲར་གྱུར་ཅིག་ཡེ་ཤེས་འདི་འདྲར་ཤོག །གང་གིས་འགྲོ་བ་འཁོར་བའི་བཙོན་རར་བཅིངས་འགྲོལ་བ། །དེའི་སེམས་རྐང་
གཉིས་མཆོག་གིས་མཁྱེན་ནས་ལུང་བསྟན་པ། །རྣམ་འདྲེན་མཆོག་ཐོབ་མིང་ནི་སྲེད་མེད་བུ་ཞེས་བྱ། །བདུད་རྩིའི་དབང་བསྐུར་རྫོགས་རྒྱས་རྐང་གཉིས་མཆོག་ཏུ་འགྱུར། །འཇིག་རྟེན་སྟོན་པ་བླ་མེད་སེམས་ཅན་བྱེ་བ་འདྲེན། །དེ་ཚེ་དེ་ཡི་ལུང་བསྟན་སྐྱེ་བོ་ཀུན་གྱིས་ཐོས་ནས་སུ། །བྱང་
ཆུབ་སེམས་བསྐྱེད་དེ་དག་ཀྱང་ནི་འདྲེན་པས་ལུང་བསྟན་པ། །རྒྱལ་བས་འགྲོ་བ་མ་ལུས་ཐམས་ཅད་བྱང་ཆུབ་ལུང་བསྟན་ཏོ། །རྒྱལ་ལ་ཡང་དག་བསྙེན་བཀུར་བྱས་ནས་བྱང་ཆུབ་ཕ་རོལ་འགྲོ། །མཁས་པ་འཇིག་རྟེན་དོན་བྱས་སངས་རྒྱས་དེ་ཀུན་མྱ་ངན་འདས། །དེ་ལྟར་
རྫོགས་པའི་བྱང་ཆུབ་དེ་དག་བློ་མཆོག་ཤིན་ཏུ་སྐྱེས། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་བློ་གྲོས་ལེགས་བསམས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་འོད་སྲུང་དེ་དེའི་ཚེ་དེའི་དུས་ན་རྒྱལ་པོ་བློ་གྲོས་
ལེགས་བསམས་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་འཇིགས་བྱེད་བླ་མ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། །ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འཇིགས་བྱེད་བླ་མ་ཞེས་བྱ་བར་གྱུར་ཏེ། དེས་ན་ང་རྣམ་པར་ཐར་
པ་ཤེས་པ་ལ་ངེས་པར་གྱུར་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་རྟོགས་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་ཞིང་། ཡོངས་སུ་འདྲི་བའི་རང་བཞིན་ཅན་དུ་ཡང་བྱའོ། །

མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽད་གལ་གྱི་བུ་རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་
སྤྱོད་པ་ན། བདག་ཞི་བ་རྣམ་པར་ཐར་པ་དག་གི་འགོག་པ་ཤེས་པ་རྟོགས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་
བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་གྲགས་འཕགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། ལྷག་པར་བྱ་བ་བྱས་པ། ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་དང་
ལྡན་པ་ཞིག་བྱུང་ངོ་། །དེ་ཉིད་མཚན་དུ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་གང་དག་འཁོར་བ་ལས་ངེས་པར་འབྱུང་བ་རབ་ཏུ་ཤེས་པ་སུ་ཡོད་ཀུན་ཏུ་ཚོལ་ལོ། །དེའི་ཚེ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པའི་དབྱངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་
རྒྱལ་པོའི་ཕོ་བྲང་ཤིན་ཏུ་དུལ་ལྡན་ཞེས་བྱ་བ་ན་བཞུགས་ཤིང་གནས་སོ། །མི་རྣམས་ཀྱི་སེམས་ཤིན་ཏུ་དུལ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པ་དེ་དག་ཐམས་ཅད་ཀྱི་གནས་ནི་ཀུན་དགའ་ར་བ་ཕུན་སུམ་ཚོགས་པ་དང་། ཚལ་ཕུན་སུམ་ཚོགས་པ་དང་། འབབ་ཆུ་ཕུན་སུམ་
ཚོགས་པ་དང་། སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་སྟེ། ཚངས་པར་སྤྱོད་པ་ལ་གནས་པ་དང་འཐུན་པ་ཡིན་ནོ། །རྒྱལ་པོ་གྲགས་འཕགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པ་
རྒྱལ་པོའི་ཕོ་བྲང་ཤིན་ཏུ་དུལ་ལྡན་ན་བཞུགས་ཤིང་གནས་ཏེ་དེ་འཁོར་བ་ལས་ངེས་པར་འབྱུང་བ་རབ་ཏུ་མཁྱེན་ཏོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ཤིང་རྟ་སྟོང་ཕྲག་དྲུག་ཅུ་དང་། མི་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་རྒྱལ་པོའི་ཕོ་བྲང་ཤིན་ཏུ་དུལ་ལྡན་ནས་བྱུང་སྟེ། རྒྱལ་པོའི་རྫུ་འཕྲུལ་

ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་སྤྲིན་ཚལ་གྱི་སྐྱེད་མོས་ཚལ་གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་འཕགས་པའི་དབྱངས་བཞུགས་པ་དེར་སོང་སྟེ་ཕྱིན་ནས་ཇི་ཙམ་དུ་བཞོན་པར་བྱ་བའི་ས་དེ་ཙམ་དུ་བཞོན་པས་སོང་ནས།
རྐང་པས་སྤྲིན་ཚལ་གྱི་སྐྱེད་མོས་ཚལ་དེ་ཉིད་དུ་ཞུགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པའི་དབྱངས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་
ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གྲགས་འཕགས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པའི་དབྱངས་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། གྲགས་པ་ཆེན་པོ་གཟི་བརྗིད་ཆེ། །ཚོགས་ཆེན་འོད་ནི་
ཆེན་པོ་ལགས། །ཀུན་མཁྱེན་རྫུ་འཕྲུལ་ཆེན་པོ་བརྙེས། །འདྲེན་པ་མཐའ་ཡས་དག་གི་ཡབ། །སྒྲོལ་བ་འདོད་ཆགས་ཟུག་རྔུ་འབྱིན། །སྨན་པ་ཆེན་པོ་གསོས་སྨན་ལགས། །སྒྲོལ་བ་རྨ་རྣམས་གསོ་བར་མཛད། །རྐང་གཉིས་མཆོག་ནི་བདག་ལ་གསུངས། །ཚུལ་
ཁྲིམས་ཕུང་ལ་ཤིན་ཏུ་བཞུགས། །ཏིང་ངེ་འཛིན་གྱི་ཕ་རོལ་གཤེགས། །ཤེས་རབ་ཕུང་ལ་ཤིན་ཏུ་བཞུགས། །དེས་བཅོམ་རྣམ་པར་གྲོལ་བ་བསྒྲུབས། །འཇིག་རྟེན་གསུམ་ལས་ཤིན་ཏུ་བྱུང་། །སྡུག་བསྔལ་ཀུན་ལ་འཇིགས་མི་མངའ། །རབ་ཏུ་གསལ་མཛད་སྐམ་ལ་
བཞུགས། །འཇིགས་དང་འཇིགས་པར་བྱེད་ལས་རྒལ། །ཞུས་པ་རྣམས་ཀྱི་མཐར་མཛད་ཅིང་། །ཐེ་ཙོམ་རྣམས་ནི་སེལ་བ་པོ། །གནས་མཆོག་དག་ནི་བརྙེས་པ་སྟེ། །འཇིག་རྟེན་ཀུན་གྱི་མཆོད་རྟེན་ལགས། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །མིའམ་ཅི་དང་ལྟོ་འཕྱེར་
བཅས། །ཐུབ་ཁྱོད་གང་ལ་བཞུགས་པ་ཡི། །དགོངས་པའི་རྣམ་པ་མ་འཚལ་ཏོ། །ལྷ་རྣམས་དང་ནི་དྲི་ཟ་དང་། །གནོད་སྦྱིན་དང་ནི་སྲིན་པོས་ཀྱང་། །ཐུབ་པ་ཁྱོད་ཀྱིས་གང་བརྙེས་པའི། །ལམ་དེ་རྣམ་པར་མ་འཚལ་ཏོ། །འཇིག་རྟེན་འདས་པ་རབ་ཏུ་གསལ། །གང་

གཱའི་ཀླུང་གི་བྱེ་སྙེད་ཀྱི། །གང་གིས་འདྲེན་པ་བཞུད་པ་ནི། །དེ་ཡི་ལམ་གྱིས་གཤེགས་པར་གྱུར། །དེ་ནས་རྒྱལ་པོ་གྲགས་འཕགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པའི་དབྱངས་དེ་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པའི་དགེ་བའི་རྩ་
བ་དེས་བསྐལ་པ་ཁྲི་ཕྲག་དགུ་བཅུར་ལོག་པར་མ་ལྷུང་ངོ་། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གྲགས་འཕགས་ཞེས་བྱ་བ་ཆགས་པ་ཐམས་ཅད་ལ་རབ་ཏུ་གྲོལ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་
རྒྱལ་པོ་གྲགས་འཕགས་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་བསྐལ་པ་ཁྲི་ཕྲག་དགུ་བཅུར་ལོག་པར་མ་ལྟུང་ངོ་། །ད་ལྟར་ཡང་ང་རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པ་ཐུགས་སུ་ཆུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་བ་ཤེས་པ་
འགོག་པ་ཤེས་པ་མངོན་པར་རྫོགས་པར་ཤེས་པར་འདོད་པས་ཡོངས་སུ་འཛིན་པ་ཐམས་ཅད་ལ་ཆགས་པ་མེད་ཅིང་གྲོལ་བར་བྱའོ། །མཽད་གལ་གྱི་བུ་ངས་རྣམ་པར་ཐར་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་
འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཡོད་གཤེགས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་དོན་ཡོད་གཤེགས་དེའི་ཉན་ཐོས་འདུས་པ་དང་པོ་ཁྲི་བྱུང་ངོ་། །བྱང་ཆུབ་སེམས་དཔའ་འདུས་པ་ནི་དེའི་ཉིས་འགྱུར་བྱུང་ངོ་། །ཉན་ཐོས་འདུས་པ་གཉིས་པ་ནི་ཉན་ཐོས་དགྲ་བཅོམ་པ་ནས་རྒྱ་ཆེར་སྦྱར་ཏེ། ཁྲི་ཕྲག་སྟོང་ཐམ་པ་བྱུང་ངོ་། །བྱང་ཆུབ་སེམས་

དཔའ་འདུས་པ་གཉིས་པ་ནི་དེའི་ཉིས་འགྱུར་བྱུང་ངོ་། །ཉན་ཐོས་འདུས་པ་གསུམ་པ་ནི་ཉན་ཐོས་ཁྲི་ཕྲག་བརྒྱ་སྟོང་དཔག་ཏུ་མེད་པ་བྱུང་ངོ་། །མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དོན་ཡོད་གཤེགས་དེའི་གསུང་རབ་ལ་དགེ་སློང་གྲགས་པའི་འོད་ཅེས་བྱ་བ་ཐེག་པ་ཆེན་
པོ་ལ་རབ་ཏུ་གནས་པ་ཞིག་བྱུང་ངོ་། །རྩོམ་པ་འདི་ལྟ་བུ་དང་ལྡན་པ་ཞིག་བྱུང་སྟེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་པགས་པ་དང་རྒྱུས་པ་དང་རུས་པ་ཡང་སྐམས། ཁོག་པ་དང་ཤ་དང་ཁྲག་ཡོངས་སུ་སྐམས་ཀྱང་བརྩོན་འགྲུས་འདི་ཉིད་མི་
གཏོང་ངོ་། །དེ་དེ་བཞིན་གཤེགས་པ་དོན་ཡོད་གཤེགས་དེའི་སྤྱན་སྔར་རས་བཅོས་བུ་ཡུག་ཅིག་གིས་ལུས་དཀྲིས་ནས་ཏིལ་མར་གྱིས་བྱུགས་ཏེ་མེ་སྦར་ནས་སྤྱན་སྔར་མར་མེ་བུས་སོ། །མེ་འབར་བས་ལུས་སྲེག་པ་ན་དེ་བཞིན་གཤེགས་པ་དོན་ཡོད་གཤེགས་དེ་ལ་ཚིགས་སུ་བཅད་
པས་མངོན་པར་བསྟོད་པ། རྣམ་འདྲེན་རང་བྱུང་ཐུགས་དག་མཐའ་ཡས་མཆོག །སྐྱོན་དང་རྒྱགས་དང་ཉེས་པ་སྤངས་པ་ལགས། །འགྲོ་བ་ལམ་ངན་ཞུགས་ལ་ཐུགས་རྗེ་བསྐྱེད། །ཀུན་ཏུ་གཟིགས་པ་གནས་མཆོག་བསྟན་དུ་གསོལ། །སྐྱེ་བོ་བློ་ཉམས་སྡུག་བསྔལ་རབ་ཏུ་སྡུག །
མིག་ཉམས་གནས་མེད་ཡོངས་སུ་འཁྱམ་པ་ལ། །སྙིང་རྗེ་ཆེན་པོ་དཔག་མེད་བསྐྱེད་ནས་སུ། །འགྲོ་བ་ཐར་པར་བགྱི་སླད་སྤྱོད་པ་སྤྱད། །བདག་ནི་བདག་ལ་དགའ་བར་མི་བགྱིད་དེ། །འགྲོ་བ་ལམ་གོལ་མཆི་བ་འདི་ལ་ལྟ། །འདོད་ཆགས་ཞེ་སྡང་འབར་བས་འགྲོ་བ་གདུངས། །དེ་
དག་བདག་གི་ལམ་ཆུས་ཞི་བར་བགྱི། །དྲང་སྲོང་ཆེན་པོ་སྟོབས་བཅུ་ཁྱོད་ཀྱི་བསླབ། །བདག་གི་དངོས་ལ་ལྟོས་མེད་སྤྱོད་པ་སྤྱད། །འགྲོ་བ་འདི་དག་འབར་བས་སྲེག་པ་ན། །བདུད་རྩིའི་ཆབ་ཀྱིས་བསིལ་བར་གྱུར་པར་བགྱི། །སེམས་ཅན་དོན་དུ་བདག་གི་ལུས་བསྲེགས་
པས། །སེམས་ཅན་ཀུན་གྱི་ལུས་ལ་ནད་མེད་ཤོག །སེམས་ཅན་དོན་དུ་བདག་གིས་འབད་པ་འདི། །སེམས་ཅན་སྡུག་བསྔལ་གནོད་པ་མེད་གྱུར་ཅིག །འདྲེན་པ་དེ་ལ་མཆོད་པ་བྱས་པ་དང་། །བདེ་བར་གཤེགས་ལ་ང་ཡི་དངོས་པོ་ཕུལ། །སངས་རྒྱས་མཆོད་བྱས་བསྐལ་ཆེན་བརྗོད་

དུ་མེད། །སུམ་ཅུ་དྲུག་ཏུ་ངན་འགྲོར་མ་སོང་ངོ་། །རྟག་ཏུ་ལྷར་སོང་མི་ཡི་འཇིག་རྟེན་འཐོབ། །ང་ནི་གསལ་བ་དག་དང་དབང་ཕྱུག་གྱུར། །རྟག་ཏུ་འགྲོ་དང་འཐུན་པར་འཁོར་ལོ་བསྐོར། །ལྷ་དང་མི་རྣམས་ཀྱིས་ནི་ང་མཆོད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ན་བྱང་ཆུབ་སེམས་དཔའ་གྲགས་པའི་འོད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གྲགས་པའི་འོད་ཅེས་བྱ་བར་གྱུར་ཏེ། ངས་བརྩོན་འགྲུས་དེ་ལྟ་བུ་བརྩམས་པར་གྱུར་ཏོ། །བརྩོན་འགྲུས་བརྩམས་
པ་དེས་ངས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པར་བྱའོ། །བརྩོན་འགྲུས་བརྩམས་པས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཀྱི། ལེ་ལོས་ནི་མ་ཡིན་ནོ། །མཽད་གལ་
གྱི་བུ་ངས་ཏིང་ངེ་འཛིན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཡུལ་ལ་དབང་པོ་གཡེང་བ་རྣམས་བདག་གིས་བསམ་གཏན་མཉམ་པ་ལ་ཇི་ལྟར་སྦྱར་བར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་
སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དྲང་སྲོང་སྐྱེ་བ་ཚོལ་བ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ། དེ་རབ་ཏུ་བྱུང་བའི་དབང་པོ་ཡུལ་རྣམས་ལ་རྣམ་པར་གཡེང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་
ཀྱི་ཧུད་བདག་གིས་ཡུལ་གང་དག་བཏང་ནས་རབ་ཏུ་བྱུང་བ་ཡིན་ན་དབང་པོ་རྣམ་པར་གཡེང་བ་ནི་མ་ལེགས་ཤིང་རུང་བ་མ་ཡིན་ཏེ། དེས་དབང་པོ་རྣམ་པར་འཁྲུལ་པ་ཡུལ་གྱི་གཟེབ་ལ་བཅུག་པ་དེ་དག་ནམ་མཁའ་ལྟ་བུར་མཉམ་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སྟོབས་ཆེན་པོ་ཕ་རོལ་གནོན་པ་ཡང་དག་པར་
བསྐྱེད་པར་བྱ་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ནམ་མཁའ་ལྟར་མཉམ་པའི་ཏིང་ངེ་འཛིན་གང་ཡིན་སྙམ་མོ། །དེ་ནས་རྒྱལ་པོ་དྲང་སྲོང་སྐྱེ་བ་ཚོལ་བ་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་ཐམས་ཅད་ནི་ནམ་མཁའ་དང་མཉམ་མོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་ཐོགས་པ་

མེད་དོ། །དེ་བཞིན་དུ་ཡུལ་ཐམས་ཅད་ནི་ནམ་མཁའ་དང་འདྲའོ། །ཡོངས་སུ་མི་རྟོག་པ་ནི་ཐོགས་པ་མེད་དོ། །ཡོངས་སུ་མི་རྟོག་པ་ནི་ཐར་པའོ། །ཡོངས་སུ་རྟོག་པ་ནི་འཆིང་བའོ། །ཡོངས་སུ་མི་རྟོག་པ་ནི་འཆིང་བ་གཅོད་པའོ། །འོན་ཏང་བདག་གིས་ཡོངས་སུ་རྟོག་
པ་ནི་གཏང་བར་བྱའོ་སྙམ་མོ། །དེའི་ཚེ་དེ་ཡོངས་སུ་འཛིན་པ་ཐམས་ཅད་ཡང་དག་པར་གཅད་པར་བྱ་བ་ལ་ཞུགས་སོ། །དེ་ནམ་མཁའ་ལྟར་མཉམ་པའི་ཏིང་ངེ་འཛིན་ཐོབ་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེའི་ཚེ་དེ་ཆོས་ཀྱི་དབྱིངས་ཀྱི་སྟོབས་བསྐྱེད་པ་ཐོབ་པས་ཏ་ལ་བདུན་སྲིད་ཙམ་དུ་མངོན་
པར་འཕགས་ཏེ་བར་སྣང་ལ་སོང་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མི་གང་ཐོགས་མེད་ཆོས་ནི་རྗེས་སུ་རྟོགས། །དེ་ནི་སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཤེས། །སྔོན་གྱི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཞུགས། །ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་ཆོས་རྣམས་ཤེས། །ཆོས་འདི་ཐམས་
ཅད་ནམ་མཁའ་ལྟ་བུ་སྟེ། །ཆོས་ཉིད་ཤེས་པར་བྱ་བ་ཡོད་པ་མེད། །ཆོས་ཉིད་ལ་ནི་ཆོས་ཉིད་གང་མེད་རྟོགས། །ཆོས་འདི་ཐམས་ཅད་འགྱུར་མེད་གཉིས་སུ་མེད། །ནམས་ཀྱང་སྣ་ཚོགས་ཉིད་ཀྱི་ཆོས་མེད་དེ། །ཇི་ལྟར་བར་སྣང་དགབ་པ་གང་ཡང་མེད། །རྒྱལ་བས་མྱ་ངན་འདས་པར་ཆོས་མ་
བསྟན། །ཆོས་འདུག་པར་ཡང་རྒྱལ་བས་མ་གསུངས་སོ། །རྒྱལ་བ་ཐམས་ཅད་གཉིས་མེད་ཆོས་གསུང་སྟེ། །མི་མཁས་གང་དག་སྣ་ཚོགས་ཆོས་བྱེད་པ། །དེ་ནི་བདུད་ཀྱི་ཞགས་པས་བཅིངས་ནས་ཉལ། །ཆོས་ཉིད་རྗེས་རྟོགས་ཆོས་ནི་གང་ཡང་མེད། །ཆོས་ལ་རྨོངས་པ་མེད་ཅིང་མཁས་
པའང་མེད། །གང་དག་བདག་གི་ཆོས་ཉིད་ཆོས་ཤེས་ན། །གཉིས་མེད་དེས་ནི་ཆོས་ཉིད་རྗེས་སུ་ཐོབ། །མི་མཁས་གང་དག་སྣ་ཚོགས་ཆོས་བྱེད་ན། །དེ་དག་བདུད་ཀྱི་སྤྱོད་ཡུལ་སྤྱོད་པ་ཡིན། །གང་དག་གཉིས་མེད་ཆོས་སྨྲ་གཉིས་སུ་མེད། །དེ་དག་འདྲེན་པ་ཡབ་འདྲ་སངས་རྒྱས་སྲས། །གང་
ཡང་མ་མཐོང་གང་ཡང་ཐོས་པ་མེད། །མི་དག་ཆོས་རྣམས་སྣ་ཚོགས་བྱེད་པ་ནི། །རྒྱལ་བའི་བྱང་ཆུབ་ལ་ནི་དེས་མ་རྟོགས། །འདི་ལྟར་རྒྱལ་བ་ལམ་གཉིས་མི་གསུང་སྟེ། །གང་དག་ཆོས་གཉིས་ལ་ནི་དེ་མི་སྤྱོད། །གང་དག་ཚུལ་གཅིག་ཏུ་ནི་ཆོས་རྟོགས་པ། །ལམ་གོལ་མི་འགྲོ་སངས་

རྒྱས་བྱང་ཆུབ་ཀྱི། །སངས་རྒྱས་བཞུགས་ལ་མི་དེ་སྤྱོད་པར་འགྱུར། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་སྐྱེ་བ་ཚོལ་བ་ཞེས་བྱ་བ། གང་ཕ་རོལ་ལས་སྒྲ་མཐོས་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་
ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོག་སྐྱེ་བ་ཚོལ་བ་ཞེས་པར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་ལོ་བྱེ་བ་ཕྲག་བརྒྱད་ཅུར་སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་ན་དེ་བཞིན་གཤེགས་པ་ཡིན་ནོ། །ཞེས་འདུ་ཤེས་སུ་མ་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སངས་རྒྱས་བྱུང་བ་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང་། ཆོས་ཟབ་མོ་ལ་རྣམ་པར་ཤེས་ཤིང་རྟོགས་པར་བྱ་བའི་ཕྱིར་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་ངས་ཏིང་ངེ་འཛིན་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་
དགེ་བའི་རྩ་བ་རྣམ་པ་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་གྲགས་པ་བསྒྲགས་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་
དུ་བྱུང་ངོ་། །མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་གྲགས་པ་བསྒྲགས་པ་དེའི་ཉན་ཐོས་འདུས་པ་གཉིས་བྱུང་སྟེ། ཉན་ཐོས་འདུས་པ་གཅིག་ནི་ཉན་ཐོས་བྱེ་བ་ཁྲག་ཁྲིག་བདུན་ཅུ་རྩ་བདུན་གྱི་ཉན་ཐོས་འདུས་པ་བྱུང་ངོ་། །ཉན་ཐོས་འདུས་པ་གཉིས་པ་ནི་ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་
ཕྲག་སྟོང་བྱུང་སྟེ། དགྲ་བཅོམ་པ་ཟག་པ་ཟད་པ་ཉོན་མོངས་པ་མེད་པ་དབང་དུ་གྱུར་པ་སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་ཤིང་ལྗོན་པ་ཕན་པ་མེད་པ་ཞིག་བྱུང་ངོ་། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་དགེ་སློང་ཐེག་པ་ཆེན་པོ་ལ་ཡང་དག་
པར་རབ་ཏུ་གནས་པ་ཞིག་བྱུང་སྟེ། འདི་ལྟ་སྟེ་དམིགས་པ་ཐམས་ཅད་ལ་རྟོག་པ་ཞེས་བྱ་བ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་དེ་རེ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་མི་འཇུག་གོ། །བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་

ཏུ་གནས་ཤིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་འདོད་པ་ཞིག་བྱུང་སྟེ། དེའི་ཚེ་དགེ་སློང་གཅིག་པོ་དེ་ལྷ་ཚེ་རིངས་པོ་རྣམས་ཀྱི་ནང་དུ་སྐྱེས་པ་མ་གཏོགས་པར། སེམས་ཅན་གང་དག་གིས་ཀྱང་བྱང་ཆུབ་ཀྱི་ས་བོན་མ་བསྐྱེད་པར་མ་
གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པ་བསྒྲགས་པ་དེ་སངས་རྒྱས་ཀྱི་མཛད་པ་མཛད་པ་ན་ངས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གཅིག་པོ་དེ་མ་གཏོགས་པར་སེམས་ཅན་གྱི་དོན་མ་བྱས་པ་གང་ཡིན་ཞེས་རྣམ་པར་གཟིགས་སོ། །དེའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་གྱུར་པར་གཟིགས་ཀྱང་དེ་མི་ཁོམ་པ་ཐོབ་བོ། །དེས་ན་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་མེད་དོ། །དེ་ནས་ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་ངོ་། །དེ་དེར་བསྐལ་པར་
འདུག་གོ །དེར་ཡང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་མེད་དོ། །དེ་ནས་ཤི་ནས་མིར་སྐྱེས་ཏེ། གླེན་ཞིང་ལོང་ལ་ལྐུགས་ཤིང་ལག་བརྡ་བྱེད་པ་ཆོས་ཀུན་ཏུ་ཤེས་པའི་སྟོབས་མེད་དོ། །དེར་དེ་བཞིན་གཤེགས་པའི་སྤྲུལ་པ་དག་གིས་དེ་ཡོངས་སུ་
སྨིན་པར་མཛད་དེ། དེའི་སྤྲུལ་པས་ཡོངས་སུ་སྨིན་པར་མཛད་པ་ན་དེ་བཞིན་གཤེགས་པ་དེ་སྐུ་ཚེ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུར་ཐུགས་སྐྱོ་བར་བྱས་སོ། །མཽད་གལ་གྱི་བུ་ཇི་ཙམ་དུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སེམས་ཅན་གཅིག་ལ་མཛད་པ་ཐུགས་སྐྱོ་བར་གྱུར་པ་ལ་ལྟོས། དེ་བཞིན་
གཤེགས་པས་གང་ཟག་དེ་ཡོངས་སུ་སྨིན་ཅིང་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་གཞག་པར་མ་སྤྱད་དོ། །མཽད་གལ་གྱི་བུ་གང་ཟག་གང་གིས་བསོད་ནམས་མ་ཡིན་པ་མངོན་པར་འདུས་བྱས་པ་དེས་ཡུན་དེ་ཙམ་དུ་དེ་བཞིན་གཤེགས་པ་དེ་ཐུགས་སྐྱོ་བར་བྱས་པ་ལ་ལྟོས། མཽད་གལ་གྱི་བུ་དེ་ལྟ་བས་ན་
བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་མངོན་པར་དགྱེས་པར་བྱ་བར་འདོད་པས་བདག་སྣོད་དུ་འགྱུར་བར་བྱ། དེ་བཞིན་གཤེགས་པ་ཐུགས་སྐྱོ་བར་འགྱུར་བར་མི་བྱ་སྟེ། བདག་ཉིད་སྣོད་དུ་འགྱུར་བར་བྱ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བདག་ཉིད་ཐེག་པ་ཆེན་པོ་ལ་ཡང་

དག་པར་རབ་ཏུ་གནས་པས་དེ་བཞིན་གཤེགས་པས་རྗེས་སུ་བསྲུངས་ན་བདག་སྣོད་དུ་འགྱུར་བར་བྱའོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཅིག་པོ་ཆོས་ཀྱི་སྣོད་མ་ཡིན་པར་གྱུར་པ་ལྷ་ཚེ་རིངས་པོ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་པ་དེ་གཞན་ཡིན་པར་སེམས་
ན་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་བདུད་རྩིའི་འོད་དེ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའི་སྣོད་མ་ཡིན་པར་གྱུར་ཏེ། ཆོས་ལ་བརྙས་པ་བྱས་པས་ལོག་པར་ལྷུང་ངོ་། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གང་གིས་སེམས་ཅན་དེ་ཡོངས་སུ་སྨིན་པར་
མཛད་པའི་དེ་བཞིན་གཤེགས་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་ཡིན་ནོ། །དེའི་ཚེ་སེམས་ཅན་དེ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་བསྐལ་པ་གྲངས་མེད་པར་བཞུགས་ཀྱིས་ཀྱང་སེམས་ཅན་དེ་ཡོངས་སུ་སྨིན་པར་
མཛད་པར་མ་སྤྱོད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་མངོན་པར་དགྱེས་པར་བྱ་བའི་དོན་དུ་བདག་སྣོད་དུ་འགྱུར་བར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་
ཀྱི་ཐུགས་སྐྱོ་བར་འགྱུར་བར་མི་བྱའོ། །མཽད་གལ་གྱི་བུ་ངས་ཏིང་ངེ་འཛིན་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱུང་བ་འདས་པའི་དུས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་
རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་རྒྱ་ཆེ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་བློ་
གྲོས་དག་པ་ཞེས་བྱ་བ་ཞིག་བྱུང་སྟེ། དགེ་བའི་རྩ་བ་དཔག་ཏུ་མེད་པ་དང་ལྡན་པ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་རྣམས་ཀྱི་ཚངས་པར་སྤྱོད་པ་ཤིན་ཏུ་སྤྱད་པ། དེ་བཞིན་གཤེགས་པ་དེ་དག་གི་རིམ་གྲོ་པ་ལན་མང་དུ་བྱས་པར་གྱུར་ཏོ། །དེ་དེ་བཞིན་གཤེགས་པ་

དེ་དག་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་གི་རིམ་གྲོ་པ་བྱས་ནས་འདི་ལྟར་སེམས་བསྐྱེད་དེ། བདག་མཚན་མའི་རིམ་གྲོས་དེ་བཞིན་གཤེགས་པའི་ཐུགས་མཉེས་པར་མི་བྱ། བདག་ནམས་ཀྱང་འཇིག་རྟེན་པའི་ཟང་ཟིང་གི་
སེམས་ཀྱིས་དེ་བཞིན་གཤེགས་པའི་རིམ་གྲོ་མི་བྱ། གཞན་དུ་ན་བདག་ཐམས་ཅད་མཁྱེན་པ་འདི་ཉིད་འདོད་པའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ལ་ཡིད་དུ་འཐད་དེ་ཡིད་དུ་མི་འཐད་པ་མ་ཡིན་པས་རིམ་གྲོ་བྱའོ། །དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱས་པ་འདིས་བདག་ཐམས་ཅད་མཁྱེན་
པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེ་ལྟར་ངས་སེམས་བསྐྱེད་ནས་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་འཚང་རྒྱ་སྙམ་ནས། དེས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་དེ་དག་ཐམས་ཅད་མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པར་བྱས་སོ། །ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་དེར་སངས་རྒྱས་ཤིན་ཏུ་མང་ཞིང་སངས་རྒྱས་ཀྱི་དཀོན་པར་མ་གྱུར་ཅིག་ཅེས་དེ་ལྟ་བུའི་སེམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་རིམ་གྲོ་བྱས་སོ། །དགེ་བའི་རྩ་བ་དེས་ངའི་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་བྱུང་ངོ་། །དེ་བཞིན་གཤེགས་པ་གང་དག་ལ་བདག་གིས་བྱང་ཆུབ་སེམས་དཔའ་དེ་དག་དགེ་བའི་རྩ་བ་བསྐྱེད་དུ་བཙུད་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བདག་གིས་མཆོད་དོ། །དེ་བཞིན་
གཤེགས་པ་དེ་དག་ཐམས་ཅད་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བདག་གི་ལུས་ཀྱི་ལས་ཡོངས་སུ་དག་པས་རིམ་གྲོ་བྱས། ངག་གི་ལས་ཡོངས་སུ་དག་པས་བསྟོད། ཡིད་ཀྱི་ལས་ཡོངས་སུ་དག་པས་ངེས་པར་བསམས་སོ། །དགེ་བའི་རྩ་བ་དེས་

དེའི་སྐུ་རྒྱ་ཆེན་པོར་གྱུར་ཏོ། །ངས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་རིམ་གྲོ་ཡོངས་སུ་སྤྱད་པས་རྙེད་པ་མཆོག་དང་གྲགས་པ་མཆོག་ཐོབ་བོ། །ངས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་གསུང་རབ་ལ་བསམ་པ་དྲག་པས་རབ་ཏུ་གནས་སོ། །དགེ་བའི་རྩ་བ་དེས་ངའི་སངས་
རྒྱས་ཀྱི་ཞིང་རྒྱ་ཆེ་སྟེ་མཐའ་གཞལ་བར་མི་ནུས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྙེད་པ་མཆོག་དང་གྲགས་པ་མཆོག་ཐོབ་པ་དང་གསུང་རབ་འདོད་པས་དེ་བཞིན་གཤེགས་པ་ལ་རིམ་གྲོ་ཡོངས་སུ་སྤྱད་ཅིང་སེམས་ཡོངས་སུ་དུལ་བར་བྱ། བྱང་ཆུབ་སེམས་དཔའ་སངས་
རྒྱས་ཀྱི་ཞིང་རྒྱ་ཆེ་བར་འདོད་པས་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་སྔོན་དུ་བྱས་ཏེ་སྤྱོད་པ་སྤྱད་པར་བྱ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་རྣམས་ཀྱི་ཆོག་མི་ཤེས་པར་བྱའོ། །མཽད་གལ་གྱི་བུ་ངས་ཏིང་ངེ་འཛིན་ཤེས་པ་འགོག་པར་འགྱུར་
བའི་ལམ་ཤེས་པར་བྱ་བའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་ཚོལ་བ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་
རབ་ཏུ་བསྟན་པར་བྱ། བདག་ཆོས་སྟོན་པ་ཡང་ཟད་པ་མེད་པར་གྱུར་ཅིག་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེ་བཞིན་གཤེགས་པ་
སྒྲ་ཐམས་ཅད་ཀྱི་དབྱངས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་དེའི་ཉན་ཐོས་འདུས་པ་དང་བྱང་ཆུབ་སེམས་དཔའ་འདུས་པ་དཔག་ཏུ་མེད་པ་དག་བྱུང་སྟེ་ཆོས་བཤད་པ་རེ་རེས་ཀྱང་ཉན་ཐོས་ཁྲག་ཁྲིག་
དཔག་ཏུ་མེད་པ་དག་ངེས་པར་བྱུང་ངོ་། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་གནས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའ་བདུད་རྩིའི་དབྱངས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཐམས་ཅད་ལས་ཡོན་ཏན་དང་། ཡེ་

ཤེས་ཁྱད་པར་དུ་འཕགས་པ་ཞིག་བྱུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་རྩིའི་དབྱངས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྡུས་པ་དེ་བཞིན་དུ་བདག་
གིས་ཀྱང་ཡང་དག་པར་རབ་ཏུ་བསྡུ་བར་བྱའོ་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་དེ་ཡང་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེའི་མདུན་ན་བཞུགས་པ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། འདྲེན་པ་མི་ཡི་ཁྱུ་མཆོག་སྟོབས་བཅུ་ཡོན་
ཏན་མངའ་བ་ལྷ་ཡུལ་ས་སྟེང་མེད། །རྒྱལ་མཆོག་མཆོག་རབ་ལྷ་མི་ཕན་མཛད་པ་ལས་འགྲོ་བའི་དོན་དུ་བདག་ཞུ་བ། །སྤྱོད་པ་ཇི་ལྟར་སྤྱད་ན་བློ་གྲོས་ལེགས་མཛད་འགྲོ་སྟོན་ཁྱོད་དང་འདྲ་བར་འགྱུར། །འགྲོ་ལ་ཕན་མཛད་བདག་དང་འགྲོ་བའི་ཐེ་ཚོམ་དེ་དག་མྱུར་དུ་གསུངས་ཤིག་གསུངས། །
འགྲོ་བ་རྡུལ་དང་དྲི་མ་རྙོག་པ་སྡུག་བསྔལ་བརྒྱ་ཡིས་ཡོངས་ལྡན་རིག་ནས་སུ། །མཁས་པ་སྙིང་རྗེ་བསྐྱེད་དེ་ཇི་ལྟར་སྤྱད་ན་འགྲོ་ཕན་སྐྱེ་དགུ་རྣམ་འགྲེལ་བགྱིད། །ཇི་ལྟར་འགྲོ་བ་སྡུག་བསྔལ་བརྒྱས་ཉེན་བདེ་བརྒྱའི་ཕྱི་རོལ་ཡིད་བདེ་མི་འཚལ་རྣམས། །དེ་དག་བདག་སྲིད་མྱུར་ཟད་བདེ་མཆོག་
མཚུངས་མེད་འགྲོ་ལ་བསྟན་གྱིས་སྟོབས་བཅུ་གསུངས། །ཇི་ལྟར་ཁྱོད་ཀྱི་གསུང་ཆེན་ཐོས་ནས་རབ་ཏུ་དགའ་ཞིང་འགྲོ་བ་ཡོངས་སུ་བསྟན། །ཇི་ལྟར་འགྲོ་བ་ཁྱོད་ཀྱི་གསུང་རྟོགས་གསུང་ལ་མཁས་ན་སྡུག་བསྔལ་ཡོངས་སུ་སྤོང་། །སྡུག་བསྔལ་ཟད་ཐོབ་མུན་བཅོམ་རབ་རིབ་མེད་ཅིང་རྒྱལ་
བའི་ཉི་ཟེར་རབ་ཏུ་ལྡན། །སྟོབས་བཅུ་མངའ་བའི་གསུང་གིས་འགྲོ་བ་འཇིགས་མེད་འགྱུར་བ་དེ་དག་བདག་ལ་གསུངས། །རྒྱལ་བའི་གསུང་ཐོབ་གསུང་གིས་གཡོ་ཚིག་བཅོམ་སྟེ་སུ་ཞིག་གསུང་གནས་དགའ་བདེར་འགྱུར། །བདེ་གཤེགས་ཁྱོད་ཀྱི་གསུང་འཆང་མཁས་པ་དྲི་མ་སྐྱོན་སྤངས་
ཤིན་ཏུ་དྲི་མེད་ཡིད། །དེས་ཐོབ་སྲིད་པའི་འགྲོ་སྤངས་འགྲོ་བ་མཆོག་ལ་གནས་ཏེ་རྒྱལ་མཆོག་འགྱུར་བ་ཡི། །རྒྱལ་བ་ཐུབ་པ་རྣམ་འདྲེན་འགྲོ་ལ་ཕན་མཛད་སྙན་པའི་གསུང་གིས་དེ་དག་གསུངས། །སྟོན་པ་དེ་བཞིན་གཤེགས་པ་འཇིག་རྟེན་ཕན་བཞེད་དེ་ཡི་བསམ་པ་ཐུགས་ཆུད་ལུང་

བསྟན་པ། །སྡུག་བསྔལ་འདི་དག་ཟད་པར་རྒྱལ་བས་གཟིགས་པའི་མྱ་ངན་འདས་པའི་ལམ་བསྒོམས་ན། །གང་དག་འདས་པའི་འཇིག་རྟེན་ཕན་འདོད་གང་ཡང་མ་འོངས་འཇིག་རྟེན་ཕན་པར་འདོད། །གང་དག་ད་ལྟར་འགྲོ་ལ་ཕན་འདོད་དེ་ཡང་ལམ་མཆོག་འདི་ནི་ཡོངས་སུ་མཐོང་། །རྒྱལ་
བའི་སྲས་དག་བྱང་ཆུབ་ཡོངས་སུ་ཚོལ་ན་དེ་ནི་རབ་ཏུ་འབད་དེ་སྒོམས། །བདུད་ཀྱི་སྟོབས་མཆོག་བཅས་པ་སྟོབས་བཅོམ་སངས་རྒྱས་སྟོབས་ལ་མངོན་པར་མྱུར་དུ་འདུག །བུ་དེས་ཐོས་ནས་ཐོགས་པར་བདེ་བར་གཤེགས་པའི་བཟོད་ལ་རབ་ཏུ་གནས། །སངས་རྒྱས་སྒྲ་ཀུན་མཁྱེན་པ་རྐང་གཉིས་
མཆོག་ལ་དེ་ནི་སྐྱབས་སོང་བློ་གནས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། །དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བདུད་རྩིའི་དབྱངས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བདུད་རྩིའི་དབྱངས་ཞེས་བྱ་བར་གྱུར་ཏོ། །དེའི་
ཚེ་ཡང་ངས་སེམས་ཅན་གྱི་ཁམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱས་སོ། །ད་ལྟར་ཡང་ང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །མཽད་གལ་གྱི་བུ་ངས་སྙོམས་པར་འཇུག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་སྙོམས་པར་འཇུག་པ་ཤེས་པ། ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་
འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་སྤྱོད་པ་ཤིན་ཏུ་བརྟན་པ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་བྱུང་བ་ནས་ཤིན་ཏུ་གནས་པའི་བར་དུ་རྒྱ་ཆེར་སྦྱར་རོ། །དེའི་ཚེ་འཛམ་བུའི་གླིང་འདིར་གྲོང་ཁྱེར་བྱེ་བ་ཕྲག་དྲུག་ཅུ་བྱུང་ངོ་། །འཛམ་
བུ་གླིང་འདི་དཔག་ཚད་སྟོང་ཕྲག་དྲུག་ཅུར་གྱུར་ཏོ། །གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་ཐག་ཉེ་བས་གྲོང་ཁྱེར་དང་གྲོང་རྡལ་གྱི་བྱ་གག་གྲོང་ཕན་ཚུན་དུ་འགྲོ་བར་གྱུར་ཏོ། །དེར་རྒྱལ་པོ་སྤྱོད་པ་ཤིན་ཏུ་བརྟན་པ་གནས་ཏེ། ཆོམ་རྐུན་དང་ཀླ་ཀློ་དང་ནི་བྲལ། ཆོས་དང་ལྡན་པའི་མི་རྣམས་ཀྱིས་

ནི་གང་དགའ་སྟོན་གྱི་དུས་ནི་མང་། སྐྱེ་བོ་རབ་ཏུ་དགའ་བ་དག་གིས་ནི་མངོན་པར་གང་། ཆོས་སྤྱོད་པའི་མི་ནི་ཀུན་ཏུ་བྱུང་། ཐམས་ཅད་ནས་ཐམས་ཅད་དུ་སྡིག་པའི་ཐ་སྙད་ཀྱང་མེད་ན་དེ་སྤྱོད་པ་ལྟ་ཅི་ཞིག་ག་ལ་ཡོད། ཕྱི་རོལ་དུ་སྐྱེད་མོས་ཚལ་དང་། ཀུན་དགའ་ར་བ་དང་།
མཚེའུ་དང་རྫིང་བུ་དག་