Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 047_མདོ་སྡེ།_ག

Văn bản gốc(Tây Tạng)

Trang 9 / 20 (50.000 ký tự/trang)
སྐད། །དེ་ཚེ་གྲུལ་བུམ་ཐམས་ཅད་སྐད་འབྱིན་ཅིང་། །དེ་བཞིན་ཁ་གཅིག་ནས་ནི་སྐད་ཀུན་འབྱིན། །ཁ་ཡི་རྣམ་པ་དེ་ལས་དེ་སྐད་འབྱིན། །སྐད་ཅིག་ཏུ་ནི་མཐའ་ཡས་སྐད་འབྱིན་ཀྱང་། །
རྣམ་འདྲེན་དེ་ལ་གཙེ་བར་མ་ནུས་ཤིང་། །བར་ཆད་བྱེད་པ་དག་ཏུའང་མ་ཚུགས་སོ། །ཀླུ་ཡི་ཁ་ནས་རྡོ་ཡི་ཆར་འབེབས་ཤིང་། །དེ་བཞིན་མཚོན་ཆ་དྲག་པོའི་ཆར་འབེབས་ཀྱང་། །རྣམ་འདྲེན་དེ་ལ་གཙེ་བར་མ་ནུས་ཤིང་། །བར་ཆད་བྱེད་པ་དག་ཏུའང་མ་ཚུགས་སོ། །གནོད་སྦྱིན་ཁ་ནས་རྡོ་
ཡི་ཆར་འབེབས་ཤིང་། །དེ་བཞིན་མེ་རབ་འབར་བའི་ཆར་འབེབས་ལ། །དེ་བཞིན་རི་དང་ཕྱག་དར་ཆར་འབེབས་ཀྱང་། །བདེ་གཤེགས་བར་ཆད་བྱ་བར་མ་ནུས་སོ། །གྲུལ་བུམ་མདའ་ཡི་ཆར་དང་དེ་བཞིན་དུ། །མེ་འབར་དང་ནི་མཚོན་ཆའི་ཆར་འབེབས་ཀྱང་། །རྣམ་འདྲེན་དེ་ལ་གཙེ་བར་མ་ནུས་ཤིང་། །བར་

ཆད་བྱེད་པ་དག་ཏུའང་མ་ཚུགས་སོ། །དེ་ཚེ་བདུད་ནི་སྡིག་ཅན་དེ་ཡིས་སུ། ཤིན་ཏུ་མི་བཟད་རྣམ་པས་གཙེས་བྱས་ཀྱང་། །བརྩོན་འགྲུས་དཔག་མེད་སྟོབས་ནི་བསྐྱེད་ནས་སུ། །བདུད་སྟོབས་སྟེན་པ་བྱང་ཆུབ་རྟོགས་པར་ཆུད། །རང་བྱུང་གིས་ནི་བདུད་སྡེ་སྤ་བཀོང་ཞིང་། །ལྗོན་
མཆོག་དྲུང་དུ་སྐྱིལ་མོ་དབྱེར་མེད་བཅས། །སྤུན་པ་རླུང་གིས་ཕྱར་ལྟར་བཅོམ་ནས་སུ། །བྱང་ཆུབ་མཆོག་རེག་སྐྱེ་དགུ་ཐུགས་སུ་ཆུད། །དེ་ཚེ་ས་ནི་རྣམ་དྲུག་རབ་གཡོས་ཤིང་། །བསྙེན་པར་དཀའ་བའི་སྡེ་དེ་ཕྱོགས་འཚོལ་ཏོ། །རླུང་གི་རྒྱལ་པོས་བྱ་ནི་ཁྱེར་བ་ལྟར། །བདེ་བར་གཤེགས་
པའི་གཟི་ཡིས་རྣམ་པར་བཅོམ། །ཀླུ་དང་གནོད་སྦྱིན་སྲིན་པོ་དེ་དག་གིས། །དེ་ཚེ་སྣ་ཚོགས་གདོང་ནི་མངོན་པར་སྤྲུལ། །དེ་དག་བདུད་བསྟེན་པ་ཡི་གཟི་བརྗིད་ཀྱིས། །ཁ་ན་བྱེད་པ་ཡོད་པ་དེ་དག་བཅོམ། །ཇི་ལྟར་ང་ཡིས་བདུད་ཀྱི་བུ་མོ་བཅོམ། །བུད་མེད་འདི་དག་བདག་གིས་དེར་རྒས་ནས། །
དེ་བཞིན་བདུད་སྟོབས་བསྙེན་དཀའ་རང་གིས་སྤྲུལ། །བདུད་སྟོབས་བསྟེན་པའི་མཐུ་ཡིས་བཅོམ་པར་གྱུར། །བདེ་གཤེགས་མཆོག་ལ་ལྷ་ཡིས་བུ་སྤྲུལ་བཀང་། །འཇིག་རྟེན་རྣམ་པར་འདྲེན་པས་ཟིལ་གྱིས་མནན། །ལྷ་ཡི་བུ་མོ་ཁྲི་ཕྲག་བརྒྱད་ཅུ་ཀུན། །བདུད་བསྟེན་པས་ནི་བྱང་ཆུབ་
དག་ལ་བཙུད། །རྣམ་པར་བཏུལ་ཅིང་བྱང་ཆུབ་མི་གཡོ་གནས། །དེ་ཚེ་བསྙེན་པར་དཀའ་བ་སྡུག་བསྔལ་གྱུར། །དེ་ཡི་ཚེ་ན་བདུད་བསྟེན་བྱུང་ནས་སུ། །འགྲོ་བ་དེ་དག་བདག་གིས་གྲོལ་བར་བྱས། །དེ་ལྟར་ང་ཡིས་བརྩོན་འགྲུས་བསྐྱེད་པས་སུ། །དེ་ཚེ་ཐུབ་པར་དཀའ་བའི་བདུད་ལས་རྒྱལ། །
རྡུལ་བྲལ་ཞི་མཆོག་བྱང་ཆུབ་ཚོལ་བ་ན། །ང་ཡི་སྲས་ཀྱིས་དེ་ལྟར་བསླབ་པར་བྱ། །སེམས་ཅན་བྱེ་བ་མང་པོའི་དོན་བྱ་ཞིང་། །ནམས་ཀྱང་བདག་གི་ཕྱིར་ནི་བདེ་མི་བྱ། །ཇི་ལྟར་མགོ་ལ་མེ་འབར་གཞན་མི་སེམས། །སྐྱེས་བུས་ཞི་བྱ་ལྟ་བུར་བརྩོན་འགྲུས་བསྐྱེད། །དེ་ལྟར་ཞི་བ་མཆོག་དག་ཚོལ་
བ་ན། །ཡིད་ཀྱིས་ཡིད་ཀྱིས་རྣམ་པར་བསམ་པར་བྱོས། །དེ་ནས་ཀླུའི་རྒྱལ་པོ་ཟླ་བ་ཆེན་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །མི་དང་ལྷ་ཡི་སྟོན་པ་ཁ་ལོ་སྒྱུར། །ལྷ་དང་བཅས་པ་འགྲོ་འདིའི་འདྲེན་པ་སྟེ། །ཇི་ལྟར་བདེ་གཤེགས་བདག་འཁྲུངས་དྲན་ལྡན་

པ། །བླ་མེད་བྱང་ཆུབ་ཐོབ་པ་བདག་གིས་ཞུ། །འདྲེན་པ་ཐུབ་པས་འདིར་ནི་སྲིད་ལས་རྒྱལ། །ཇི་ལྟར་འདྲེན་པ་བདེ་གཤེགས་བདག་ལ་འཁྲུངས། །བདུད་ནི་རྨོངས་མཛད་མྱ་ངན་འདས་རེག་པ། །རྒྱལ་བ་གང་ཟག་མཆོག་གིས་ལུང་བསྟན་པ། །དྲན་པ་ཉེ་བར་གཞག་
ལ་དྲན་བསྡམས་ན། །ཉེས་བཅས་འཁོར་བའི་འགྲོ་བ་འགག་པར་འགྱུར། །སྐྱེ་བོ་མི་མཁས་གང་ལ་ཆགས་གྱུར་པ། །བདེ་བ་རབ་ཏུ་མི་ཤེས་སྡུག་བསྔལ་རེག །དྲན་པ་ཉམས་པ་འཁོར་བ་དེ་དང་དེར། །མི་མཁས་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན། །རྨོངས་པ་དེ་ནི་ཐར་བའི་འགྲོ་མི་ཤེས། །
ཉོན་མོངས་བདུད་ཀྱི་སྤྱོད་ཡུལ་དག་ལ་དགའ། །ལོག་པ་རྣམ་པར་ཉམས་པའི་ཡིད་ཀྱིས་སུ། །མི་རྟག་རྟག་དང་སྡུག་བསྔལ་བདེ་བ་དང་། །བདག་མེད་བདག་དང་མི་གཙང་གཙང་འཛིན་པ། །ཉོན་མོངས་བདུད་ཀྱི་ཡུལ་ལས་མི་འགྲོལ་ལོ། །རབ་ཉམས་དེ་དག་གིས་ནི་འགྲོ་བ་ཤེས། །
དྲན་པ་ཉེར་གཞག་ལམ་ནི་རབ་ཏུ་ཤེས། །སྤྱད་པ་སྤྱོད་ཚེ་འགྲོ་ལ་ཕན་པའི་ཕྱིར། །བྱང་ཆུབ་བྱེད་པའི་དྲན་པ་ཉེ་བར་གཞག །དྲན་པ་ཉེ་བར་གཞག་པ་ཀླུས་ཐོས་ནས། །བྱང་ཆུབ་གཞལ་དུ་མེད་ལ་འདུན་པ་བསྐྱེད། །ཀླུ་ཆེན་ཟླ་བས་མི་འདུལ་ཁ་ལོ་སྒྱུར། །དྲན་པ་ཉེ་བར་གཞག་པ་
རྒྱལ་ལ་བསྟོད། །དྲན་པ་ཉམས་པའི་འགྲོ་བ་འདྲེན་པ་ལགས། །དྲན་སྟོབས་ཤིན་ཏུ་གནས་ལ་ཕྱག་འཚལ་ལོ། །བྱང་ཆུབ་གཞལ་དུ་མེད་པར་འདུན་པ་བསྐྱེད། །དྲན་པ་ཉམས་པ་མེད་པའི་འགྲོ་བ་བསྟན། །བྱང་ཆུབ་གཞལ་དུ་མེད་ལ་འདུན་པ་བསྐྱེད། །བྱང་ཆུབ་དྲན་
ལྡན་གནས་ལ་རེག་པར་བགྱི། །བདུད་སྟོབས་བདུད་དཔུང་བཅས་གཞོམ་སྤང་བྱ་ཞིང་། །བདུད་ཀྱིས་དམ་དུ་བཅིངས་པའི་སེམས་ཅན་དགྲོལ། །རྒྱལ་བ་དྲན་པ་ཉེ་བར་གཞག་པ་མཁྱེན། །ཀླུ་དེའི་བསམ་པ་ཐུགས་སུ་ཆུད་ནས་སུ། །སེམས་ཅན་ཕན་ཕྱིར་ཀླུ་ཆེན་ཟླ་བ་ནི། །འདྲེན་
པས་གཞལ་མེད་བྱང་ཆུབ་ལུང་བསྟན་པ། །སྔོན་གྱི་སངས་རྒྱས་བྱེ་བ་བརྒྱད་ཅུ་ལ། །ཀླུ་བདག་དེ་ཡིས་སྔོན་ནི་བསྙེན་བཀུར་བྱས། །འདི་ནས་ཕྱིས་ནི་སངས་རྒྱས་བྱེ་བ་བཅུ། །བྱང་ཆུབ་ཞི་བ་ཚོལ་ཚེ་མཆོད་པ་བྱེད། །ཕྱི་ནས་དེ་ནི་གཞལ་མེད་བྱང་ཆུབ་རེག །རྒྱལ་བའི་མཚན་ནི་ཟླ་བཟང་

ཞེས་བྱ་སྟེ། །བདུད་ཀྱི་སྟོབས་ནི་ཤིན་ཏུ་སྟོབས་ཉམས་བྱེད། །བདུད་ཀྱི་སྟོབས་ནི་རྒྱལ་བའི་སྟོབས་བྱེད་འགྱུར། །སངས་རྒྱས་ཀྱིས་ནི་ལེགས་གསུངས་འདི་ཐོས་ནས། །ཀླུ་ནི་བྱེ་བ་བྱང་ཆུབ་མཆོག་ལ་གནས། །སྔོན་མེད་བྱང་ཆུབ་ལ་ནི་ཡིད་ཞུགས་ཏེ། །སངས་རྒྱས་ལེགས་པར་
གསུངས་ལའང་མངོན་པར་དགའ། །དེ་ནས་ཀླུའི་རྒྱལ་པོ་ཚོགས་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །རྒྱལ་བ་ཉིད་འཁྲུངས་ཡང་དག་འདུ་གྱུར་པ། །མ་འཁྲུལ་སེམས་ཀྱིས་སྤྱད་པ་སྤྱོད་པ་ན། །བདུད་ཀྱི་སྟོབས་བཅས་དཔུང་བཅས་
བཅོམ་ནས་སུ། །བླ་མེད་བྱང་ཆུབ་ཞི་བ་ཇི་ལྟར་འཐོབ། །བདེ་བའི་སེམས་ནི་གཡོ་བར་མི་བྱ་ཞིང་། །ཉོན་མོངས་བདུད་ཀྱིས་སྟོབས་ནི་རྣམ་པར་སྤང་། །མཉམ་གཞག་རྒྱལ་བའི་སྤྱད་པ་སྤྱོད་བྱེད་པ། །དེ་ནི་མྱུར་དུ་བྱང་ཆུབ་ཞི་འཐོབ་འགྱུར། །ལུང་བསྟན་པས་ནི་ཀླུ་དེ་དག་འགྱུར་ནས། །
རྒྱལ་བའི་བྱང་ཆུབ་ལ་ནི་ཡིད་འཇུག་ཅིང་། །མཉམ་གཞག་བདུད་ཀྱི་སྤྱོད་ཡུལ་ལས་ནི་འབྱུང་། །འདྲེན་ལ་བསམ་གཏན་ཚུལ་གྱིས་མངོན་བསྟོད་པ། །སྤྱོད་ཡུལ་དང་ནི་སྤྱོད་ཡུལ་མ་ཡིན་མཁྱེན། །གང་དག་འཇིག་རྟེན་འདྲེན་པ་ཁྱོད་ཀྱིས་བསླབས། །འགྲོ་བ་དེ་དག་བདུད་ཀྱི་ཡུལ་
ལས་ཐར། །ཆགས་མེད་ཐུགས་ཀྱིས་དགོངས་ལ་ཕྱག་འཚལ་ལོ། །དེ་རིང་སླན་ཆད་རྒྱལ་བའི་སྤྱོད་ཡུལ་ལ། །སྤྱད་པར་བགྱི་ཞིང་བདུད་ཀྱི་སྤྱོད་ཡུལ་སྤང་། །བདུད་ཀྱི་སྤྱོད་ཡུལ་ལས་ནི་འགྲོ་བ་དགྲོལ། །བདེ་གཤེགས་སྤྱོད་ཡུལ་ལ་ནི་ཡང་དག་དགོད། །གང་ཟག་མཆོག་
གིས་ཀླུ་ཡི་བདག་པོ་ཡི། །བསམ་པ་མཁྱེན་ནས་བྱང་ཆུབ་ལུང་བསྟན་པ། །གང་དག་ཉོན་མོངས་བདུད་ཀྱི་ཡུལ་ལ་བརྟེན། །བྱེ་བ་ཐམ་པའི་ཀླུ་ནི་ཡང་དག་གནས། །དེ་ནས་ཀླུའི་རྒྱལ་པོ་ཤུགས་འཆང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་
ཞུས་པ། མི་དག་འདི་རུ་ཤེས་རབ་ལ་སྤྱོད་པ། །འདོད་ལ་ཆགས་མེད་སྤྱད་པ་སྤྱོད་པའི་ཚེ། །བདུད་ཀྱི་སྟོབས་བཅུས་དཔུང་བཅས་བཅོམ་ནས་སུ། །བྱང་ཆུབ་གཞལ་མེད་ཉེས་མེད་ཇི་ལྟར་འཐོབ། །འགྲོ་ཀུན་སྒྱུ་མ་འདྲ་བར་སུས་ཤེས་པ། །དེ་ནི་བདུད་ཀྱི་ཞགས་པས་འཆིང་མི་བྱེད། །

འགྲོ་བ་འདི་དག་བདུད་ཀྱིས་བཅིངས་མཐོང་ནས། །སྙིང་རྗེ་བསྐྱེད་དེ་དཀའ་ཐུབ་མཆོག་ལ་སྤྱོད། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །གཞལ་དུ་མེད་པའི་དགའ་བས་སེམས་རངས་ཏེ། །རྒྱལ་བ་ཐུབ་ལ་མཁྱེན་པས་བསྟོད་ནས་སུ། །བྱང་ཆུབ་
གཞོལ་བ་ལ་ནི་ཡིད་བསྐྱོད་དོ། །ཀླུ་ཡི་བདག་པོའི་བསམ་པ་ཐུགས་ཆུད་ནས། །འདྲེན་པས་བྱང་ཆུབ་མཆོག་ལ་ལུང་བསྟན་ཏོ། །ཀླུ་ནི་བྱེ་བ་བྱང་ཆུབ་མཆོག་ལ་གནས། །འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །དེ་ནས་ཀླུའི་རྒྱལ་པོ་ཉི་མའི་སྙིང་པོས་བཅོམ་ལྡན་
འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། འདྲེན་པ་ཐབས་ལ་མཁས་པ་བདག་ལ་གསུངས། །ཐབས་གང་གིས་ནི་སྤྱོད་པ་སྤྱད་བགྱིས་ན། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ལས་མི་ལྡོག །མི་མཆོག་འདི་དག་བདག་ལ་བཀའ་སྩོལ་ཅིག །ཇི་ལྟར་
ཡིད་ནི་རབ་ཏུ་མི་ལྡོག་པ། །བདེ་གཤེགས་གང་ཟག་མཆོག་ནི་ཁྱོད་ལས་སུ། །གང་དག་ཐོས་ནས་ཐབས་མཁས་མཉམ་པར་རྩོམ། །སྤྱད་པ་སྤྱོད་པ་རྣམས་ནི་སྐྱོ་མི་འགྱུར། །འགྲོ་བ་མི་མཁས་ལམ་ངན་ཞུགས་པ་ཡི། །འགྲོ་བ་རྣམ་པར་ཉམས་ལ་སྙིང་རྗེ་བསྐྱེད། །འགྲོ་ལ་
ཕན་ཕྱིར་རྫོགས་པའི་སངས་རྒྱས་ཆོས། །བདག་ཉིད་ཡོངས་སུ་བཏང་སྟེ་ཚོལ་བར་བྱེད། །ཆོས་རྣམས་ཀྱི་ནི་ངོ་བོ་ཤེས་པ་ན། །བདག་ཉིད་གཏོང་ལ་ཞུམ་པར་མི་འགྱུར་རོ། །ཆོས་ནི་གཡོ་བ་མེད་པར་ཤེས་པ་ན། །དེ་བཞིན་སེམས་ཅན་རྣམས་ལ་རབ་ཏུ་སྟོན། །ཆུང་མ་བུ་དང་
བུ་མོ་བདག་ཉིད་ཀྱི། །མགོ་ཡང་ཡོངས་སུ་གཏོང་ལ་མི་ཞུམ་མོ། །དེ་ནི་གང་དུའང་གནས་པར་མི་འཇུག་སྟེ། །བདག་མེད་འདུ་ཤེས་ཀྱིས་ནི་ཡིད་ལ་གནས། །དེ་ནི་ཕུང་པོ་བདག་མེད་རབ་ཏུ་སྟོན། །ཟང་ཟིང་མེད་པའི་བདེ་བའི་མཆོག་འཐོབ་བོ། །དེ་ཚེ་སེམས་ཅན་བྱེ་བ་དཔག་མེད་
དག །སྨིན་པར་བྱེད་ལ་དགའ་ཞིང་ཞུམ་པ་མེད། །སྟོན་པའི་གསུང་གིས་ཀླུ་དེ་མགུ་གྱུར་ནས། །སངས་རྒྱས་ལ་ནི་སྙིང་ནས་སྐྱབས་སོང་ཞིང་། །བྱང་ཆུབ་གཞོལ་ལ་ཡིད་ནི་བསྐྱེད་པ་དང་། །འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །དེ་ནས་ཀླུའི་རྒྱལ་པོ་གཟུང་བར་དཀའ་བས་བཅོམ་

ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། བདེ་གཤེགས་ཁྱོད་སྲས་ཇི་ལྟར་སྤྱད་བགྱིས་ན། །སངས་རྒྱས་བྱང་ཆུབ་བདེ་བས་སྒྲུབ་པར་བགྱིད། །ཇི་ལྟར་ཐུབ་པ་གཤེགས་ལྟར་མྱུར་དུ་མཆི། །དཔག་མེད་གཤེགས་པ་དེ་དག་བདག་ལ་གསུངས། །རྒྱལ་བ་མི་མཆོག་
རང་བྱུང་མཁྱེན་པས་སུ། །བྱང་ཆུབ་ངེས་ལ་དེ་ནི་ལུང་བསྟན་པ། །ཇི་ལྟར་རིགས་སུ་བྱང་ཆུབ་སྤྱོད་པ་ན། །ནམས་ཀྱང་འགྲོ་བའི་སྡུག་བསྔལ་རྣམས་མི་རེག །བྱམས་པའི་སྟོབས་ཀྱིས་ཕན་པར་སྤྱོད་པ་ན། །བྱམས་པའི་སེམས་ནི་གར་ཡང་མི་རྨོངས་སོ། །བྱམས་པ་ལ་ནི་སྡུག་བསྔལ་མི་
འབྱུང་ཞིང་། །ཉེས་པ་རབ་ཞི་སྤྱོད་པ་མི་གཡོའོ། །སྤྱོད་ཚེ་སེམས་ཅན་ཀུན་ལ་རབ་ཏུ་སྟོན། །བྱམས་པ་སྒོམས་ཤིག་གར་ཡང་མ་གཡོ་ཤིག །རབ་ཏུ་ཞི་བའི་ཡིད་ཀྱིས་ཉེས་པ་ཆོམ། །སེམས་ཅན་རྣམས་ལ་ཕན་ཕྱིར་ཞི་བ་བཙལ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །སྤྱད་པ་
སྤྱོད་ཚེ་སྡུག་བསྔལ་མི་འཐོབ་ཅིང་། །གཞལ་མེད་བྱང་ཆུབ་མྱུར་དུ་གསོ་བར་བྱེད། །དེ་ཡི་འཁོར་ནི་ཐམས་ཅད་འཐུན་པར་འགྱུར། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །ཤིན་ཏུ་ཞི་བའི་ཡིད་ཀྱིས་ཉེས་པ་སྤངས། །བྱམས་པའི་སེམས་ཀྱིས་ཉེས་པ་རྣམ་པར་བཏུལ། །བྱང་ཆུབ་
གཞོལ་བ་ལ་ནི་ཡིད་བསྐྱེད་དོ། །རྒྱལ་བ་སྔ་ཕྱི་མཁས་པས་དེའི་བསམ་པ། །རབ་ཏུ་དང་བའི་ཡིད་ཀྱིས་ཉོན་མོངས་བཏུལ། །ཡོངས་སུ་དག་ལ་ཤིན་ཏུ་གནས་མཁྱེན་ནས། །བྱང་ཆུབ་མཆོག་ལ་ཀླུ་ནི་ལུང་བསྟན་པ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་རུ། །བྱམས་པ་བསྟེན་ནས་མ་
འོངས་དུས་སུ་ནི། །རྒྱལ་བ་ཐུགས་དག་ཞེས་བྱ་དབང་པོ་བཏུལ། །ལྷ་དང་མི་དག་གིས་ནི་མཆོད་པར་འགྱུར། །མཆོག་ཏུ་དགའ་བ་རབ་ཏུ་མགུ་སེམས་ཀྱིས། །རྒྱལ་བའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། །ཚིགས་སུ་བཅད་པ་འདི་ཡིས་རྒྱལ་བ་བསྟོད། །རབ་ཏུ་ཐུགས་དག་ནོངས་པ་
ཤིན་ཏུ་བཏུལ། །གཏི་མུག་རྣམ་པར་བཅོམ་ཞིང་བདུད་ལས་རྒྱལ། །སེམས་ཅན་ཀུན་ལ་ཕན་པའི་ཐུགས་རྗེ་ཅན། །ཉེས་པའི་དུག་སྤངས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་ཐམས་ཅད་རྒྱགས་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྤྱད་

པ་སྤྱོད་པའི་ཚེ་ན་ཐབས་གང་གིས། །བདུད་ཀྱི་སྤྱོད་ཡུལ་དབང་དུ་མི་འགྱུར་ཞིང་། །སངས་རྒྱས་ཐམས་ཅད་ཀྱིས་ནི་བསྲུངས་འགྱུར་བ། །བདེ་གཤེགས་ཐུབ་ཆེན་སངས་རྒྱས་ལ་ཞུའོ། །རྒྱལ་བས་དེ་ཡི་བསམ་པ་མཁྱེན་པ་ན། །ཆགས་མེད་ཡེ་ཤེས་ཀུན་ཏུ་སྤྱན་མངའ་བ། །
བསོད་ནམས་བརྒྱ་མཚན་ཕན་པའི་ཐུགས་རྗེ་ཅན། །སངས་རྒྱས་སྟོབས་ལ་མཁས་པས་ལུང་བསྟན་པ། །རྟག་ཏུ་དེ་ནི་དྲན་པ་ཉེར་གཞག་ན། །ཉོན་མོངས་བདུད་ཀྱི་དབང་དུ་བྱ་བ་མེད། །རྟག་ཏུ་རྣམ་དག་སེམས་ཀྱིས་དྲན་སྤྱོད་ན། །དེས་ན་བདུད་ཀྱི་དབང་དུ་དེ་མི་འཁྲིད། །རྒྱལ་བས་ལེགས་གསུངས་ཚིག་
དེ་ཐོས་ནས་སུ། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །རབ་ཏུ་སེམས་དང་ཚིག་ནི་གཙང་བ་དང་། །མ་སྨད་པ་ཡིས་བདེ་གཤེགས་མངོན་པར་བསྟོད། །སྲིད་པའི་སྐྱེ་ལ་རྒྱལ་བ་ཐུགས་བརྩེ་ལྡན། །སེམས་ཅན་ལམ་ངན་རབ་ཞུགས་གཟིགས་ནས་སུ། །ཐེ་ཙོམ་སེལ་
ཅིང་ཡོངས་སུ་དགྱེས་ཐུགས་ཀྱིས། །རྒྱལ་བས་བསྟན་པའི་ལམ་ལ་སེམས་ཅན་རྣམས། །ཁྱོད་ཀྱིས་ལེགས་གསུངས་ཚིག་ནི་ཐོས་ནས་སུ། །རྒྱལ་བའི་ཆོས་བཙལ་སྤྱོད་པ་སྤྱད་པར་བགྱི། །བདུད་ཀྱི་སྟོབས་བཅས་དཔུང་བཅས་བཅོམ་ནས་སུ། །སྡུག་བསྔལ་ཆོས་གྲོལ་
སངས་རྒྱས་འགྱུར་བར་བགྱི། །དེ་ནས་ཀླུའི་རྒྱལ་པོ་ཆར་ཆེན་པོ་སྤྱོད་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྐྱེ་དགུ་དག་ལ་བྱམས་ཐུགས་སྐྱབས་ཀྱི་མཆོག །ཀུན་དུ་སྤྱན་མངའ་རྒྱལ་མཆོག་ཐུགས་རྗེ་ཅན། །རྡུལ་བྲལ་བྱང་ཆུབ་ལ་ནི་ཇི་
ལྟར་སྤྱད། །སྟོབས་བཅུ་ཡེ་ཤེས་ཕུང་པོ་ཁྱོད་ལ་ཞུ། །འཇིག་རྟེན་མགོན་པོ་བདག་གི་ཐེ་ཚོམ་ཁུམ། །འགྲོ་བ་ཀུན་གྱི་བསམ་པ་རྣམ་པར་མཁྱེན། །བདེ་བར་གཤེགས་པས་ཀླུ་དེ་དགའ་གྱུར་ནས། །རང་སེམས་ཤེས་པར་བྱ་ཕྱིར་བརྩོན་འགྲུས་བརྟན། །ཇི་ལྟར་བདེ་བར་གཤེགས་
པས་བསྟན་ལྟར་བསླབས། །རང་སེམས་ཤེས་པར་བྱ་ཕྱིར་ངེས་པར་གྱུར། །རྒྱལ་བས་བསྟན་པའི་ལམ་ནི་ཐོས་ནས་འདུག །ཡོངས་སུ་མགུ་བའི་ཡིད་ཀྱིས་ཐེ་ཙོམ་བསལ། །དགའ་བས་ས་ལ་པུས་མོ་བཙུགས་ནས་སུ། །རྣམ་འདྲེན་འཇིག་རྟེན་ཕན་མཛད་མངོན་བསྟོད་པ། །ཉོན་མོངས་ཐམས་ཅད་

བསལ་བ་བླ་ན་མེད། །ཁྱོད་འདྲ་མ་མཆིས་གོང་ན་ག་ལ་མཆིས། །མ་སྨད་སེམས་ཅན་ཡིད་ནི་དགའ་བར་མཛད། །བདེ་གཤེགས་བྱང་ཆུབ་མི་བཟད་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱི་བསམ་པ་མཁྱེན། ལས་ཀྱང་མཁྱེན། སྨོན་ལམ་དག་ཀྱང་མཁྱེན་ཏེ། ལྷ་
དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དོན་ཆེན་པོ་མཛད་ནས། །དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྟོས་ཤིག །ཀླུའི་རྒྱལ་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལས་འདུལ་བ་ཐོས་ནས། །འདུལ་བའི་རྟགས་དག་སྟོན་པར་བྱེད། རྗེས་སུ་ཆགས་པའི་རྟགས་དག་སྟོན་པར་བྱེད།
རྗེས་སུ་འཛིན་པའི་རྟགས་དག་སྟོན་པར་བྱེད། འདྲེན་པའི་རྟགས་དག་སྟོན་པར་བྱེད། །རྣམ་པར་འདྲེན་པའི་རྟགས་དག་སྟོན་པར་བྱེད། མུར་བྱེད་པའི་རྟགས་དག་སྟོན་པར་བྱེད་དེ། འདི་ལྟ་སྟེ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཀླུའི་རྒྱལ་པོ་དེ་
དག་ཐམས་ཅད་ཀྱང་། །སེམས་ཅན་རྣམས་ཀྱི་དོན་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་དེ་བཞིན་གཤེགས་པས་
སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་ནས། བཅོམ་ལྡན་འདས་རྫུ་འཕྲུལ་ཆེན་པོའི་བར་དང་། བཅོམ་ལྡན་འདས་གཟི་བརྗིད་ཆེན་པོའི་བར་དག་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཕྲིན་ལས་ཀྱི་རྣམ་པར་སྨིན་པ་གང་
གིས་བཅོམ་ལྡན་འདས་གནས་མཁྱེན་པ་གྲུབ་ལགས། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་དགོངས་ཏེ་ལུང་བསྟན་དུ་གསོལ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཐོས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་པས་སྤྱད་པ་སྤྱོད་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ལེགས་སོ་ལེགས་སོ། །མཽད་

གལ་གྱི་བུ་ཁྱོད་གང་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི། མཽད་གལ་གྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་མང་པོའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། ཁྱོད་དེ་བཞིན་གཤེགས་
པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི། ལེགས་སོ། །མཽད་གལ་གྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་
འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ང་གནས་ཤེས་པར་བྱ་བའི་དོན་དུ་འདས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་དག་ལ་བསྙེན་བཀུར་བྱས་ཏེ་ཡོངས་སུ་ཞུས་སོ། །དགེ་བའི་རྩ་བ་བསྐྱེད་པ་དེ་དག་གི་རྣམ་
གྲངས་དེས་ན་མཽད་གལ་གྱི་བུ་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་འཛིན་ཅེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་འཛིན་དེའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་བྱུང་ངོ་། །
དེའི་ཚེ་བྲམ་ཟེ་ཨུད་པ་ལའི་མིག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་ཀྱང་བྱུང་སྟེ། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་འཛིན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ལ་གཙུག་ལག་ཁང་དབུལ་བ་ཕུལ་ནས་སྨོན་ལམ་བཏབ་པ། བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་
དང་བཅས་པའི་གནས་བགྱིས་པའི་དགེ་བའི་རྩ་བ་འདིས། བཅོམ་ལྡན་འདས་བདག་གནས་ཤེས་པ་ཐོབ་པར་གྱུར་ཅིག །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་འཛིན་པ་དེས་ང་ལ་ལེགས་སོ་ཞེས་བྱ་བ་རྗེས་སུ་གནང་སྟེ། ཨུད་པ་ལའི་མིག་ལེགས་སོ་ལེགས་སོ། །དགེ་བའི་རྩ་བ་འདིས་ཨུད་པ་ལའི་མིག་ཁྱོད་

མ་འོངས་པའི་དུས་ན། གནས་ཤེས་པ་འཐོབ་པར་འགྱུར་རོ། །དགེ་བའི་རྩ་བ་དེས་ང་གནས་ཤེས་པ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསམ་གཏན་པ་ཡི་གནས་བྱས་ཤིང་། །གཙུག་ལག་ཁང་ནི་ཕུལ་བ་ཡི། །དགེ་བའི་རྩ་བ་དེ་ཡིས་ན། །
ངས་ནི་གནས་ཀྱི་ཤེས་པ་བསྒྲུབས། །ངས་དགེ་བའི་རྩ་བ་དེ་བསྐྱེད་ནས། འདི་ལྟར་སེམས་བསྐྱེད་དེ་སེམས་ཅན་གང་དག་ཕྱོགས་བཅུའི་འཇིག་རྟེན་ན་གནས་ཤེས་པ་དང་ཡང་དག་པར་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་སྟེ་ངས་རྗེས་སུ་ཡི་རང་བའི་བསོད་ནམས་
དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དགེ་བའི་རྩ་བ་དེས་ང་གནས་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་འགྲུབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གནས་ནི་ཤེས་པར་བྱ་བའི་ཕྱིར། །གང་དག་
གཡེལ་བ་མེད་སྤྱོད་པ། །དེ་ཡི་སྤྱོད་ལ་རྗེས་ཡི་རང་། །ངའི་སེམས་རྣམ་པར་མ་གཡོས་ཤིང་། །དགེ་ལ་རྗེས་སུ་ཡི་རང་སྟེ། །མི་དབང་དེ་ཡི་སྤྱོད་པ་ལ། །བསམ་པས་རྗེས་སུ་ཡི་རང་ནས། །ངས་ནི་དེ་ལྟར་ཀུན་འབྱུང་གྲུབ། །ང་རྟག་པར་རྒྱུན་དུ་ཁམས་གསུམ་ལ་མ་ཆགས་པའི་ཡིད་ཀྱིས་
དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དེ་དག་ལ་རྗེས་སུ་ཡི་རང་སྟེ། དེ་དག་གི་རྣམ་པར་སྨིན་པ་ལ་ཐེ་ཙོམ་མེད་པའི་དགེ་བའི་རྩ་བ་དེས་ང་གནས་ཤེས་པ་འགོག་པ་ཤེས་པ་ཐུགས་སུ་ཆུད་དོ། །ལམ་དེ་ཡང་བརྩོན་འགྲུས་བརྩམས་པས་ཐུགས་སུ་ཆུད་ཀྱི་ལེ་ལོས་ནི་མ་ཡིན་ཏེ། དགེ་བའི་རྩ་བ་དེས་ང་གནས་ཤེས་
པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཐུགས་སུ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གནས་དང་ཀུན་འབྱུང་ཤེས་པ་དང་། །དེ་བཞིན་འགོག་པ་དག་ལ་ཡང་། །ལམ་གང་གིས་ནི་དེ་འཐོབ་པ། །རྐང་གཉིས་མཆོག་ནི་དེ་མཁྱེན་ཏོ། །
ཤེས་པ་དེ་དང་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར། །འདྲེན་པས་དེ་ནི་གྲོལ་བར་བྱེད། །མཽད་གལ་གྱི་བུ་ང་གནས་མ་ཡིན་པ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་བསྐྱེད་དེ། མཽད་གལ་གྱི་བུ་སྔོན་

བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ན། དེ་བཞིན་གཤེགས་པ་མི་གནས་པར་སྤྱོད་པ་ཞེས་བྱ་བ་སྟོན་པ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་མི་གནས་པར་སྤྱོད་པ་དེའི་ཉན་ཐོས་འདུས་པ་གཅིག་ནི་དྲུག་ཁྲི་བརྒྱད་སྟོང་བྱུང་ངོ་། །
དེའི་ཚེ་ན་ཁྱིམ་བདག་ཐོས་སྤྱོད་ཅེས་བྱ་བ་ཞིག་ཀྱང་བྱུང་སྟེ། དེས་དེ་བཞིན་གཤེགས་པ་མི་གནས་པར་སྤྱོད་པ་དེའི་ཡོ་བྱད་ཐམས་ཅད་སྦྱར་ནས་སྨོན་ལམ་འདི་སྐད་བཏབ་བོ། །བདག་དགེ་བའི་རྩ་བ་འདིས་མི་གནས་པའི་ཆོས་ཐོབ་པར་གྱུར་ཅིག་ཅེས་བཏབ་སྟེ། དེའི་རྒྱུར་བྱས་པའི་ཆོས་
གང་ལ་ཡང་སྨོན་ལམ་མ་བཏབ་བོ། །དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དེས་ང་སྲིད་པ་པ་དང་། འགྲོ་བ་དང་། འཆི་བ་དང་། སྐྱེ་བ་ཐམས་ཅད་ལ་གང་གི་གཞིའི་གནས་ལྡོག་པ་ནི་ང་ལ་མེད་དེ། དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་ཐུགས་སུ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །རྟེན་པ་མེད་པའི་སེམས་ཀྱིས་སུ། །ཚུལ་ཁྲིམས་བཟོད་པའི་སྟོབས་ལ་བརྟེན། །གང་གིས་འགྲོ་བ་སྤུངས་བྱས་པ། །གནས་མ་ཡིན་གྱི་ཤེས་པ་ཐོབ། །ངས་སེམས་ཅན་དཔག་ཏུ་མེད་པ་དག་གནས་མ་ཡིན་པ་ཤེས་པ་ལ་
བཙུད་ཅིང་དགེ་བའི་རྩ་བ་ཡང་བསྐྱེད་ལ། ང་དགེ་བའི་རྩ་བ་དེ་དག་ལ་ཡང་གུས་པར་རྗེས་སུ་ཡི་རང་སྟེ། དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་མངོན་པར་གྲུབ་བོ། །དགེ་བའི་རྩ་བ་དེ་དག་ཀྱང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མ་གཏོགས་པར་ཕུང་པོ་དག་མངོན་པར་འགྲུབ་པར་བྱེད་པ་གར་ཡང་མ་བསྔོས་སོ། །དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་མངོན་པར་གྲུབ་བོ། །ང་ལམ་གྱི་ཤེས་པ་འདི་བསྒྲུབ་པའི་དོན་དུ་འདི་ལྟ་སྟེ། དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་
པ་ནི་མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ན་དེ་བཞིན་གཤེགས་པ་ཟུག་རྔུ་འབྱིན་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཉན་ཐོས་འབུམ་ཚང་བར་བྱུང་ངོ་། །དེའི་ཚེ་དབང་པོས་བྱིན་ཞེས་བྱ་བ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་ཀྱང་བྱུང་སྟེ། དེ་དེ་བཞིན་གཤེགས་

པ་ཟུག་རྔུ་འབྱིན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་ཡོ་བྱད་ཐམས་ཅད་ལོ་ཁྲིར་སྦྱར་ཏོ། །མཽད་གལ་གྱི་བུ་དེའི་ཚེ་དེའི་དུས་ན་དབང་པོས་བྱིན་ཞེས་བྱ་བ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ང་བྲམ་ཟེ་དབང་པོས་
བྱིན་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །མཽད་གལ་གྱི་བུ་ཆེན་པོ་དེ་ལྟ་བས་ན། གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་འདོད་པའི་བྱང་ཆུབ་སེམས་དཔས་དགེ་བ་མངོན་པར་འདུས་བྱས་ཏེ། བག་ཡོད་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་
པར་ཡོངས་སུ་བསྔོ་བར་བྱའོ། །མཽད་གལ་གྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པར་བླང་བ་ལ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་མཛད་དོ། །དེ་ལས་ཀྱི་རྣམ་པར་སྨིན་པ་དེས་ཞབས་ཤིན་ཏུ་བརྟན་པར་
གནས་ཏེ། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་མངའ་བར་གྱུར། ཕྱག་བཟང་ཞིང་དཔེ་བྱད་མངའ་བར་གྱུར་ཅིང་གནས་མ་ཡིན་པ་ཤེས་པའང་བརྙེས་སོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པར་བླང་བ་དེ་ལ་སྐྱེ་བོ་མང་པོ་ཡང་དག་པར་འཛིན་དུ་བཅུག་སྟེ། དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་
པ་ཀུན་འབྱུང་བ་ཤེས་པ་བརྙེས་སོ།། །།བམ་པོ་བཅུ་གསུམ་པ། ངས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པར་བླང་བ་དེའི་བསྔགས་པ་བརྗོད་དེ། དེའི་ལས་ཀྱི་རྣམ་པར་སྨིན་པ་དེས་ང་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་བརྙེས་སོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་
པ་ཡང་དག་པར་བླང་བ་དེ་ལ་ངས་སྐྱེ་བོའི་ཚོགས་མང་པོ་རབ་ཏུ་བཀོད་དེ། ལས་ཀྱི་རྣམ་པར་སྨིན་པ་དེས་ང་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །ངས་ཕྱིར་མི་འཕྲོགས་པ་ཡང་ཐུགས་སུ་ཆུད་དེ། མཽད་གལ་གྱི་བུ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་
དམ་བཅས་པ་ལས་ནམ་ཡང་འགལ་བར་མ་བྱས་ཏེ། ངས་ཇི་ལྟར་དམ་བཅས་པ་དེ་ལྟར་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དཔལ་གྱི་སྙིང་པོ་ཞེས་བྱ་བ་གདུགས་གཅིག་པ་ས་རྣམས་ཀྱི་དབང་ཕྱུག་སྦྱིན་པ་པོ་སྦྱིན་བདག་དམ་བཅས་པར་

དོན་ཡོད་པར་བྱེད་པ། དམ་བཅས་པ་ལས་མི་འདའ་བ་ཞིག་བྱུང་ངོ་། །དེའི་ཚེ་བྲམ་ཟེ་ཚངས་པའི་ལྷ་ཞེས་བྱ་བ་ཞིག་རྒྱལ་པོ་དཔལ་གྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་བ་ཞེས་བརྗོད་དེ། ཚིགས་སུ་བཅད་པའི་དབྱངས་ཀྱིས་བླངས་པ། ས་དབང་དཔལ་གྱི་སྙིང་པོ་
རྒྱལ་བར་སྤྱོན། །ཡོན་ཏན་ལྡན་པས་རྒྱ་མཚོ་སར་བཅས་སྐྱོངས། །བདག་གི་མཆིས་བྲང་དུ་ནི་སྲས་མོ་སྩོལ། །བདག་སློང་འབྲས་བུ་ཡོད་པར་རྒྱལ་པོས་མཛོད། །བྲམ་ཟེ་དེ་དཀའ་ཐུབ་སྤྱོད་པ་ཡིན་ཏེ། བདག་གི་ལུས་ཤིན་ཏུ་སྐེམ་ལ་སྐྲ་སེར། སོ་མི་སྡུག་ཅིང་དཀར་ལ་གཙིགས་
པ། ཤེལ་གྱི་མིག་ལ་བལྟ་ན་མི་བཟད་ཅིང་། རལ་པའི་ཐོར་ཚུགས་ཅན་དེ་མཐོང་ནས། རྒྱལ་པོ་དེ་འཇིགས་ཤིང་སྐྲག་ལ་མི་དགའ་སྟེ། བ་སྤུའི་ཁུང་བུ་ཟིང་ཞེས་བྱེད་པར་གྱུར་པ་ནས། འཇིགས་པར་སེམས་པའི་རྗེས་སུ་ཞུགས་པའི་བར་དུ་གྱུར་ཏེ། གལ་ཏེ་བུ་མོ་འདི་མ་བྱིན་ན།
དེ་བདག་ལ་དམོད་པ་བྱེད་པར་འགྱུར། གཞན་ཡང་བདག་གིས་སེམས་ཅན་ཐམས་ཅད་ལ་བཀུར་སྟི་བྱ་བ་ཡིན་ཏེ། བདག་གིས་དམ་བཅས་པ་དང་ཡང་འགལ་བར་འགྱུར་རོ་སྙམ་མོ། །བུ་མོ་དེ་ནི་ཡུལ་གྱི་བཟང་མོ་ཞེས་བྱ་སྟེ། གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། རྒྱལ་
པོའི་ཁྱད་པར་དུ་འཕགས་པའི་ཚུལ་ཐམས་ཅད་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བར་དེ་ལྟར་བདག་གིས་དམ་བཅས་ན། དྲང་སྲོང་འདི་ནི་གཟུགས་མི་སྡུག་ལ། བདག་གི་བུ་མོ་འདི་ནི་
མཆོག་ཏུ་གཟུགས་བཟང་བ་ཡིན་ཏེ། འདི་ལྟར་དེའི་བདག་པོར་མི་དགའ་བར་འགྱུར་བས་དམ་བཅས་པ་གཞིག་པར་བྱའོ་སྙམ་སྟེ། དེ་སེམས་པ་འདི་ལ་ཞུགས་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་བུ་མོ་ཡུལ་གྱི་བཟང་མོ་དེས། ཕ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡབ་
ཅིག་དགོངས་ཤིང་ཤིན་ཏུ་དགོངས་པར་མཛད། །བྲམ་ཟེའི་ཚིག་ལས་འགལ་བར་མ་མཛད་ཅིག །འདི་འདྲའི་ལས་ཀྱིས་བདག་བསྐྱེད་ཡབ་ཡུམ་ལའང་། །དབང་མི་མངའ་བས་ཁྱིམ་ཐབ་དེ་སྩོལ་ཅིག །དེ་ནས་རྒྱལ་པོ་དཔལ་གྱི་སྙིང་པོ་བུ་མོ་དེའི་ཚིག་ཐོས་ནས། མགུ་ཞིང་

དགའ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་བདེ་བ་དང་ཡིད་བདེ་བ་སྐྱེས་ནས། བུ་མོ་ཡུལ་གྱི་བཟང་མོ་དེ་བྲམ་ཟེ་དེ་ལ་བྱིན་ནོ། །དེ་ནས་བྲམ་ཟེ་དེས་བུ་མོ་དེ་བླངས་ནས་སོང་སྟེ། བུ་བསྐྱེད་ནས་ཆུང་མ་དང་བུ་བཞག་སྟེ། ཡང་རབ་ཏུ་བྱུང་ངོ་། །རྒྱལ་པོ་དེས་བྲམ་ཟེ་དེའི་བསམ་པ་
ཡོངས་སུ་རྫོགས་པར་བྱས་པའི་དགེ་བའི་རྩ་བ་དེས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་བརྟུལ་ཞུགས་འདྲ་བར་སྐྱེས་ཏེ། དེ་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་གི་ཚེའི་ཚད་ཡོངས་སུ་རྫོགས་པར་བྱས་ནས། མིར་སྐྱེས་པ་ན་ཕྱིར་མི་འཕྲོགས་པའི་ཆོས་ཐམས་ཅད་ཐོབ་བོ། །མཽད་གལ་
གྱི་བུ་དེའི་ཚེ་དེའི་དུས་ན། རྒྱལ་པོ་དཔལ་གྱི་སྙིང་པོ་ཞེས་བྱ་བ་དེ་གཞན་མ་ཡིན་ཏེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་ཐོབ་ཅིང་བདུད་ཀྱི་ཞགས་པ་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་འཕྲོགས་སོ། །
མཽད་གལ་གྱི་བུ་དེས་ན་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་དཔག་ཏུ་མེད་པ་དགེ་བའི་རྩ་བ་འདི་ཡང་དག་པར་འཛིན་དུ་བཅུག་པའི་དགེ་བའི་རྩ་བ་དེས། ང་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་ཅིང་། དགེ་བའི་རྩ་བ་འདིའི་རྣམ་པར་སྨིན་པ་ལ་ཐེ་ཙོམ་མེད་
དེ། དེའི་ལས་ཀྱི་རྣམ་པར་སྨིན་པས་ང་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་ཐུགས་སུ་ཆུད་པ། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའང་བརྙེས་སོ། །ངས་གང་གི་ཚེ་དགེ་བའི་རྩ་བ་འདི་དག་མངོན་པར་འདུས་བྱས་ཏེ། སེམས་ཅན་རྣམས་དགེ་བའི་རྩ་བ་འདི་ལ་བཅུག་པ་དེས་ང་
རབ་ཏུ་དགའ་བ་གཞལ་དུ་མེད་པ་སྐྱེས་ཏེ། དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཐོབ་སྟེ། ཤེས་པ་གང་དང་ལྡན་པས་བདག་དང་སེམས་ཅན་རྣམས་ཀྱི་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་སོ་སོར་ཤེས་སོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གནས་མ་ཡིན་པ་ཤེས་པ་རྒྱུར་བཅས་དང་། །དེ་བཞིན་འགོག་དང་ལམ་དང་སེམས་ཅན་གྱི། །སྤྱོད་དང་བསམ་པ་ངེས་པར་དེ་ཡི་མཐུས། །ངས་ནི་བརྟག་དང་སྤྱོད་པ་ཀུན་ཏུ་ཤེས། །མཽད་གལ་གྱི་བུ་དེ་ལ་དེ་བཞིན་

གཤེགས་པ་ཡུན་རིང་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་རྟག་པར་རབ་ཏུ་དྲན་པ་ཉེ་བར་གཞག་པར་གྱུར་ཏེ། དྲན་པའི་དབང་པོ་གང་གིས་ང་ཤིན་ཏུ་ཉེ་བར་གནས་པས་ཡུན་རིང་པོར་བྱས་པ་དང་། ཡུན་རིང་པོར་བཤད་པ་མ་བརྗོད་དེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་
དུས་འཁོར་བ་དཔག་ཏུ་མེད་པ་ན། དེ་བཞིན་གཤེགས་པ་འཇིགས་སྒྲོགས་བླ་མ་ཞེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་འཇིགས་སྒྲོགས་བླ་མ་དེའི་རིམ་གྲོ་པ། དགེ་སློང་ཡིད་དུ་འོང་ཞེས་བྱ་བར་གྱུར་ཏེ།
དེ་ལོ་བྱེ་བ་ཕྲག་དྲུག་ཅུར་དེ་བཞིན་གཤེགས་པ་འཇིགས་སྒྲོགས་བླ་མ་དེའི་རིམ་གྲོ་པ་བྱས་ཤིང་ཡིད་དུ་འོང་སྟེ། ཡིད་དུ་མི་འོང་བ་མ་ཡིན་པས་བཤད་པ་ཡང་འཛིན་ལ། རང་གི་དོན་ཀྱང་མི་གཏོང་ངོ་། །སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་པོ་དེ་ལ་སངས་རྒྱས་ཁྲི་ཉིས་སྟོང་བྱུང་སྟེ། དེ་དག་
ཐམས་ཅད་ཀྱི་རིམ་གྲོ་བར་ཡང་དགེ་སློང་ཡིད་འོང་དེ་གྱུར་ཏོ། །དེ་ལྟར་ཕྱིས་དེ་བཞིན་གཤེགས་པ་སྟོབས་ཀྱི་ཤུགས་བརྙེས་ཞེས་བྱ་བ་བྱུང་སྟེ། དེའི་རིམ་གྲོ་པར་ཡང་དགེ་སློང་ཡིད་འོང་དེ་གྱུར་ཏེ། དེ་དགེ་བའི་རྩ་བ་དེས་ལྷ་དང་མི་རྣམས་སུ་སྐྱེས་སོ། །མཽད་གལ་གྱི་བུ་དེའི་ཚེ་དེའི་
དུས་ན་དགེ་སློང་ཡིད་འོང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དགེ་སློང་ཡིད་འོང་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་འདས་པ་ཤེས་པ་ཐོབ་ཅིང་། དྲན་པ་ཤེས་པ་དེ་ངས་སྐྱེ་བོ་མང་པོ་ཡང་དག་པར་འཛིན་དུ་བཅུག་ཅིང་། གཞན་
དག་གི་དགེ་བའི་རྩ་བ་ལ་ཡང་ཡིད་དགའ་བས་རྗེས་སུ་ཡི་རངས་ཏེ་དགེ་བའི་རྩ་བ་དེས་ང་འདས་པའི་ཤེས་པ་ཀུན་འབྱུང་བ་ཤེས་པ་བརྙེས་སོ། །དགེ་བའི་རྩ་བ་དེ་དང་ཤེས་པ་དེ་ཡང་ཤེས་པ་གང་གིས་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་དེས། འདས་པ་ཤེས་པ་འགོག་པ་ཤེས་པ་མངོན་སུམ་དུ་
བྱས། ཐབས་གང་གིས་ང་སྤྱད་པ་སྤྱོད་པ་ན། དེ་སྐྱེ་བོའི་ཚོགས་མང་པོ་ཤེས་པ་དེ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེས་ང་འདས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །མཽད་གལ་གྱི་བུ་ང་མ་འོངས་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་

པ་ན། དཀའ་བ་མང་པོ་བྱས་ཏེ། གཏང་བར་དཀའ་བ་བཏང་ནས་ཇི་ལྟར་མ་འོངས་པའི་དུས་ན། བདག་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བར་གྱུར་ཅིག་སྙམ་མོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་འཁོར་བ་དཔག་ཏུ་མེད་པ་ན། དེ་བཞིན་གཤེགས་པ་ཡེ་ཤེས་གསལ་བའི་སྒྲོན་མ་ཞེས་
བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཡེ་ཤེས་གསལ་བའི་སྒྲོན་མ་དེའི་འཁོར་ཉན་ཐོས་འབུམ་བྱུང་ངོ་། །དེ་མ་འོངས་པའི་དུས་ལས་བརྩམས་ནས་ཉན་ཐོས་རྣམས་ལ་ཆོས་སྟོན་པ་དེའི་ཚེ། དགེ་སློང་རྟག་ཏུ་བརྩོན་འགྲུས་རྩོམ་པ་ཞེས་བྱ་བ་དེའི་འཁོར་ཉིད་དུ་འདུས་ཏེ་འདུག་པར་གྱུར་པ་དེ་
འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་བདག་མ་འོངས་པའི་དུས་ན་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་པར་གྱུར་ཅིག་སྙམ་ནས། དེ་དེ་བཞིན་གཤེགས་པ་ཡེ་ཤེས་གསལ་བའི་སྒྲོན་མ་དེ་ལ་གསེར་གྱི་མེ་ཏོག་ཆེན་པོ་མངོན་པར་གཏོར་ཏེ་སྨོན་ལམ་བཏབ་པ། ཀྱེ་ཨེ་མ་བདག་མ་འོངས་པའི་དུས་ན་འདི་ལྟ་བུའི་
ཡེ་ཤེས་སྐྱེ་བར་གྱུར་ཅིག་ཅེས་བཏབ་སྟེ། དགེ་བའི་རྩ་བ་དེས་ང་མ་འོངས་པ་ཤེས་པ་བརྙེས་སོ། །དགེ་བའི་རྩ་བ་དེས་ཀྱང་ང་རྟེན་ཅིང་འབྲེལ་བར་འབྱུང་བ་མཁྱེན་ཏེ། དགེ་བའི་རྩ་བ་དེས་ང་མ་འོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་བརྙེས་སོ། །རྒྱུ་དང་རྐྱེན་གང་ཞིག་ཡོད་ན་མ་འོངས་པ་ཤེས་པ་ཀུན་
འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་ཀྱི། དེའི་རྒྱུ་མེད་ན་དེ་ལྟ་བུ་རབ་ཏུ་ཤེས་པར་མི་འགྱུར་ཏེ། དགེ་བའི་རྩ་བ་དེས་ང་མ་འོངས་པ་ཤེས་པ་འགོག་པ་ཤེས་པ་མངོན་སུམ་དུ་བྱས་སོ། །ང་མཆོག་ཏུ་དགའ་བ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བསྟན་ཏེ། ཤེས་པ་དེ་
མངོན་པར་དགའ་ཞིང་ཡོངས་སུ་དག་པའི་ཚུལ་ཁྲིམས་ཀྱི་དགེ་བའི་རྩ་བས་ང་མ་འོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །མཽད་གལ་གྱི་བུ་གཞན་ཡང་ད་ལྟར་བྱུང་བའི་ཤེས་པ་བསྒྲུབ་པའི་དོན་དུ་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་
བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་སྤྱན་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེ་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་

བལྟས་པ་ལ། ད་ལྟར་བྱུང་བའི་དུས་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་བྲམ་ཟེ་བློ་ལྡན་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་ཀྱང་དེའི་འཁོར་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་སྤོབས་པ་ཐོགས་པ་མེད་པས་ད་ལྟར་གྱི་དུས་ལས་བརྩམས་ནས་ཆོས་སྟོན་པ་
བྲམ་ཟེ་བློ་ལྡན་ཤིང་སཱ་ལ་ཆེན་པོ་ལྟ་བུས་ཐོས་སོ། །ཐོས་ནས་ཀྱང་དེ་བཞིན་གཤེགས་པ་དེའི་དྲུང་ནས་ངོ་མཚར་དུ་བྱ་བ་གཞལ་དུ་མེད་པ་ཞིག་སྐྱེས་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པས་ད་ལྟར་བྱུང་བའི་དུས་ལས་བརྩམས་ནས་སྤོབས་པ་ཐོགས་པ་མེད་པས་ཆོས་སྟོན་པ་འདི་ནི་ངོ་མཚར་ཏོ། །
འདི་ནི་རྨད་དུ་བྱུང་བའོ་སྙམ་མོ། །དེ་དེ་བཞིན་གཤེགས་པའི་དྲུང་ནས་ངོ་མཚར་དུ་བྱ་བ་ཐོབ་ནས་དེ་བཞིན་གཤེགས་པ་དེ་ལ་རིན་པོ་ཆེའི་མེ་ཏོག་གཏོར་ཏེ་སྨོན་ལམ་བཏབ་པ། ཀྱེ་ཨེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྤོབས་
པ་ཐོགས་པ་མེད་པ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་པར་གྱུར་ཅིག་ཅེས་བཏབ་སྟེ། དེ་ལས་ཀྱི་རྣམ་པར་སྨིན་པ་དེས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུར་ལོག་པར་ལྟུང་བར་མ་སོང་ངོ་། །མཽད་གལ་གྱི་བུ་དེའི་ཚེ་དེའི་དུས་ན་བྲམ་ཟེ་བློ་ལྡན་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་
ན་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་བློ་ལྡན་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་བའི་དུས་ན་སྒྲིབ་པ་མེད་པའི་ཡེ་ཤེས་སྐྱེས་ཏེ། ངས་ད་ལྟར་བྱུང་བའི་ཤེས་པ་དེ་ལ་སྐྱེ་བོའི་ཚོགས་མང་པོ་བཙུད་དོ། །དགེ་བའི་རྩ་བ་དེས་
ང་ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་མངོན་པར་གྲུབ་སྟེ། ད་ལྟར་བྱུང་བའི་ཤེས་པ་དེ་ཡང་ངས་མངོན་སུམ་དུ་བྱས་ཤིང་ཡང་དག་པར་རབ་ཏུ་བསྟན་པས་སྐྱེ་བོའི་ཚོགས་མང་པོ་དག་གིས་ཀྱང་མངོན་སུམ་དུ་བྱས་སོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་བ་ཤེས་པ་འགོག་པ་ཤེས་པ་མངོན་སུམ་དུ་
བྱས་ཏེ། ལམ་གང་གིས་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་མངོན་སུམ་དུ་བྱས་པ་དེ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ལ་བསྙེན་བཀུར་བྱས་ཤིང་ཡོངས་སུ་ཞུས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་

འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་གཟིགས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེའི་ཉན་ཐོས་
ཀྱི་དགེ་འདུན་ཐེར་འབུམ་ཕྲག་བདུན་བྱུང་ངོ་། །དེ་ཉན་ཐོས་ཀྱི་དགེ་འདུན་དེའི་ནང་དུ་བཞུགས་ནས་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ལས་བརྩམས་ཏེ། ལམ་འདིས་ད་ལྟར་བྱུང་བའི་ཚུལ་ཡོངས་སུ་ཤེས་པར་བྱའོ་ཞེས་ཆོས་སྟོན་ཏོ། །དེའི་ཚེ་རྒྱལ་རིགས་ས་གའི་བཤེས་གཉེན་ཞེས་བྱ་
བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེའི་འཁོར་ཉིད་དུ་འདུས་ཏེ་འདུག་པར་གྱུར་ནས། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱུང་བ་མཁྱེན་པ་འགོག་པར་འགྱུར་བའི་ལམ་ལས་བརྩམས་ནས་གང་འདི་བཅོམ་ལྡན་འདས་ཀྱིས་
སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་དང་། ཉོན་མོངས་པ་སྣ་ཚོགས་དག་སྤྱོད་པ་ལ་ལམ་གྱི་ཁྱད་པར་གྱི་ཆོས་སྟོན་པ་ཐོས་པར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེས་རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་
ཆེན་པོ་ལྟ་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ས་གའི་བཤེས་གཉེན་ཁྱོད་འདི་ལྟར་ཡུན་རིང་པོར་ཆོས་ཟབ་མོ་སྤྱད་ཟབ་མོའི་ཚུལ་ལ་རབ་ཏུ་གནས་ཤིང་སྔོན་གྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ཏེ། སྐྱེ་བོའི་ཚོགས་མང་པོའི་དོན་དུ་བསམས་ནས། ཟབ་མོ་དེ་དག་ཞུ་བ་ཞུས་པ་དེ་ལེགས་སོ་
ལེགས་སོ། །ས་གའི་བཤེས་གཉེན་དེའི་ཕྱིར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །ས་གའི་བཤེས་གཉེན་སེམས་ཅན་དག་གཟུགས་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་མི་གཙང་བའོ། །སེམས་ཅན་དག་སྒྲ་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་མི་རྟག་པའི་འདུ་ཤེས་སོ། །དེ་བཞིན་དུ་སེམས་ཅན་དག་དྲི་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་སྟོང་པ་ཉིད་དོ། །

སེམས་ཅན་དག་རོ་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་མི་འཐུན་པའི་འདུ་ཤེས་སོ། །སེམས་ཅན་དག་རེག་བྱ་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་སྡུག་བསྔལ་བའི་འདུ་ཤེས་སོ། །སེམས་ཅན་དག་ཆོས་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་བདག་མེད་པའི་འདུ་ཤེས་སོ། །
ས་གའི་བཤེས་གཉེན་ཚུལ་འདིས་ནི་སེམས་ཅན་དག་ཇི་ལྟར་སྤྱོད་པའི་གཉེན་པོ་བསྟན་པར་བྱ་སྟེ། ས་གའི་བཤེས་གཉེན་གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་ལམ་ཡོད་ཅིང་ལམ་གྱི་སྤྱོད་པ་ཡོད་དེ་འདི་ལྟ་སྟེ་ཐེ་ཚོམ་མེད་པའི་སྨན་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སོ། །ས་གའི་
བཤེས་གཉེན་གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཐེ་ཚོམ་མེད་པར་ལམ་གང་ལ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལམ་གྱི་མཆོག་ལ་ལམ་གང་གིས་ཡང་དག་པར་སྤོང་བ་འདི་ལྟ་སྟེ། རྣམ་པར་ཐར་བའི་སྒོ་མཚན་མ་མེད་པའོ། །ས་གའི་བཤེས་གཉེན་འདི་ལྟ་སྟེ། མཚན་མ་ཐམས་
ཅད་ཡིད་ལ་མི་བྱེད་པ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཐེ་ཙོམ་མེད་པའི་ལམ་འཆིང་བ་ཐམས་ཅད་ཡང་དག་པར་གཅོད་པར་འགྱུར་རོ། །ས་གའི་བཤེས་གཉེན་ངས་ཤེས་པ་འདི་བསྒྲུབ་པའི་ཕྱིར། སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་དག་ལ་བསྙེན་བཀུར་བྱས་ཏེ། དེ་ལྟར་ངས་དགེ་བའི་རྩ་བ་
བསྐྱེད་ཅིང་དགེ་བའི་རྩ་བ་དེ་དག་གིས་ངས་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་བསྒྲུབས་སོ། །མཽད་གལ་གྱི་བུ་དེ་ནས་རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེ་ལ་རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གིས་
མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས་ལུས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ། །མཽད་གལ་གྱི་བུ་དེའི་ཚེ་དེའི་དུས་ན་རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་
ན་རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་མངོན་པར་ཡང་དག་པར་ཐུགས་སུ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །རྒྱལ་བ་

ཀུན་གཟིགས་སྐྱོབ་ལ་བཀུར་སྟི་བྱས་པས་སུ། །དགེ་རྩ་དེ་ཡིས་ད་ལྟར་བྱུང་ཤེས་ང་རྣམ་སྦྱངས། །དེ་འདྲའི་དགེ་རྩ་མེད་ན་ཀུན་མཐོང་མི་ནུས་ཏེ། །དགེ་རྩ་གང་གིས་ད་ལྟར་བྱུང་ཤེས་ང་རྣམ་སྦྱངས། །ང་ནི་ཆོས་གང་མི་ཤེས་ཅི་ཡང་མེད་པས་ན། །བདུད་ཀྱི་ཞགས་པའི་རྒྱུད་ལས་སེམས་ཅན་
ཐར་བར་བྱ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་དྲི་བའི་རང་བཞིན་ཅན་དུ་བྱ་སྟེ། མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་ཡོངས་སུ་འདྲི་བའི་རང་བཞིན་ཅན་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽད་གལ་གྱི་བུ་སྔོན་
བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པའི་འཁོར་བ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཁྲིད་མཛད་ཅེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་འཛམ་བུའི་གླིང་འདི་ཞེང་དུ་དཔག་ཚད་དྲུག་ཁྲིར་གྱུར་ཅིང་། ཀུན་ནས་གྲུ་བཞི་ལ་ཇི་ཙམ་
དུ་སྲིད་དུ་ཡོད་པ་དེ་ཙམ་དུ་ཞེང་དུ་ཡང་གྲུ་བཞི་སྟེ། འདི་ལྟ་སྟེ་མཛེས་པར་སྤྲུལ་པ་ཤིན་ཏུ་རྣམ་པར་ཕྱེ་བ་མིག་མངས་རིས་སུ་བྲིས་པ། གསེར་གྱི་གདུགས་ཀྱིས་ཤིན་ཏུ་བཀབ་པ། ལག་མཐིལ་ལྟར་མཉམ་པར་གྱུར་ཏོ། །དེའི་ཚེ་ང་འཛམ་བུའི་གླིང་གི་རྒྱལ་པོར་གྱུར་ཏེ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རྒྱལ་
བའི་སྡེ་ཞེས་བྱའོ། །དེའི་བུ་སྟོང་ཚང་བར་བྱུང་སྟེ། དེའི་བུ་ཐུ་བོ་གཞོན་ནུ་ཞི་བའི་བློ་གྲོས་ཞེས་བྱ་བ་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ལ་འདྲིས་པར་བྱས་པ་སྟོང་པ་ཉིད་ལ་མོས་པ། ཆོས་ཟབ་མོའི་བཟོད་པ་དང་ལྡན་པ་རྒྱ་ཆེན་པོ་ལ་མོས་ཤིང་།
ཆོས་དམན་པ་ལ་མ་མོས་ཏེ། ཆོས་དམན་པ་ལ་རྣམ་པར་སྨོད་པ། བློ་གྲོས་ཤིན་ཏུ་ཞིབ་པ་ཞིག་བྱུང་ངོ་། །དེ་ནས་རྒྱལ་པོ་རྒྱལ་བའི་སྡེ་འདི་སྙམ་དུ་གྱུར་ཏེ། གཞོན་ནུ་འདི་ནི་ཤིན་ཏུ་བློ་ཟབ་ཅིང་ཆོས་དང་ལྡན་པ་ཡིན་ཏེ། བདག་གིས་དེའི་བསམ་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་ནས། དེས་དེ་ལ་
སྨྲས་པ། གཞོན་ནུ་ཁྱོད་ཀྱི་བྱ་བ་ཅི་ཡོད། དེས་སྨྲས་པ། ཡབ་གལ་ཏེ་བདག་ལ་ཐུགས་དཔག་མཛད་ན། དགེ་སྦྱོང་དང་བྲམ་ཟེ་མང་དུ་ཐོས་པ་ལས་བསྡུར་གསོལ། ཡབ་བདག་ཆོས་རྣམས་ལ་ཐེ་ཙོམ་མཆིས་ཏེ། དེ་བདག་གིས་དྲི་བར་བགྱི་ན། འདི་ལྟར་ཆོས་ཀྱི་ཐེ་ཚོམ་གཅོད་པ་རྡོ་ཐོགས་

པ་དེ་འཚལ་ཏོ། །དེ་ནས་རྒྱལ་པོ་རྒྱལ་བའི་སྡེ་དེ་གཞོན་ནུ་ཞི་བའི་བློ་གྲོས་ཀྱི་ཚིག་ཐོས་ནས། གང་འཇིག་རྟེན་གྱི་ཁམས་ན། དགེ་སྦྱོང་དང་བྲམ་ཟེ་མཁས་པ་བློ་གྲོས་འཐུན་པ། སྤྱོད་པ་མ་ཉམས་པ་དེ་དག་རྒྱལ་པོ་རྒྱལ་བའི་སྡེ་དེའི་སྐྱེད་མོས་ཚལ་གྱི་གནས་སུ་བསྡུས་སོ། །དེ་ནས་
གཞོན་ནུ་ཞི་བའི་བློ་གྲོས་དགེ་སྦྱོང་དང་། བྲམ་ཟེ་མཁས་པ་དེ་དག་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་གྱི་གནས་ག་ལ་བ་དེར་དོང་ངོ་། །དེ་ནས་གཞོན་ནུ་ཞི་བའི་བློ་གྲོས་དང་། དགེ་སྦྱོང་དང་བྲམ་ཟེ་མཁས་པ་དཔྱོད་པ་དེ་དག་དང་ལྷན་ཅིག་ཏུ་ཆོས་བགྲོ་བར་བྱེད་དོ། །འཕགས་པ་དག་འཇིག་རྟེན་ན་ཅི་གནོད་
དེ་ལ་ཁ་ཅིག་གིས་འདི་སྐད་སྨྲས་སོ། །དབུལ་བ་ནི་འཇིག་རྟེན་ན་གནོད་དེ། དབུལ་བས་ཉེན་པའི་སེམས་ཅན་དག་ནི་ཅི་ནས་ཀྱང་བདག་དེ་ལ་བརྟེན་ཏེ་བདེ་བར་བྱའོ་སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །བརྙས་པ་ནི་འཇིག་རྟེན་ན་གནོད་དེ་བརྙས་པར་བྱ་བའི་སེམས་
ཅན་དག་ནི་ཅི་ནས་ཀྱང་དེ་ལ་བརྟེན་ཏེ་བརྙས་སུ་མི་འདོད་དོ་སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །ངག་དང་མི་ལྡན་པ་ནི་འཇིག་རྟེན་ན་གནོད་དེ། ངག་ཉམས་པའི་སེམས་ཅན་དག་ནི་ཅི་ནས་ཀྱང་དེ་ལ་བརྟེན་ཏེ་བདེ་བར་བྱའོ་སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །
ཁ་ཅིག་གིས་འདི་སྐད་སྨྲས་སོ། །བློ་དང་མི་ལྡན་པ་ནི་འཇིག་རྟེན་ན་གནོད་དེ། བློ་རྣམ་པར་ཉམས་པའི་སེམས་ཅན་དག་ནི་ཅི་ནས་ཀྱང་བདག་དེ་ལ་བརྟེན་ཏེ་བློ་ཐོབ་པར་བྱས་ལ། བློའི་སྟོབས་བསྐྱེད་པ་གང་གིས་བདེ་བར་འཚོ་བར་བྱའོ་སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །
དོན་ཡོངས་སུ་ཉམས་པ་ནི་འཇིག་རྟེན་ན་གནོད་དེ། དོན་ཡོངས་སུ་ཉམས་པའི་སེམས་ཅན་དག་ནི་ཅི་ནས་ཀྱང་དེ་ལ་བརྟེན་ཏེ། དོན་ཡོངས་སུ་ཉམས་པ་མེད་པར་བྱའོ་སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །མཛའ་བཤེས་དང་བྲལ་བ་ནི་འཇིག་རྟེན་ན་གནོད་དེ། མཛའ་
བཤེས་དང་བྲལ་བའི་སེམས་ཅན་དག་ནི་ཅི་ནས་ཀྱང་དེ་ལ་བརྟེན་ཏེ། བདེ་བར་འཚོ་བར་བྱའོ་སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །བཟོ་མི་ཤེས་པ་ནི་འཇིག་རྟེན་ན་གནོད་དེ། བཟོ་མི་ཤེས་པའི་སྐྱེས་བུ་དག་ནི་ཅི་ནས་ཀྱང་དེ་ལ་བརྟེན་ཏེ། བདེ་བར་འཚོ་བར་བྱའོ་སྙམ་ནས་

གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །རྒྱལ་སྲིད་ཉམས་པ་ནི་འཇིག་རྟེན་ན་གནོད་དེ། རྒྱལ་སྲིད་ཉམས་ན་རྒྱལ་པོ་ལ་བརྟེན་པ་ཐམས་ཅད་སྡུག་བསྔལ་བར་འགྱུར་རོ། །གཞན་དག་གིས་འདི་སྐད་སྨྲས་སོ། །རྒྱལ་པོ་ལ་བརྙས་ན་སྡུག་བསྔལ་ཞིང་། རྒྱལ་པོའི་བློན་པོ་ལ་བརྙས་ན་ཡང་
སྡུག་བསྔལ་བར་ཡང་འགྱུར་རོ། །གཞན་དག་གིས་འདི་སྐད་སྨྲས་སོ། །ཆུང་མ་མ་གུས་པ་དག་ནི་གནོད་དེ། ཁྱིམ་ཐབ་འཁྲུགས་ན་གསོད་པར་འགྱུར་རོ། །གཞན་དག་གིས་འདི་སྐད་སྨྲས་སོ། །གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ནི་འཇིག་རྟེན་ན་གནོད་དེ། གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་
བའི་སེམས་ཅན་དག་ནི་རྒྱུ་དེས་ཉོན་མོངས་པར་འགྱུར་ཏེ། དེ་ལྟ་བས་ན་གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ནི་འཇིག་རྟེན་ན་གནོད་དོ། །གཞན་དག་གིས་འདི་སྐད་སྨྲས་སོ། །ཆོག་མི་ཤེས་པ་ནི་འཇིག་རྟེན་ན་གནོད་དེ། ཆོག་མི་ཤེས་པའི་སྐྱེས་བུ་ནི་ལྕགས་ཀྱི་ལམ་དང་། ཕུར་བུའི་
ལམ་དང་། སྤའི་ལམ་ནས་འགྲོ་ཞིང་ཆོག་མི་ཤེས་པའི་སྐྱེས་བུ་ཆགས་པས་ཟིལ་གྱིས་ནོན་པའི་སེམས་ཀུན་ནས་འཛིན་པས་ནོར་གྱི་ཕྱིར་གཞན་གྱི་ཁྱིམ་དུ་འཇུག་སྟེ། དེ་ནི་དེ་ལས་ཉོན་མོངས་པར་འགྱུར་རོ། །གཞན་དག་གིས་འདི་སྐད་སྨྲས་སོ། །བྱས་པ་མི་གཟོ་བ་ནི་འཇིག་རྟེན་ན་
གནོད་དེ། བྱས་པ་མི་གཟོ་བའི་སྐྱེས་བུ་ནི་ཕན་པ་བྱེད་པ་ལ་མི་ལྟ་སྟེ། དེ་སྔོན་ཕན་པ་བྱས་པ་ལ་མི་རྟོག་ཅིང་། སྔོན་གྱི་ཕན་པ་བྱེད་པ་ལ་མི་ལྟ། དེ་སྔོན་ཕན་པ་བྱས་པའི་སྔོན་གྱི་དོན་ལ་མི་རྟོག་ཅིང་། སྔོན་གྱི་ཕན་པ་རྣམ་པར་འཇིག་པར་བྱེད་ལ། བྱས་པ་མི་གཟོ་བ་ཕལ་ཆེར་གནོད་པར་
བྱ་བ་སེམས་ཏེ། འདི་སྐད་ཅེས་ཐོས་སོ། །སྐྱེས་བུ་གང་ཞིག་ཚལ་གྱི་ནང་དུ་སོང་བ་ལས་སྤྲིན་ནག་པོ་བྱུང་ནས་མགོན་མེད་སྐྱབས་མེད་པ་ལས་དོམ་ཞིག་གིས་བསྐྱབས་ཏེ། དེ་དེས་ཁྲིད་ནས་རང་གི་གནས་སུ་བཅུག་གོ། །དེ་དེར་ཞག་བདུན་དུ་འབྲས་བུ་དང་རྩ་བས་གསོས་ཏེ། འདི་གྲང་བས་
སྡུག་བསྔལ་སྐྱེས་པ་མེད་པར་བྱའོ་ཞེས་ཟེར་ནས་བཟུང་སྟེ་མཆན་དུ་བཅུག་གོ །དེ་ནས་ཞག་བདུན་འདས་པ་དང་སྤྲིན་ནག་པོ་དེ་མེད་དེ་དེའི་གནས་ནས་ཕྱུང་སྟེ་གཏོང་ངོ་། །དེ་ནས་སྔོན་གྱི་ཕན་བཏགས་པ་ཡོངས་སུ་གཏང་སྟེ། རྔོན་པ་གཞན་དག་གིས་མཐོང་བར་བྱས་ནས་དོམ་དེ་བསད་དོ། །

དེ་ལྟ་བས་ན་བྱས་པ་མི་གཟོ་བ་ཉིད་ནི་འཇིག་རྟེན་ན་སྡུག་བསྔལ་ཏེ། འདི་ལྟར་སྡུག་བསྔལ་གྱི་རྣམ་པ་མང་པོ་སྣ་ཚོགས་རབ་ཏུ་བསྟན་ཏོ། །དེ་ནས་གཞོན་ནུ་ཞི་བའི་བློ་གྲོས་ཀྱིས་དགེ་སྦྱོང་དང་བྲམ་ཟེ་མཁས་པ་དག་ལ་འདི་སྐད་ཅེས་སྨྲས་སོ། །གང་གི་ཚེ་ཚེ་དང་ལྡན་པ་ཁྱེད་ཅག་གིས་
སྡུག་བསྔལ་དང་གནོད་པ་སྣ་ཚོགས་བཤད་པ་ནི་བདག་རྗེས་སུ་ཡི་རང་ངོ་། །གཞན་ཡང་བདག་གིས་འཇིག་རྟེན་ན་གནོད་པ་གསུམ་མཐོང་སྟེ། གནོད་པ་གང་གིས་སེམས་ཅན་དག་གནོད་ཅིང་སྡུག་བསྔལ་བར་གྱུར་པ་གསུམ་གང་ཞེ་ན། རྒ་བས་གནོད་པ་དང་། ན་བས་གནོད་པ་དང་། འཆི་བས་
གནོད་པ་སྟེ། གསུམ་པོ་འདི་དག་གིས་འཇིག་རྟེན་གནས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པ་གནོད་པས་གནོད་དེ། དེ་ལས་ངེས་པར་འབྱུང་བ་ཡང་དག་པར་རབ་ཏུ་མི་ཤེས་སོ། །དེ་བཞིན་གཤེགས་པ་བར་སྣང་ལ་ཁྲིད་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་སྐྱེ་བ་དང་
རྒ་བ་དང་། ན་བ་དང་། འཆི་བ་ལས་ཡང་དག་པར་འདའ་བའི་ཆོས་སྟོན་ཏོ་ཞེས་དེ་སྐད་ཐོས་ཏེ། ཁྱེད་ཅག་ཚུར་ཤོག །ལྷན་ཅིག་ཏུ་བཅོམ་ལྡན་འདས་དེའི་དྲུང་དུ་དོང་ལ་འཇིག་རྟེན་ན་གནོད་པ་དུ་མཆིས་ཞེས་ཞུ་བར་བྱའོ། །བཅོམ་ལྡན་འདས་དེ་ཇི་ལྟ་བ་བཞིན་དུ་ལུང་སྟོན་ཏེ། དེ་ལྟར་
དོན་གཟུང་བར་བྱའོ། །དེ་ནས་གཞོན་ནུ་ཞི་བའི་བློ་གྲོས་སྲོག་ཆགས་བྱེ་བ་ཕྲག་དྲུག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ཁྲིད་མཛད་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །སྲོག་ཆགས་
བྱེ་བ་ཕྲག་དྲུག་པོ་དེ་དག་ཀྱང་སོ་སོར་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །རྒྱལ་པོ་གཞོན་ནུ་ཞི་བའི་བློ་གྲོས་ཕྱོགས་གཅིག་ཏུ་འདུག་པས། དེ་བཞིན་གཤེགས་པ་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཤིན་ཏུ་དྲི་མེད་ཐུགས་ཞི་ལྷར་བཅས་པའི། །འཇིག་རྟེན་ཁྲིད་མཛད་
ཁྱོད་ལ་ཞུ་བ་ནི། །འགྲོ་བ་སྤྱོད་པའི་གནོད་པ་གང་ལགས་པ། །ཀུན་ཏུ་སྤྱན་མངའ་དེ་དག་བདག་ལ་གསུངས། །ཆགས་པ་གང་གིས་འགྲོ་བའི་གནོད་པ་དག །ཕན་མཛད་བརྩེ་ལྡན་དེ་དག་བདག་ལ་གསུངས། །གང་ཞིག་ཐོས་ནས་སྐྱེ་བོའམ་གལ་ཏེ་བདག །རབ་ཏུ་ཐར་བར་བགྱི་བ་འཚལ་

བར་བགྱི། །གཞོན་ནུའི་ཚིག་དེས་ཤིན་ཏུ་ཡོན་ཏན་ལྡན། །ཞུ་བ་འདི་ནི་ཁྲིད་མཛད་གསན་ནས་ཀྱང་། །རྒྱལ་བ་ཆོས་རྣམས་ཐམས་ཅད་ཐུགས་ཆུད་པའི། །འདྲེན་པས་འཇིག་རྟེན་ཕན་ཕྱིར་ལུང་བསྟན་པ། །གང་གིས་སྐྱེ་ལ་གནོད་པའི་རྣམ་པ་ནི། །རྒ་དང་ན་དང་འཆི་དང་མྱ་ངན་དང་། །རྣམ་
པ་སྣ་ཚོགས་སྡུག་བསྔལ་གནོད་འགྱུར་བ། །འགྲོ་བ་ཉེ་བར་ཉོན་མོངས་མི་ཤེས་སོ། །སྐྱེས་མ་ཐག་ཏུ་སྔོན་གྱི་ལས་ཀྱིས་སུ། །ངན་པའམ་བཟང་པོའི་རྗེས་སུ་མྱུར་དུ་འགྲོ། །དེ་བཞིན་དམའ་བའམ་མཐོ་བའི་རིགས་སུ་སྐྱེ། །ཁྱད་པར་དེ་ཡིས་ཁ་དོག་ཕུན་སུམ་ཚོགས། །གཟུགས་ངན་པའམ་
མངོན་པར་གཟུགས་བཟང་དང་། །བུད་མེད་སྐྱེས་པ་དེ་བཞིན་མ་ནིང་ངམ། །ཚངས་པ་དེ་བཞིན་རྒྱལ་རིགས་རྗེའུ་རིགས་དམངས། །དབུལ་བའམ་དེ་བཞིན་ལོངས་སྤྱོད་ལྡན་པའམ། །དབང་པོ་ཉམས་པ་མེད་པ་འཐོབ་པའམ། །དེ་བཞིན་དབང་པོ་དག་ནི་མ་ཚང་བ། །སྐྱེ་བ་སྲིད་པ་དེ་ཡིས་
གནོད་པ་ཡིན། །རྒ་དང་ན་དང་འཆི་བ་སྡིག་ཡིན་ཏེ། །ཁྲོ་བ་སྤངས་པས་གཟུགས་བཟང་འཐོབ་འགྱུར་ལ། །ཁྲོ་བ་བསྐྱེད་པས་གཟུགས་ངན་འཐོབ་པར་འགྱུར། །ང་རྒྱལ་བསྐྱེད་པས་བརྙས་པ་འཐོབ་འགྱུར་ལ། །ང་རྒྱལ་སྤངས་པས་བཀུར་སྟི་འཐོབ་པར་འགྱུར། །སྲོག་ཆགས་
བསད་པས་ཚེ་ནི་ཐུང་འགྱུར་ལ། །བསྲུང་བ་བྱས་པས་ཚེ་རིང་ཚེ་འཕེལ་འགྱུར། །སྲོག་ཆགས་གཙེས་པས་ངན་འགྲོར་དེ་འགྲོ་ལ། །མི་ཡི་སྐྱེ་བར་དེ་ནི་ནད་ཅན་འགྱུར། །མི་ཡི་འཇིག་རྟེན་སེམས་ཅན་བསྲུང་བྱས་ཤིང་། །སྡུག་བསྔལ་མང་པོ་འཇིགས་ལས་
དབུགས་ཕྱུང་བ། །ལས་དེ་བྱས་པས་མི་ནི་སྤངས་ནས་སུ། །ལྷ་གནས་དག་ཏུ་དེ་ནི་རབ་ཏུ་དགའ། །ལྷ་ལས་ཤི་ནས་རྗེས་སུ་མི་ཐོབ་སྟེ། །བདེ་ཞིང་ནད་མེད་དྲན་པ་མངོན་དུ་འབྱུང་། །སྐྱེ་བར་ནམ་ཡང་སྡུག་བསྔལ་མི་མྱོང་སྟེ། །ལྷ་དང་མི་ཡི་ཡིད་དུ་འོང་བར་
འགྱུར། །མི་གང་གཞན་གྱི་བུད་མེད་དེར་འགྲོ་ན། །མི་ལས་ཤི་ནས་ངན་འགྲོར་དེ་འགྲོ་ལ། །ལྕགས་ཀྱི་ཤལ་མར་ཚེར་མ་རྣོན་པོ་ཡིས། །འབིགས་པར་བྱེད་ཅིང་སྡུག་བསྔལ་མི་ཡིས་གདུངས། །སྡིག་ཅན་དམྱལ་བའི་ལས་ནི་ཟད་བྱས་ནས། །མི་ཡིས་

འཇིག་རྟེན་རྙེད་དཀའ་ཐོབ་ནས་སུ། །རང་གིས་ཆུང་མ་ལ་ཡང་དབང་མེད་ཅིང་། །ལས་མི་ཤེས་པས་དེ་ནི་མྱ་ངན་བྱེད། །གང་དག་གཞན་གྱི་བུད་མེད་སྡོམ་བྱེད་ཅིང་། །གཞན་གྱི་བུད་མེད་དག་ལ་ཡིད་མི་གཏོད། །མི་ཡི་ལུས་ནི་དེ་ཡིས་
སྤངས་ནས་སུ། །འདི་ནས་འཕོས་ནས་མཐོ་རིས་རབ་ཏུ་དགའ། །དེ་རྟག་ལྷ་ཡི་འཇིག་རྟེན་ཤེས་རབ་ལྡན། །མཁས་པ་མི་ཡི་འཇིག་རྟེན་ཐོབ་ནས་ཀྱང་། །གུས་བྱེད་བུད་མེད་རྙེད་ཅིང་རྗེས་འབྲང་ལ། །བསམ་པ་འཐུན་པའི་སློབ་མ་རྙེད་པར་འགྱུར། །
མི་གང་ཚིག་ལ་ཤིན་ཏུ་མི་སྡོམ་པ། །དེ་ལ་དྲིས་ན་རྫུན་པའི་ཚིག་སྨྲ་སྟེ། །མི་ལས་ཤི་ནས་ངན་འགྲོར་དེ་འགྲོ་ཞིང་། །ལེགས་པ་མ་ཡིན་སྡུག་བསྔལ་ཚོར་མྱོང་འགྱུར། །དེ་ནས་ཤི་ནས་མི་ཡི་སྲིད་པར་འོངས། །མི་ཡི་འཇིག་རྟེན་རྙེད་དཀའ་ཐོབ་ནས་སུ། །
ཡང་དག་མ་ཡིན་མེད་པའི་སྐུར་པ་འཐོབ། །མི་ཡི་འཇིག་རྟེན་དག་ཏུ་ཉོན་མོངས་འཚོ། །མི་གང་ཚིག་ནི་ཤིན་ཏུ་སྡོམ་པ་དག །བདེན་པ་སྲུང་ལ་བརྫུན་དུ་མི་སྨྲ་བ། །མི་ཡི་འཇིག་རྟེན་ཤི་ནས་བརྟུལ་ཞུགས་གཙང་། །ཡོན་ཏན་ལྡན་པ་ལྷ་ཡི་འཇིག་རྟེན་
འགྲོ། །མཁས་པ་གཙང་བའི་ལས་དག་ཟད་ནས་སུ། །ལྷ་ལས་ཤི་ནས་མི་ཡི་འཇིག་རྟེན་འོང་། །དེ་ཡིས་སྨྲས་པ་ཡང་དག་ཚད་མར་འགྱུར། །གཙང་མའི་འབྲས་བུ་དེ་ནི་མི་འཐུན་མེད། །མི་ཡི་འཇིག་རྟེན་དུ་ནི་ཕྲ་མ་དང་། །མི་ཡི་སྲིད་པར་དབྱེན་སྦྱོར་
བྱེད་པ་ནི། །མི་ཡི་ལུས་འདི་དག་ནི་སྤངས་ནས་སུ། །དེ་ནི་ངན་སོང་སྡུག་བསྔལ་འཐོབ་ཅིང་མྱོང་། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །མི་ཡི་འཇིག་རྟེན་རྙེད་དཀའ་འཐོབ་ནས་ཀྱང་། །ཇི་ལྟར་རྩྭ་རྩེར་ཟིལ་པ་མི་གནས་ལྟར། །མཛའ་བཤེས་དང་ནི་དེ་བཞིན་
གཉེན་འབྱེད་དོ། །མི་འཐུན་པ་ཡི་མི་དག་བསྡུམས་བྱས་ན། །འདི་ནས་ཤི་ནས་མཐོ་རིས་རབ་ཏུ་དགའ། །དེ་ནི་ལྷ་ཡུལ་དག་ན་ཤིན་ཏུ་བཀུར། །ལྷ་ཡི་ཚོགས་ཀྱིས་མཁས་པ་ཡང་དག་མཆོད། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །བསམ་པ་འཐུན་པའི་བུད་

མེད་ཕུན་སུམ་ཚོགས། །སྙིང་ཉེ་མི་ཕྱེད་འཁོར་ནི་རྙེད་འགྱུར་ཏེ། །ཉེས་པའི་གནས་ན་འདུག་ཀྱང་དེ་མི་གཏོང་། །འཇམ་པོ་མ་ཡིན་ཚིག་རྩུབ་སྨྲ་བ་ནི། །གཞན་ལ་མྱ་ངན་བྱེད་འཇུག་མི་སྡོམ་པ། །མི་ཡི་ལུས་འདི་དག་ནི་སྤངས་ནས་སུ། །ངན་སོང་ཐོབ་ཅིང་སྡུག་
བསྔལ་ཚོར་བ་རེག །ངན་སོང་ཚོར་བ་སྡུག་བསྔལ་ཟད་བྱས་ཤིང་། །དེ་ནས་ཤི་སྟེ་མི་ཡི་སྲིད་པར་འོང་། །གང་གིས་རྟག་ཏུ་སེམས་ཁྲོ་མི་འདོད་ཚིག །ཐོས་ཤིང་དེ་ཡི་ཡིད་ནི་རབ་ཏུ་འཁྲུག །སྙན་པར་སྨྲ་བའི་ཚིག་དང་ལྡན་པ་ནི། །ཕ་རོལ་སེམས་ལ་ཤིན་ཏུ་དགའ་བར་
བྱེད། །དེ་ནི་མི་ཡི་ལུས་དག་སྤངས་ནས་ཀྱང་། །འདི་ནས་ཤི་ནས་བདེ་འགྲོ་རབ་ཏུ་དགའ། །གཙང་ལྡན་དེ་ནི་མཐོ་རིས་ཤི་ནས་སུ། །མི་ཡི་འཇིག་རྟེན་དུ་ནི་ལུས་ཐོབ་ནས། །གང་གིས་ཡང་དང་ཡང་དུ་ཡིད་འོང་སྒྲ། །ཐོས་ནས་རྟག་ཏུ་འདིའི་སེམས་ཤིན་ཏུ་དགའ། །
གང་ཞིག་དོན་བྱེད་དུས་མ་ཡིན་པར་སྨྲ། །དེ་ཡི་ཚིག་ནི་མངོན་པར་མི་འདོད་དེ། །མི་ཡི་ལུས་ནི་དེ་ཡིས་སྤངས་ནས་སུ། །ངན་སོང་རྙེད་ཅིང་སྡུག་བསྔལ་དེས་མྱོང་འགྱུར། །སྡིག་པའི་ལས་ཀྱི་རྣམ་སྨིན་ཟད་བྱས་ནས། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །དེའི་ཚིག་
མངོན་པར་འདོད་པར་མི་འགྱུར་ཞིང་། །མཁས་པར་མི་འགྱུར་ནམས་ཀྱང་མཆོད་མི་འགྱུར། །གང་ཞིག་དོན་ཆེན་ཚིག་དང་དོན་ལྡན་པ། །དུས་སུ་སྨྲ་བྱེད་སྐྱེ་བོ་རབ་ཏུ་དགའ། །དེ་ཡིས་མི་ཡི་ལུས་དག་སྤངས་ནས་སུ། །ལྷ་ཡི་འཇིག་རྟེན་བདེ་བར་དེ་རབ་དགའ། །དེ་ནས་
ཤི་ནས་མི་སྲིད་འདིར་འོངས་ཏེ། །ཇི་ལྟར་སེམས་ཅན་སྐོམ་པ་ཆུ་འཐུང་ལྟར། །ཤིན་ཏུ་བསྡམས་པ་སྐྱེ་བོ་ཆེན་པོ་ཡི། །དེ་ཡི་ཚིག་སྨྲས་ཚིག་གཟུང་འོས་པར་འགྱུར། །མི་གང་གཞན་ལ་གནོད་སེམས་མདུད་པར་འཛིན། །དུག་འདྲའི་ཉེས་པ་བྱུང་བ་མི་ཞི་སྟེ། །དེ་ནི་མི་
ཡི་ལུས་དག་སྤངས་ནས་སུ། །ངན་སོང་ཐོབ་ཅིང་སྡུག་བསྔལ་དེས་མྱོང་འགྱུར། །ངན་སོང་སྡུག་བསྔལ་ཐོབ་པ་དེས་ཟད་ཅིང་། །ངན་སོང་དག་ལས་ཤི་ནས་མི་འཐོབ་སྟེ། །དེ་ཡི་ལུས་ནི་ཁ་དོག་ངན་པར་འགྱུར། །འགྲོ་ལ་བལྟ་བའི་མིག་ནི་མི་འཛུམས་ལ། །

ཕ་རོལ་དག་ལ་གནོད་སེམས་མེད་པ་ནི། །དུག་འདྲའི་ཉེས་པ་བྱུང་བ་ཞི་བར་འགྱུར། །དེ་ཡིས་མི་ཡི་ལུས་དག་སྤངས་ནས་སུ། །འདི་ནས་ཤི་ནས་མཐོ་རིས་རབ་ཏུ་དགའ། །མཁས་པ་ལྷ་ཡི་འཇིག་རྟེན་དགེ་ཟད་ནས། །མི་ཡི་འཇིག་རྟེན་ཐོབ་དཀའ་རྙེད་
ནས་སུ། །འགྲོ་བ་དགའ་ཞིང་མཛེས་པ་དག་ཏུ་འགྱུར། །འགྲོ་ལ་ལྟ་བའི་མིག་ནི་འཛུམས་བྱེད་པ། །མི་གང་གཞན་གྱི་ནོར་ལ་འདོད་སེམས་ཤིང་། །གཞན་གྱི་བདེ་བ་ཤིན་ཏུ་སྡུག་བསྔལ་བྱེད། །དེ་ནི་མི་ཡི་ལུས་དག་སྤངས་ནས་སུ། །ངན་སོང་ཐོབ་ཅིང་སྡུག་བསྔལ་མྱོང་བར་
འགྱུར། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །དེ་ནི་ཕོངས་ཤིང་གཟི་བརྗིད་ཆུང་བར་འགྱུར། །གླང་པོ་ཉམ་ཆུང་འདམ་དུ་སོང་བ་ལྟར། །གཞན་གྱི་ཚིག་སྨྲ་ཐོས་ནས་ཞུམ་པར་འགྱུར། །གཞན་ལ་གནོད་སེམས་ཡིད་ནི་མི་གནས་ཤིང་། །གང་ཞིག་གཞན་གྱི་ཕུན་ཚོགས་བདེ་
བྱེད་པ། །མི་ལས་ཤི་ནས་ལྷ་ཡི་གནས་སུ་སྐྱེ། །ཚེ་དང་མདོག་དང་གྲགས་དང་སྟོབས་དང་གཟུགས། །སྒྲ་དང་དྲི་དང་རོ་དང་རེག་བྱ་དག །ལྷ་ཡི་ཡོན་ཏན་ལྡན་པ་བཅུ་འཐོབ་ཅིང་། །ཇི་ལྟར་ཚངས་པ་ལྷ་ཚོགས་བརྟུལ་ཞུགས་དོན། །དེ་ནི་ལྷ་ཡི་ཚོགས་ཀྱིས་གསོལ་
ཞིང་མཆོད། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །གཟི་བརྗིད་ལྡན་ཞིང་དཔལ་ནི་འབར་གྱུར་ལ། །ཉི་མ་ལ་ནི་བརྟག་པར་མི་བཟོད་ལྟར། །དེ་ཡི་གཟི་བརྗིད་མཆོག་ཏུ་བཟང་བར་འགྱུར། །མི་གང་ལས་ཀྱི་རྣམ་སྨིན་དག་ལ་རྨོངས། །རང་གིས་བྱས་དང་དབང་
ཕྱུག་སྤྲུལ་པ་དང་། །བདེ་དང་སྡུག་བསྔལ་རྒྱུ་མེད་འདོད་པའམ། །ལས་ཀྱི་འབྲས་བུ་མེད་པར་སེམས་པ་དག །ལས་རྣམས་སྨིན་ལ་དེའི་ཡིད་ལོག་ཞུགས་པས། །དེ་ནི་ལུས་དང་ངག་གི་ཉེས་པ་བྱེད། །མི་ཡི་ལུས་ནི་དེ་ཡིས་སྤངས་ནས་སུ། །ངན་སོང་དང་ནི་སྡུག་
བསྔལ་ཉམས་པ་འཐོབ། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །ཤེས་རབ་རྟུལ་ཞིང་བློ་མེད་དེ་གླེན་འགྱུར། །འདྲེན་པ་རྣམས་ཀྱིས་ལས་ནི་མི་ཤེས་པས། །སངས་རྒྱས་སྟོང་གིས་དགྲོལ་བར་དེ་མི་སྤྱོད། །ལས་ཀྱིས་འགྲོ་བར་རབ་ཏུ་ཆུད་གཟོན་ཞེས། །ལས་རྣམས་

སྨིན་ལ་མཁས་པ་དེ་ངེས་པས། །ཁྲིད་མཛད་ལས་ནི་ཁ་དྲང་དེ་མི་ནུས། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །འདི་ནས་ཤི་ནས་མཐོ་རིས་རབ་ཏུ་དགའ། །ལྷ་ཡི་འཇིག་རྟེན་གནས་ཏེ་དེ་ནས་ཤི། །མི་ཡི་འཇིག་རྟེན་གནས་ཏེ་ལེགས་པར་བཀུར། །མཁས་པ་དེ་ནི་རྟག་ཏུ་ལེགས་
བཀུར་ཅིང་། །ནམས་ཀྱང་ཉོན་མོངས་དག་ཏུ་མི་འགྲོའོ། །དེ་ཡི་ལྟ་བ་སྡིག་དང་མི་ལྡན་ཏེ། །རྟག་ཏུ་དམ་པའི་ཆོས་ལ་ངེས་པར་སྤྱོད། །དེ་ནི་འགྲོ་བའི་ལས་དང་སྡིག་པ་དང་། །གནོད་པ་དང་ནི་ཉོན་མོངས་དེ་དག་བསྟན། །བཟློག་པས་དགེ་བ་དང་ནི་བསྟན་པ་སྟེ། །རྣམ་
པར་བྱང་དང་མཐོ་རིས་ལམ་ཡང་བསྟན། །དེ་ནི་སྡུག་བསྔལ་ཀུན་ལ་རབ་འཇུག་པའི། །སྐྱེ་བའི་རྒྱུ་ལས་ཐམས་ཅད་རབ་ཏུ་འབྱུང་། །གང་ཞིག་འདི་ལས་ངེས་འབྱུང་མི་ཤེས་པ། །གལ་ཏེ་དེ་ཡི་གནོད་མེད་ཞི་འདོད་ན། །ལས་ཀྱི་འཇིག་རྟེན་ཕ་རོལ་ཅི་མི་འགྲོ། །འཇིག་
རྟེན་ཕ་རོལ་ནས་ཀྱང་ཅིས་མ་འོངས། །སངས་རྒྱས་བསྟན་པ་འཕོ་མེད་ཤེས་པར་གྱིས། །བྱས་པའི་འབྲས་བུའང་ཆུད་ཟར་མི་འགྱུར་ཞིང་། །བྱེད་པ་པོ་དང་ལས་ཀྱང་གང་ཡང་མེད། །འབྲས་བུ་སྤྱོད་པ་གང་ཡང་འཐོབ་མེད་དེ། །རྒྱུ་ལ་བརྟེན་ནས་ཆོས་རྣམས་རབ་ཏུ་འབྱུང་། །
མེད་ལ་འཛིན་པས་སྡུག་བསྔལ་རབ་ཏུ་འཇུག །རྒྱལ་བ་གང་དག་འདས་དུས་ཡོངས་འདས་པས། །ཐམས་ཅད་ཆུ་ཟླ་ལྟ་བུར་གཟིགས་པས་ན། །ཆོས་རྣམས་ངོ་བོ་ཉིད་ནི་དེ་འདྲར་ལྟོས། །ཇི་ལྟར་སྨིག་རྒྱུའི་ངོ་བོ་ཉིད་མེད་ལྟར། །དངོས་དང་དངོས་མེད་བྲལ་བ་ཅི་ཡང་མེད། །
ཇི་ལྟར་རྨི་ལམ་དུ་ནི་དངོས་མེད་དང་། །ཇི་ལྟར་ཆུ་ནང་སྤྲིན་གྱི་དངོས་མེད་ལྟར། །དེ་ལྟར་ཆོས་རྣམས་དག་གི་ངོ་བོ་མེད། །ནམ་མཁའི་བར་ན་སྐར་མ་འདུག་པ་ལྟར། །དངོས་པོའི་ངོ་བོ་གཞན་དངོས་འདི་དག་གསོག །ཇི་ལྟར་མི་དག་མྱོས་པའི་རྨི་ལམ་ན། །དགའ་བར་ཚོར་
བ་སད་ནས་དེ་མེད་ཅིང་། །རྨི་ལམ་རྨིས་པ་སྙིང་པོ་མེད་པ་སྟེ། །མཚན་མོ་སད་པའི་མི་ནི་རྗེས་དྲན་དང་། །རྨི་ལམ་རྨིས་པའི་མི་ཡིས་མཐོང་བ་ལྟར། །དེ་བཞིན་དངོས་པོ་དག་དང་ངོ་བོ་མེད། །ཇི་ལྟར་ཤིན་ཏུ་ཁྲོས་པར་རྨིས་པའི་མི། །རྨི་ལམ་དག་ན་ཁྲོ་བ་གང་ཡང་མེད། །

མཁས་པ་སད་ནས་གནོད་སེམས་མ་མཐོང་ལྟར། །དེ་བཞིན་དངོས་པོ་ངོ་བོ་ཉིད་ཀྱིས་གསོག །ཇི་ལྟར་རྨི་ལམ་དག་ན་ཆང་འཐུང་མི། །དེ་ནི་ཆང་འཐུངས་པས་ན་མྱོས་པར་ཤེས། །ཆང་དང་མྱོས་པའི་དངོས་ཉིད་མེད་པ་ལྟར། །དེ་བཞིན་ཆོས་རྣམས་
དག་གི་དངོས་པོ་མེད། །ཇི་ལྟར་མི་དག་གི་ནི་རྨི་ལམ་ན། །བུད་མེད་རྒྱན་སྡུག་དག་གི་བཞིན་མཐོང་ནས། །རྨི་ལམ་རྨིས་ཚེ་འདོད་ཆགས་སྐྱེད་པ་དག །སད་ནས་བུད་མེད་བཞིན་ནི་མ་མཐོང་སྟེ། །རྨི་ལམ་དེར་ནི་བུད་མེད་མེད་པ་དང་། །དེ་བཞིན་འདོད་ཆགས་བུད་
མེད་དེ་བཞིན་དགའ། །སད་ནས་འདོད་ཆགས་བུད་མེད་དེ་དགའ་དག །མ་མཐོང་བ་ལྟར་ཆོས་དངོས་དེ་འདྲའོ། །མི་གང་མི་མཁས་རྣམ་པར་མི་ཤེས་པ། །གང་གིས་འགྲོ་བའི་གནོད་པ་མི་ཤེས་ཏེ། །འགྲོ་བའི་གནོད་པ་སྐྱེས་པ་དེ་འདྲ་ཞིང་། །མཁས་པ་ཆོས་ལ་འདོད་ཆགས་
མི་སྐྱེད་དོ། །དེ་ལྟར་གཞོན་ནུ་མཁས་པའི་རང་བཞིན་ནི། །རྟག་ཏུ་ཆོས་རྣམས་རྨི་ལམ་ལྟ་བུར་རྟོག །ནད་འགོ་གནོད་པ་རྣམས་ལས་ཐར་བ་ལྟར། །དེ་བཞིན་གཞན་དག་ལ་ཡང་རབ་ཏུ་ཤོད། །མཽད་གལ་གྱི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཞོན་ནུ་ཞི་བའི་བློ་གྲོས་
ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། རྒྱལ་པོ་གཞོན་ནུ་ཞི་བའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་ངའི་ཤེས་པ་འདོད་པ་དང་། སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་འདོད་པས་ད་
ལྟར་བྱུང་བའི་ཤེས་པ་ལ་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་ང་ད་ལྟར་བྱུང་བ་ཤེས་པ་ལ་མངོན་པར་བརྩོན་པ་དེའི་འཇིགས་པ་མེད་པས་ལུས་དང་སྲོག་ལ་མི་ལྟ་བར་གྱུར་ཏེ། ལུས་དང་སྲོག་ལ་མ་བལྟས་པའི་དགེ་བའི་རྩ་བ་བསྐྱེད་དོ། །ད་ལྟར་བྱུང་བའི་ཤེས་པ་མངོན་པར་གྲུབ་
པའི་རྒྱུ་གང་ཡིན་རྐྱེན་གང་ཡིན་ཞེ་ན། ངས་དགེ་སྦྱོང་དང་བྲམ་ཟེ་མཁས་པ་དག་ལ་བསྙེན་བཀུར་བྱས་ཤིང་ཡོངས་སུ་ཞུས་པ་ཡིན་ནོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་

གྲངས་མེད་པ་ན། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཉིད་རིན་པོ་ཆེའི་མེ་ཏོག་བརྩེགས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་གྱུར་ཅིང་། འཛམ་བུའི་གླིང་འདི་གསེར་འོད་ཅེས་བྱ་བའི་གླིང་ཆེན་པོར་གྱུར་ཏེ། ཞེང་དུ་དཔག་ཚད་དྲུག་ཁྲི་ཡོད་ཅིང་། ཆུར་ཡང་དཔག་ཚད་དྲུག་ཁྲི་
ཡོད་ལ་གྲུ་བཞི་པ་མཛེས་པར་སྤྲུལ་པ། ཤིན་ཏུ་རྣམ་པར་ཕྱེ་བ་སྐལ་བ་མཉམ་པ་སྟེ། དཔེར་ན་གླིང་ཆེན་པོ་བྱང་གི་སྒྲ་མི་སྙན་འདི་ཉིད་ཀྱི་ཡོངས་སུ་སྤྱོད་པ་དང་འདྲའོ། །གླིང་ཆེན་པོ་གསེར་འོད་ཅེས་བྱ་བ་དེར་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་ཚེ་
དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྒྱུ་ལ་མཁས་པ། ཆོས་ཐམས་ཅད་ཀྱི་རྐྱེན་ལ་མཁས་པ་ཞིག་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་དེའི་ཚེ་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་དེའི་དྲུང་དུ་གཞན་མུ་སྟེགས་སྤྱོད་པ་ཀུན་ཏུ་རྒྱུ་མང་པོ་དག་ཅིག་འདུས་ཏེ་འདུག་
ནས། བར་དེར་ད་ལྟར་བྱུང་བའི་ཤེས་པ་མངོན་པར་གྲུབ་པའི་རྒྱུ་ནི་གང་། རྐྱེན་ནི་གང་ཞེས་གཏམ་གྱི་ཚུལ་འདི་ཉིད་ཀུན་དུ་སྨྲ་བར་གྱུར་ཏོ། །དེ་ནས་གཞན་མུ་སྟེགས་སྤྱོད་པ་ཀུན་ཏུ་རྒྱུ་བ་དེ་དག་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་ག་ལ་བ་དེར་སོང་ནས། རྒྱལ་པོ་ཆད་
པ་ཐོག་ཏུ་ཕེབས་པ་ལ་ཆེད་དུ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་རྒྱལ་བར་སྤྱོན་ཅིག །བདག་ཅག་གིས་གསོལ་བ་རྒྱལ་པོ་ཆེན་པོ་ལ་འདེབས་པས་གལ་ཏེ་སྐབས་ཕྱེ་ན་གསོལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། །རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པས་མུ་སྟེགས་
པ་གཞན་སྤྱོད་པ་ཀུན་ཏུ་རྒྱུ་བ་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཐེ་ཚོམ་གང་དང་གང་ཡོད་པ་དག་དྲིས་ཤིག །གལ་ཏེ་ལུང་བསྟན་པར་ནུས་ན་ལུང་བསྟན་པར་བྱའོ། །གལ་ཏེ་མི་ནུས་ན་ཐབས་གང་གིས་ཚེ་དང་ལྡན་པ་དག་གི་དོན་འདི་ཤེས་པར་
བྱ་བ་བཤད་དོ། །དེ་དག་གིས་སྨྲས་པ། ཞལ་བཟང་ད་ལྟར་བྱུང་བའི་ཤེས་པ་མངོན་སུམ་དུ་བྱ་བའི་རྒྱུ་ནི་གང་རྐྱེན་ནི་གང་། དེས་སྨྲས་པ། ངས་དོན་འདི་ལུང་བསྟན་པར་མི་ནུས་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་

སྤྱན་དེ་ང་དང་ཉེ་བ་མེ་ཏོག་འཛིན་པའི་སྐྱེད་མོས་ཚལ་འདི་ཉིད་ན་བཞུགས་ཏེ། དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེས་མི་མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པ་ཅི་ཡང་མེད་དེ། དེ་ལ་འདི་ཞུས་དང་ལུང་སྟོན་པར་འགྱུར་བས་དེ་བཞིན་དུ་གཟུང་བར་བྱ་སྟེ།
ཚེ་དང་ལྡན་པ་དག་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ག་ལ་བ་དེར་འདོང་། དེ་ནས་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །གཞན་མུ་
སྟེགས་སྤྱོད་པ་ཀུན་ཏུ་རྒྱུ་བ་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དང་ལྷན་ཅིག་མངོན་སུམ་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་ཆགས་པར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་དག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་གཞན་མུ་སྟེགས་
སྤྱོད་པ་ཀུན་ཏུ་རྒྱུ་བ་པ་དེ་དག་གིས། དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། དགེ་བའི་སུག་ལས་ཅི་བགྱིས་བདེ་བ་འབྱུང་། །ད་ལྟར་བྱུང་བའི་ཤེས་ཚུལ་རབ་ཏུ་འཚལ། །གང་གིས་ཡེ་ཤེས་མཆོག་ཏུ་འགྲུབ་པ་དག །གཞན་མི་གསུང་བ་དེ་དག་
བདག་ལ་ཤོད། །ཉོན་མོངས་བཅོམ་པས་རྒྱལ་བ་ཐུགས་དག་སྟེ། །ཐོགས་མེད་མཁྱེན་ཅིང་ཀུན་ཏུ་སྤྱན་མངའ་བ། །ཐོགས་མེད་མཁྱེན་པས་དེ་བསམ་ཐུགས་ཆུད་ནས། །འདྲེན་པ་དྲི་མེད་སྤྱན་གྱིས་ལུང་བསྟན་པ། །བྱམས་པའི་མིག་གིས་འགྲོ་བ་འདི་ལ་བལྟ། །སྡུག་བསྔལ་རྒྱུད་དག་ལ་ནི་
སྙིང་རྗེ་བསྐྱེད། །བྱམས་པ་འདི་ལ་འགྲོ་བ་རབ་ཏུ་བཀོད། །ཉོན་མོངས་དག་གི་ཁམས་ལ་བཏང་སྙོམས་ཡིན། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །རྒྱུ་དེ་ཀུན་ཏུ་ཤེས་ཤིང་ཤེས་པ་འཆར། །ལེགས་པར་བཤད་པའི་ཚུལ་འདི་ཐོས་ནས་སུ། །བྱང་ཆུབ་ལ་ནི་གཞལ་མེད་འདུན་པ་སྐྱེས། །
གང་གིས་འགྲོ་བ་ལྷར་བཅས་རབ་གྲོལ་བའི། །ད་ལྟར་བྱུང་བའི་ཤེས་པ་འཆར་བ་འཐོབ། །ཆགས་པ་མེད་པའི་ཤེས་དང་ང་ལྡན་པ། །སྡུག་བསྔལ་གནོད་པའི་ཆོས་ལས་སེམས་ཅན་བཀྲོལ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །ད་ལྟར་བྱུང་ཤེས་ཚུལ་འདི་རབ་ཏུ་ཤེས།

གང་གིས་འགྲོ་བའི་བསམ་པ་རབ་ཤེས་པ། །དེ་ལྟར་རྒྱལ་བ་དབང་ཐུལ་ལམ་ཡང་མཁྱེན། །མཽད་གལ་གྱི་བུ་དེ་ཇི་སྙམས་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་
པོ་ཆད་པ་ཐོག་ཏུ་ཕེབས་པར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་བརྙེས་ཏེ། མཽད་གལ་གྱི་བུད་ལྟར་བྱུང་བ་ཤེས་པ་དེའི་ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཟད་པའི་ཆོས་ཉིད་དང་། འགྱུར་བའི་ཆོས་ཉིད་དུ་ཤིན་ཏུ་ཡོངས་སུ་ཞུས། ཤིན་ཏུ་
ཡོངས་སུ་ཤེས། ཤིན་ཏུ་མངོན་སུམ་དུ་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད་པའི་ཡང་གྲངས་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དམ་འཆའ་བར་མི་མཛད་པ་ཞེས་བྱ་བ་ནས། རྒྱ་ཆེར་སྦྱར་ཏེ་སངས་རྒྱས་
བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེའི་ཚེ་བྲམ་ཟེ་ཤིན་ཏུ་བརྟགས་སྤྱོད་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། དེ་བྱ་བ་གང་དང་གང་རྩོམ་པ་དེ་ཉིད་ཤིན་ཏུ་བརྟགས་ནས་བྱེད་དེ། སེམས་ཅན་ལ་ཕན་པའི་ཡིད་དང་། སེམས་ཅན་ལ་ཕན་པའི་སེམས་དང་ལྡན་པ་དེ་མཚན་
མོ་ཐོ་རངས་ཀྱི་གཉིད་སངས་མ་ཐག་ཏུ་བར་སྣང་ལས་ཀུན་འབྱུང་གི་ཆོས་གང་ཡིན་པ་དེ་ཐམས་ཅད་ནི་འགོག་པའོ་ཞེས་སྒྲ་ཐོས་སོ། །དེ་མཚན་མོ་དེ་འདས་ནས་གཉིད་སངས་ཏེ་ལངས་ནས་དེ་ཁྱིམ་ལ་མི་དགའ་ཞིང་ཁྲུས་མི་བྱེད་དེ། ལུས་མི་སྐུད། །ཟས་མི་ཟ། རྩེད་མོ་མི་བྱེད་དགའ་བར་
མི་བྱེད་ཅིང་ཡོངས་སུ་མི་སྤྱོད་དེ། གཞན་དུ་ན་ཤིན་ཏུ་ཡིད་མི་དགའ་སྟེ། སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེའི་མ་དང་ཕ