Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 047_མདོ་སྡེ།_ག
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
་དང་མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་འདུས་ནས་འདི་སྐད་ཅེས་དྲིས་སོ། །གཞོན་ནུ་ཁྱོད་ཅི་གང་གིས་ཡིད་མི་དགའ་བར་བྱས་ ཤིང་ཕྱིར་ཕྱོགས་ལ་སེམས་ཁོང་དུ་ཆུད། དེས་མ་དང་ཕ་དང་། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་དང་ཡུམ་བདག་དེ་རིང་མཚན་མོའི་ཐོ་རངས་གཉིད་སངས་པ་དང་། བར་སྣང་ལས་ཀུན་འབྱུང་གི་ཆོས་གང་ཡིན་པ་དེ་ ཐམས་ཅད་ནི་འགོག་པའི་ཆོས་ཅན་ནོ་ཞེས་སྒྲ་ཐོས་ཏེ། བདག་སྒྲ་དེ་ཐོས་ནས་མི་དགའ་བ་སྐྱེས་ཏེ། འདུས་བྱས་ངན་པ་འཇིག་པའི་ཆོས་ཅན་གང་ལ་བདག་དགའ་བ་སྐྱེ་བ་བྲལ་བར་གྱུར་ཏེ། ཡབ་བདག་ནི་གང་མི་འགོག་པའི་ཆོས་དེ་ཚོལ་ལོ། །དེ་ལ་མ་དང་ཕ་དེ་དག་ གིས་སྨྲས་པ། ཅི་འཁྲུལ་ཏམ། ཅི་སྐྲག་གམ། ཅི་དངངས་སམ། ཅི་གནོད་སྦྱིན་ནམ། འབྱུང་པོ་ཁ་ཅིག་གིས་མ་གཙེས་སམ། གཞོན་ནུ་མི་འགོག་པའི་ཆོས་ནི་གང་ཡང་མེད་དེ། གཞོན་ནུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་སྒྲིབ་པའམ། གཉེན་པོ་མེད་དོ། །གཞོན་ནུ་དེ་བཞིན་ དུ་མི་འགོག་པའི་ཆོས་དེ་ནི་གང་ཡང་མེད་དོ། །དེས་ཕ་མ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་མི་སྐྱེ་ན་འགུམ་པ་མ་མཆིས་ཏེ། གང་སྐྱེ་བ་དེ་འགུམ་ལགས་སོ། །གང་མི་སྐྱེ་བ་ནི་དེའི་འགུམ་པ་མ་མཆིས་ཏེ། གང་གི་བུ་མཆིས་ན་དེའི་བུ་འགུམ་ལ། གང་ལ་བུ་མ་མཆིས་ ན་དེའི་བུ་མི་འགུམ་པར་གདའ་ལགས་སོ། །དེའི་བུ་དག་ལས་བུ་སྐྱེས་ན་བུ་དང་ལྡན་པའི་བུ་འགུམ་པར་གདའ་ལགས་ཏེ། དེ་ལྟ་ལགས་པས་བུ་སྐྱེ་བ་མཆིས་ན་འགུམ་པ་ཡང་མཆིས་སོ། །བུ་སྐྱེ་བ་མ་མཆིས་ན་བུ་འགུམ་པར་ཡང་མི་འགྱུར་ལགས་ཏེ། དེ་ལྟར་ཉེ་བར་ལེན་པ་ཐམས་ ཅད་ལ་ཡོངས་སུ་འཛིན་ཏེ། དེ་ལྟ་བས་ན་གང་ཉེ་བར་མི་ལེན་པ་དེ་དག་ལ་ནི་སྡུག་བསྔལ་མ་མཆིས་སོ། །དེ་འདི་སྙམ་དུ་གྱུར་ཏེ་ཐབས་ཤིག་ཡོད་དེ། ཐབས་གང་གིས་ཡོངས་སུ་འཛིན་པའི་ཉེས་པ་མི་བསྐྱེད་པར་བྱའོ་སྙམ་མོ། །དེ་ཡང་འདི་སྙམ་དུ་གྱུར་ཏེ། མངོན་པར་ཞེན་པ་ནི་ ཡོངས་སུ་འཛིན་པའི་ཉེས་པ་སྟེ། མངོན་པར་ཞེན་པ་མེད་པ་ལ་ནི་ཡོངས་སུ་འཛིན་པའི་ཉེས་པ་མེད་པས། གང་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བར་བྱ་ཞིང་དེ་དག་ལ་མངོན་པར་ཞེན་པར་ནི་མི་བྱའོ་སྙམ་མོ། །དེ་ཡང་འདི་སྙམ་དུ་གྱུར་ཏེ། སེམས་ཅན་འདི་དག་ནི་ཡོངས་སུ་ འཛིན་པའི་ཉེས་པ་མི་ཤེས་ལ་དེ་ཉེས་པ་དེ་དག་སྤོང་བར་མི་བྱེད་དེ། ཉེས་པ་དེ་དག་མ་སྤངས་པས་ཡོངས་སུ་འཛིན་པའི་ཉེས་པས་གོས་ཏེ་བདག་གིས་འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བར་བྱ་ཞིང་སེམས་ཅན་དེ་དག་ཐམས་ཅད་བདག་གིས་བསླབ་པར་བྱ། ཡོངས་སུ་འཛིན་པའི་ ཉེས་པ་ཡང་ཁོང་དུ་ཆུད་པར་བྱའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་འཛིན་པ་མེད་པ་ལ་ནི་བྱང་ཆུབ་མེད་དེ་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་བཟུང་སྟེ། ཡོངས་སུ་འཛིན་པའི་ཉེས་པ་ཡང་མི་བསྐྱེད་དོ་སྙམ་ མོ། །མཽད་གལ་གྱི་བུ་དེའི་ཚེ་དེའི་དུས་ན། བྲམ་ཟེ་གཞོན་ནུ་ཤིན་ཏུ་བརྟགས་སྤྱོད་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཤིན་ཏུ་བརྟགས་སྤྱོད་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །ང་ཤིན་ ཏུ་བརྟགས་པར་སྤྱོད་པ་དག་ལ་གནས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། རྒྱལ་པོ་དང་། བློན་པོ་དང་། བློན་པོའི་བུ་དག་གིས་ཚུལ་ནི་དེ་ དག་ཡིན་ནོ། །མཽད་གལ་གྱི་བུ་ཚུལ་དེས་སྤྱོད་པ་དེ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽད་གལ་གྱི་བུ་དེ་ལ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་ཚོལ་བ་ན་དཀའ་བ་རྣམ་པ་མང་པོ་དུ་མ་དག་བྱས་ཤིང་ གཏང་བར་དཀའ་བ་དག་ཀྱང་བཏང་སྟེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། ཤར་ཕྱོགས་ཀྱི་ཕྱོགས་ན་འཇིག་རྟེན་གྱི་ཁམས་མི་འགུལ་བར་བྱས་པ་ཞེས་བྱ་བ་བྱུང་སྟེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ དག་བྱུང་ངོ་། །དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེའི་ཉན་ཐོས་ཀྱི་དགེ་འདུན་བརྗོད་དུ་མེད་པ་ཁྲག་ཁྲིག་དག་བྱུང་ངོ་། །དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེའི་རིམ་གྲོ་པ་ནི་བྱང་ཆུབ་སེམས་དཔའ་སེང་གེའི་བློ་གྲོས་ཞེས་བྱ་བ་བྱུང་སྟེ། དེ་དེ་བཞིན་གཤེགས་ པ་དྲི་མེད་སྤྱན་ཏོག་དེའི་རིམ་གྲོ་བ་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་དྲུག་ཏུ་བྱས་ཤིང་ཐུགས་དང་འཐུན་ཏེ། ཐུགས་དང་མི་འཐུན་པ་མ་ཡིན་པ་ལ་བཤད་པ་ཡང་འཛིན་ཅིང་རང་གི་དོན་ཀྱང་མི་གཏོང་ངོ་། །དེ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེ་ལ་ལོ་བྱེ་བ་ཁྲག་ ཁྲིག་ཕྲག་བདུན་ཅུ་རྩ་དྲུག་ཏུ་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པའི་ཞུ་བ་ཞུས་སོ། །བཅོམ་ལྡན་འདས་ལེགས་སོ། །ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བདག་ལ་བཤད་དུ་གསོལ། གང་བདག་གིས་ད་ལྟར་བྱུང་བ་ཤེས་པ་འགོག་ པར་འགྱུར་བའི་ལམ་ཤེས་པ་ཐོས་ནས་བཤད་པར་བགྱིའོ། །དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེས། བཟའ་བ་དང་། བཏུང་བ་དང་། བཅའ་བ་དང་། གཟིམས་པ་མ་གཏོགས་པར་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་དྲུག་ཏུ་ད་ལྟར་བྱུང་བའི་ ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བསྟན་ཏེ། ད་ལྟར་བྱུང་བའི་གནས་ཤེས་པ་འདི་ལྟར་ཡོངས་སུ་ཤེས་པར་བྱ། །ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་ཡོངས་སུ་ཤེས་པར་བྱ། ད་ལྟར་བྱུང་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་ཡོངས་སུ་ཤེས་ པར་བྱ། དེ་བཞིན་དུ་སྦྱར་ཏེ་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་ཤེས་པར་བྱ། གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ། གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས་པར་བྱ། དེ་བཞིན་དུ་ད་ ལྟར་བྱུང་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤེས་པ་ཡོངས་སུ་ཤེས་པར་བྱ། ཐམས་ཅད་མཁྱེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ད་ལྟར་བྱུང་བ་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ། ད་ལྟར་བྱུང་བ་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ ཤེས་པ་རབ་ཏུ་ཤེས་པར་བྱའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་སེང་གེའི་བློ་གྲོས་ཞེས་བྱ་བ་རིམ་གྲོ་པར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་ དུས་ན། སེང་གེའི་བློ་གྲོས་ཞེས་བྱ་བ་རིམ་གྲོ་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ལེ་ལོ་མེད་པར་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་རིམ་གྲོ་པར་ཡོངས་སུ་སྤྱད་པར་བྱ་ཞིང་ལུས་དང་སྲོག་ལ་མི་བལྟ་བར་སློང་བ་ལ་ཡོངས་སུ་མི་གཏོང་བ་ཅི་ཡང་མེད་པར་བྱའོ། །མཽད་གལ་གྱི་བུ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་ རྒྱལ་སྲིད་ཡོངས་སུ་གཏང་བར་བྱ་སྟེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བདག་གི་བ་ཐམས་ཅད་ཡོངས་སུ་གཏོང་ཞིང་ལེགས་པར་གསུངས་པ་ཚོལ་བ་ཞིག་བྱུང་ངོ་། ། དེ་སློངས་མོ་པ་གང་དང་གང་སློང་བ་དེ་དང་སྦེད་པ་མེད་པར་ཡོངས་སུ་གཏོང་ངོ་། །མཽད་གལ་གྱི་བུ་དེ་ནས་རྒྱལ་པོ་ཚངས་པས་བྱིན་བཙུན་མོ་དམ་པ་དང་། བུ་ཐུ་བོ་གཞོན་ནུ་དང་ལྷན་ཅིག་ཏུ་བཀད་སར་སོང་ནས་འཁོད་པ་ལས། དེ་ནས་ཤ་ཟ་གཟུགས་མཆོག་ཏུ་མི་སྡུག་པ་ཞིག་ འོངས་ནས། རྒྱལ་པོ་དེ་འདུག་པའི་བཀད་སའི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ནས་འདི་སྐད་ཅེས་སྨྲས་སོ། །ས་བདག་ཆེན་པོ་ལེགས་པར་གསུངས་པ་ཚོལ་བ་རྒྱལ་བར་སྤྱོན་ཅིག །བདག་གིས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་པར་བཤད་པ་དེ་ལས་ཐོས་པ་ཡོད་དེ་ གལ་ཏེ་ཁྱོད་དེ་དོན་དུ་གཉེར་ན་ཟུང་ཤིག །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཤ་ཟ་དེ་ལ་འདི་སྐད་ཅེས་སྨྲས་སོ། །འབྱུང་པོ་ཆེན་པོ་ལེགས་པར་གསུངས་པ་འདོད་ཀྱིས་གང་ཁྱོད་འདོད་པ་དེ་ངས་རབ་ཏུ་སྦྱིན་ནོ། །དེས་སྨྲས་པ། ས་བདག་ཆེན་པོ་གང་རྒྱལ་ པོ་ཁྱོད་ཀྱི་སྡུག་པ་གསུམ་པོ་བདག་ཉིད་དང་ཆུང་མ་དང་བུ་དེ་དག་བདག་ལ་བྱིན་ན་ལེགས་པར་གསུངས་པ་ཕྱིས་བཤད་དོ། །དེས་སྨྲས་པ། འདི་དག་གིས་ཅི་ཞིག་བྱ། དེས་སྨྲས་པ། བཟའ་བར་བྱ་སྟེ། ལེགས་པར་གསུངས་པ་ཡང་བཤད་དོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་ གཡོན་ལོགས་ན་ཆུང་མ་དང་། གཡས་ལོགས་ན་བུ་འདུག་པ་བལྟས་པ་དང་། དེ་དག་གིས་སྨྲས་པ། རྒྱལ་པོ་ཆེན་པོ་མྱུར་དུ་བདག་ཅག་ཐོང་ལ་ལེགས་པར་གསུངས་པ་གང་གིས་འཁོར་བ་ལས་སྒྲོལ་བར་འགྱུར་བའི་སླད་དུ་ལེགས་པར་གསུངས་པ་ཡང་གསོན་ཅིག ། མཽད་གལ་གྱི་བུ་དེ་ནས་ཤ་ཟས་དེའི་ལྷག་པའི་བསམ་པ་རིག་ནས་ལེགས་པར་གསུངས་པའི་ཚིགས་སུ་བཅད་དེ་སྨྲས་སོ། །བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །དེ་ནས་ རྒྱལ་པོ་ཚངས་པས་བྱིན་འདི་སྙམ་དུ་གྱུར་ཏེ། ཇི་ཙམ་དུ་ལེགས་པར་གསུངས་པའི་ཚིགས་སུ་བཅད་པ་འདི་ནི་ངོ་མཚར་ཆེ་སྟེ། ཚིགས་སུ་བཅད་པ་འདིའི་དོན་དུ་བདག་གི་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་ཡོངས་སུ་གཏང་བར་བྱ་སྟེ། དེ་དག་ཀྱང་ཡོངས་སུ་བཏང་ནས་ཚིགས་སུ་བཅད་པ་འདི་འདོད་པར་ བྱའོ་སྙམ་སྟེ། དེ་སྟན་ལས་ལངས་ནས་ལག་པ་གཡོན་པས་ཆུང་མ་དང་། ལག་པ་གཡས་པས་བུ་བཟུང་སྟེ། ཤ་ཟ་དེ་ལ་སྨྲས་པ། ཚིགས་བཅད་འདི་ཡིས་བདག་གི་དོན་ཆེན་བྱེད། །ཇི་ལྟར་དགའ་བར་ཁྱོད་ཀྱིས་སྤྱད་པར་གྱིས། །མཽད་གལ་གྱི་བུ་དེ་ནས་ཤ་ཟ་དེ་ཚུལ་དེ་མི་སྣང་བར་བྱས་ནས་རང་གི་ ཚུལ་ཡང་དག་པར་བསྟན་ནས། རྒྱལ་པོ་ཚངས་པས་བྱིན་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་ལ་དཔའ་བ་ལེགས་སོ་ལེགས། །སེར་སྣའི་སྡིག་པ་བཅོམ་བྱས་ཤིང་། །གཏོང་བ་སོ་སོར་འཛིན་པ་ཁྱོད། །དེ་ནི་ཡིད་བཞིན་གྲུབ་གྱུར་ཅིག །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས། འབྱུང་པོ་ཆེན་ པོ་དེ་ལ་སྨྲས་པ། གྲོགས་པོ་ཁྱོད་སུ་ཞིག །དེས་སྨྲས་པ། གྲོགས་པོ་བདག་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡིན་ཏེ། རྒྱལ་པོ་ཆེན་པོ་ཁྱོད་མཆོག་གང་དང་གང་འདོད་པའི་དེང་ལས་ལོང་། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ཀྱི་དབང་པོ་གལ་ཏེ་མཆོག་སྩལ་ བར་སྤྱོད་ན། གང་ལ་སྐྱེ་བ་མེད་པ་དང་། རྒ་བ་མེད་པ་དང་། ན་བ་མེད་པ་དང་། འཆི་བ་མེད་པ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་མེད་པ་མཆོག་དེ་བདག་ལ་སྩོལ་ཅིག །དེས་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདག་འདི་ལ་དབང་མེད་ དེ། སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་འདི་ལ་མངའ་བརྙེས་སོ། །མཆོག་གཞན་གང་དང་གང་འདོད་པ་སློངས། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །དབང་ཕྱུག་པ་ཡང་དབང་མེད་པ་དག་བྱིས་པ་མཐོང་ངོ་ཅོག །བརྒྱ་བྱིན་ཡི་ཆད་ འདི་ལྟར་གླང་ཆེན་འདམ་སོང་ཉམས་པ་བཞིན། །མཽད་གལ་གྱི་བུ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་དེར་ཡིན་ནོ། །མཽད་གལ་གྱི་བུ་དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་ བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཐོབ་ པར་འདོད་པས། བདག་གི་ཐམས་ཅད་ཡོངས་སུ་བཏང་བར་བསླབ་པར་བྱ། ལྟོས་པ་མེད་པར་སྦྱིན་པ་སྦྱིན་པར་བྱའོ།། །།བམ་པོ་བཅུ་བཞི་པ། མཽད་གལ་གྱི་བུ་ང་ལས་ཤེས་པར་བྱ་བའི་དོན་དུ་དགའ་བ་དཔག་ཏུ་མེད་པ་དག་སྤྱོད་ཅིང་། གཏང་བར་དཀའ་བ་དཔག་ཏུ་ མེད་པ་དག་ཀྱང་བཏང་སྟེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། བྲམ་ཟེ་བྷ་ར་དྭ་ཛ་དང་རུས་གཅིག་པ་ཞེས་བྱ་བ་ཞིག་ཤིང་གཞན་ཞིག་གི་དྲུང་དུ་སོང་སྟེ། འདུག་པ་ལས་དེའི་ཚེ་དུས་མ་ཡིན་པའི་སྤྲིན་ཆེན་པོ་ཞིག་བྱུང་ནས་དེ་ཉིད་ དུ་ཆར་བབ་བོ། །དེ་ནས་བྲམ་ཟེ་བྷ་ར་དྭ་ཛ་དང་རུས་གཅིག་པ་དེ་ཤིང་དྲུང་དེར་ཞག་བདུན་གྱི་བར་དུ་ཆར་བབ་སྟེ། དེ་ན་གནས་པ་ན་ཟས་མི་ཟ་བར་དེ་བཞིན་དུ་འདུག་གོ། །དེའི་ཚེ་ཤིང་དེའི་སྡོང་བུའི་གསེབ་ན། རི་བོང་ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ། དེ་ཤིང་གསེབ་དེ་ནས་བྱུང་ནས། བྲམ་ཟེ་བྷ་ ར་དྭ་ཛ་དང་རུས་གཅིག་པ་དེའི་རྐང་པ་ལ་ལྕེས་བལྡག་གོ། །དེ་ནས་བྲམ་ཟེ་བྷ་ར་དྭ་ཛ་དང་རུས་གཅིག་པས་རི་བོང་དེ་པང་བར་བླངས་ནས་ཞག་བདུན་གྱི་བར་དུ་འཛིན་ཅིང་ལག་པས་ཀྱང་དེའི་ལུས་ལ་ཡོངས་སུ་བྱུགས་སོ། །བྱམས་པའི་སེམས་ཀྱིས་ཡང་དག་པར་བལྟ་ཞིང་། ལུས་ཀྱི་ལས་ཀྱིས་ཡང་དག་པར་ ཉུག་པར་བྱེད་དོ། །བྱམས་པའི་ལུས་ཀྱི་ལས་ཀྱིས་ཡང་དག་པར་བྱུགས། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱིས་ཀུན་ནས་བརྗོད་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རི་བོང་ཚལ་ཤིང་ནགས་ན་གནས་པ་ལེགས། །ཆོས་དང་ ལྡན་ཞིང་ཆོས་དགའ་བླ་མ་བསྟེན། །གང་གིས་སྲིད་པ་ཚལ་ཤིང་འདི་རུ་གནས། །བདག་གིས་དྲིས་པ་དག་ནི་ལེགས་པར་སྨྲོས། །ང་དང་ལྷན་ཅིག་འདུག་པའང་མི་འཇིགས་སམ། །གཞན་ཡང་བཀྲེས་དང་སྐོམ་པ་དག་མེད་དམ། །རྩྭ་འཇམ་དག་ལ་ཟ་བར་བྱེད་པ་ན། ཁྱོད་ཀྱི་ལུས་ནི་གང་ གིས་ཚལ་ན་གནས། །དེས་སྨྲས་པ། མི་ཡི་བྲམ་ཟེ་བདག་ལས་གསན་པར་མཛོད། །ནགས་ཁྲོད་འདི་ན་ཆོས་སྤྱོད་ཁྱོད་གཟིགས་ཤིག །བཏུང་བ་དག་དང་དེ་བཞིན་རྩྭ་མི་འཚལ། །དྲང་སྲོང་ལྟ་ཞིང་ལྷན་ཅིག་དགའ་བར་བགྱི། །ཆོས་ལྡན་མཐོང་ནས་ཚུལ་ཁྲིམས་བརྟུལ་ཞུགས་སྤྱད། །འཇིག་ རྟེན་བདེ་དེར་དགའ་མགུ་ཐོབ་པར་བགྱི། །ཁྱོད་ཀྱིས་ལས་ཅི་བྱས་པས་མི་ཡུལ་དུ། །འོངས་ཤིང་གང་གིས་དུད་འགྲོའི་སྐྱེ་གནས་སོང་། །གང་ཞིག་ཐོས་ནས་མགུ་བར་འགྱུར་བ་དག །དེ་ནི་བརྟགས་པའི་ཚིག་གིས་ང་ལ་སྨྲོས། །སྨྲས་པ། སྔོན་གྱི་སྲིད་པར་ཆོས་འཆད་ཉན་པར་བདག །ཞུགས་ ནས་བདག་གིས་ཆོས་སྨྲ་དེ་གཙེས་ཏེ། །དེས་ན་དུད་འགྲོའི་འགྲོ་བར་བདག་སོང་ངོ་། །དེས་སྨྲས་པ། རིང་ཞིག་བདག་གིས་འདིར་འདུག་ང་ནི་འགྲོ། །ཅུང་རྩན་བཟོད་མཛོད་སྐོམ་འཐུང་རྩྭ་ཟོ་ལ། །དུས་ལས་འདའ་བ་དག་ཏུ་ཁྱོད་མ་བྱེད། །དེས་སྨྲས་པ། བདག་ནི་ཆུད་གདོན་དུ་གཉེར་མ་ཡིན། །རྩྭ་ ཡང་མི་འདོད་བཤད་པའང་མི་འདོད་ཀྱི། །བདག་ལ་གཟིགས་ཤིང་མ་བཏང་མ་བཞུད་པར། །བྲམ་ཟེ་ཚལ་འདིའི་ནང་དུ་བཞུགས་པར་མཛོད། །དེས་སྨྲས་པ། ཅུང་རྩན་བཟའ་བའི་རྣམ་པ་ག་ལ་ཡོད། །དེ་བཞིན་བཏུང་བ་དག་གི་རྣམ་པ་དང་། །གནས་པ་དག་ཀྱང་རབ་ཏུ་མེད་པས་ན། །བྲམ་ ཟེ་གང་གིས་ཚལ་འདིའི་ནང་དུ་གཟུང་། །དེས་སྨྲས་པ། དྲང་སྲོང་གིས་ནི་ཡོངས་སུ་དྲིས་པའི་ཟས། །མེད་དེ་དེ་བཞིན་བཏུང་དང་ཏིལ་མེད་ཅིང་། །འབྲས་ཀྱང་ཡོད་པ་མ་ཡིན་མལ་ཆ་དང་། །སྟན་དག་བདག་ལ་ཡོད་པ་མ་ཡིན་པས། །དྲང་སྲོང་ལ་ནི་བདག་ཉིད་གཏང་བྱ་སྟེ། །དྲང་སྲོང་རབ་ཏུ་ དགའ་བས་བདག་མནོབས་ལ། །མཐོང་བའི་ཆོས་ལ་དགའ་བ་རྙེད་དགའ་ནས། །མནོབས་ཏེ་བདག་གི་ཚལ་འདིར་ཞུགས་པར་མཛོད། །དེ་ནི་སད་པར་བྱ་ཕྱིར་ཚིག་སྨྲས་པ། །ཁྱོད་ནི་དེ་རིང་བཟའ་ཞིང་ཚལ་གནས་བྱ། །ཁྱོད་ཉིད་ཁྱོད་ཀྱིས་སོད་ལ་བདག་ལ་བྱིན། །ཁྱོད་ཟོས་བདག་ནི་ཡིད་ དགའ་གནས་པར་བྱ། །དེས་སྨྲས་པ། ལུས་ལ་ལྟོས་པ་མེད་ཀྱིས་མེའི་ནང་དུ། །བདག་ནི་ཆུག་སྟེ་དི་རིང་མནབས་པར་མཛོད། །ཤི་མ་ཐག་ཏུ་ཡིད་ནི་དགར་འགྱུར་ཞིང་། །མཁས་པ་དག་དང་ཡིད་དགའ་ཕྲད་པར་འགྱུར། །དྲང་སྲོང་གིས་ནི་དེ་ལ་སད་བྱའི་ཕྱིར། །དེར་ནི་རྩྭ་ དང་ཤིང་དག་བསྡུས་ནས་སུ། །མེ་ནི་བུས་ནས་རི་བོང་ལ་སྨྲས་པ། །སྲེགས་ཤིག་བདག་གིས་ཚལ་དུ་གནས་པར་བྱ། །མེ་འབར་དེ་ནི་རི་བོང་མཐོང་ནས་སུ། །རྫིང་གི་ཆུ་བསིལ་ནང་དུ་འཇུག་པ་ལྟར། །དད་པ་རྒྱ་ཆེར་བསྐྱེད་ནས་འབར་བ་རུ། །གང་ལའང་ལྟོས་པ་མེད་པར་ དེར་ཞུགས་སོ། །རི་བོང་ལ་ནི་དྲང་སྲོང་དེ་ཡིས་སུ། །དགའ་བསྐྱེད་བྱམས་ཤིང་སྐྱོབས་པས་དེ་བཟུང་སྟེ། །ཅུང་རྩན་བསྐལ་པའི་བར་དུ་ཚལ་འདུག་ཤིག །ཁྱོད་ལ་ཕན་པར་བྱ་ཕྱིར་ཚལ་གནས་བྱ། །དྲང་སྲོང་དེ་ནི་ཚལ་དེར་གནས་ནས་སུ། །རི་བོང་དེ་ལ་ཕན་པའི་གདམས་པ་ནི། ། དགེ་བ་དཔག་ཏུ་མེད་པའི་ལས་བྱས་པས། །མཐོ་རིས་འགྲོ་ཞིང་དེར་ནི་བདེ་བ་འབྱུང་། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། །ང་དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་ཏོ། །མཽད་གལ་གྱི་བུ་དེ་ ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། དྲང་སྲོང་དུ་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ཤཱ་རིའི་བུ་དྲང་སྲོང་དུ་གྱུར་ཏོ། །ང་ལས་དེ་དང་ང་དགེ་བའི་རྩ་བ་དེས་ལས་ཤེས་པ་བརྙེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ལས་ཤེས་པ་ལ་བསླབ་པར་བྱ་ཞིང་། ལས་དེ་དག་ཀྱང་བསྲེ་བར་མི་བྱ་སྟེ། གཞན་དུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །མཽད་གལ་ གྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལས་ཤེས་པ་ཡོངས་སུ་ཤེས་པར་བྱའོ། །མཽད་གལ་གྱི་བུ་ལས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུས་བྱས་ཤིང་ གཏང་བར་དཀའ་བ་ཡང་བཏང་ལ། བྱ་དཀའ་བདག་ཀྱང་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་གདུགས་གཅིག་པ། ས་རྣམས་ཀྱི་དབང་ཕྱུག་རྒྱལ་པོ་མྱ་ངན་མེད་པའི་དཔལ་ཞེས་ བྱ་བ་ཞིག་བྱུང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་དགྲ་བཅོམ་པ་ཟག་པ་ཟད་པ་དུང་ཕྱུར་ཕྲག་དགུ་བྱུང་ངོ་། །དེ་ནས་དེ་བཞིན་ གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ། ཉན་ཐོས་དུང་ཕྱུར་ཕྲག་དགུ་པོ་དེ་དག་གི་དབུས་སུ་བཞུགས་ནས། འདི་ལྟ་སྟེ། ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལས་བརྩམས་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ཏོ། །དེའི་ཚེ་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་སེལ་བ་ ཞེས་བྱ་བ་ཞིག་འདུས་པར་གྱུར་ནས་འདུག་གོ། །དེ་སྟན་ལས་ལངས་ནས་གོས་ཕྱོགས་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་དབང་ཐུགས་དག་དགེ་བས་བརྒྱན་པ་སྟེ། །འདྲེན་པ་རང་བྱུང་ལ་ནི་བདག་འདི་ཞུ། །མགོན་པོ་ཇི་ལྟར་སྤྱད་ན་རྣམ་འདྲེན་སྲས། །དགེ་བར་སྤྱོད་པའི་ལས་ཀྱི་རྒྱུ་འཚལ་ལགས། །ཇི་ལྟར་ཆགས་བྲལ་དག་པའི་ལས་སུ་འགྱུར། །ཇི་ལྟར་དག་ པའི་ལས་ཀྱིས་དགེ་བ་བསྟེན། །ཇི་ལྟར་སྤྱད་ན་དག་པའི་ལས་ཐོབ་འགྱུར། །འདྲེན་པ་དག་པའི་ལས་རྒྱུ་གསུངས་ཤིག་གསུངས། །ཇི་ལྟར་ལས་ཀྱི་རྣམ་དག་རབ་ཏུ་ཐོབ། །ཇི་ལྟར་འགྲོ་བ་རྣམ་དག་ལས་མངོན་འགྱུར། །ཇི་ལྟར་རྣམ་པར་དག་ལས་རྒྱུ་དྲན་ལགས། །རྣམ་འདྲེན་ཁ་ལོ་སྒྱུར་ གཙོ་གསུངས་ཤིག་གསུངས། །མཆོག་ཏུ་དགེ་བ་ཡིད་འོང་སྤྱོད་པའི་སེམས། །སྤྱོད་པ་མཉམ་རྩོམ་ཞི་བ་དག་པའི་ལས། །མི་དབང་ཁྱོད་ཀྱི་དག་པའི་གསུང་ཐོས་ནས། །འདྲེན་པ་ཁྱོད་སྲས་བྱང་ཆུབ་རབ་ཏུ་གནས། །མཽད་གལ་གྱི་བུ་དེ་ནས་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་ འཇོམས་པ་དེས། བྱང་ཆུབ་སེམས་དཔའ་མྱ་ངན་སེལ་བ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མྱ་ངན་སེལ་བ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་ པ་ནི། མྱ་ངན་སེལ་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བྱང་ཆུབ་སེམས་དཔའ་མྱ་ངན་སེལ་བས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ང་རྒྱལ་སྤང་བ་ལ་བསླབ་པར་བྱ། སེམས་ཅན་ཐམས་ཅད་ལ་ཡོན་གནས་ ཡིན་པར་སེམས་ཉེ་བར་གཞག་པར་བྱ། ཆོས་ཀྱི་ཀུན་དགའ་བ་ལ་ཡང་སོ་སོར་རིག་པར་བྱ། བྱང་ཆུབ་སེམས་ཀྱི་ཀྱང་མི་གཏང་བར་བྱ། དགེ་བའི་བཤེས་གཉེན་ཡང་མངོན་པར་མགུ་བར་བྱ། ཆོས་བཙལ་བ་ལ་ཡང་ཆོག་མི་ཤེས་པར་བྱ། མང་དུ་ཐོས་པ་ལ་ཡང་མངོན་པར་བརྩོན་པར་བྱ། བསྟན་ བཅོས་ཤིན་ཏུ་བརྟགས་པ་དག་ཀྱང་བཙལ་བར་བྱ། སོ་སོར་རྟོགས་པ་ལ་ཡང་བསླབ་པར་བྱ། གྲུབ་པའི་མཐའ་སོ་སོར་རྟོགས་པ་ལ་ཡང་བསླབ་པར་བྱ། ཆོ་ག་ལ་མཁས་པར་ཡང་བྱ། བླ་མ་ལ་གུས་པར་བྱ། བླ་མ་ལ་ཞེས་མེད་པའི་ཉེ་བར་སྤྱད་པར་མི་བྱ། བླ་མའི་ཚིག་ལས་འདའ་བར་ཡང་མི་བྱ། དོན་དང་ལྡན་པའི་ བསྟན་བཅོས་བཙལ་བར་བྱ་ཞིང་དོན་མེད་པ་གཞན་སྤང་བར་བྱ། འཇིག་རྟེན་རྒྱང་འཕེན་པའི་བསྟན་བཅོས་དང་། ཆད་པའི་ཁྲིམས་ཀྱི་བསྟན་བཅོས་དང་། བྱང་སྟེམས་ཀྱི་བསྟན་བཅོས་དང་། སྨྲ་བའི་རིག་པའི་བསྟན་བཅོས་དང་། འབྱུང་པོ་རིག་པའི་བསྟན་བཅོས་དང་། རྨུགས་བྱེད་རིག་པའི་བསྟན་བཅོས་ དང་། གཞོན་ནུ་རྩེ་བའི་བསྟན་བཅོས་དང་། བཟའ་བའི་བསྟན་བཅོས་དང་། རྒྱན་པོའི་བསྟན་བཅོས་དང་། མཆོང་བའི་བསྟན་བཅོས་དང་། སྒྱུ་མ་བྱེད་པའི་བསྟན་བཅོས་དང་། ཉོ་ཚོང་གི་བསྟན་བཅོས་དང་། ཤན་པའི་བསྟན་བཅོས་དང་། ཆང་འཚོང་གི་བསྟན་བཅོས་ དང་། འཁྲིག་པའི་བསྟན་བཅོས་དང་། འགྲོ་བའི་བསྟན་བཅོས་དང་། ཀུན་ཏུ་འཚོ་བ་ལ་རྨོངས་པའི་བསྟན་བཅོས་དང་། ཉལ་བའི་བསྟན་བཅོས་དང་། རེངས་བྱེད་ཀྱི་བསྟན་བཅོས་དང་། རྣམ་པར་རྨོངས་བྱེད་ཀྱི་བསྟན་བཅོས་དང་། སྦྲུལ་བཟུང་བའི་བསྟན་བཅོས་དང་། གཞན་གང་དག་དེ་ལས་ གཞན་པ་གང་རྣམ་པར་ཐར་པ་དང་། མི་འཐུན་པའི་བསྟན་བཅོས་དང་། གང་ཀུན་ཏུ་རྨོངས་པར་འཇུག་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པས་ཡོངས་སུ་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཐར་པ་ལ་ཐོགས་པར་ གྱུར་པའི་ཕྱིར་རོ། །མྱ་ངན་སེལ་བ་གཞན་ཡང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེས་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལ་མངོན་པར་བརྩོན་པར་བྱ། སེམས་ཅན་བསྡུ་བའི་ཕྱིར་བདག་ཉིད་ སྣོད་དུ་བྱ། ཇི་ལྟར་འདིའི་ཚིག་གཟུང་བར་འགྱུར་བར་བྱ་སྟེ། རིགས་ཀྱི་བུ་ཇི་ཙམ་དུ་བག་ཙམ་ཡང་དུས་མ་ཡིན་པར་སྨྲ་བ་ནི་གཟུང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དུས་དང་རིགས་པར་ཚིག་དབྱུང་བར་བྱའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། གྲོགས་པོ་གཉིས་ཤིག་བྱུང་སྟེ། སྔོ་བསངས་དགའ་ཞེས་བྱ་བ་དང་། བླ་མ་ཞེས་བྱ་སྟེ་དེ་གཞན་ཞིག་ན། རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་གོ། །གཅིག་ནི་རྒྱལ་པོ་ལ་བསྟེན། གཉིས་པ་ནི་སྨད་འཚོང་མ་ལ་བསྟེན་ཏོ། །དེ་ལ་གང་སྨད་འཚོང་མ་ལ་བསྟེན་པ་ནི་སྔོ་བསངས་དགའོ། །གང་རྒྱལ་པོ་ལ་བསྟེན་པ་དེ་ནི་བླ་མའོ། །དེ་ལ་ གང་རྒྱལ་པོ་ལ་བསྟེན་པ་སྟེན་གྲོགས་བླ་མ་དེ་ནི་རིགས་པར་སྨྲ་ཞིང་དུས་སུ་སྨྲའོ། །གང་སྨད་འཚོང་མ་ལ་བསྟེན་པ་སྟེན་གྲོགས་སྔོ་བསངས་དགའ་དེ་ནི་དུས་མ་ཡིན་པར་སྨྲ་ཞིང་། རིགས་པ་མ་ཡིན་པ་སྨྲ་སྟེ། དེ་སྨད་འཚོང་མ་དེ་དག་གིས་ཆང་བླུད་ནས་ར་རོ་བར་རིག་པ་དང་། རྩྭ་སྟན་གྱིས་དཀྲིས་ནས་ ལམ་གྱི་བཞི་མདོར་བོར་རོ། །མཚུངས་པ་མ་ཡིན་པས་སློབ་མ་དེ་དུས་མ་ཡིན་པའི་ཚིག་དེ་དང་རིགས་པ་མ་ཡིན་པའི་ཚིག་དེ་ལས་ཉོན་མོངས་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། སྟེན་གྲོགས་བླ་མ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་ མི་ལྟ་སྟེ། ང་དེའི་ཚེ་དེའི་དུས་ན་སྟེན་གྲོགས་བླ་མ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྟེན་གྲོགས་སྔོ་བསངས་དགའ་ཞེས་བྱ་བར་གྱུར་པ། དུས་མ་ཡིན་པར་སྨྲ་ཞིང་རིགས་པ་མ་ཡིན་པར་སྨྲ་བ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་ལྟ་སྟེ། ལྷ་ སྦྱིན་དེའི་ཚེ་དེའི་དུས་ན་སྟེན་གྲོགས་སྔོ་བསངས་དགའ་ཞེས་བྱ་བར་གྱུར་ཏོ། །དེ་དུས་མ་ཡིན་པར་སྨྲ་བ་དེ་དང་རང་རིགས་པ་མ་ཡིན་པར་སྨྲ་བ་དེ་ལས་ཉོན་མོངས་པར་གྱུར་ཏོ། །གང་གིས་ང་བདེ་བ་ཉམས་སུ་མྱོང་བ་ནི་འདི་ལྟ་སྟེ། ངས་ཀུན་འབྱུང་བ་དུས་སུ་སྨྲས་ཤིང་རིགས་པར་སྨྲས་པ་ཡིན་ནོ། ། གང་གིས་ལྷ་སྦྱིན་སྡུག་བསྔལ་ཉམས་སུ་མྱོང་བ་དེའི་ལས་ཀྱི་རྣམ་པར་སྨིན་པའི་རྒྱུ་ནི་འདི་ལྟ་སྟེ། དུས་མ་ཡིན་པར་སྨྲ་ཞིང་རིགས་པ་མ་ཡིན་པར་སྨྲ་བ་ཡིན་ནོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དུས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་ དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་སུ་སྨྲ་བ་ལ་ཉེ་བར་གནས་པ་དེས་ནི་དྲན་པ་རྣལ་འབྱོར་དུ་བྱས་ཏེ། མཽད་གལ་གྱི་བུ་དབང་པོ་ཉེ་བར་གནས་པའི་བྱང་ཆུབ་སེམས་དཔའ་ནི་བག་ཡོད་པ་ཞེས་བྱའོ། །དེ་བྱང་ཆུབ་སེམས་དཔའི་ཆོས་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །མཽད་ གལ་གྱི་བུ་བྱང་ཆུབ་སེམས་དཔའི་ཆོས་དེ་དག་ཀྱང་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་མི་ཉམས་པར་བྱ་བ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མཽད་གལ་གྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཡོངས་སུ་ཉམས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་དྲན་པ་ལ་ཉེ་ བར་གནས་པ་ནི་གཏོང་བ་རྗེས་སུ་དྲན་པ་བསྒོམས་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་རྫོགས་ན་སེར་སྣ་ཟློག་སྟེ། གང་སེར་སྣ་བཟློགས་པས་གཏོང་བ་འཛིན་ཏོ། །དེ་ ཡོངས་སུ་འཛིན་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་དེ། གང་ཡོངས་སུ་འཛིན་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དེ་འཆིང་བ་གཅོད་དོ། །གང་འཆིང་བ་གཅོད་པ་དེ་ཐར་པའོ། །གང་ཐར་པ་ནི་གྲོལ་བའོ། །གྲོལ་བ་དེ་ནི་མངོན་པར་ཞེན་པ་མེད་ཅིང་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའོ། ། མཽད་གལ་གྱི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་དག་མི་འཆིང་། ཡོངས་སུ་མི་ཉམས་པར་བྱེད་པའོ། །མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པ་མེད་པ་ན། ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་ དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ཚོགས་རྣམས་ཀྱིས་སྟོན་པར་རིག་པར་བྱ། འདྲེན་པར་རིག་པར་བྱ། ཡོངས་སུ་འདྲེན་པར་རིག་པར་བྱ། སྒྲོན་མ་འཛིན་པར་རིག་པར་བྱ། སྣང་བ་བྱས་པ་རིག་པར་བྱ། དེ་བཞིན་དུ་སྦྱར་ཏེ་གསལ་བར་བྱེད་པ་དང་། སྟོན་པ་དང་། ཁྲིད་པར་བྱེད་པ་དང་། ཞི་བར་བྱེད་པ་དང་། རབ་ཏུ་ཞི་བར་བྱེད་པར་རིག་པར་བྱ། དགའ་བར་བྱེད་པ་དང་། རྒྱས་པར་བྱེད་པ་དང་སྔོན་དུ་འགྲོ་བ་དང་། མདུན་དུ་འགྲོ་བ་དང་། མཐར་བྱེད་པར་རིག་པར་བྱ། སྒྲོལ་བ་དང་། ཕ་རོལ་དུ་འགྲོ་བ་དང་། འོད་བྱེད་པ་དང་། བདེ་བྱེད་དུ་རིག་པར་བྱ། གནས་དང་། མགོན་དང་། སྐྱབས་དང་། ཕ་རོལ་དུ་འགྲོ་བ་དང་། མི་འཇིགས་པར་བྱེད་པ་ཞེས་རིག་པར་བྱའོ། །མཽད་གལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་དེ་དག་ལས་སྙིང་རྗེ་ཆེན་པོ་འཐོབ་སྟེ། ཀྱེ་མ་སེམས་ཅན་འདི་དག་ནི་མགོན་མེད་པ་སྟེ། ཁ་ཅིག་སྡུག་བསྔལ་ལས་ངེས་པར་འབྱུང་ཞིང་འདོད་པའི་བདེ་བ་འདོད། ཁ་ཅིག་ནི་སྡུག་བསྔལ་ལས་ངེས་པར་འབྱུང་ཞིང་། སྙོམས་པར་འཇུག་པའི་བདེ་བ་འདོད་པ་ནི་ལམ་རབ་ཏུ་ཉམས་པ། ལམ་གོལ་བར་ཞུགས་པ། ལམ་ངན་པའི་རྗེས་སུ་འབྲང་བའོ་སྙམ་མོ། །མཽད་གལ་གྱི་བུ་སྔོན་ བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། སྟོན་པ་དབེན་པར་སྤྱོད་པ་ཞེས་བྱ་བ་བྱུང་སྟེ། དེ་སེམས་ཅན་རྣམས་འདོད་པའི་རབ་ཏུ་གནོད་པ་ལས་ངེས་པར་གྲོལ་བ་དང་། ངེས་པར་འབྱུང་བ་ལ་འཇོག་པར་བྱེད་དེ། དེས་དག་པར་ཡང་ འཛིན་ཏོ། །དེས་སྐྱེ་བོ་མང་པོ་ཡང་དག་པར་འཇོག་སྟེ། གང་གི་ཚེ་སེམས་ཅན་དག་འདོད་པ་རྣམས་ལ་དབེན་པ་འཐོབ་ཅིང་རེ་ཞིག་འདིས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་དེ། དེས་སྐྱེ་བོའི་ཚོགས་མང་པོ་འདོད་པ་ལས་དབེན་པ་ལ་རབ་ཏུ་བཙུད་དོ། །དེ་དག་ཀྱང་འདོད་ པ་ལས་དབེན་པ་མཐར་ཕྱིན་ཏོ་སྙམ་པའི་འདུ་ཤེས་སུ་གྱུར་ཏོ། །གང་གི་ཚེ་སེམས་ཅན་རྣམས་འདོད་པ་ལས་དབེན་པ་སྐྱེ་བར་གྱུར་པ་དེའི་ཚེ། མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་ཟེར་ཏེ། ཡང་ལུས་མི་སྐྱེད་དོ། །དེས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བཟོད་པ་དེ་ལ་བཙུད་དེ་དེ་དག་ཐར་ པའོ་སྙམ་པའི་འདུ་ཤེས་ཀྱི་འཆི་བའི་དུས་བྱས་ནས། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་མཐོང་ངོ་། །དེ་དག་འདི་སྙམ་དུ་གྱུར་ཏེ་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་ཆོས་ལོག་པའོ། །འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ལམ་འདི་ནི་ལམ་ལོག་པའོ་སྙམ་མོ། །དགེ་སྦྱོང་ དང་བྲམ་ཟེ་གང་དག་མྱ་ངན་ལས་འདས་སོ་ཞེས་སྨྲ་བ་དེ་དག་ནི་ལོག་པར་སྨྲ་བ་ཡིན་ཏེ། དེ་དག་སྐྱེས་མ་ཐག་ཏུ་དེས་ཚངས་པའི་གཞལ་མེད་ཁང་མཐོང་བ་ཡང་མི་སྣང་བར་གྱུར་ཅིང་སེམས་ཅན་དམྱལ་བ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ལྟ་བས་ན་ལམ་གཞན་གྱིས་ཐར་བ་མ་གཏོགས་པར་འདོད་པ་ལས་ངེས་པར་ འབྱུང་བ་ནི་ཐར་པ་མ་ཡིན་ནོ། །གང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ནི་བསམ་གཏན་གྱི་བདེ་བས་ཐར་པར་འདོད་པ་ཡང་ཡོད་དོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་རིགས་མཆོག་མ་ཡིན་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ འདོད་པ་རྣམས་ལ་འཆིང་བར་འདུ་ཤེས་ནས། འདོད་པ་སྤོང་ཞིང་འབྱུང་སྟེ། དེ་མངོན་པར་བྱུང་ནས་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་བསམ་གཏན་དང་པོ་ཐོབ་ནས་དེ་འདི་སྙམ་དུ་གྱུར་ཏེ། གང་ལ་རྟོག་པ་དང་དཔྱོད་པ་དག་འཇུག་པའི་ས་འདི་ནི་རབ་ཏུ་མ་ཞི་བ་ཡིན་ཏེ། འདི་བས་ཅུང་ ཞིག་གོང་ན་ཞི་བ་ཉིད་དང་། གྱ་ནོམ་པ་ཉིད་ཡོད་དོ་སྙམ་ནས་དེས་བསམས་ཏེ་རྟོག་པ་མེད་པའི་བསམ་གཏན་ཐོབ་ནས་དེ་འདི་སྙམ་དུ་གྱུར་ཏེ། གང་ལ་རྟོག་པ་དང་དཔྱོད་པ་དག་མི་འབྱུང་བ་འདི་ནི། མྱ་ངན་ལས་འདས་པ་ཡིན་ཏེ། འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ། །གང་ལ་རྟོག་པ་དང་དཔྱོད་ པ་དག་མེད་པ་དེ་ཡང་དང་ཡང་དུ་སྐྱེ་བར་མི་འཇུག་ལ་ཉེ་བར་ལེན་པ་ཅུང་ཟད་ཀྱང་མེད་དེ་འདི་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའོ་སྙམ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ནས། སྲོག་ཆགས་འབུམ་ཕྲག་དྲུག་བཟོད་པ་འདི་ལ་བཙུད་དོ། །དེ་དག་ཀྱང་འདི་སྙམ་དུ་གྱུར་ཏེ། རྟོག་པ་དང་ དཔྱོད་པ་འདི་དག་སྤངས་ན་དེའི་སྐྱེ་བ་མི་འཇུག་སྟེ་དེ་ཡང་དང་ཡང་དུ་སྐྱེ་བ་མི་འཇུག་པ་འདི་ནི་མྱ་ངན་ལས་འདའ་བ་ཐོབ་བོ་སྙམ་མོ། །དེ་ལྟར་བཟོད་པ་དང་སྣང་བ་ལ་དགའ་བ་དེ་དག་ལ་འོད་གསལ་གྱི་གཞལ་མེད་ཁང་དག་བྱུང་བར་གྱུར་ཏོ། །དེ་ལྟར་གཞལ་མེད་ཁང་དེ་དག་མཐོང་ནས་འདི་སྙམ་ དུ་གྱུར་ཏེ། འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་ལོག་པར་འཛིན་པའོ། །གང་དགེ་སྦྱོང་དང་བྲམ་ཟེ་མྱ་ངན་ལས་འདས་པར་སྨྲ་བ་དེ་དག་ནི་ལོག་པར་ཞུགས་པའོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ལ་ནི་གཞལ་མེད་ཁང་མེད་དོ་སྙམ་ནས། དེ་དག་མཐོང་བ་ཐོབ་མ་ཐག་ཏུ་གཞལ་ མེད་ཁང་དེ་དག་མི་སྣང་བར་གྱུར་ཅིང་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏོ། །དེའི་ཚེ་བྲམ་ཟེ་མངོན་པར་ཤེས་པ་ལྔ་དང་ལྡན་ཞིང་རྣམ་པར་ལྟ་བ་པ་ཤེས་པ་སྣ་ཚོགས་ཡོད་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེས་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་པ་དེ་དག་མཐོང་ནས་དེ་འདི་སྙམ་དུ་གྱུར་ཏེ། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་རབ་ཏུ་ཉམས་པ་སྟེ། འདི་ལྟར་སེམས་ཅན་ལོག་པར་འཛིན་པ་འདི་དག་སེམས་ཅན་དམྱལ་བ་ཆེན་པོར་རབ་ཏུ་ལྟུང་ངོ་སྙམ་མོ། །དེ་ལྟ་བུའི་ཏིང་ངེ་འཛིན་མཉམ་པར་གཞག་པ་ལ་ཇི་ལྟར་སེམས་མཉམ་པར་གཞག་པའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་དེས་སེམས་ཅན་དམྱལ་བ་ ཆེན་པོ་དེ་དག་ཐམས་ཅད་བསིལ་བར་བྱས་སོ། །བསིལ་བར་བྱས་ནས་སྒྲ་ཕྱུང་བ། ཀྱེ་སེམས་ཅན་དག་མྱ་ངན་ལས་འདས་པ་ཡོད་དེ། ཁྱོད་ཀྱིས་སྔོན་མྱ་ངན་ལས་འདས་པ་མ་ཐོས་ཤིང་། ཁྱོད་ཀྱིས་མྱ་ངན་ལས་འདས་པ་མ་ཡིན་པ་ལ་མྱ་ངན་ལས་འདས་པར་འདུ་ཤེས་ཏེ། དེས་ན་ཁྱེད་ཅག་དམྱལ་བར་ སྐྱེས་སོ། །ཁྱེད་ཅག་གིས་ལྟ་བར་གྱུར་པ་འདི་དག་ལེགས་པར་ཐོང་ཤིག །འོན་ཏང་ཁྱེད་ཅག་མྱ་ངན་ལས་འདས་པ་འཐོབ་བོ། །སེམས་ཅན་དེ་དག་གིས་དེའི་ཚིག་དེ་ཐོས་ནས་ལྟ་བར་གྱུར་པ་དེ་དག་བཏང་སྟེ། མྱ་ངན་ལས་འདས་པའི་འདུ་ཤེས་སྐྱེས་སོ། །དེ་དག་མྱ་ངན་ལས་འདས་པའི་ འདུ་ཤེས་སྐྱེས་མ་ཐག་ཏུ། སེམས་ཅན་དམྱལ་བ་ཆེན་པོ་དེ་ལས་ཤིའོ། །དེ་ཤི་ནས་སྟོན་པ་ཤེས་པ་སྣ་ཚོགས་ཡོད་པ་དེའི་དྲུང་དུ་ལྷགས་སོ། །དེ་དག་ཤེས་པ་སྣ་ཚོགས་ཡོད་པ་དེས་བསྟན་བཅོས་ནས་དགྲ་བཅོམ་པ་འཐོབ་པའི་བར་དུ་སྟོན་ཏོ། །མཽད་གལ་གྱི་བུ་དེའི་ཚེ་ དེའི་དུས་ན་སྟོན་པ་ཤེས་པ་སྣ་ཚོགས་ཡོད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་སྟོན་པ་ཤེས་པ་སྣ་ཚོགས་ཡོད་པར་གྱུར་ཏོ། །མཽད་གལ་གྱི་བུ་སེམས་ཅན་དག་ཡུན་རིང་པོ་ནས་ལོག་པར་མངོན་པར་ཞེན་པས་བསླུས་ཏེ། མཽད་གལ་གྱི་ བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ལོག་པས་མངོན་པར་ཞེན་པ་ལ་མངོན་པར་ཞེན་པ་མེད་པར་བྱའོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་ཤེས་པ་ལ་རབ་ཏུ་འབད་པར་བྱའོ། །དགེ་བའི་བཤེས་གཉེན་ཡང་ཡོངས་སུ་བཙལ་བར་བྱའོ། །མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་དང་འབྲེལ་པའོ། །མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་བསྟེན་པར་མི་བྱ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་བསྟེན་པར་མི་བྱའོ། །མཽད་གལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་ པ་དང་། ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའི་སྡིག་པའི་གྲོགས་པོ་མ་ཡིན་གྱི། གཞན་དུ་ན་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་པས་བྱང་ཆུབ་སེམས་དཔའི་ ཚུལ་ཁྲིམས་གཞིག་པར་མི་ནུས། ལོག་པར་ལྟ་བས་བྱང་ཆུབ་སེམས་དཔའི་ལྟ་བ་གཞིག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་འཆལ་པར་བྱ་མི་ནུས། ལྟ་བ་ལོག་པས་བྱང་ཆུབ་སེམས་དཔའི་ལྟ་བ་ལོག་པར་བྱ་མི་ནུས་ཀྱི། ཉན་ཐོས་ ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པས་ནི་བྱང་ཆུབ་སེམས་དཔའ་ཟག་པ་མེད་པའི་ཤེས་པ་ལ་འཇུག་པར་མི་ནུས་སོ། །དེ་ལྟ་བས་ན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ནི་བྱང་ཆུབ་སེམས་དཔའི་སྡིག་པའི་གྲོགས་པོ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའི་ ཐེག་པ་ལ་ཡང་དག་པར་གནས་པས་ཚུལ་ཁྲིམས་འཆལ་པའམ། ལྟ་བ་ལོག་པ་དང་ལྷན་ཅིག་དགའ་བར་བྱས་པ་ནི་རུང་གི །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་དག་ནི་དེ་ལྟ་མ་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་དང་ལྟ་བ་ལོག་པ་ནི་བྱང་ཆུབ་སེམས་དཔའི་རིང་དུ་སོང་བ་ཡིན་ལ། ཉན་ཐོས་དང་རང་ སངས་རྒྱས་ཀྱི་ཐེག་པ་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་མཐར་བྱེད་པ་གསོད་པའི་ཚུལ་དུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་སོ་སོར་མ་བརྟགས་པའི་ཐེག་པ་ལ་ཡང་དག་པར་གནས་པ་དེ་ནི་སོ་སོར་འབད་པ་མི་ནུས་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཉན་ ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་དགའ་བར་མི་བྱའོ། །སེང་གེ་དང་། ཝ་ལྷན་ཅིག་དགའ་བར་བྱེད་པ་ནི་རིགས་པ་མེད་དེ་ཇི་ལྟར་ཝ་ལྟ་བུ་དེ་ལྟར་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་པ་ཡིན་པར་བལྟའོ། །ཇི་ལྟར་སེང་གེ་ལྟ་བུ་དེ་ལྟར་ནི་བྱང་ ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པ་ཡིན་པར་རིགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ནི་བདག་ལ་ཕན་པར་ཞུགས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་ལ་ཕན་པར་ཞུགས་པ་ཡིན་ནོ། །ཉན་ཐོས་ནི་བདག་གི་ལམ་ཤེས་ཀྱི། བྱང་ཆུབ་སེམས་ དཔའ་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལམ་རབ་ཏུ་ཤེས་སོ། །ཉན་ཐོས་ནི་བདག་གི་སེམས་རྣམ་པར་སྦྱོང་གི །བྱང་ཆུབ་སེམས་དཔའ་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་པར་སྦྱོང་ངོ་། །ཉན་ཐོས་དང་རང་སངས་རྒྱས་ནི་བདག་གི་ཉོན་མོངས་པ་རྣམས་ཞི་བར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་གྱི་ཉོན་མོངས་པ་རྣམས་ཞི་བར་བྱེད་དོ། །ཉན་ཐོས་ནི་ལམ་གཅིག་ནས་འབྲོས་ཀྱི། བྱང་ཆུབ་སེམས་དཔའ་ནི་ལམ་ཆེན་པོ་ནས་འགྲོའོ། །ཉན་ཐོས་དང་རང་སངས་རྒྱས་དག་ཉོན་མོངས་པ་སྤངས་ལ། བག་ཆགས་མ་སྤངས་ཀྱི། བྱང་ཆུབ་སེམས་ དཔའ་ནི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཉོན་མོངས་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པ་ཡང་སྤངས་སོ། །ཉན་ཐོས་ནི་གཞན་གྱིས་བསྟན་པའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའི། བྱང་ཆུབ་སེམས་དཔའ་ནི་རང་བྱུང་གི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའོ། ། ཉན་ཐོས་དག་གི་དམ་པའི་ཆོས་ནི་མི་གནས་ཀྱེ། བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གནས་སོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ནི་སྟོབས་ཕུན་སུམ་ཚོགས་པ་མེད་ཀྱི། བྱང་ཆུབ་སེམས་དཔའ་དག་ལ་ནི་ བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སྟོབས་བཅུ་ཕུན་སུམ་ཚོགས་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ནི་མི་འཇིགས་པ་ཕུན་སུམ་ཚོགས་པ་མེད་ཀྱི། སངས་རྒྱས་དག་ལ་ནི་མི་འཇིགས་པ་ཕུན་སུམ་ཚོགས་པ་མངའོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ནི་དེ་བཞིན་གཤེགས་ པའི་སོ་སོར་ཡང་དག་པར་རིག་པ་མེད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ཐུན་མོང་མ་ཡིན་པའི་སོ་སོར་ཡང་དག་པའི་རིག་པ་མངའོ། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ནི་མཚན་མེད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ཐུན་མོང་མ་ཡིན་པའི་མཚན་མངའོ། །དེ་བཞིན་གཤེགས་པའི་སོ་སོ་ ཡང་དག་པར་རིག་པ་ལ་སློབ་པ་ནི་དཔེས་བསྟན་པ་དེ་བཞིན་ཉིད་ཡོད་དོ། །དཔེས་བསྟན་པ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མི་ཤེས་པ་དེ་གང་གིས་ཚུལ་འདི་ལྟ་བུ་དེ་ལས་གཞན་པ་སྡིག་པ་མི་དགེ་བའི་ཆོས་དཔག་ཏུ་མེད་པ་དག་གིས་ཀུན་ནས་དཀྲིས་པའི་སེམས་སངས་རྒྱས་ ཀྱི་ཡོན་ཏན་དང་མཉམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་དེ་དག་ལ་སློབ་པ་ནི་ལམ་འདི་ལྟ་བུ་ཁོང་དུ་ཆུད་པའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱི་རྨོངས་པར་བྱ་མི་ནུས་ཏེ། དེས་ན་བྱང་ཆུབ་སེམས་དཔའ་འདི་ནས་ཤི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་དོན་མེད་ཅིང་མིག་ཕྱུང་བ་དགེ་བའི་ཕྱོགས་དང་མི་འཐུན་པ་ལ་མངོན་པར་ཞུགས་པ་ལས་ངན་པའི་དབང་གིས་གང་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་འདོད་པ་དེ་དག་གལ་ཏེ་བརྒྱ་ལ་མཐོང་ན་མི་འཐུན་པ་དང་ཉམ་ང་བ་འཐོབ་སྟེ། དེ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་སོ། །འདི་ལྟ་སྟེ་དཔེར་ན། མི་ཞིག་ལ་སྦྲུལ་ནག་པོས་ཟིན་ན་སྦྲུལ་ལ་གནོད་པར་སེམས་ཀྱི་དུག་སྤང་བའི་ཕྱིར་འབད་པར་ནི་མི་བྱེད་དོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ལྷའི་འདོད་པའི་དགའ་བ་ལ་མི་བདེ་བར་ སེམས་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་འབད་པར་ནི་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྡུག་བསྔལ་གྱི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱ་བར་འདོད་ཅིང་། དོན་མ་ཡིན་པ་བཟློག་པར་འདོད་ པས་ལས་རྣམས་ཀྱི་རྒྱུ་ཉོན་མོངས་པ་དག་སོ་སོར་ཤེས་པར་བྱའོ། །མཽད་གལ་གྱི་བུ་ཉོན་མོངས་པ་གང་གིས་ལས་ཡང་དག་པར་ལེན་པ་ངས་ཤེས་ཤིང་མཐོང་བ་སྨྲས། ཟག་པ་ཟད་པ་མ་ཤེས་མ་མཐོང་བ་ཡང་ངས་སྨྲ་སྟེ། ཅི་ཤེས་ཅི་མཐོང་ཞེས་ན་འདི་ལྟ་སྟེ། ཚུལ་བཞིན་ ཡིད་ལ་མི་བྱེད་པའོ། །ཚུལ་བཞིན་མ་ཡིན་པ་གང་ཞེ་ན། མུན་པའི་ཚོགས་གསུམ་དག་གོ། །ཚུལ་བཞིན་གང་ཞེ་ན། རྣམ་པར་ཐར་བའི་སྒོ་གསུམ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །གང་གི་ཚེ་སྟོང་པ་ཉིད་ལ་གནས་པ་དེའི་ཚེ་བདག་དང་བདག་གི་འམ། རྟག་པའམ་ བརྟན་པའམ། ཞི་བའམ་ཐེར་ཟུག་པ་ཞེས་སོམ་ཉི་མེད་ཅིང་ཐེ་ཚོམ་མེད་དོ། །དེའི་ངེས་པར་གྱུར་པ་རྟོགས་ནས་དེར་བདག་མེད་ཅིང་བདག་གི་མེད་པ་དེའི་ཚེ་མུན་པ་རྨོངས་པ་འདི་བཅོམ་པར་འགྱུར་ཏེ། དཔེར་ན་སྣང་བ་བྱུང་བས་མུན་པ་མེད་པར་འགྱུར་རོ། །དེ་བཞིན་དུ་སྟོང་པ་ཉིད་དག་ལ་ངེས་པར་གྱུར་ པས་མུན་པའི་ཚོགས་ལ་འཇིགས་པར་མི་འགྱུར་རོ། །དེས་ན་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པར་འགྱུར་ཞིང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་སྒོ་འབྱེད་པར་འགྱུར་ཏེ། འདི་ལྟ་སྟེ་གནས་ཤེས་པ་དང་། གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང་། གནས་ཤེས་པ་འགོག་པ་ཤེས་ པ་དང་། གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ནས་དེ་བཞིན་དུ་སྦྱར་ཏེ། ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པའི་བར་དུའོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མུན་པ་རྨོངས་པའི་ཚོགས་གསུམ་དག་ཤེས་པར་བྱས་ལ། རྣམ་པར་ཐར་པའི་སྒོ་གསུམ་དག་ལ་སོ་སོར་བརྟག་པར་བྱ་ཞིང་། སྟོབས་བཅུ་དག་ལ་སྨོན་ལམ་གདབ་པར་བྱའོ། །འཇིག་ ཚོགས་དང་མུན་པའི་ཚོགས་ཀྱིས་བསྒྲིབས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་སེམས་ཅན་རྣམས་ཀྱི་མུན་པའི་ཚོགས་ཡང་དག་པར་བསྟན་པའི་ཕྱིར་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་གྲངས་མེད་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་བ་མངོན་པར་ཤེས་པ་ལྔ་ཡོད་པ་གསེར་ལྡན་ཞེས་བྱ་བ་ཞིག་བྱུང་ངོ་། །དེས་སྔོན་གྱི་གནས་ཤེས་པ་ཐོབ་སྟེ། དེ་ཇི་ལྟ་བུའི་ཚུལ་གྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ལ་དེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས། སྔོན་གྱི་བདག་གི་ངོ་བོ་ཉིད་རྗེས་སུ་ དྲན་ནོ། །འདས་པའི་དུས་ན་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འོད་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །བདག་གིས་དྲང་སྲོང་མངོན་པར་ཤེས་པ་ལྔ་ཡོད་པ་གཟི་བརྗིད་དྲག་པ་དེ་ལས་གང་སྲོག་གཅོད་པ་དེ་ངན་སོང་གི་ལམ་འཛིན་ཏོ། །གང་སྲོག་གཅོད་པ་སྤངས་པ་དེ་མཐོ་ རིས་ཀྱི་ལམ་འཛིན་ཏོ། །གང་ཉོན་མོངས་པ་ཟད་པའི་ལམ་འཛིན་པ་དེ་ཐམས་ཅད་མཁྱེན་པའི་ལམ་འཛིན་ཏོ་ཞེས་ཐོས་སོ། །དེ་བདག་གིས་ཐོས་ནས་འདི་སྙམ་དུ་གྱུར་ཏེ་ཤེས་པ་གང་ཐོབ་པས་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་རབ་ཏུ་ཤེས་པ་འདི་ལྟ་སྟེ། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་ པ་འདི་ལྟར་ཤེས་པ་དེ་འཐོབ་པ་དེ་ནི་ལེགས་སོ། །དེ་ནི་རབ་བོ་སྙམ་མོ། །དེ་འདི་སྙམ་དུ་གྱུར་ཏེ། རྒྱུ་གང་གིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པའི་ལམ་དུ་འགྱུར། དེ་འདི་སྙམ་དུ་རབ་ཏུ་ཤེས་ཏེ། ཐམས་ཅད་དུ་འགྲོ་བའི་ལམ་སྒྲུབ་པའི་རྒྱུ་ནི་ལས་མངོན་པར་འདུ་བྱེད་པའོ། །ལས་ མངོན་པར་འདུ་བྱེད་པའི་རྒྱུ་གང་ཡིན། དེ་འདི་སྙམ་དུ་གྱུར་ཏེ། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ནི་ལས་མངོན་པར་འདུ་བྱེད་པའི་རྒྱུའོ། །དེ་འདི་སྙམ་དུ་གྱུར་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གི་རྒྱུ་གང་ཡིན། དེ་འདི་སྙམ་དུ་གྱུར་ཏེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ལས་དང་ ཉོན་མོངས་པའི་རྒྱུ་ཡིན་ཏེ། ཚུལ་བཞིན་མ་ཡིན་པར་ཞུགས་པ་ནི་ཉོན་མོངས་པ་སྐྱེ་ཞིང་ཉོན་མོངས་པས་ལུས་དང་ངག་དང་ཡིད་ཀྱི་ལས་མངོན་པར་འདུ་བྱེད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ནས་སློང་བས་དབང་པོ་དྲུག་མངོན་པར་འགྲུབ་སྟེ། དེ་ལ་ གནས་ནས་ཡང་ཉོན་མོངས་པ་འགྲུབ་པོ། །ཡང་ཉོན་མོངས་པ་ལས་ལས་འགྲུབ་སྟེ། དེའི་ལས་ཀྱིས་ཡང་རྣམ་པར་སྨིན་པ་དབང་པོ་དྲུག་འགྲུབ་སྟེ། དེ་ལྟར་སྔོན་གྱི་མཐའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རབ་ཏུ་མི་ཤེས་སོ། །གང་དུ་སེམས་ཅན་དག་རབ་ཏུ་ཉམས་པ་ཡང་དག་ པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ན་ཤེས་པ་གང་གིས་སྡུག་བསྔལ་བར་མི་འགྱུར་བ་དེ་ཇི་ལྟར་འཐོབ་པར་འགྱུར། སྨྲས་པ། གང་གིས་ཉོན་མོངས་པར་མི་འགྱུར་བ་ནི་ཚུལ་བཞིན་དུ་སོ་སོར་རིག་པ་སྟེ་ཉོན་མོངས་པ་མེད་ན། ལས་མངོན་པར་འདུ་བྱེད་པ་མེད་ལ། ལས་མངོན་པར་འདུ་བྱེད་པ་མེད་ན། དབང་པོ་དྲུག་འགྲུབ་པ་མེད་དེ་གང་ལས་མངོན་པར་འགྲུབ་པ་མེད་ན་དེ་མྱ་ངན་ལས་འདའོ། །ཚུལ་བཞིན་མ་ཡིན་པ་འདི་ནི་འཁོར་བ་ཡིན་ལ། ཚུལ་བཞིན་ནི་མྱ་ངན་ལས་འདས་པའོ། །ཚུལ་བཞིན་མ་ཡིན་པས་ནི་འཇུག་པར་འགྱུར་ལ། ཚུལ་བཞིན་གྱིས་ནི་ཕྱིར་ལྡོག་པར་འགྱུར་རོ། ། ཚུལ་བཞིན་མ་ཡིན་པས་ནི་འཁོར་བའི་འཁོར་ལོར་འཁྱམ་ལ་ཚུལ་བཞིན་གྱིས་ནི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཚུལ་བཞིན་མ་ཡིན་པས་ནི་འཆིང་ལ། ཚུལ་བཞིན་གྱིས་ནི་འཐར་རོ། །གང་དེ་ལྟར་ཤེས་པ་ནི་འཁོར་བའི་ལམ་ལས་ཐར་ཞིང་མྱ་ངན་ལས་འདས་པའི་ལམ་འཐོབ་སྟེ། དེའི་སྡུག་ བསྔལ་དག་ལྡོག་གོ། །འདི་ལྟ་སྟེ། དེས་ལས་ཐམས་ཅད་ཀྱི་རྣམ་པར་སྨིན་པ་དབང་པོ་དྲུག་གི་ཤེས་པ་ཐོབ་ནས་སྐྱེ་བོའི་ཚོགས་དེར་རབ་ཏུ་བཙུད་དོ། །དེ་དགེ་བའི་རྩ་བ་དེས་ཆོས་ཐམས་ཅད་ཀྱི་རིགས་པ་རབ་ཏུ་ཤེས་ནས། དང་པོར་བཟོ་བྱུང་བ་ཐམས་ཅད་བྱེད་དོ། །དེས་སེམས་ཅན་ཐམས་ཅད་ རྗེས་སུ་གཟུང་བའི་ཕྱིར་ཐོག་མར་ལུས་ཀྱི་ནད་རྣམས་ཀྱི་སྨན་དཔྱད་ཚེའི་རིག་བྱེད་བསྟན་ཏོ། །དེའི་འོག་ཏུ་སེམས་ཅན་རྣམས་ནད་མེད་པར་བྱ་བའི་བསམ་པས་ཡོ་བྱད་བསགས་པའི་དོན་དུ་ཐ་སྙད་ཀྱི་ཆོས་ལུགས་བསྟན་ཏོ། །དེའི་འོག་ཏུ་བདག་ཉིད་ཀྱི་ཡོ་བྱད་བསགས་པར་བྱ་བའི་ཕྱིར་དང་། ཡང་དག་ པར་བསྲུང་བར་བྱ་བའི་ཕྱིར་འཕོང་གི་དཔྱད་བསྟན་ཏོ། །དེའི་འོག་ཏུ་བརྩམ་པ་འགྲུབ་པར་བྱ་བའི་ཕྱིར་སྐར་མའི་ཤེས་པ་བསྟན་ཏོ། །དེ་ནས་སྡུག་བསྔལ་བཟློག་པར་བྱ་བའི་ཕྱིར་དང་། བདེ་བ་ཐོབ་པར་བྱ་བའི་ཕྱིར་ཐར་བའི་ཤེས་པ་བསྟན་ཏོ། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ བསལ་བར་བྱ་བའི་དོན་དུ་བཟོའི་གནས་དང་ལས་ཀྱི་གནས་རྣམ་པ་དུ་མ་དག་རབ་ཏུ་བསྟན་ཏོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་དྲང་སྲོང་གསེར་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་གསེར་ལྡན་ཞེས་བྱ་བར་གྱུར་ཏོ། ། ང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་ནས། བཟོའི་གནས་དང་ལས་ཀྱི་གནས་ཤེས་པ་དེ་དག་ཐམས་ཅད་རབ་ཏུ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ཚེ་གསེར་ལྡན་དྲང་སྲོང་དུ། །ང་གྱུར་དཀའ་ཐུབ་དྲག་པོ་ཡིན། ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ལས་དེ་དག་ནི་རབ་ཏུ་བསྟན། །དང་པོར་ཚེ་ཡི་རིག་བྱེད་དེ། །དེ་ཡི་འོག་ཏུ་འཕོང་དཔྱད་དོ། །སྐར་དཔྱད་ཟུག་རྔུ་བྱེད་པ་དང་། །གོང་དག་ཏུ་ནི་མཚན་ཉིད་དོ། །དེ་ནས་སྔོན་བྱུང་ད་ལྟར་བྱུང་། །དེ་བཞིན་དུ་ནི་མ་འོངས་དང་། །སྔོན་བྱུང་བ་དང་མ་འོངས་དང་། ། ད་ལྟར་བྱུང་བ་འདི་དག་དང་། །སྒྲ་སྦྱོར་གཏམ་ནི་གྲུབ་པ་དང་། །ས་ཤེས་པ་དང་ཁམས་སྨིན་དང་། ཁྱད་པར་དུ་ནི་ཚལ་ཤེས་དང་། །ཤེས་མཆོག་འདི་དག་ཐམས་ཅད་ནི། །སེམས་ཅན་དག་ལ་ཕན་བྱ་དང་། །སེམས་ཅན་ཇི་ལྟར་བདེ་འཚོ་དང་། །སེམས་ཅན་དག་ལ་ཕན་བསམས་ནས། ། ང་ཡིས་དུས་གསུམ་ཤེས་ལ་བཀོད། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཛམ་བུའི་གླིང་འདིར་དབང་ཕྱུག་རྒྱ་མཚོའི་ལྷ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དང་ཉེ་བ་ཞིག་ཏུ་དྲང་སྲོང་འབྲས་བུ་ཟ་བ་རྣམ་པར་གནོན་པས་འགྲོ་ཞེས་བྱ་བ་ཞིག་བྱུང་ ངོ་། །དེ་ནས་དྲང་སྲོང་རྣམ་པར་གནོན་པས་འགྲོ་བ་འབྲས་བུ་འདོད་པའི་ཕྱིར་ཚལ་དུ་ཞུགས་སོ། །དེ་ཚལ་དེར་སོང་བ་ནས་འབྲས་བུའི་ཤིང་ཕུན་སུམ་ཚོགས་པ་འབྲས་བུ་དང་། འབྲས་བུར་ལྡན་པ་ཞིག་མཐོང་ངོ་། །ཤིང་དེའི་དྲུང་ན་སྦྲུལ་གདུག་པ་ཞིག་འདུག་སྟེ། དབུགས་གདུག་པ་གཏོང་བ་རླུང་ གིས་ཁྱེར་བ་ན། ཇི་ཙམ་དུ་མིག་གིས་མཐོང་བའི་བར་ཐམས་ཅད་སྲེག་གོ། །དྲང་སྲོང་དེས་སྦྲུལ་གདུག་པ་ཉལ་ཞིང་འདུག་པ་དེ་མཐོང་ནས་འདི་སྙམ་དུ་སེམས་ཏེ། གལ་ཏེ་སྦྲུལ་གདུག་པ་འདི་སད་ན་ཇི་ཙམ་དུ་མཐོང་བ་ཐམས་ཅད་སྲེག་གོ། །གང་བདག་གི་རྫུ་འཕྲུལ་གྱི་ སྟོབས་ཀྱིས་འཛམ་བུ་གླིང་གི་སྦྲུལ་གདུག་པའི་རྫིང་དེར་དོར་བར་བྱའོ་སྙམ་མོ། །དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྦྲུལ་གདུག་པ་དེ་དག་སྦྲུལ་གདུག་པའི་རྫིང་དེར་བོར་རོ། །དེ་བོར་མ་ཐག་ཏུ་སྦྲུལ་གདུག་པའི་རྫིང་དེར་ཤི་ནས། སྦྲུལ་གདུག་པ་དེ་དག་གིས་ཟོས་སོ། །དེ་ནས་དྲང་སྲོང་ རྣམ་པར་གནོན་པས་འགྲོ་བས་སློབ་མ་རྣམས་ལ་སྨྲས་པ། བྲམ་ཟེའི་བུ་དག་ཇི་ཙམ་དུ་ད་ལྟར་བྱུང་བའི་ཉོན་མོངས་པ་སྐྱེས་ཤིང་མངོན་པར་གྲུབ་སྟེ། སྡུག་བསྔལ་ཆེན་པོར་ཞུགས་པ་འདི་ལ་ལྟོས། ངས་སྦྲུལ་གདུག་པ་འདི་སྦྲུལ་གདུག་པའི་རྫིང་དུ་ཤི་བ་མཐོང་སྟེ། སྦྲུལ་གདུག་པ་ འདི་སྔོན་མིར་གྱུར་པ་ན། ད་ལྟར་བྱུང་བའི་ཉེས་པ་མི་བཟློག་ལ་ཁོན་དུ་འཛིན་པ་ཤིན་ཏུ་ཆེར་བྱེད་པའི་ཉེས་པ་དེ་འཕེལ་བར་བྱས། ཉེས་པ་དེ་སྤྱོད་ཅིང་འདུག་གོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་ད་ལྟར་བྱུང་བའི་ཉེས་པ་བཟློག་པར་བྱའོ། །སེམས་ཅན་གང་དག་ཇི་ཙམ་དུ་ལོག་པར་ལྟུང་བ་དེ་དག་ ཐམས་ཅད་ནི་ད་ལྟར་བྱུང་བའི་ཉོན་མོངས་པ་མ་བཟློག་པ་ཡིན། སེམས་ཅན་གང་དག་ཇི་ཙམ་དུ་འདས་པའི་དུས་ན་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་ཉོན་མོངས་པ་མ་བཟློག་པ་ཡིན་ནོ། །དེ་ལྟར་འདས་པའི་དུས་སུ་དགེ་སྦྱོང་དང་བྲམ་ཟེ་དེ་དག་སྡུག་བསྔལ་མྱོང་བར་གྱུར་ཏོ། ། སེམས་ཅན་གང་དག་འདས་པའི་དུས་ན་ད་ལྟར་བྱུང་བའི་ཕྱོགས་དཀར་པོ་འཕེལ་བར་བྱེད་པ་དེ་དག་ཐམས་ཅད་ཀྱི་རྐྱེན་གྱིས་འདས་པའི་དུས་སུ་བདེ་བ་མྱོང་ངོ་། །སེམས་ཅན་གང་དག་ཇི་ཙམ་དུ་མ་འོངས་པའི་དུས་ན་བདེ་བ་མྱོང་བར་འགྱུར་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་ཕྱོགས་དཀར་པོ་འཕེལ་ བར་བྱས་པས་མ་འོངས་པའི་དུས་སུ་བདེ་བ་མྱོང་བར་འགྱུར་རོ། །སེམས་ཅན་གང་དག་ཇི་ཙམ་དུ་ད་ལྟར་བྱུང་བའི་དུས་སུ་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་ཉོན་མོངས་པ་མ་བཟློག་པ་ཡིན་ནོ། །སེམས་ཅན་གང་དག་ཇི་ཙམ་དུ་ད་ལྟར་བྱུང་བའི་དུས་སུ་བདེ་བ་མྱོང་བ་ དེ་དག་ཐམས་ཅད་ད་ལྟར་བྱུང་བའི་ཉོན་མོངས་པ་བཟློག་པ་ཡིན་ནོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་ད་ལྟར་བྱུང་བའི་ཉོན་མོངས་པ་སྤང་བ་ལ་བསླབ་པར་བྱའོ། །མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་འདི་ལྟར་བསླབ་པར་ བྱ་སྟེ། །སེམས་ཅན་གང་དག་ཇི་ཙམ་དུ་འདས་པའི་དུས་ན་བདེ་བ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་དགེ་བའི་ཆོས་ཡང་དག་པར་སྤེལ་བ་ཡིན། སེམས་ཅན་གང་དག་ཇི་ཙམ་དུ་མ་འོངས་པའི་དུས་ན་བདེ་བ་མྱོང་བར་འགྱུར་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་དགེ་བའི་ཕྱོགས་ཡང་དག་ པར་སྤེལ་བ་ཡིན་སེམས་ཅན་གང་དག་དེ་ལྟར་ན་ད་ལྟར་བྱུང་བའི་དུས་སུ་བདེ་བ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་དགེ་བའི་ཆོས་དག་ཡང་དག་པར་སྤེལ་བའི་རྒྱུ་ཡིན་ཏེ། ད་ལྟར་བྱུང་བ་ན་ཡང་ད་ལྟར་བདེ་བ་མྱོང་ངོ་། །དེ་ལྟར་ན་ད་ལྟར་བྱུང་བའི་སྡུག་བསྔལ་གྱི་རྒྱུ་ནི་འདི་ལྟ་སྟེ། ད་ལྟར་ བྱུང་བའི་རྒྱུ་ཡིན་ནོ། །དེ་ལྟ་བས་ན་ཆོས་གང་གིས་རྒྱུ་བྱས་ཤེས་ཆོས་དེ་བརྟག་པར་བྱ་སྟེ། མི་དགེ་བའི་ཕྱོགས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པས་ནི་བརྟགས་པའི་རྒྱུ་ཉིད་ཅེས་བྱའོ། །དགེ་བའི་ཕྱོགས་ལ་ཚུལ་བཞིན་ཡིད་ལ་བྱེད་པས་ནི་བྱས་པའི་རྒྱུ་ཞེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདའ་ བའི་རྒྱུ་ནི་དེ་དག་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔས་འཁོར་བའི་རྒྱུ་བཟློག་པར་བྱ་ཞིང་། མྱ་ངན་ལས་འདས་པའི་རྒྱུ་ཡང་དག་པར་སྤེལ་བར་བྱའོ། །མཽད་གལ་གྱི་བུ་ངས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་སྣ་ཚོགས་དག་མངོན་པར་འདུས་བྱས་པ་ནི་མཽད་གལ་ གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་སྒྱུ་མ་མཁན་སྒྱུ་མའི་བཟོ་ལ་ཤིན་ཏུ་བསླབ་པ་བཟོ་སྣ་ཚོགས་སྩོགས་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་སྐྱེ་བོའི་ཚོགས་མང་པོའི་མདུན་དུ་སྒྱུ་མའི་བཟོ་རྣམ་པ་སྣ་ཚོགས་དག་སྟོན་ཏེ། བར་བར་ནི་གླང་པོ་ཆེའི་ གཟུགས། བར་བར་ནི་རྟའི་གཟུགས། བར་བར་ནི་ཁྱུ་མཆོག་གི་གཟུགས། བར་བར་ནི་མི་དག་གི་གཟུགས་ཏེ། འདིའི་རྣམ་པ་སུས་ཀྱང་མི་ཤེས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། སྒྱུ་མ་མཁན་དུ་གྱུར་པ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་ དུས་ན། སྒྱུ་མ་མཁན་དུ་གྱུར་ཏོ། །ངས་དེའི་ཚེ་ཡང་སེམས་ཅན་རྣམས་ལ་སྒྱུ་མ་རྣམ་པ་སྣ་ཚོགས་བསྟན་ཏེ། ད་ལྟར་ཡང་སེམས་ཅན་རྣམས་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་སྟོན་ཏོ། །ཇི་ལྟར་སྒྱུ་མ་མཁན་སྒྱུ་མ་རྣམ་པ་སྣ་ཚོགས་སྟོན་པ་དེ་ལྟར་ཡོངས་སུ་ཤེས་པ་རྣམ་ པར་ཤེས་པ་འགྲོ་བ་ཐམས་ཅད་ཀྱི་ལམ་རྟོགས་པར་བྱེད་དེ། ཡོངས་སུ་ཤེས་པའི་སེམས་ཀྱིས་ཀྱང་མྱ་ངན་ལས་འདས་པའི་ལམ་རྣམ་པར་སྦྱོང་བར་བྱེད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་ཡོངས་སུ་ཤེས་པ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །མཽད་གལ་གྱི་བུ་ངས་ཐམས་ཅད་དུ་འགྲོ་བའི་ ལམ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུས་བྱས་པ་ནི་མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། གཙོ་བོའི་བུ་ཙན་དན་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དད་ པ་གཞལ་དུ་མེད་པ་དང་ལྡན་པ། དེ་བཞིན་གཤེགས་པ་ལ་དགའ་བ་གཞལ་དུ་མེད་པ་དང་ལྡན་པ་ཞིག་བྱུང་ངོ་། །ཇི་ལྟར་སངས་རྒྱས་ཀྱི་མཁྱེན་པའི་དོན་དུ་དེ་ཐམས་ཅད་དུ་འགྲོ་བའི་ལམ་འགོག་པའི་ཆོས་ཅན་དུ་མཐོང་སྟེ། དེ་འདི་སྙམ་དུ་གྱུར་ཏོ། །འཕགས་པའི་ཤེས་པས་ནི་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ལ། ཤེས་པ་གཞན་ལ་ཡང་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོར་འཛིན་པ་ཉིད་དེ། འདི་ལྟ་སྟེ། ལམ་ལ་འཛིན་པའམ། མྱ་ངན་ལས་འདས་པ་ལ་འཛིན་པའོ། །དངོས་པོ་ཅུང་ཟད་ཀྱང་མི་འཛིན་པ་ནི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་ནུས་ཏེ། དེ་ལྟ་བས་ན་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ལ་མངོན་པར་ཞེན་པ་མེད་པར་བྱའོ། །འདི་ལྟ་སྟེ་དཔེར་ན་གཟིངས་ལ་བརྟེན་ཏེ། ཕ་རོལ་ཏུ་ཕྱིན་ནས་གཟིངས་དོར་བར་བྱའོ། །དེ་བཞིན་དུ་རྫོགས་པའི་བྱང་ཆུབ་ཐོབ་ནས་ཐམས་ཅད་དུ་འགྲོ་བའི་ལམ་ ཤེས་པ་དོར་བར་བྱའོ། །ཇི་ལྟར་འཛིན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བར་བལྟ་བ་དེ་ལྟར་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དོར་བར་བྱ་སྟེ། དེ་ལྟར་ན་ཆོས་རྣམས་གཟིངས་ལྟ་བུར་ཡོངས་སུ་མཐོང་བར་འགྱུར་རོ། །མཽད་གལ་གྱི་ བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། གཙོ་བོའི་བུ་ཙན་དན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་གཙོ་བོའི་བུ་ཙན་དན་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དངོས་པོ་ཐམས་ཅད་ལ་ མངོན་པར་ཞེན་པ་མེད་པར་བྱའོ། །མཽད་གལ་གྱི་བུ་ངས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲི་ཟ་སྐྱེ་བོ་ཀུན་ གྱིས་རྟོགས་པ་ཞེས་བྱ་བ་པི་བང་གི་རྒྱུད་ཀྱི་ཤེས་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་ངོ་། །པི་བང་གི་རྒྱུད་གཅིག་ལས་ཀྱང་རོལ་མོའི་སྒྲ་དང་། པི་བང་རྒྱུད་གཅིག་པ་དང་། པི་བང་དང་། ན་ཀུ་ལ་དང་། ཤིན་ཏུ་དབྱངས་སྙན་དང་། སིལ་སྙན་དང་། ཅང་ཏེའུ་དང་། དེ་བཞིན་དུ་རོལ་མོའི་ སྒྲ་བྱེ་བ་ཕྲག་དག་པི་བང་གཅིག་ལས་བྱུང་སྟེ། དེ་བཞིན་དུ་སྡེབ་སྦྱོར་དག་ཤིན་ཏུ་བྱུང་། དེ་བཞིན་དུ་རྒྱན་དག་ཤིན་ཏུ་བྱུང་། དེ་བཞིན་དུ་པི་བང་གི་རྒྱུད་དག་ཤིན་ཏུ་བྱུང་སྟེ། དེ་སྐྱེ་བོའི་ཚོགས་མང་པོའི་མདུན་དུ་པི་བང་གང་དང་གང་གི་རྣམ་པ་བརྩམས་པ་དེས་སྐྱེ་བོ་དེ་དག་ཉིད་དགའ་བར་བྱེད་དེ། པི་བང་དེའི་ཉེས་པའི་བར་ཆད་གང་ཡང་མེད་ཅིང་། པི་བང་གང་དང་གང་གི་སྒྲ་བླངས་པ་དེ་དང་དེ་ཉིད་ཀྱིས་སྐྱེ་བོ་དགའ་བར་བྱེད་དོ། །ཇི་ལྟར་འདིར་པི་བང་གི་བཟོ་ལ་ཤིན་ཏུ་བསླབས་པ་དེ་གཅིག་བུ་དབེན་པར་སོང་ནས་འདི་སྙམ་དུ་གྱུར་ཏེ། ཀྱེ་ཨེ་མ་སེམས་ཅན་འདི་དག་ནི་པི་བང་གི་སྒྲ་འདིས་ བསླུས་ཏེ། གང་སྒྲ་འདི་འགོག་པའི་ཆོས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་སོ། །དེ་ལ་སྣང་བ་ཤེས་ཤིང་མཐོང་བ་མངོན་པར་རྟོགས་པ་ཐམས་ཅད་ནི་འཕགས་པ་ཞེས་བྱ་སྟེ། འདི་ལྟར་ཀུན་རྫོབ་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ ཡིན་ནོ། །བཟོད་པ་དེ་ཐོབ་པས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ལ་བཙུད་པར་འགྱུར་རོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་དྲི་ཟ་སྐྱེ་བོ་ཀུན་གྱིས་རྟོགས་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ ན་དྲི་ཟ་སྐྱེ་བོ་ཀུན་གྱིས་རྟོགས་པ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཀྱེ་མ་པི་བང་གི་སྒྲ་འདི་དག་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཏེ། དེ་འབྱུང་བ་ན་གང་ནས་ཀྱང་མི་འོང་ཞིང་འགོག་པ་ན་གར་ཡང་མི་འགྲོའོ། ། དེ་ལ་ཀུན་རྫོབ་ཏུ་སྐྱེ་བ་དང་། འགག་པར་འགྱུར་ལ་ཆོས་དེ་ངོ་བོ་ཉིད་ཀྱིས་གང་ཡང་དམིགས་སུ་མེད་དོ། །གང་ངོ་བོ་ཉིད་སྐྱེ་བའམ་འགག་པ་དེ་ཀུན་རྫོབ་ཙམ་དུ་འགགས་ཞེས་བྱའོ། །སྦྱོར་བའི་རྣལ་འབྱོར་ལ་མཁས་པར་བྱ་སྟེ། སྦྱོར་བའི་རྣལ་འབྱོར་ལ་མཁས་པའི་བྱང་ཆུབ་སེམས་ དཔའ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལས་ནམས་ཀྱང་ཉམས་པར་མི་འགྱུར་རོ། །མཽད་གལ་གྱི་བུ་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་ཕྱིར་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དཔག་མེད་རྒྱལ་མཚན་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་ཚེ་འཛམ་བུ་གླིང་འདིར་གྲོང་ཁྱེར་བྱེ་བ་ཕྲག་དྲུག་བྱུང་ངོ་། །དེའི་ཚེ་འཛམ་བུའི་གླིང་འདི་དཔག་ཚད་ཁྲི་ཕྲག་བཞིར་གྱུར་ ཏེ་ལག་མཐིལ་ལྟར་མཉམ་ཞིང་སྡོང་དུ་མ་དང་། ཚེར་མ་མེད་ལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཐམས་ཅད་དང་ལྡན་ཞིང་ཉེས་པ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་མུན་པ་འཇོམས་པ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། ། དེ་བཞིན་གཤེགས་པ་མུན་པ་འཇོམས་པ་ཞེས་བྱ་བ་དེའི་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག་དྲུག་ཅུར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ནད་ཉུང་ཞིང་གནོད་པ་ཉུང་བར་གྱུར་ཏེ། སེམས་ཅན་གང་ཡང་ན་བར་མ་གྱུར་ཅིང་སེམས་ཅན་དེ་དག་ འཆི་བའི་མཐའི་ནད་ཀྱིས་མིའི་དུས་ལས་འདས་པ་ནི་མ་གཏོགས་ཏེ། ཕུང་པོའི་ལྷག་མ་དང་བཅས་པའི་དུས་བྱས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །གཞན་དུ་ན་སེམས་ཅན་དེ་དག་ལས་གང་ཕལ་ཆེར་སྨོན་ལམ་གྱི་དབང་གིས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། དེ་འདོད་ན་འཇིག་རྟེན་གྱི་ཁམས་དུ་མར་སོང་ཞིང་། སྐྱེ་བ་གཅིག་གིས་ཐོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རྒྱལ་པོ་དཔག་མེད་རྒྱལ་མཚན་གྱིས་དེ་བཞིན་གཤེགས་པ་འཇིག་རྟེན་ དུ་བྱུང་བ་ཐོས་སོ། །ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། རིམ་གྲོ་དང་བདེ་བའི་གནས་ཐམས་ཅད་དུ་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་དང་ཐབས་ཅིག་ཏུ་སྤྱན་དྲངས་ཤིང་། སྙིང་རྗེ་ཆེན་པོས་ཡོངས་ སུ་ནོན་པའི་སེམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་གནས་སོ། །མཽད་གལ་གྱི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔག་མེད་རྒྱལ་མཚན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔག་མེད་རྒྱལ་མཚན་དུ་གྱུར་ཏོ། ། མཽད་གལ་གྱི་བུ་ངས་ཁམས་དུ་མ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་ བྲམ་ཟེ་རྒྱལ་བ་འཛིན་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ། མཛངས་ཤིང་གསལ་ལ་ཡིད་གཞུངས་པ། གཞི་ཤེས་ཤིང་མཁས་ལ་དེ་ཤེས་རབ་ཀྱི་རང་བཞིན་ཅན་ཏེ། དེ་ཡང་སེམས་པར་གྱུར་ཏོ། །དེ་ཡོན་ཏན་དང་ཉེས་པ་སེམས་ཏེ་དབེན་པར་ནང་དུ་ཡང་དག་འཇོག་ལ་ཞུགས་ ནས། སེམས་ཀྱིས་འདི་ལྟར་ཡོངས་སུ་རྟོག་པ་སྐྱེ་སྟེ། ཉེས་པའི་གཞི་ནི་གང་ལས་བྱུང་། ཡོན་ཏན་གྱི་གཞི་ནི་གང་ལས་བྱུང་སྙམ་མོ། །དེ་དེ་ལྟར་བསམ་ནས་བདག་ཉིད་ཀྱི་ཤེས་པ་གཞན་ལ་རག་མ་ལས་པ་བྱུང་ནས་ད་ལྟར་བྱུང་བའི་ཉོན་མོངས་པ་སྣ་ཚོགས་བྱུང་བ་དག་མ་བཟློག་པ་ལས་ཀུན་ ནས་ཉོན་མོངས་པར་འགྱུར། ད་ལྟར་བྱུང་བའི་ཉོན་མོངས་པ་བྱུང་བ་དག་བཟློག་ན་ཀུན་ནས་ཉོན་མོངས་པར་མི་འགྱུར། ད་ལྟར་བྱུང་བའི་དགེ་བའི་ཆོས་བྱུང་བ་དག་བཟློག་ན་དཀར་པོའི་ཕྱོགས་མི་འཕེལ་ལ། ད་ལྟར་བྱུང་བའི་དགེ་བའི་ཆོས་བྱུང་བ་དག་འཕེལ་ན་ཕྱོགས་དཀར་པོ་འཕེལ་བར་འགྱུར་རོ་སྙམ་ མོ། །དེ་ནས་བྲམ་ཟེ་རྒྱལ་བ་འཛིན་ཤིང་སཱ་ལ་ཆེན་པོ་ལྟ་བུ་དགེ་བའི་ཆོས་དག་བྱུང་བ་དང་། མི་དགེ་བའི་ཆོས་དག་བཟློག་པ་སོ་སོར་ཇི་ལྟ་བ་བཞིན་དུ་བརྟགས་ནས་དགེ་བའི་ཆོས་བྱུང་བ་དག་ཡང་དག་པར་འཕེལ་བར་བྱེད་ཅིང་། མི་དགེ་བའི་ཆོས་བྱུང་བ་དག་འདོར་བར་བྱེད་དོ། ། མི་དགེ་བའི་ཆོས་སྤངས་ཤིང་དགེ་བའི་ཆོས་རྣམས་ལ་བསྟེན་པས་ཏིང་ངེ་འཛིན་ཐོབ་སྟེ། ཏིང་ངེ་འཛིན་གང་ཐོབ་པས་མི་དགེ་བའི་ཕྱོགས་ཐམས་ཅད་གཏན་དུ་ཟློག་པར་བྱེད་ལ། དགེ་བའི་ཆོས་འབྱུང་བ་རྣམས་མཆོག་ཏུ་འཕེལ་བར་བྱེད་དོ། །དེ་ལས་དེ་བྱས་ཤིང་བསགས་ལ་མཐར་ཕྱིན་ཅིང་རྫོགས་པ་ དང་། ཡང་དག་པར་བླངས་པས་བསྐལ་པ་འབུམ་ཕྲག་བརྒྱད་ཅུར་ལོག་པར་ལྟུང་བར་མ་སོང་ངོ་། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒྱལ་བ་འཛིན་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒྱལ་ བ་འཛིན་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །ངས་འཁོར་བའི་རྒྱུ་བཟློག་པ་དང་། མྱ་ངན་ལས་འདས་པའི་རྒྱུ་ཡང་དག་པར་འཕེལ་བར་བྱ་བའི་ཕྱིར་བར་དེ་དག་ཏུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དུ་མ་དག་ལ་བསྙེན་བཀུར་བྱས་ཤིང་ཡོངས་སུ་ཞུས་སོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བག་ཆགས་ ཀྱི་མཚམས་སྦྱོར་བ་དང་བཅས་པའི་ཉོན་མོངས་པ་སྤངས་ནས་ཆོས་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་སྐྱོ་བ་མི་མངའ་བ་ནས། བཅོམ་ལྡན་ འདས་ཡང་དག་པར་བླངས་པའི་གོ་ཆ་ཆེན་པོ་གསོལ་ནས་སེམས་ཅན་གྱི་དོན་དུ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་ གྱི་བུ་དེ་ལྟར་ཡིན་ཏེ། མཽད་གལ་གྱི་བུ་དེ་བཞིན་གཤེགས་པས་རྒྱུན་གྱི་རྗེས་སུ་འགྲོ་བའི་སེམས་ཅན་རྣམས་རྒྱུན་ལས་བཟློག་པར་བྱ་བའི་དོན་དུ་གོ་ཆ་ཆེན་པོ་འདི་བགོས་སོ། །མཽད་གལ་གྱི་བུ་བདག་ཉིད་མ་བསྲུངས་པར་གཞན་གྱི་དོན་བྱ་བར་མི་ནུས་ཏེ། ལུས་དང་སྲོག་ལ་མི་ལྟ་བས་ནི་གཞན་གྱི་དོན་ བྱ་བར་ནུས་སོ།། །།བམ་པོ་བཅྭ་ལྔ་པ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་གཙོ་བོ་ཆུ་ལྷ་ཞེས་བྱ་བ་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་ཞི་བའི་གཙོ་བོ་བྱེད་ཅིང་ཕྱུག་ལ་ནོར་མང་ཞིང་ལོངས་སྤྱོད་ ཆེ་བ། ལོངས་སྤྱོད་མང་བ་བདག་གིར་བྱ་བ་མང་བ། རྫས་དང་ཡོ་བྱད་མང་ཞིང་འབྱོར་པ་ནོར་བུ་དང་མུ་ཏིག་དང་། བཻདཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་གསེར་དུ་ལྡན་པ། མཛངས་ཤིང་གསལ་ལ་ཡིད་གཞུངས་ཤིང་སྙིང་རྗེ་ཡོད་པ། སེམས་ཅན་ཐམས་ ཅད་ལ་ཕན་པར་སེམས་པ་ཞིག་བྱུང་ངོ་། །དེའི་ཚེ་གྲོང་རྡལ་གྲོང་ཁྱེར་ཞི་བར་རྒྱལ་པོ་གཉེན་ལྡན་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་ཀྱང་བྱུང་ངོ་། །དེའི་མི་འཐུན་པ་རྒྱལ་པོ་དྲག་པའི་ལྷ་ཞེས་བྱ་བ་སྟོབས་ཆེ་ཞིང་དཔུང་ཆེ་ལ་སྟོབས་ཆེ་བས་རང་གི་རྒྱལ་སྲིད་ཀྱིས་ཆོག་མ་ཤེས་ ནས་གཞན་གྱི་ཡུལ་འཁོར་ལ་གླགས་ལྟ་བར་བྱེད་དེ། དཔུང་གི་ཚོགས་ཡན་ལག་བཞི་བཤམས་ནས། རྒྱལ་པོ་གཉེན་ལྡན་གྱི་ཡུལ་རྣམ་པར་རྒྱལ་བྱེད་དུ་འོང་ངོ་། །དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་བློན་པོ་རྣམས་ལ་སྨྲས་པ། གྲོང་གི་གཙོ་བོ་དག་རྒྱལ་པོ་དྲག་པའི་ལྷ་སྟོབས་ དང་། དཔུང་དང་དཔུང་ཆེན་པོས་རང་གི་རྒྱལ་སྲིད་ཀྱིས་ཆོག་མི་ཤེས་ནས་ངའི་རྒྱལ་སྲིད་འཕྲོག་ཏུ་འོང་སྟེ། གྲོང་གི་གཙོ་བོ་དག་ཇི་ལྟར་བྱ་བ་དེ་སོམས་ཤིག །དེ་ལ་ཁ་ཅིག་གིས་སྨྲས་པ། སྙིང་སྟོབས་བསྐྱེད་པར་བྱ་སྟེ། སྙིང་སྟོབས་བསྐྱེད་དང་འོན་ཀྱང་སླར་ལྡོག་པར་འགྱུར་རོ། ། ཁ་ཅིག་གིས་འདི་སྐད་སྨྲས་སོ། །རྒྱལ་སྲིད་ཡོངས་སུ་བསྲུང་བའི་དོན་དུ་ནོར་དག་སྦྱིན་པར་བྱ་སྟེ། དེ་རྒྱལ་སྲིད་ཡོངས་སུ་བསྐྱངས་པ་དང་། ཡང་རྒྱལ་སྲིད་ཀྱི་དོན་ཡང་དག་པར་འཕེལ་ལོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །ནང་བློན་དང་བློན་པོ་དག་ལ་བསྒྲུབ་པར་བྱ་སྟེ། ནང་བློན་ དག་གིས་རབ་ཏུ་སྦྱོར་བ་བྱའོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །དཔུང་གི་ཚོགས་ཡང་དག་པར་བསྡུ་བར་བྱ་སྟེ། དམག་གིས་སླར་བརྒལ་བར་བྱའོ། །དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་གྲོང་ཁྱེར་གྱི་གཙོ་བོ་ཆུ་ལྷ་ལ་སྨྲས་པ། ཆུ་ལྷ་ཤེས་པར་གྱིས་ཤིག་གང་རྒྱལ་པོ་དྲག་པའི་ལྷ་རང་ གི་རྒྱལ་སྲིད་ཀྱིས་ཆོག་མི་ཤེས་པ་འདི་ངའི་ཡུལ་རྣམ་པར་རྒྱལ་བྱེད་དུ་འོང་ན། དེ་ལ་འདིར་ཇི་ལྟར་བྱ། དེ་སྐད་ཅེས་སྨྲས་པ་དང་། གྲོང་ཁྱེར་གྱི་གཙོ་བོ་ཆུ་ལྷས་རྒྱལ་པོ་གཉེན་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དེའི་སླད་དུ་གང་བདག་ གིས་བགྱི་བ་དེ་བགྱི་སྟེ། ནོར་ཇི་སྙེད་འཚལ་བ་དེ་སྙེད་དུ་བདག་གིས་སྩལ་བར་བགྱིའོ། །དེ་སྔགས་ཀྱི་སྦྱོར་བ་དག་ལ་ཞུགས་ན། དེ་སྔགས་ཀྱི་སྟོབས་ཀྱིས་བཟློག་པར་མ་ནུས་ནས་དམག་འདྲེན་དུ་འོང་ངོ་། །དེ་ནས་དེའི་དོན་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་ཕོ་ཉ་བཏང་ ཞིང་གླང་པོ་དག་བྱིན་ཡང་འོན་ཀྱང་བཟློག་པར་མ་ནུས་ཏེ། དམག་དེ་ཉིད་མངོན་པར་འོང་ངོ་། །དེ་ནས་རྒྱལ་པོ་གཉེན