Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 047_མདོ་སྡེ།_ག

Văn bản gốc(Tây Tạng)

Trang 11 / 20 (50.000 ký tự/trang)
་ལྡན་གྱིས་དེའི་མི་འཐུན་པའི་རྒྱལ་པོ་ལ་ཕོ་ཉ་བཏང་སྟེ། ཁྱོད་ལ་བདག་གིས་གསོལ་བ་ནི་བདག་ཀྱང་བདག་གི་རྒྱལ་སྲིད་འདིས་ཆོག །ཁྱོད་ཀྱང་རང་གི་རྒྱལ་
སྲིད་ཀྱིས་ཆོག་པར་མཛོད་ལ། བདག་དང་ཁྱོད་དུ་ལྷན་ཅིག་དགའ་བར་མཛད་ཅིང་། ཁྱོད་ཀྱིས་སླར་བཟློག་པར་གསོལ་བར་འཚལ་ལོ། །དེས་འདི་ཡང་སྨྲས་སོ། །འཚོ་བ་ཡུན་ཐུང་ལ་ཕ་རོལ་ཏུ་འགྲོ་བར་འགྱུར་བས་ཁ་ཟས་གཅིག་ཙམ་གྱིས་འཚོ་བ་དང་། གོས་ཟུང་གཅིག་
ཙམ་གྱིས་འཚོ་བ་དང་། མལ་ཆ་གཅིག་ཙམ་གྱིས་འཚོ་བ་དང་། ཆུང་མ་གཅིག་ཙམ་དང་ལྷན་ཅིག་དགའ་བར། གྲོགས་པོ་དེ་ལྟར་ཤེས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། མཁས་པ་ནི་ཕ་རོལ་དང་ལྷན་ཅིག་རྩོད་པར་མི་བྱེད་དེ་འཇིག་རྟེན་གྱི་ཁམས་དུ་མ་གསོ་བར་མི་ནུས་སོ། །
སེམས་ཅན་གཅིག་ལ་གང་གསེར་གྱི་རི་གཅིག་ཡོད་ཀྱང་དེས་ཆོག་མི་ཤེས་ཏེ། རྙེད་པ་ལ་ཆགས་པ་རབ་ཏུ་འཕེལ་བར་བྱེད་དོ། །གྲོགས་པོ་རེ་ཞིག་དགོངས་ལ་དེ་བཏང་བར་མཛོད་ཅིག །དེ་ཅིའི་ཕྱིར་ཞེ་ན། མཁས་པས་ནི་ཆོག་ཤེས་པ་བསྐྱེད་པར་བྱའོ། །འདི་ལྟ་བུར་རྗེས་སུ་འཐུན་
པར་བྱེད་པ་ན་ཆགས་པས་ཟིལ་གྱིས་ནོན་པ་མང་བས་མི་ལྡོག་སྟེ་འོང་ཞིང་འདི་སྐད་ཅེས་ཀྱང་སྨྲའོ། །བདག་བསད་ན་ནི་ཁྱོད་ཀྱི་རྒྱལ་སྲིད་དུ་འགྱུར་ལ། ཁྱོད་བསད་ན་ནི་བདག་གི་རྒྱལ་སྲིད་དུ་འགྱུར་ཅེས་དེའི་ཕོ་ཉ་སྒོ་ཞིང་སྤྲིང་ཡིག་ཀྱང་སྟོན་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་

གྱི་ཁམས་དུ་མ་ཞིག་གནས་ཏེ་ཁམས་གང་དང་གང་ཉིད་ལ་མངོན་པར་ཆགས་པའི་མངོན་པར་ཆགས་པ་དེ་ལས་སྡུག་བསྔལ་མྱོང་བར་འགྱུར། ཁམས་ཡོད་ན་སེམས་ཅན་གྱི་ཡོ་བྱད་དགོས་ལ་ཁམས་མེད་ན་སེམས་ཅན་གྱི་ཡོ་བྱད་མི་དགོས་ཏེ། སྔོན་གྱི་ཁམས་བླངས་པ་ལས་ཡོ་བྱད་
བཙལ་བ་ཡང་སྡུག་བསྔལ་མང་པོར་འགྱུར་རོ། །ཁམས་ཀྱིས་ཅིའི་ཕྱིར་སྡུག་བསྔལ་མྱོང་། གལ་ཏེ་ཡང་བསྐྱེད་ན་ཡང་སྡུག་བསྔལ་མྱོང་བར་འགྱུར། དེ་དེ་ལྟར་བསམས་ནས་རྒྱལ་སྲིད་བཏང་སྟེ། རབ་ཏུ་བྱུང་ནས་ཚངས་པའི་གནས་བཞི་བསྐྱེད་དེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །
མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་འཛིན་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ལྡན་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་ང་ཁམས་དུ་མའི་ཉེས་པ་སྤངས་ཏེ། ད་ལྟར་ཡང་ཁམས་དུ་མའི་ཉེས་པ་མཐོང་བ་ལས་
ཉེ་བར་ལེན་པ་རྣམ་པར་གྲོལ་ལོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཁམས་དུ་མའི་ཉེས་པ་མཐོང་བ་ལས་ཆགས་པ་དང་བྲལ་བར་བྱའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་ཚངས་
པའི་ལྷ་ཞེས་བྱ་བ་མཛངས་ཤིང་ཆོས་སེམས་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། བདག་ཅི་སྟེ་མི་འདི་དག་གི་དབང་ཕྱུག་ལ་དབང་བྱེད། མི་དེ་དག་གི་མིང་ནི་གང་ཞིག་དབང་ཕྱུག་གང་དག་ལ་བདག་དབང་བྱེད་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཁམས་བཅྭ་བརྒྱད་
པོ་འདི་དག་སྟེ། ཁམས་བཅྭ་བརྒྱད་གང་ལ་མི་འདི་དག་འདི་སྙམ་དུ་ཀུན་འབྱུང་བ་ནི་གང་། གཞི་ནི་གང་ཡིན་སྙམ་དུ་འདུ་ཤེས་སྐྱེས་སོ། །དེ་འདི་སྙམ་དུ་སེམས་ཏེ། འདི་དག་ནི་ལས་ཀྱིས་མངོན་པར་བསྒྲུབས་པ་ཡིན་ལ། ལས་ཀྱང་རྣམ་པ་གསུམ་སྟེ། ཆགས་པ་ལས་སྐྱེས་
པ་དང་ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པའོ། །ཆགས་པ་ལས་སྐྱེས་པའི་ལས་ཀྱིས་འགྲོ་བ་ལྔའི་ཁམས་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་མི་དང་ལྷ་རྣམས་སུ་མངོན་པར་འགྲུབ་བོ། །ཞེ་སྡང་ལས་སྐྱེས་པའི་ལས་ཀྱིས་

འགྲོ་བ་གསུམ་གྱི་ཁམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཡང་དག་པར་འགྲུབ་བོ། །གཏི་མུག་ལས་སྐྱེས་པའི་ལས་ཀྱིས་འགྲོ་བ་ལྔའི་ཁམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་
རྗེའི་འཇིག་རྟེན་དང་། མི་དང་ལྷ་རྣམས་སུ་མངོན་པར་འགྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཆགས་པ་ནི་སྒོ་ལྔ་དག་གི་ལས་བྱེད། ཞེ་སྡང་གི་སྒོ་གསུམ། གཏི་མུག་ནི་སྒོ་ལྔ་དག་གི་ལས་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆགས་པའི་ས་གང་ཡིན་པ་གཏི་མུག་གི་ཡང་དེ་བཞིན་ནོ། །ཞེ་
སྡང་ནི་ངན་སོང་འབའ་ཞིག་གིས་སྟེ། དེས་ན་ཁམས་དུ་མ་ཞེས་བྱའོ། །སྣང་བ་བྱིན་པས་ནི་ངའི་མིག་བསྒྲུབས། ཁྲོ་བ་མེད་པས་ནི་ངའི་གཟུགས་ཀྱི་ཁམས་བསྒྲུབས། ཤེས་པ་རྗེས་སུ་བྱིན་པས་ནི་ངའི་མིག་གི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །དགའ་བའི་ཚིག་བྱིན་པས་
ནི་ངའི་རྣ་བའི་ཁམས་བསྒྲུབས། རོལ་མོའི་སྒྲ་བྱིན་པས་ནི་ངའི་སྒྲའི་ཁམས་བསྒྲུབས། རོལ་མོའི་སྒྲ་ལ་རྗེས་སུ་ཡི་རང་བར་བྱས་པས་ནི་ངའི་རྣ་བའི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །སྤོས་བྱིན་པས་ནི་ངའི་སྣའི་ཁམས་བསྒྲུབས། སྤོས་ཞིམ་པོ་བྱིན་པས་ནི་ངའི་དྲིའི་ཁམས་བསྒྲུབས།
སྤོས་སྦྱར་བ་བྱིན་པས་ནི་ངའི་སྣའི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །རོ་ཞིམ་པོ་བྱིན་པས་ནི་ངའི་ལྕེའི་ཁམས་བསྒྲུབས། རོའི་མཆོག་བྱིན་པས་ནི་ངའི་རོའི་ཁམས་བསྒྲུབས། རོ་སྦྱར་བ་བྱིན་པས་ནི་ངའི་ལྕེའི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །ཡིད་བསྡམས་པས་ནི་ངའི་
ལུས་ཀྱི་ཁམས་བསྒྲུབས། གོས་འཇམ་པོ་བྱིན་པས་ནི་ངའི་རེག་བྱའི་ཁམས་བསྒྲུབས། གོས་བྱིན་པ་ལ་རྗེས་སུ་ཡི་རང་བས་ནི་ངའི་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །ཡིད་དུ་འོང་བ་བྱིན་པས་ནི་ངའི་ཡིད་ཀྱི་ཁམས་བསྒྲུབས། ཆོས་བྱིན་པས་ནི་ངའི་ཆོས་ཀྱི་ཁམས་བསྒྲུབས།
ཆོས་བསམ་པ་ལ་བཟོད་པས་ནི་ངའི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བསྒྲུབས་ཏེ། རྒྱུ་འདི་དག་དང་། རྐྱེན་འདི་དག་དང་རྒྱུ་གང་དག་དང་། རྐྱེན་གང་དག་གིས་ཁམས་བཅྭ་བརྒྱད་མངོན་པར་འགྲུབ་བོ། །དེ་འདི་ལྟར་ཡང་སེམས་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་བསྐྱེད་དེ། དེ་དགེ་བའི་

རྩ་བ་དེས་སྐྱེ་བ་ཐམས་ཅད་ཀྱི་སྐྱེ་གནས་ལ་ཉོན་མོངས་པའི་རྐྱེན་གྱིས་ལས། ལས་ཀྱི་རྐྱེན་གྱིས་ཁམས་ཐེ་ཚོམ་མེད་པ་རྗེས་སུ་འཐོབ་བོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པའི་ལྷ་ཞེས་བྱ་བ་དེ་གཞན་ཡིན་པར་ཐེ་ཚོམ་འམ། ཡིད་གཉིས་སུ་བྱེད་ན་དེ་ལྟར་མི་
བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པའི་ལྷ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལས་དང་ཉོན་མོངས་པ་ལ་མཁས་པར་བྱ་ཞིང་རྣམ་པར་སྨིན་པ་ལ་ཡང་མཁས་པར་བྱའོ། །མཽད་གལ་གྱི་བུ་ངས་ཁམས་
དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ཡོངས་སུ་ཚོལ་བ་ན་ང་ཚངས་པར་སྤྱོད་པ་ཡང་དག་པར་བླངས་པས་བུད་མེད་
རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་འབུམ་དག་རབ་ཏུ་བྱིན་ཏེ། བདག་གི་འདོད་པའི་དོན་དུ་མ་ཡིན་གྱི། འོན་ཀྱང་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འདོད་པས་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དག་ཡོངས་སུ་བཏང་ངོ་། །མཽད་གལ་
གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་ཕུར་བུའི་ལྷ་ཞེས་བྱ་བ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་རྫུ་འཕྲུལ་དང་ལྡན་པ་རྒྱལ་སྲིད་ཀྱི་སྤྱི་བྱེད་པ་ཞིག་བྱུང་སྟེ། ཆོས་ཀྱིས་ཕྱིར་རྒོལ་བ་ནི་བཅོམ། ཀླ་ཀློ་དེ་དག་དང་ནི་བྲལ། ལོ་ནི་
ལེགས། སྐྱེ་བོ་མང་པོས་ནི་གང་། དགེ་བ་ནི་སྤྱོད། སྐྱེ་བོས་ནི་བརྒྱན། དུག་གི་ཤིང་དང་ནི་བྲལ། བདུད་རྩིའི་ཤིང་གིས་ནི་ཁེབས། ལག་མཐིལ་ལྟར་མཉམ་པར་ནི་གྱུར། འདོད་པའི་འབྲས་བུའི་ཤིང་ཐམས་ཅད་ཀྱིས་ནི་ཁེབས་ཏེ། འདི་ལྟ་སྟེ་དཔེར་ན་སུམ་ཅུ་རྩ་གསུམ་གྱི་གནས་
བཞིན་ནོ། །དེ་ནས་རྒྱལ་པོ་ཕུར་བུའི་ལྷ་དེ་འདི་སྙམ་དུ་སེམས་ཏེ། བདག་ལ་རྒྱལ་སྲིད་ནི་ཆེར་ཡོད། སྐྱོན་དང་ནི་བྲལ། ཡོན་ཏན་ཐམས་ཅད་དང་ནི་ལྡན། སློངས་མོ་པ་ནི་མེད་དེ་དེ་ལྟ་མོད་ཀྱི་འདི་དག་ནི་བདག་གིས་བྱ་བ་ཡིན་ཏེ། མིའི་འཇིག་རྟེན་དུ་སྐྱེས་པས་མཐོ་རིས་ཀྱི་འཇིག་རྟེན་ཡང་དག་

པར་འགྲུབ་པའི་ལམ་ཡོངས་སུ་སྦྱང་བར་བྱ། འཕགས་པའི་སྐྱེ་བོ་དང་ལྷན་ཅིག་འགྲོགས་པ་བཙལ་བར་བྱ། འོ་ན་བདག་ཡོན་ཏན་ཐམས་ཅད་དང་ལྡན་པའི་མཆོད་སྦྱིན་བྱའོ་སྙམ་ནས། བྲམ་ཟེ་མདུན་ན་འདོན་ལ་སྨྲས་པ། བྲམ་ཟེ་ང་ནི་མཆོད་སྦྱིན་དང་རྗེས་སུ་འཐུན་
པར་འདོད་དེ། ཆོས་ཀྱིས་ཕྱིར་རྒོལ་བ་ནི་བཅོམ། ཆོས་ཀྱིས་ཚེར་མ་ནི་དཀྲུགས། ཆོས་ཀྱིས་ཀླ་ཀློ་དེ་དག་ནི་ཕྱུང་། ཡོ་བྱད་ཐམས་ཅད་དང་ནི་ལྡན་པས་བདག་མཆོད་སྦྱིན་བྱེད་འདོད་ན་བདག་ལ་མཆོད་སྦྱིན་བྱ་བ་དག་རྗེས་སུ་སྟོན་ཅིག །དེས་སྨྲས་པ་རྒྱལ་པོ་ཆེན་པོ་མཆོད་སྦྱིན་གྱི་བགྱི་བ་དེ་དག་བསྡུར་
གསོལ། །རྒྱལ་པོ་ཆེན་པོ་འདིར་མཆོད་སྦྱིན་ལ་སེམས་ཅན་སྣ་ཚོགས་དག་འདུག་སྟེ། ཁ་ཅིག་ནི་རླུང་གི་རང་བཞིན་ཅན་ཁ་ཅིག་ནི་མཁྲིས་པའི་རང་བཞིན་ཅན། ཁ་ཅིག་ནི་བད་ཀན་གྱི་རང་བཞིན་ཅན། ཁ་ཅིག་ནི་འདུས་པའི་རང་བཞིན་ཅན་ཏེ། རྒྱལ་པོ་ཆེན་པོ་དེ་དག་ལ་དེ་དང་
འཐུན་པའི་ཁ་ཟས་ཀྱི་རྣམ་པ་སོ་སོར་སྩལ་བར་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོ་ཕུར་བུའི་ལྷས་བྲམ་ཟེ་མདུན་ན་འདོན་གྱི་ལྟར་མཉན་ནས་མཆོད་སྦྱིན་གྱི་ཡོ་བྱད་དག་བསགས་ནས། མཆོད་སྦྱིན་ཆེན་པོ་དེ་ལ་བྲམ་ཟེ་ཁྲི་ཕྲག་བརྒྱད་ཅུ་དག་འདུས་པར་གྱུར་ཏོ། །དེ་དག་ཡིད་བཞིན་དུ་
འགྲུབ་པར་འགྱུར་ཏེ། ཡིད་བཞིན་དུ་ཚོད་མ་དང་། ཡིད་བཞིན་དུ་རིམ་གྲོ་པ་རྣམས་ཀྱིས་རིམ་གྲོར་བྱས། མཆོད་སྦྱིན་ཆེན་པོ་དེ་ལ་ཕལ་ཆེར་གསེར་གྱི་སྣོད་ཀྱི་ནང་ནས་འདྲིམ་སྟེ། བྲམ་ཟེ་གང་ལ་སྣོད་གང་ཕུལ་བ་དེ་དེ་ཉིད་ལ་འབུལ་བར་བྱེད་དོ། །མཆོད་སྦྱིན་ཆེན་པོ་དེ་ལ་གསེར་གྱི་སྟན་
ཕལ་ཆེར་བཏིང་ཞིང་མཆོད་སྦྱིན་དེ་ལ་བུད་མེད་དག་གིས་འདྲིམ་པར་བྱེད་དེ། བྲམ་ཟེ་རེ་རེ་ལ་བུད་མེད་རེ་རེས་འདྲིམ་མོ། །བྲམ་ཟེ་གང་ལ་བུད་མེད་འདྲིམ་པ་དེ་ཉིད་དེ་ལ་འབུལ་ཏེ། གལ་ཏེ་འདོད་ན་ནི་ལེན་པར་བྱེད། གལ་ཏེ་མི་འདོད་ན་ནི་མི་ལེན་ཏོ། །གང་འདོད་ན་ནི་ལོངས་སྤྱོད་དེ་ཐམས་
ཅད་ལེན་པར་བྱེད། མི་འདོད་ན་ནི་ལེན་པར་མི་བྱེད་དོ། །མཆོད་སྦྱིན་ཆེན་པོ་དེ་ལོ་ཁྲིའི་བར་དུ་བྱས་ཏེ་ལོ་ཁྲིའི་བར་དུ་མཆོད་སྦྱིན་འཐུན་པ་དེ་ལས་སེམས་ཅན་གང་ཐན་པ་བཞོ་བ་ཙམ་གྱི་བར་དུ་ཡང་ནད་ཀྱིས་མ་བཏབ་བོ། །དེ་ལྟར་ན་ངའི་སྤྱོད་པ་དེས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་དང་།

ཡོན་གནས་སུ་འདུ་ཤེས་ཉེ་བར་བཞག་ནས་མཆོད་སྦྱིན་བྱས་སོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཕུར་བུའི་ལྷ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཕུར་བུའི་ལྷ་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་
ངས་ཁམས་དུ་མ་ཤེས་པ་ཡང་བརྙེས། ངས་ཁམས་ཀྱི་མཉམ་པ་ཉིད་ཀྱང་བརྙེས་སེམས་ཅན་ཐམས་ཅད་ཀྱི་ཁམས་དུ་མ་ཤེས་པ་ཡང་བརྙེས། ངས་གནོད་པ་ཉུང་བ་ཡང་བརྙེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཁམས་དུ་མ་ཤེས་པ་ལ་གནས་ཏེ་དེའི་ཁམས་དང་ཀུན་འབྱུང་བ་རྒྱུ་གང་གིས་ཁམས་དུ་མ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་ཐོབ་པ་བརྟག་པར་བྱའོ། །མཽད་གལ་གྱི་བུ་དེ་ལངས་ལས་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྒྱུ་
དེས་ན་ལས་འདི་མངོན་པར་འདུས་བྱས་ཤིང་། བྱ་བ་འདི་སྤངས་པས་ཤེས་པ་འདི་ཡང་དག་པར་གྲུབ་བོ། །བསམ་པ་འདིས་ན་སེམས་ཅན་སྡུག་བསྔལ་བ་རྣམས་ཉོན་མོངས་པ་གང་དང་གང་དག་གིས། གནོད་པའི་སེམས་ཅན་ཁ་ཅིག་ནི་འདོད་ཆགས་ཀྱི་ཁམས་སུ་གནས། ཁ་ཅིག་ནི་ཞེ་
སྡང་གི་ཁམས་སུ་གནས། ཁ་ཅིག་ནི་གཏི་མུག་གི་ཁམས་སུ་གནས་པ་ལ་ང་སྙིང་རྗེ་ཆེན་པོས་ནོན་ཏོ་དེ་ལྟར་ཉོན་མོངས་པ་གང་དང་གང་དག་གིས་ཉོན་མོངས་པའི་སེམས་ཀྱིས་ལས་དེ་མངོན་པར་འདུས་བྱས་ཤིང་། ཁམས་དེ་དང་དེ་ཉིད་ཀྱིས་དེ་མི་འགྱུར་བར་བསྟན་ཏེ། ལ་ལ་ནི་སེར་པོ། ལ་ལ་ནི་ནག་པོ།
ལ་ལ་ནི་དམར་པོ། ལ་ལ་ནི་བྱ་ཙ་གོ་རའི་མིག་ཅན། ལ་ལ་ནི་ཁྲུང་ཁྲུང་གི་མིག་ཅན། ལ་ལ་ནི་རིང་། ལ་ལ་ནི་ཐུང་། ལ་ལ་ནི་བར་མ་སྟེ། ལས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་
ཡང་ཆེས་ཕ་རོལ་ན། རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ། བདེ་བར་འདོད་པ་གྲུབ་པ་དང་བདེ་བར་འདོད་པ། ཐབས་མཁས་པ་དང་ལྡན་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ་སེམས་ཅན་འདི་དག་གང་གིས་ན་ཁ་དོག་སྣ་ཚོགས་ཉིད་དུ་

སྣང་། དབྱིབས་སྣ་ཚོགས་ཉིད་དང་། སྐད་སྣ་ཚོགས་ཉིད་དུ་སྣང་། དགེ་བ་སྣ་ཚོགས་ཉིད་དུ་སྣང་། རིགས་སྣ་ཚོགས་ཉིད་དུ་སྣང་། རུས་སྣ་ཚོགས་ཉིད་དུ་སྣང་། མིང་སྣ་ཚོགས་ཉིད་དུ་སྣང་བའི་རྒྱུ་ནི་གང་ཡིན་རྐྱེན་ནི་གང་ཡིན་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ།
ད་ལྟར་བྱུང་བ་ལ་ཤེས་པ་མེད་པས་ནི་མི་ནུས་ཏེ། འཇིག་རྟེན་ན་དགེ་སྦྱོང་དང་། བྲམ་ཟེ་གང་བདག་གི་དོན་དེ་ལུང་སྟོན་པ་སུ་ཡོད་སྙམ་ནས། དེ་ཤེས་པ་དེ་བཙལ་བའི་དོན་དུ་ཕྱོགས་བཅུར་མི་བཀྱེ་སྟེ་ཁྱོད་སོང་ལ་ཤེས་པར་གྱིས་ཤིག །འཇིག་རྟེན་ན་དགེ་སྦྱོང་ངམ་བྲམ་ཟེའམ། སློབ་
དཔོན་ནམ། སློབ་དཔོན་གྱི་བུ་གང་དོན་འདི་ཁྲོལ་བ་དང་། གང་བདག་གི་ཐེ་ཚོམ་སེལ་བ་སུ་ཡོད། དེ་ནས་གཞོན་ནུ་དེའི་ཕར་གྱུར་པ་རྒྱལ་པོ་ཤིན་ཏུ་གནས་པ་ཞེས་བྱ་བ་དེས་བུ་དེ་ལ་སྨྲས་པ། གཞོན་ནུ་བསམ་གྱིས་མི་ཁྱབ་པ་ལ་སེམས། བཅོལ་གྱིས་མི་ཁྱབ་པ་ལ་འཆོལ་ཏེ། གཞོན་ནུ་ཁྱོད་བསམ་
པ་འདིས་བདག་ཉིད་ཉོན་མོངས་པར་འགྱུར་རྒྱལ་པོ་ཡང་འཁྲུགས་པར་འགྱུར། བསམ་གྱིས་མི་ཁྱབ་པ་འདི་མཐར་ཡང་མི་ཕྱིན་ནོ། །གཞོན་ནུ་དེ་ཅིའི་ཕྱིར་ཞེ་ན། དྲི་བ་འདི་དག་གི་ལན་ལྡོན་པ་མེད་དོ། །གཞོན་ནུ་རྒྱལ་སྲིད་ལ་དགའ་བར་བྱོས། འཇིག་རྟེན་ཐམས་ཅད་ཀྱིས་མངོན་པར་འདོད་པའི་
དབང་ཕྱུག་ལ་དགའ་བར་བྱོས། གཞོན་ནུ་དོན་བཏང་སྟེ་དོན་མེད་པ་སེམས་པ་ནི་ཉོན་མོངས་ཤིང་ངལ་བའི་སྐལ་བར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། གཞོན་ནུ་སྙིང་རྗེ་ཅན་གྱིས་རྒྱལ་པོ་ཤིན་ཏུ་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་མུན་པ་མི་སྣང་བ་ལ་མི་སྣང་བ་མ་མཛད་ཅིག །
ཁྱོད་ཀྱི་ཡུལ་ན་དགའ་བ་ནི་མདོག་ཕུན་སུམ་ཚོགས་པ་དང་། མདོག་ངན་པ་དང་། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་དང་། གཟུགས་བཟང་བ་དང་། གཟུགས་ངན་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། རིགས་ངན་པ་དང་། ནོར་ཕུན་སུམ་ཚོགས་པ་དང་། དབུལ་བ་དང་། གླེན་པ་དང་།
མཛངས་པ་དང་། དེ་བཞིན་དུ་བཟོ་རྣམ་པ་དུ་མ་ངག་ཁོད་དུ་ཆུད་པ་དང་། བཟོ་དག་མཆིས་ཤིང་བཟོ་དག་སློབ་པ་དང་། དབུལ་བ་དག་མཆིས་ཤིང་འབད་ན་ལོངས་སྤྱོད་རྙེད་པ་དང་། ནད་པ་མཆིས་ཤིང་བགྱི་བ་དག་གིས་ནད་ལས་ལྡང་བ་དག་མཆིས་ཏེ། རྒྱལ་པོ་ཆེན་པོ་དེ་རྣམ་གྲངས་འདིས་ན་འདི་ལྟར་རིག་

པར་བགྱི་སྟེ། ཆོས་དེ་དག་གི་རྒྱུ་ནི་མཆིས་ན་དེ་བདག་གིས་མི་འཚལ་ཏེ། རྒྱལ་པོ་ཆེན་པོ་གང་བདག་མི་འཚལ་བ་དེ་མ་མཆིས་པ་ནི་མ་ལགས་ཏེ། བདག་བཟོ་མང་པོ་མ་འཚལ་ཅིང་། གང་ཤེས་པ་དེ་བཟོ་གཞན་དག་མཆིས་པས་ཀྱང་མི་འཚལ་ལོ། །རྒྱལ་པོ་ཆེན་པོ་ཤེས་པ་དེ་ནི་མཆིས་ཏེ། བདག་
གིས་ཀྱང་ཤེས་པ་དེ་མ་འཚལ་ཏོ། །དེ་ལྟ་བས་ན་དགེ་སྦྱོང་དང་བྲམ་ཟེ་མཛངས་ཤིང་ཀུན་གྱིས་བཀུར་བ་ཤེས་རབ་དང་བཅས་པ་ཀུན་གྱིས་བཀུར་བ་དེ་ལ་ཡོངས་སུ་ཞུ་བར་བགྱིའོ། །དེ་སྐད་ཅེས་སྨྲས་པ་དང་རྒྱལ་པོ་ཤིན་ཏུ་གནས་པས་གཞོན་ནུ་སྙིང་རྗེ་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་དེའི་ཕྱིར་
མཛངས་པ་ཀུན་གྱིས་བཀུར་བ། ཤེས་རབ་དང་བཅས་པ་ཀུན་གྱིས་བཀུར་བ། དགེ་སྦྱོང་དང་བྲམ་ཟེ་དེ་ལ་ཡང་ཡོངས་སུ་ཞུས་ཤིག །དེའི་ཚེ་དེ་བཞིན་གཤེགས་པ་སྐར་འོད་ཅེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །གཞོན་ནུ་སྙིང་རྗེ་ཅན་གྱི་བར་སྣང་ལས་
དེ་བཞིན་གཤེགས་པ་སྐར་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་བ་བཞུགས་ཏེ། དེ་ཞུ་བ་འདི་དག་གི་དོན་ལུང་སྟོན་པར་འགྱུར་རོ་ཞེས་སྒྲ་ཐོས་སོ། །དེ་ནས་གཞོན་ནུ་སྙིང་རྗེ་ཅན་དེའི་མཚན་མོ་འདས་ནས་རྒྱལ་པོ་ཤིན་ཏུ་གནས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཤིན་ཏུ་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །
རྒྱལ་པོ་ཆེན་པོ་གང་མཁྱེན་པར་མཛོད་ཅིག །རྒྱལ་པོ་ཆེན་པོ་བདག་མཚན་མོ་འདི་ལ་མཆིས། །ཉལ་བ་ན་བར་སྣང་ལས་དེ་བཞིན་གཤེགས་པ་སྐར་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་བ་བཞུགས་ཏེ། དེ་ཞུ་བ་འདི་དག་གི་དོན་དུ་ལུང་སྟོན་པར་འགྱུར་རོ་ཞེས་སྒྲ་ཐོས་ལགས་སོ། །དེ་སྐད་ཅེས་སྨྲས་
པ་དང་། རྒྱལ་པོ་ཤིན་ཏུ་གནས་པས་གཞོན་ནུ་སྙིང་རྗེ་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་དེ་བཞིན་གཤེགས་པ་སྐར་འོད་དེ་ཕྱོགས་གང་ན་བཞུགས། དེ་ནས་དེ་བཞིན་གཤེགས་པ་སྐར་འོད་ཀྱིས་རྒྱལ་པོ་ཤིན་ཏུ་གནས་པ་དེའི་སེམས་ཀྱི་བསམ་པ་དང་། ཡོངས་སུ་རྟོག་པ་
མཁྱེན་ནས། ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་ཐམས་ཅད་དང་ལྡན་པ་ཤར་ཕྱོགས་སྣང་བར་མཛད་དོ། །གཞོན་ནུ་སྙིང་རྗེ་ཅན་དང་རྒྱལ་པོ་ཤིན་ཏུ་གནས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་འོད་དེ་མཐོང་སྟེ། འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ལྡན་པ་སྣང་བར་མཛད་པ་ཡང་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐར་འོད་ལ་སེམས་དད་པར་གྱུར་ཏོ། །དེ་སེམས་དད་
ནས་གཞོན་ནུ་སྙིང་རྗེ་ཅན་དང་། སྲོག་ཆགས་ཁྲི་ཕྲག་དྲུག་ཅུ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་སྐར་འོད་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་སྐར་འོད་དེའི་སྤྱན་སྔར་ཞེས་ཆེ་བ་རབ་ཏུ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། གཞོན་ནུ་
སྙིང་རྗེ་ཅན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྟོན་པ་དཔེ་མེད་སེམས་ཅན་རྣམས་ཀྱི་མགོན། །གསོ་བའི་དཔྱད་ལ་མཁས་ལ་ཞུ་བགྱི་བ། །ཇི་ལྟར་སེམས་ཅན་སྣ་ཚོགས་དག་གི་ཁམས། །མཚན་ཉིད་མི་འདྲར་གྱུར་པ་འདྲེན་པས་གསུངས། །མདོག་
དང་དབྱིབས་དང་རིགས་ནི་ཕུན་སུམ་ཚོགས། །སྐྱེ་དང་རུས་དང་སྒྲ་ཡང་ཕུན་སུམ་ཚོགས། །མིང་ཡང་གང་གིས་སྣ་ཚོགས་ཐ་དད་པའི། །ཁྱད་པར་ཐུབ་པ་ཆེན་པོ་འདྲེན་པས་གསུངས། །མདོག་དང་དབྱིབས་དང་རིགས་ནི་ཕུན་སུམ་ཚོགས། །སྐྱེ་དང་རུས་དང་སྒྲ་ཡང་ཕུན་ཚོགས་དག །ཐམས་
ཅད་མཁྱེན་པའི་མཁྱེན་ལས་ཐམས་ཅད་འབྱུང་། །གང་དག་ཡོན་ཏན་གཞན་ནི་ངས་མ་བསྟན། །ཐམས་ཅད་མཁྱེན་པའི་ཐུགས་ལས་ཀུན་འབྱུང་སྟེ། །ཇི་ལྟར་བྱང་ཆུབ་བྱེད་པའི་སེམས་སྐྱེས་ཤིང་། །བྱང་ཆུབ་སེམས་དཔས་སྟོབས་ཀུན་ཐོབ་པར་འགྱུར། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་འོད་ཀྱིས་གཞོན་ནུ་སྙིང་རྗེ་ཅན་གྱི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་གཞོན་ནུ་སྙིང་རྗེ་ཅན་གྱིས་འཛུམ་པ་མཛད་པར་རིག་ནས་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་ལམ་ལེགས་པར་བཏབ་ནས། དེ་བཞིན་གཤེགས་པ་དེ་ལ་ཚིགས་སུ་བཅད་པས་
ཞུ་བ་ཞུས་པ། འཇིག་རྟེན་ཕན་མཛད་འཛུམ་པ་གང་། །མགོན་པོ་བདག་ལ་དེ་ལུང་སྟོན། །འགྲོ་བ་གང་དག་ཐོས་ནས་དག །མཚུངས་མེད་རང་བྱུང་དག་ཏུ་འགྱུར། །རྐང་གཉིས་དབང་པོ་ཁྱོད་འཁོར་འདི། །མི་ཡི་སེང་གེའི་ལྷ་ལ་བལྟ། །རྒྱལ་བའི་ལུང་སྟོན་ནོད་པ་ལགས། །མི་མཆོག་གསུངས་

ཤིག་ཐེ་ཚོམ་སོལ། །དེ་ནས་དེ་བཞིན་གཤེགས་པ་སྐར་འོད་ཀྱིས་རྒྱལ་པོ་ཤིན་ཏུ་གནས་པ་དེ་དང་། སྲོག་ཆགས་ཁྲི་ཕྲག་དྲུག་ཅུ་པོ་དེ་དག་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་གཞོན་ནུ་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་པ་དེ་
གཞན་ཡིན་པར་ཐེ་ཙོམ་འམ། ཡིད་གཉིས་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བསྟན་བཅོས་ཐམས་ཅད་ལ་མཁས་པར་བྱའོ། །མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་
བསྟན་བཅོས་ཐམས་ཅད་ལ་མཁས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་པར་འགྱུར་རོ། །མཽད་གལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩོམ་པ་འདི་ནི་འདི་ལྟ་སྟེ། བསྟན་བཅོས་ཐམས་ཅད་ལ་མཁས་པའོ། །མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་བསྟན་བཅོས་ཐམས་ཅད་
ལ་མཁས་པ་ནི་བསྟན་བཅོས་བྱེད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་འགྲོ་བར་འགྱུར་ཏེ། །ངོ་བོ་ཉིད་འདིས་བསྟན་བཅོས་དེ་སྟོན་ཏོ་དེ་ལ་དེ་བཞིན་གཤེགས་པ་ཁམས་དུ་མ་མཁྱེན་པ་འགོག་པར་འགྱུར་བའི་ལམ་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལས་ལས་ཉོན་མོངས་པ་
རྗེས་སུ་དཔག་སྟེ། ཉོན་མོངས་པ་འདིས་ལས་འདི་མངོན་པར་འདུས་བྱས། ཉོན་མོངས་པ་ལས་སེམས་རྗེས་སུ་དཔག་སྟེ། ཉོན་མོངས་པ་རབ་ཏུ་སྤྱོད་པས་ཆགས་པའམ། སྡང་བའམ་རྨོངས་པའི་སེམས་རྗེས་སུ་དཔག་གོ། །སེམས་ལས་གང་ཟག་འབྱུང་བར་རྗེས་སུ་དཔག་སྟེ། དེ་བཞིན་གཤེགས་
པས་སེམས་ཅན་དེ་དག་གི་འགྲོ་བ་འདོགས་པར་མཛད་དོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས། དེ་སེམས་ཅན་དམྱལ་བར་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས། དེ་དུད་འགྲོའི་སྐྱེ་གནས་སུ་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་
བྱས་པས། དེ་གཤིན་རྗེའི་འཇིག་རྟེན་དུ་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས་དེ་ལྷ་མ་ཡིན་གྱི་རིས་སུ་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས་དེ་མིར་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས་དེ་མཐོ་རིས་སུ་འགྲོའོ། །གང་ཟག་

འདིས་ལས་འདི་མངོན་པར་འདུས་བྱས་པས་དེ་མྱ་ངན་ལས་འདས་པར་འགྲོའོ། །འདི་ལྟ་སྟེ་དཔེར་ན་རི་མོ་མཁན་ནམ། རི་མོ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ཤིང་ལེབ་སྦྱངས་པའམ། རྩིག་པ་ལེགས་པར་བྱི་དོར་བྱས་པ་ལ་ཚོན་སྦྱར་ལེགས་པས་གཟུགས་གང་
དང་གང་བྲི་བར་འདོད་པ་དེ་དང་། དེ་ཉིད་མངོན་པར་འགྲུབ་པར་བྱེད་དོ། །དེ་དེ་ལས་རྗེས་སུ་དཔགས་ན་རི་མོ་མཁན་དེ་མཁས་པ་ཞེས་བྱའོ། །མཽད་གལ་གྱི་བུ་དེ་བཞིན་དུ་ལས་ལས་ཉོན་མོངས་པ་རྗེས་སུ་དཔག་སྟེ། ཚུལ་དེ་ལྟ་བུས་ཉོན་མོངས་པས་ལས་འདི་མངོན་པར་འདུས་བྱས་ཏེ། གལ་ཏེ་
འདོད་ཆགས་ལས་སྐྱེས་པའམ། གལ་ཏེ་ཞེ་སྡང་ལས་སྐྱེས་པའམ། གལ་ཏེ་གཏི་མུག་ལས་སྐྱེས་པའམ། གལ་ཏེ་འདོད་ཆགས་དང་ཞེ་སྡང་ལས་སྐྱེས་པའམ། གལ་ཏེ་འདོད་ཆགས་དང་གཏི་མུག་ལས་སྐྱེས་པའམ། གལ་ཏེ་ཞེ་སྡང་དང་འདོད་ཆགས་ལས་སྐྱེས་པའམ། གལ་ཏེ་ཞེ་
སྡང་དང་གཏི་མུག་ལས་སྐྱེས་པའམ། གལ་ཏེ་གཏི་མུག་དང་འདོད་ཆགས་ལས་སྐྱེས་པའམ། གལ་ཏེ་གཏི་མུག་དང་ཞེ་སྡང་ལས་སྐྱེས་པ་ཞེས་ལས་ལས་ཉོན་མོངས་པ་རྗེས་སུ་དཔག་ཅིང་། ཉོན་མོངས་པ་ལས་གང་ཟག་རྗེས་སུ་དཔག་གོ། །དེ་ལ་ལས་མངོན་པར་འདུ་བྱེད་པས་གང་ཟག་རིག་པར་
བྱ་སྟེ། གང་ཟག་འདི་ནི་སེམས་ཅན་དམྱལ་བ་པ། གང་ཟག་འདི་ནི་སེམས་ཅན་དམྱལ་བར་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི་དུད་འགྲོའི་སྐྱེ་གནས་པ། གང་ཟག་འདི་ནི་དུད་འགྲོའི་སྐྱེ་གནས་སུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི་གཤིན་རྗེའི་འཇིག་རྟེན་
པ། གང་ཟག་འདི་ནི་གཤིན་རྗེའི་འཇིག་རྟེན་དུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི་ལྷ་མ་ཡིན་པ། གང་ཟག་འདི་ནི་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི་མི། གང་ཟག་འདི་ནི་མིའི་འཇིག་རྟེན་དུ་ཡང་དག་པར་གནས་པ་ཡིན། གང་
ཟག་འདི་ནི་ལྷ། གང་ཟག་འདི་ནི་ལྷའི་འཇིག་རྟེན་དུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པ། གང་ཟག་འདི་ནི་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་དག་པར་གནས་པ་ཡིན་ནོ། །ཞེས་ལས་ལས་ཉོན་མོངས་པ་རྗེས་སུ་དཔག །ཉོན་མོངས་པ་ལས་གང་

ཟག་རྗེས་སུ་དཔག་གང་ཟག་ལས་འགྲོ་བ་རྗེས་སུ་དཔག །འགྲོ་བ་ལས་རྣམ་པར་སྨིན་པ་རྗེས་སུ་དཔག །རྣམ་པར་སྨིན་པ་ལས་འཁོར་བ་རྗེས་སུ་དཔག །འཁོར་བ་ལས་འཁོར་བའི་སྡུག་བསྔལ་རྗེས་སུ་དཔག །འཁོར་བའི་སྡུག་བསྔལ་ལས་ལས་དང་ཉོན་མོངས་པ་རྗེས་སུ་དཔག །སྡུག་བསྔལ་
དང་ཀུན་ནས་ཉོན་མོངས་པ་དེ་ཟད་ན་ངེས་པར་འབྱུང་སྟེ། ཉོན་མོངས་པ་ཟད་པས་ལས་ཟད། ལས་ཟད་པས་མངོན་པར་མི་འགྲུབ་སྟེ། གང་མངོན་པར་མ་གྲུབ་ན་དེ་མྱ་ངན་ལས་འདས་པ་ཡིན་ནོ། །དེ་གང་གིས་མྱ་ངན་ལས་འདས་པ་ཡིན་ཞེ་ན། སྡུག་བསྔལ་འདིའི་མྱ་ངན་ལས་
འདས་པ་ཡིན་ཏེ་འདི་ལྟ་སྟེ་དཔེར་ན་ཤིང་བསྡུས་པ་ལས་མེ་འབར་རོ། །ཤིང་ཟད་ན་མེ་འཆི་སྟེ་འདིར་གཞན་གང་ཡང་མེ་མ་ཡིན་གྱི་ཤིང་གང་ཟད་ན་འཆིའོ། །དེ་བཞིན་དུ་ལས་དང་ཉོན་མོངས་པ་ཟད་ན་མྱ་ངན་ལས་འདའ་སྟེ་འདིར་གཞན་གང་ཡང་སྡུག་བསྔལ་མ་ཡིན་གྱི་གང་དེའི་མྱ་ངན་ལས་འདའ་བ་ནི་ལས་དང་
ཉོན་མོངས་པ་ཟད་པ་ལས་མྱ་ངན་ལས་འདའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་
གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེའི་སངས་རྒྱས་ཀྱི་ཞིང་དེར་བྲམ་ཟེ་ཟླ་བའི་སྨིན་མ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། འདོན་པ་སྔགས་འཛིན་པ། རིག་པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་ལྔ་པ་སྟེ། སྔོན་བྱུང་བ་དང་བཅས་པ་དང་། ཚིག་
གིས་ལུང་སྟོན་པ་དང་། འཇིག་རྟེན་རྒྱང་འཕེན་པ་དང་། མཆོད་སྦྱིན་གྱི་རྒྱུད་དང་། སྐྱེས་བུ་ཆེན་པོའི་མཚན་ཉིད་ཀྱི་རིགས་དང་འཐུན་པར་རྗེས་སུ་སྐྱེས་པ། རང་གི་སློབ་དཔོན་གྱི་གསུང་རབ་རིག་པ་གསུམ་ལམ་མགུ་ནས་དགེ་བའི་ཆོས་ཚོལ་ཏེ། དེ་བྲམ་ཟེ་ཀུན་གྱིས་རྗེས་སུ་ཤེས་པའི་ཕ་རོལ་
ཏུ་ཕྱིན་ཅིང་། འཇིག་རྟེན་རྒྱང་འཕེན་པའི་རྒྱུད་ཀྱི་ཕ་རོལ་ཏུ་ཕྱིན་པ། གསོ་བའི་དཔྱད་ཀྱི་རྒྱུད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། མཚན་མའི་རྒྱུད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། སྒྱུ་མའི་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདི་ལྟ་སྟེ། མིག་འཕྲུལ་དང་། ཉེ་བའི་མིག་འཕྲུལ་དང་། ཐགས་

ཟངས་རིས་ཀྱི་འཕྲུལ་དང་། རབ་བཅོམ་གྱི་འཕྲུལ་དང་། རུས་པའི་འཕྲུལ་དང་། བདེ་མཆོག་གི་འཕྲུལ་དང་། གཞོན་ནུ་རྩེ་བ་དང་། རིག་སྔགས་འཆང་རྩེ་བ་དང་། ཕྱི་རོལ་གྱི་ཚོགས་ཀྱི་རྫུ་འཕྲུལ་གྱི་རྩེ་བ་དང་། དེ་ལས་གཞན་པའི་རྩེ་བའི་བསྟན་བཅོས་
དཔག་ཏུ་མེད་པ་དག་ལ་འཇིགས་པ་མེད་དོ། །བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་ཞེས་བྱ་བ་ནས། རིག་པ་དང་ཞབས་སུ་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་ཏུ་བྱུང་སྟེ། དེས་མི་མཁྱེན་པའམ། མ་གཟིགས་
པའམ། ཐུགས་སུ་མ་ཆུད་པའམ། མངོན་སུམ་དུ་མ་མཛད་པ་ཅི་ཡང་མེད་དོ་ཞེས་ཐོས་སོ། །དེ་ལྟ་ན་བདག་གི་སྔགས་ཀྱི་ལུང་དག་ལས་གང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་ཁྱིམ་ན་
གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། གླིང་བཞིའི་དབང་ཕྱུག་རྣམ་པར་རྒྱལ་ཞིང་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་དག་ཡིན་ནོ། །འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་
བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་སྟེ་འདི་བདུན་ནོ། །ཡང་བུ་སྟོང་ཚང་བར་ཡོད་དེ། དཔའ་ཞིང་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམ་པ་ཡིན་ཏེ། དེ་སའི་དཀྱིལ་འཁོར་འདི་ཆད་པ་མེད་
པ་དང་། མཚོན་གྱིས་བདའ་བ་མེད་པར་རང་གི་ཆོས་འབའ་ཞིག་གིས་ཤིན་ཏུ་གནས་སོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་གྱོན་ཏེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་སངས་རྒྱས་བཅོམ་ལྡན་
འདས་ཀྱི་བར་དུ་འགྱུར་རོ། །གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེ། གལ་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འདི་དང་ལྡན་ནམ་འོན་ཏེ་མི་ལྡན་པ་བདག་གིས་བརྟག་གོ། །གལ་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་མཐོང་ན། དེ་

བཞིན་གཤེགས་པ་ཞེས་བྱ་བར་ཤེས་སོ་སྙམ་མོ། །དེ་ནས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དྲུག་ཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་འཇིག་
རྟེན་གསུམ་གྱི་བླ་མ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བའི་གཏམ་གྱི་རྣམ་པ་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེའི་སྐྱེས་
བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དག་བསམས་སོ། །བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དག་མཐོང་སྟེ། ཟླ་བའི་སྨིན་མས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
འཇིག་རྟེན་གསུམ་གྱི་བླ་མ་དེའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཞན་གཉིས་དང་གཉིས་དག་གི་དྲན་པ་འདི་ལྟ་སྟེ། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ལྗགས་རིང་བ་ལ་སོམ་ཉི་ཟའོ། །དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བསམ་
པ་ཐུགས་སུ་ཆུད་ནས། ཞལ་ནས་ལྗགས་ཕྱུང་སྟེ་སྤྱན་དང་སྙན་གྱི་འགྲམ་པ་གཉིས་ལ་ལྗགས་ཀྱིས་ཀུན་ཏུ་ཉུག་པར་མཛད། ཀུན་རེག་པར་མཛད། ལྗགས་ཀྱིས་སྙན་གྱི་རྒྱུད་གཉིས་ལ་ཡོངས་སུ་ཉུག་པར་མཛད། ཀུན་ཏུ་ཉུག་པར་མཛད་དེ། མཚན་མ་ཇི་ལྟ་བུ་འབྱུང་བར་མཛད་པ་དེ་ལྟ་བུའི་
མཚན་མ་འབྱུང་བར་མཛད་པས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ཀྱི་སྐུ་ལ་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པར་མཐོང་ངོ་། །དེ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོམ་ཉི་མེད། ཐེ་ཚོམ་མེད་ནས་དེ་སྟན་ལས་ལངས་ཏེ། པུས་མོ་གཡས་
པའི་ལྷ་ང་ས་ལ་བཙུགས་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཅིང་། ཁས་གཏུགས་ཏེ་ལག་པ་གཉིས་ཀྱིས་ཤིན་ཏུ་བཏེག་ནས། བཅོམ་ལྡན་འདས་བྲམ་ཟེ་ཟླ་བའི་

སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་བགྱི་བ་ལགས་སོ། །བཅོམ་ལྡན་འདས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་བགྱི་བ་ལགས་སོ་ཞེས། བདག་གི་མིང་དང་རུས་ལན་གསུམ་གྱི་བར་དུ་གསོལ་ཏོ། །སེམས་ཀྱང་འདི་ལྟར་བསྐྱེད་དོ། །བདག་མ་འོངས་
པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ནས་མ་དུལ་བ་རྣམས་འདུལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། མ་ཞི་བ་རྣམས་ཞི་བར་བགྱིད་པ་དང་། མ་རྒལ་བ་རྣམས་བསྒྲལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་
སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པར་གྱུར་ཅིག །དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །འདི་
ནི་ཆོས་ཉིད་དེ་གང་གི་ཚེ། བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ། འོད་ཟེར་ཁ་དོག་དུ་མ་དང་ཁ་དོག་སྣ་ཚོགས་དག་ཞལ་གྱི་སྒོ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེ་ལ་ལན་གསུམ་བསྐོར་བ་བྱས་ནས་སྤྱི་གཙུག་ཏུ་ནུབ་བོ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་པ་
དགེ་སློང་ཞི་བའི་དབང་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། དེ་བཞིན་གཤེགས་པ་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། འདྲེན་
པ་དཔའ་ཆེན་རྒྱུ་མ་མཆིས་པར་འཛུམ་མི་མཛད། །གླང་པོ་ཆེན་པོ་འཛུམ་མཛད་རྒྱུ་ཅི་བདག་ལ་གསུངས། །འདྲེན་པ་འཇིག་རྟེན་གསལ་མཛད་འཛུམ་པའི་རྒྱུ་གསུངས་ཤིག །ཁྱོད་སྲས་གང་དག་ཐོས་ནས་མགུ་ཞིང་དགའ་བར་འགྱུར། །བརྩོན་འགྲུས་རྩོམ་ཞིང་སངས་རྒྱས་ཆོས་དག་འཐོབ་པར་
འགྱུར། །བདུད་ཀྱང་འཇོམས་པར་འགྱུར་ཞིང་ལམ་ཆེན་སྦྱོང་བར་འགྱུར། །འདྲེན་པ་སངས་རྒྱས་ཆོས་ལ་ངེས་པར་འབྱུང་འགྱུར་ཞིང་། །འདྲེན་པ་སངས་རྒྱས་ཆོས་ལ་ཐེ་ཚོམ་མེད་པར་འགྱུར། །ཇི་ལྟར་སངས་རྒྱས་སྲས་ཀྱིས་འབད་པ་དོན་ཡོད་ཅིང་། །སློབ་ཚེ་འཇིགས་པ་མེད་ཅིང་ཞུམ་པ་

མེད་པར་འགྱུར། དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེས། རིམ་གྲོ་པ་དེ་ལ་ཚིགས་སུ་བཅད་དེ་གསུངས་པ། ཇི་ལྟར་སྨྲས་པ་དེ་བཞིན་རྒྱུ་མེད་འཛུམ་མི་མཛད། །སྲས་ཀྱི་བསམ་པ་མཁྱེན་ནས་འཇིག་རྟེན་དོན་གྱི་ཕྱིར། །སེམས་ཅན་འཇིག་རྟེན་དོན་དུ་འདྲེན་པ་
འཛུམ་པ་མཛད། །བྲམ་ཟེ་ཟླ་བའི་སྨིན་མ་དཔའ་བོ་མཁས་པ་འདི། །ང་ལ་མཆོད་པ་བྱས་ཤིང་བསྟན་ལ་དད་པ་རྙེད། །བསྐལ་པ་བྱེ་བ་དྲུག་ཅུར་ལོག་པར་མི་འགྲོ་ཞིང་། །དེ་ནས་མི་རུ་འོངས་ནས་འཇིག་རྟེན་སངས་རྒྱས་འགྱུར། །མཚན་ནི་འཇིག་རྟེན་གསལ་མཛད་སེམས་ཅན་ཐུགས་བརྩེ་ལྡན། །
དེ་ཡི་སྐུ་ཚེ་ལོ་ནི་བྱེ་བ་བརྒྱད་ཅུར་འགྱུར། །ཉན་ཐོས་འཁོར་ནི་བྱེ་བ་བདུན་ཅུ་དག་ཏུ་འགྱུར། །ལོ་ནི་བྱེ་བ་དགུ་བཅུར་རྐང་གཉིས་མཆོག་གནས་ཏེ། །ཉན་ཐོས་འདུས་པ་བརྒྱད་ཅུ་དེ་ཡི་རྣམ་པ་ནི། །དམིགས་མེད་གྲགས་པ་ཆེན་པོ་འདུས་པ་འབྱུང་བར་འགྱུར། །བློ་མཆོག་ལྡན་པ་མྱ་ངན་
འདས་པའི་དམ་ཆོས་ལོ། །ཁྲི་ཕྲག་བརྒྱད་ཅུར་གནས་ཏེ་ལྷ་མི་དག་གིས་སྤྱོད། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་བའི་སྨིན་མ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ་ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་བའི་སྨིན་མ་
ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བློ་ལ་དད་པ་མང་དུ་བྱ། བསྟན་བཅོས་ཐམས་ཅད་ལ་མཁས་པར་ཡང་བྱ་མངོན་པར་བརྩོན་པར་ཡང་བྱའོ། །མཽད་གལ་གྱི་བུ་ངས་ཁམས་སྣ་ཚོགས་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་
དཔའི་སྤྱད་པ་སྤྱོད་པ་ནི་ཇི་ལྟར་ཁམས་སྣ་ཚོགས་ཤེས་པ་ཡང་དག་པར་བསྡུས་པས་སེམས་ཅན་རྣམས་ཀྱི་ཁམས་སྣ་ཚོགས་དག་གི་ཁམས་ཀྱི་གཉེན་པོ་དེས་པས་ཇི་ལྟར་ཆོས་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་
བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དགེ་བའི་མིག་ཅེས་བྱ་བ་ནས། རང་གི་ཆོས་ཀྱིས་ཤིན་ཏུ་རྒྱལ་སྲིད་ཀྱི་ནང་ན་གནས་པའི་བར་ཞིག་བྱུང་ངོ་། །དེའི་ཚེ་ན་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་

འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མེད་པའི་སྤྱན་དེའི་སངས་རྒྱས་ཀྱི་ཞིང་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོ་དག་བྱུང་ངོ་། །སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་ཀུན་ནས་ཉོན་མོངས་
པའི་ཚུལ་ཁྲིམས་སམ། ཀུན་ནས་ཉོན་མོངས་པའི་སེམས་ཅན་ཐམས་ཅད་དུ་གང་མ་སྐྱེས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་དེ་ཉིད་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་བསྐྱེད་དོ། །
དེ་ནས་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་གྱིས་སེམས་ཅན་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་དག་གི་བསྔགས་པ་བརྗོད་དེ། དེ་བཞིན་གཤེགས་པའི་སྟོབས་བཅུ་དག་ལ་བརྟེན་ན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་པར་འགྲུབ་པར་འགྱུར་
བས། དེ་དག་ཁོང་དུ་ཆུད་པར་བྱ་བའི་དོན་དུ་ལུས་དང་། པགས་པ་དང་། རྒྱུས་པ་དང་། རུས་པ་སྐམས་ཤིང་ཁོག་པ་དང་། ཤ་དང་ཁྲག་ཡོངས་སུ་སྐམས་ཀྱང་བརྩོན་འགྲུས་བརྩམ་པར་བྱའོ། །གལ་ཏེ་བརྩོན་འགྲུས་བཏང་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་དག་མི་ཐོབ་པར་འགྱུར་
རོ། །དེ་དག་ཐམས་ཅད་བརྩོན་འགྲུས་བརྩམས་པ་དེ་དང་ལྡན་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པར་བྱ་བའི་ཕྱིར་འབད་དོ། །དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་དེ་ནི་དེ་དག་ཐམས་ཅད་ཀྱི་སྔོན་དུ་གཤེགས་པར་གྱུར་ཏེ། དེ་བཞིན་གཤེགས་པས་སེམས་ཅན་དཔག་
ཏུ་མེད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་བཙུད་དེ། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་བཀོད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བའི་མིག་ཅེས་བྱ་
བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བའི་མིག་ཅེས་བྱ་བར་གྱུར་ཏོ། །དེ་ལྟ་བས་ན་དེ་ཕྱིན་ཅད་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངོམས་པ་མེད་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ཙམ་དུ་སེམས་ཅན་ཡོངས་

སུ་སྨིན་པར་བྱེད་པ་དེ་ཙམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་སྟེ། མཽད་གལ་གྱི་བུ་སེམས་ཅན་དེ་དག་གི་གྲངས་ཡོངས་སུ་ཤེས་པར་ནུས་པ་གང་ཡང་མེད་དེ། ངས་སེམས་ཅན་དེ་སྙེད་ཡོངས་སུ་མྱ་ངན་ལས་བཟླས་སོ། །སེམས་ཅན་དེ་དག་གི་གྲངས་གདགས་པར་ཡང་མི་ནུས་ཏེ།
མཽད་གལ་གྱི་བུ་ངས་སངས་རྒྱས་ཀྱི་རྒྱུད་མི་གཅད་པར་བྱ་བའི་ཕྱིར་ཞུགས་ནས་ངས་སེམས་ཅན་དེ་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་བཙུད་ཅིང་ཡོངས་སུ་སྨིན་པར་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱུད་མི་
གཅད་པར་བྱ་བ་ལ་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་ངས་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་ནས། བདག་གིས་སེམས་ཅན་གྱི་དོན་ཇི་ལྟར་བྱ་སྙམ་ནས།
དགེ་བའི་རྩ་བ་རྣམ་པ་དུ་མ་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། མགར་བ་ལེགས་རྟོགས་ཞེས་བྱ་བ་མགར་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ། བཟོ་རྣམས་ལ་བསླབས་པ་ཞིག་བྱུང་སྟེ།
དེ་ཡོངས་སུ་སྦྱང་བ་བྱས་པས་གསེར་གྱི་གཟུགས་བརྙན་ལ་འཇུག་པ་ཤེས། ལྡང་བ་ཡང་ཤེས། རིན་ཡང་ཤེས་སོ། །དེ་ཡོངས་སུ་སྦྱང་བ་བྱས་པའི་གསེར་གྱི་གཟུགས་བརྙན་གྱི་རིན་ལ་ཤིན་ཏུ་རྨོངས་པ་མེད་པས་ཕྱོགས་དང་ཕྱོགས་མཚམས་སུ་རྒྱ་ཆེར་ཀྱེ་མ་མགར་བ་འདི་མཁས་སོ་
ཞེས་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པའི་མངོན་པར་འཕགས་སོ། །འདི་བཟོའི་མཆོག་ཁོང་དུ་ཆུད་པས་རྒྱལ་པོའི་ཕོ་བྲང་འཁོར་གྱི་བར་དུ་གྲགས་ནས་དེའི་རྙེད་པ་དག་ཀྱང་བྱུང་སྟེ། རྒྱལ་པོ་དེའི་གོས་དག་བྱིན། འགྲོ་བ་ཐམས་ཅད་ཀྱིས་ཀྱང་། བཟོ་བོ་དེའི་ཚིག་གཟུང་བར་འོས་
པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མགར་བ་ལེགས་རྟོགས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་མགར་བ་ལེགས་རྟོགས་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་

ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་མཁས་པར་བྱའོ། །མཽད་གལ་གྱི་བུ་ངས་གཞན་ཡང་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་རྣམ་པ་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽད་
གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་གར་གྱི་སློབ་དཔོན་འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱ་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ་མཁས་ཤིང་མཉེན་ལ་འཐུན་པ་དང་། ཚིག་གཟུང་བར་འོས་པ་སྐྱེ་བོའི་ཚོགས་མང་པོས་མནོས་
ཤིང་མངོན་པར་དགའ་བ། དུས་ཤེས་པ་དང་། དུས་མ་ཡིན་པ་ཤེས་པ་དང་། མ་ཤེས་པ་དང་། ཕ་ཤེས་པ་དང་། བདག་ཤེས་པ་དང་། འཁོར་ཤེས་པ་དང་། འཇིག་རྟེན་གྱི་བསམ་པའི་རྗེས་སུ་ཞུགས་ཤིང་ཚིག་སྨྲས་པ་ཙམ་གྱིས་སེམས་ཅན་དག་གི་བསམ་པ་འཛིན་པར་བྱེད་པ་ཞིག་
བྱུང་ངོ་། །དེའི་བུ་མོ་འགྲོ་བའི་དཔའ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། བསམ་པ་རྒྱ་ཆེ་བ་འདོད་ཆགས་ཆུང་། ཞེ་སྡང་ཆུང་། གཏི་མུག་ཆུང་བ། མིའི་མདོག་ལས་འདས་ཤིང་། ལྷའི་གཟུགས་ཀྱི་མདོག་ལྟ་བུ་ཡང་དག་པར་ཐོབ་པ། བྲོ་གར་
གྱི་བཟོ་ལ་མཆོག་ཏུ་མཁས་པ། ཆོ་ག་ལ་མཁས་པ། མཐོང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་མིག་འཛིན་པ་ཞིག་བྱུང་ངོ་། །དེའི་ཚེ་དེར་སྐྱེ་བོའི་ཚོགས་མང་པོ་འདུས་ཤིང་ཚོགས་མང་པོ་འཁོད་དོ། །དེ་ནས་གར་མཁན་གྱི་བུ་མོ་འགྲོ་བའི་དཔའ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཚོགས་
ཀྱི་དབུས་སུ་འདུག་སྟེ། གླུ་དབྱངས་འདི་དག་བླངས་སོ། །ལང་ཚོ་འདི་དག་རི་བོའི་ཆུ་ལྟར་འགྲོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཤིན་ཏུ་ལྟུང་། །བྱིས་པའི་སྐྱེ་བོ་རབ་ཏུ་མྱོས་པ་དག །བརྒྱལ་ཞིང་གཡོ་བའི་ཤུགས་ཀྱང་མི་ཤེས་སོ། །སྟོན་ཀའི་སྤྲིན་སྟུག་སྙིང་པོ་མེད་པ་དང་། །
འཕྱར་བའི་ཤུགས་ལྟར་ལང་ཚོ་འགྲོ་བ་ཡིན། །གང་དག་གཟུགས་ཀྱི་བཅིང་བས་བཅིངས་པ་ནི། །མི་རྟག་མི་ལྟུང་བར་ནི་མི་འཛིན་ཏོ། །ཇི་ལྟར་བུས་པ་ཁྱེའུའི་མ་མ་ལྟར། །མི་མཁས་བློ་གྲོས་ངན་པ་དེ་དག་ནི། །ཡིད་སླུ་འཆི་བར་འགྲོ་བ་མི་ཤེས་སོ། །དེ་དག་འབྲས་བུ་མེད་པས་ཡིད་སྦགས་

པ། །དེ་ནི་མི་རྟག་འཇིག་པས་སྐེམས་པར་བྱེད། །བསོད་ནམས་མེད་པ་འཆི་མཐས་སྲོག་འཇོམས་སོ། །མཁས་པ་གང་དག་རྒྱལ་བའི་གསུང་རབ་ལ། །རྟག་ཏུ་བརྩོན་པ་ལང་ཚོ་དགའ་འབྲེལ་ལ། །མཁས་པ་དེ་ཡིས་དགའ་བར་མི་བྱའོ། །མཁས་པས་བདེ་བར་གཤེགས་པའི་གསུང་
རབ་ལ། །ལང་ཚོ་མི་རྟག་སྙིང་མེད་བརྟག་པར་གྱིས། །དགའ་བདེ་ཡིས་ལང་ཚོ་སྔོན་དུ་འཕྲོག །གལ་ཏེ་སྐྱེ་བོ་མཁས་པ་མཛངས་པ་དག །འདི་དག་བདག་མེད་ལང་ཚོརྟོག་པར་བྱེད། །ཇི་ལྟར་སྐྱེས་བུ་རང་གི་རྫས་ཚོལ་བ། །དེ་བཞིན་དགའ་བས་རང་གི་རྫས་ཚོལ་ལོ། །གང་གིས་སྣོད་
བརྙས་ཇི་སྲིད་བདག་ལ་འདུག །དེ་བཞིན་ལང་ཚོ་བདག་གི་དོན་བྱེད་དེ། །བདག་ནི་གང་གིས་བརྙས་པའི་སྣོད་འདྲའོ། །ཇི་སྲིད་ལང་ཚོ་ལ་ནི་བདག་གནས་པ། །སྟོབས་དང་བརྩོན་འགྲུས་བདག་གིས་ཉམས་མི་བྱ། །བདག་གི་ལང་ཚོ་རྒ་བས་སྔོན་འཕྲོག་པས། །རྒྱལ་བའི་བསྟན་ལ་
བདག་གིས་སྦྱར་བར་བྱ། །ལང་ཚོའི་རྣམ་པ་གང་དག་ཕྲོགས་པ་ནི། །ཀྱེ་མ་བསམ་པ་བསླུས་ཤིང་སྟོབས་ཉམས་སོ། །ལང་ཚོའི་རྣམ་པ་དེ་ཡི་སྐད་ཅིག་ལ། །མི་རྟག་སྟོབས་ཉམས་མི་སླ་མ་ཡིན་ནོ། །ལང་ཚོ་མི་རྟག་དེ་ཡི་སྐད་ཅིག་ལ། །ཡོངས་སུ་བརྟག་པར་བྱ་བ་མི་སླ་སྟེ། །དེ་བས་མི་ནི་
ལང་ཚོ་འཛིན་པའི་ཚེ། །རྒ་བ་ཟད་པར་བྱ་ལ་འབད་པར་གྱིས། །ལང་ཚོ་རྒ་བས་ཡལ་ཅིང་རྒས་པ་དང་། །ཉམས་པས་ཆོས་ནི་གཏད་པར་མི་ནུས་སོ། །མཁས་པ་གང་དག་རྒྱལ་བའི་བསྟན་པ་ལ། །སྤྱོད་པར་བྱེད་པ་བདུད་རྩི་ཚོལ་བ་ཡིན། །མེ་ལ་ཆུ་ཡིས་བཏབ་ན་མི་འབར་ལྟར། །བདུད་ཀྱི་ཞགས་
པ་དེ་ཡིས་གཅོད་པར་བྱེད། །དེ་ལྟ་བས་ན་ལང་ཚོ་འཛིན་པ་ན། །བདེ་བར་གཤེགས་ཀྱི་བསྟན་ལ་སྤྱད་པར་གྱིས། །ལང་ཚོ་སྤྱོད་པ་བདུད་ཀྱི་འཁོར་ལས་རྒྱལ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུ་མོ་འགྲོ་བའི་དཔའ་མོ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་
མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་གར་མཁན་གྱི་བུ་མོ་འགྲོ་བའི་དཔའ་མོ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། རྒ་བའི་ཁམས་དང་སྐྱེ་མཆེད་ཐལ་བར་མ་བརླག་པ་དེ་སྲིད་དུ་མཁས་པས་བདུད་རྩི་ཁོང་དུ་ཆུད་པར་བྱ་བ་ལ་འབད་པར་བྱའོ། །མཽད་གལ་གྱི་བུ་ངས་གཞན་ཡང་ཁམས་སྣ་ཚོགས་ཤེས་པ་འགོག་

པ་ཤེས་པར་བྱ་བའི་དོན་དུ་བདག་གིས་ཆོས་གང་དག་ཡོངས་སུ་ཤེས་པ་ཇི་ལྟར་མི་འགག་པར་བྱ་སྙམ་ནས། དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན།
དེ་བཞིན་གཤེགས་པ་གྲགས་པ་མ་སྨད་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་གསུང་རབ་ལ་བྱང་ཆུབ་སེམས་དཔའ་སྤྱོད་པ་བླ་མ་ཞེས་བྱ་བ་ཞིག་བྱུང་སྟེ། ཡིད་དམ་བླངས་པ་ལས་མི་གཡོ་བ་དང་ལྡན་པ་ཞིག་བྱུང་ངོ་། །དེའི་ཡི་དམ་གྱི་ཚུལ་ནི་འདི་དག་ཡིན་ཏེ། ཇི་སྲིད་དུ་བདག་གི་སངས་རྒྱས་ཀྱི་ཞིང་
དེར་སེམས་ཅན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་མ་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཇི་སྲིད་དུ་བདག་གི་སངས་རྒྱས་ཀྱི་ཞིང་དེར་གང་སེམས་ཅན་སྐྱེས་པ་དེ་དག་ཐམས་ཅད་མངོན་པར་ཤེས་པ་
མྱུར་བ་བདེ་བའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་མ་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་བཞིན་དུ་སྦྱར་ཏེ་ཇི་སྲིད་དུ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་མི་དགེ་བའི་
ཆོས་སྤངས་ཤིང་དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་མ་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཇི་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སེམས་ཅན་ཐམས་
ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མ་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གལ་ཏེ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དམྱལ་བའི་སྒྲའམ། དུད་འགྲོའི་སྐྱེ་གནས་འཐོབ་པའམ།
གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའམ། ལྷ་མ་ཡིན་གྱི་རིས་སུ་སྐྱེ་བར་གྱུར་ན་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གལ་ཏེ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སྡུག་བསྔལ་གྱི་སྒྲ་ཡོད་ན་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

མངོན་པར་རྫོགས་པར་འཚང་མི་རྒྱའོ། །གལ་ཏེ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་སྐྱེས་པ་དེ་དག་ཐམས་ཅད་སྲིད་པ་ཐམ་པར་མ་གྱུར་ན་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་སྨོན་ལམ་
གྱིས་གནས་པ་ནི་མ་གཏོགས་སོ། །སངས་རྒྱས་ཀྱི་ཞིང་དེ་འདི་ལ་སོགས་པའི་ཡོན་ཏན་གཞན་དང་ཡང་ལྡན་ནོ། མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སྤྱོད་པ་བླ་མ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་སྤྱོད་
པ་བླ་མ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་དོན་དུ་ཡིད་དམ་ལ་བརྟན་པར་བྱའོ།། །།བམ་པོ་བཅུ་དྲུག་པ། མངོན་པར་འདུས་བྱས་ཏེ་མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་
དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་ཟླ་སྦྱིན་གྱི་བུ་མོ། བུ་མོ་གྲངས་ལས་འདས་པ་ཞེས་བྱ་བ་གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ་ཁ་དོག་བཟང་མོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ་། །དེ་ཕ་མས་ཁྱིམ་ཐབ་ལ་བཏང་བར་བྱས་སོ། །
དེས་ཕ་མ་དེ་དག་ལ་སྨྲས་པ། ཡབ་ཡུམ་བདག་ནི་ཁྱིམ་ཐབ་མི་འཚལ་ལོ། །དེའི་ཕ་མས་སྨྲས་པ་བུ་མོ་ཁྱོད་ཀྱི་བསམ་པ་ཅི་ཡོད། དེས་སྨྲས་པ། ཡབ་ཡུམ་བདག་ནི་ཁྱིམ་ཐབ་མི་འཚལ་ཏོ། །དེ་ཅིའི་སླད་དུ་ཞེ་ན་ཡབ་ཇི་ཙམ་དུ་ཉེ་བར་ལེན་པ་དེ་ཙམ་དུ་སྡུག་བསྔལ་བ་ལགས་སོ། །
གང་ལ་ཉེ་བར་ལེན་པ་མ་མཆིས་པ་དེ་ལ་སྡུག་བསྔལ་མ་མཆིས་སོ། །ཡབ་གཟིགས་ཤིག་ཁྱིམ་ཐབ་མཆིས་པ་ལ་ནི་ཁྱིམ་ཐབ་ཀྱི་མྱ་ངན་མཆིས་ལ། ཁྱིམ་ཐབ་མ་མཆིས་པ་ལ་ནི་ཁྱིམ་ཐབ་ཀྱི་མྱ་ངན་མ་མཆིས་སོ། །བུ་མཆིས་པ་ལ་ནི་བུའི་མྱ་ངན་མཆིས་ལ། བུ་མ་མཆིས་པ་ལ་ནི་བུའི་མྱ་ངན་མ་
མཆིས་སོ། །འཛིན་པ་མཆིས་པ་ལ་ནི་འཛིན་པའི་མྱ་ངན་མཆིས་ལ། འཛིན་པ་མ་མཆིས་པ་ལ་ནི་འཛིན་པའི་མྱ་ངན་མ་མཆིས་ཏེ། བདག་འཛིན་པ་དེས་འཚལ་ཏོ། །འཛིན་པ་མཆིས་ན་ནོངས་པ་ཐམས་ཅད་འབྱུང་སྟེ། བདག་ཁྱིམ་ཐབ་དེས་འཚལ་ཏོ། །གནོད་པས་འཚལ་ཏོ། །ཡབ་

སེམས་ཅན་དག་ཁམས་སྣ་ཚོགས་ལ་མོས་ཏེ། གང་འཁོར་བ་ལ་དགའ་བ་དེ་དག་ལ་ནི་འཛིན་པ་འཚལ་གྱི། གང་འཁོར་བ་ལ་མི་དགའ་བ་དེ་དག་ལ་ནི་འཛིན་པ་མི་འཚལ་ཏེ། བདག་ཀྱང་འཁོར་བ་ལ་གློ་བ་མི་དགའ་སྟེ། དེས་ན་བདག་འཛིན་པ་མི་འཚལ་ལོ། །
གང་གིས་འཛིན་པ་ཐམས་ཅད་སྤངས་ན་དེ་བདེ་བ་ཞེས་བགྱིའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུ་མོ་གྲངས་ལས་འདས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བུ་མོ་གྲངས་ལས་འདས་པ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་
གྱི་བུ་དེ་ལྟ་བས་ན་ངའི་སྔོན་གྱི་ལྟར། ད་ལྟར་ཡང་བྱང་ཆུབ་སེམས་དཔས་འཛིན་པ་ཡོད་ན་སྡུག་བསྔལ་དུ་འགྱུར་ཞིང་། འཛིན་པ་མེད་ན་སྡུག་བསྔལ་དུ་མི་འགྱུར་རོ། །ཞེས་རིག་པར་བྱས་ནས་འཛིན་པ་མེད་པ་ལ་བསླབ་པར་བྱའོ། །མཽད་གལ་གྱི་བུ་ངས་ཁམས་སྣ་ཚོགས་ཤེས་པ་འགོག་པར་
འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས། སེམས་ཅན་རྣམས་ལ་ཇི་ལྟར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་
མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་མཚོན་མགར་རྒྱལ་སྡེ་ཞེས་བྱ་བ་ལས་ཞིབ་མོ་ཐམས་ཅད་ལ་ཤིན་ཏུ་བསླབས་པ། རྒྱའི་ལས་ཐམས་ཅད་ལ་ཤིན་ཏུ་བསླབས་པ། སྣོད་ཀྱི་རྒྱ་ཐམས་ཅད་འདྲི་བ་
ཞིག་བྱུང་ངོ་། །དེ་ནས་མཚོན་མགར་རྒྱལ་སྡེ་འདི་སྙམ་དུ་སེམས་ཏེ། བདག་གིས་བཟོ་ཐམས་ཅད་ཀྱི་སོ་སོའི་རྒྱ་བཟུང་སྟེ། གང་བདག་གིས་བཟོ་སོ་སོའི་རྒྱ་མ་བཟུང་བ་ཅུང་ཟད་ཀྱང་མེད་དོ་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་
གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །དེ་སྔོན་གྱི་གཉེན་སྣག་གི་གཉེན་མཚམས་རྙིང་པ། ལྷ་སྙིང་རྗེ་ཅན་ཞིག་བར་སྣང་ལ་འདུག་སྟེ། རང་གི་གཟུགས་

ཀྱི་མདོག་མི་སྣང་བར་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། གྲོགས་པོ་ཡང་དག་སངས་རྒྱས་རྐང་གཉིས་མཆོག་བྱུང་བཞུགས། །འཇིག་རྟེན་རྣམས་ལ་བརྩེ་མཛད་མཚན་ནི་མཐའ་ཡས་གཟིགས། །སེམས་ཅན་ཀུན་ལ་ཕན་མཛད་ཆོས་ཀུན་ཕ་རོལ་གཤེགས། །ཞུས་པ་རྣམས་ཀྱི་
མཐར་མཛད་སྟོན་པ་ཐེ་ཚོམ་སེལ། །དེ་ནི་ཇི་ལྟ་བཞིན་དུ་ཀུན་མཁྱེན་དེ་དྲུང་སོང་། །བསྙེན་བྱོས་བསམས་པ་ཞུས་ཏེ་དེ་ནི་ཐོས་ནས་བསྒྲུབས། །སྟོན་པ་དེ་ཉིད་གསུང་བ་ངེས་ཏེ་གཞན་ཚིག་མིན། །དེ་ཡིས་དེ་གསུང་ཇི་ལྟར་ཐོས་པ་བཞིན་དུ་སྒྲུབས། །དེ་ནས་མཚོན་མགར་
རྒྱལ་སྡེ་ལྷ་དེའི་སྤོབས་པ་ཐོས་ཏེ། དེའི་མཚན་མོ་འདས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེ་ད་ལྟར་གང་ན་བཞུགས་ཞེས་ཀུན་ཏུ་ཚོལ་ལོ། །དེ་བཞིན་གཤེགས་པ་དེ་མཐོང་བར་བྱ་བ་མི་ཤེས་ན་གར་འགྲོ་བར་བྱ། དེ་བཞིན་གཤེགས་པ་དེ་ག་ལ་
བཞུགས་ཞེས་ཤིན་ཏུ་བསྒོམ་མོ། །དེ་ནས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེས་མཚོན་མགར་རྒྱལ་སྡེ་དེའི་དགེ་བའི་རྩ་བའི་དུས་ཚིགས་ལ་བབ་པར་ཐུགས་སུ་ཆུད་ནས། སྟེང་གི་བར་སྣང་ལ་དེ་བཞིན་གཤེགས་པའི་སྐུ་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ། མཚོན་མགར་
རྒྱལ་སྡེ་དེ་ལ་ཚིགས་སུ་བཅད་དེ་གསུངས་པ། ཁྱོད་གང་ཚོལ་བ་འཇིག་རྟེན་མགོན་པོ་དེ་བཞིན་གཤེགས། །བཟང་པོ་དེ་ནི་ཁྱོད་ཀྱི་ཕྱིར་བཞུགས་གང་འདོད་ཞུས། །ང་ནི་ཞུས་པའི་ལན་འདེབས་ང་ནི་ཐེ་ཚོམ་གཅོད། ཁྱོད་ཀྱི་ཡིད་ལ་གང་བསམས་མྱུར་དུ་ཞུ་བ་ཞུས། །ཞི་བའི་ཡིད་ཀྱིས་བཟོ་
གང་རྣམ་པ་ཞུ་བ་ནི། །འཇིག་རྟེན་གང་དུ་ཅུང་ཟད་བཟོ་ནི་བདག་མ་འཚལ། །རྒྱལ་སྡེ་སངས་རྒྱས་རབ་སྣང་ཞུ་བ་ཞུས་པ་དང་། །སྟོན་པ་ཀུན་གཟིགས་འདྲེན་པས་དེ་ཡི་ལུང་བསྟན་མཛད། །གང་ལ་བཟོ་མེད་གང་ན་ནམ་ཡང་བཟོ་བོ་མེད། །ཆོས་ཀུན་མ་སྐྱེས་འདི་ནི་མི་མཆོག་བཟོ་ཡིན་ནོ། །
ང་ཡི་བཟོ་འདི་བསླབས་དང་མྱུར་དུ་བཟོ་བོར་འགྱུར། །བཟོ་རྣམས་ཀུན་ལ་བསླབས་པས་སྲོག་ཆགས་དོན་བྱེད་དོ། །དེ་ནས་མཚོན་མགར་རྒྱལ་སྡེས་སའི་ཕྱོགས་དེ་ཉིད་དུ་མ་གཡོས་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ཉིད་ཐོབ་བོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་མཚོན་མགར་རྒྱལ་སྡེ་ཞེས་བྱ་

བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་མཚོན་མགར་རྒྱལ་སྡེ་ཞེས་བྱ་བར་གྱུར་ཏོ། །བླ་ན་མེད་པའི་བཟོ་བསླབས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཁམས་སྣ་ཚོགས་ཤེས་པ་འགོག་
པར་འགྱུར་བའི་ལམ་ཤེས་པ་ལ་སློབ་པར་འདོད་པས་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་ལ་བསླབ་པར་བྱའོ། །མཽད་གལ་གྱི་བུ་ངས་འཇིག་རྟེན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་འཇིག་རྟེན་ཤེས་པ་བསླབས་ནས་སེམས་ཅན་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་
ཇི་ལྟར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྟོག་པ་ངེས་པར་དཔྱོད་པ་ཞེས་བྱ་བ་རྩ་བ་འབྱིན་པ་འཇིག་རྟེན་པ་
ཐམས་ཅད་ཀྱི་རྒྱུད་མངོན་པར་ཤེས་པ་ཞིག་བྱུང་ངོ་། །དེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དུ་ཞུགས་ནས་རྩ་བ་ཤེས་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ཚེ་ཡོངས་སུ་རྒྱུ་བ་པ་འཆར་ཀ་ཞེས་བྱ་བ་དགེ་བའི་རྩ་བ་ཀུན་ལ་
བསླབས་པ་ཞིག་བྱུང་ངོ་། །དེས་རྟོག་པ་ལ་ངེས་པར་སེམས་པ་རྩ་བ་འབྱིན་པར་བྱེད་པ་དེ་སྐྱེ་བོའི་ཚོགས་མང་པོའི་མདུན་དུ་རྩ་བ་ཤེས་པ་རབ་ཏུ་སྟོན་ཏོ་ཞེས་ཐོས་སོ། །ཐོས་ནས་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་གྱི་ཤེས་པ་འདི་ལྟ་བུར་ཡང་དག་པར་རབ་ཏུ་བསྟན་པར་མི་བྱ་སྟེ། འདི་
ལྟར་བདག་ཉིད་ཀྱིས་འཇིག་རྟེན་གྱི་ཤེས་པ་རིག་པར་བྱའོ་སྙམ་མོ། །དེ་རྩ་བ་ཤེས་པ་ཐོས་ནས་དེ་དགོན་པར་སོང་སྟེ་བས་མཐའི་གནས་མལ་དུ་གནས་བཅས་ནས་བདག་གིས་འཇིག་རྟེན་གྱི་ཤེས་པ་གང་ལས་བཙལ་བར་བྱ་སྙམ་དུ་དེ་ལྟར་སོ་སོར་རྟོག་གོ། །དེ་འདི་སྙམ་དུ་སེམས་ཏེ་འཇིག་རྟེན་
གྱི་ཤེས་པ་ལུས་འདི་ཉིད་ལས་གཞན་དུ་བཙལ་བར་མི་བྱའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་འདི་དག་གང་ཡིན་ཞེས་དེ་དེ་ལྟར་སོ་སོར་རྟོག་པ་ན་འདི་ལྟར་སེམས་སྐྱེས་ཏེ། འཇིག་རྟེན་འདི་ནི་འདི་ལྟ་སྟེ། ཕུང་པོ་ལྔ་དག་གོ། །དེ་དག་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་།

འཆི་བས་འཇིག་རབ་ཏུ་འཇིག་རྣམ་པར་རབ་ཏུ་འཇིག་ཤིག་ཤིག་པོར་འགྱུར། ལྷོད་ལྷོད་པོར་འགྱུར། རྙིངས་པར་འགྱུར། ཁ་དོག་ངན་པར་འགྱུར་རོ། །ཡོངས་སུ་ཤེས་པ་གང་གིས་འཇིག་རྟེན་འདི་ཉིད་དེ་ལྟར་ཤེས་ན། རྒ་བའི་སྡུག་བསྔལ་དག་འགག་པར་འགྱུར། ན་བའི་
སྡུག་བསྔལ་དག་འགག་པར་འགྱུར། འཆི་བའི་སྡུག་བསྔལ་དག་འགག་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ཐམས་ཅད་ནི་འཇིག་རྟེན་གནས་པ་ཐམས་ཅད་འཇིག་པའི་ཆོས་དང་རབ་ཏུ་འཇིག་པའི་ཆོས་སུ་སེམས་ཅན་དེ་དག་གིས་རབ་ཏུ་མི་
ཤེས་སོ་སྙམ་ནས། དེ་སེམས་ཅན་འདི་དག་ཉིད་ལས་སྙིང་རྗེ་ཆེན་པོ་ཐོབ་སྟེ། བདག་གིས་སེམས་ཅན་འདི་དག་འཇིག་རྟེན་ལས་ཡོངས་སུ་ཐར་བར་བྱའོ་སྙམ་མོ། །དེ་འདི་ཉིད་ལ་བརྩོན་པས་མངོན་པར་ཤེས་པ་ལྔ་ཐོབ་སྟེ། དེ་རང་གི་མངོན་པར་ཤེས་པ་ལྔ་པོ་དེ་དག་གིས་རྩེའོ། །
མངོན་པར་ཤེས་པ་ལྔ་པོ་དག་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་ཏོ། །མངོན་པར་ཤེས་པ་ལྔ་དང་ལྡན་པས་སེམས་ཅན་དག་འགྲོ་བ་ལྔར་རྣམ་པར་རྒྱུག་པ་མཐོང་ངོ་། །དེས་ན་སྙིང་རྗེ་ཆེན་པོ་བསྐྱེད་ནས་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་ཐམས་ཅད་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་
བཀོད་དོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་ཡོངས་སུ་རྒྱུ་བ་པ་འཆར་ཀ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་ཡོངས་སུ་རྒྱུ་བ་པ་འཆར་ཀ་ཞེས་བྱ་བར་གྱུར་ཏོ། །ངས་གང་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ལྡན་པའི་སེམས་ཅན་དེ་དག་
མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །སེམས་ཅན་དེ་དག་ཐམས་ཅད་ཀྱི་མངོན་པར་ཤེས་པ་ལྔ་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་སེམས་
ཅན་རྣམས་ཀྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་བཟླས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་བདག་གི་ལུས་འདོམ་གང་ཙམ་པ་འདི་ཉིད་རིག་པར་བྱ། འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པ་དང་། འཇིག་རྟེན་འགོག་པར་འགྱུར་བའི་ལམ་ཡང་རིག་པར་

བྱའོ། །མཽད་གལ་གྱི་བུ་ངས་གཞན་ཡང་འཇིག་རྟེན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པར་བྱས། ཚུལ་ཁྲིམས་དང་བཟོད་
པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པར་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད། བསམ་གྱིས་མི་ཁྱབ་གཞལ་དུ་མེད་གཞལ་གྱིས་མི་ལང་བརྗོད་དུ་མེད་པའི་འཁོར་བ་དེའི་
ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ། ཕྱོགས་ལ་མཁས་པ་དང་། ཕྱོགས་མཚམས་ལ་མཁས་པ་དང་། དོན་ལ་མཁས་པ་དང་། དོན་མ་ཡིན་པ་ལ་མཁས་པ་དང་། རྒྱུ་སྐར་ལ་མཁས་པ་དང་། ཉིན་མོ་
ལ་མཁས་པ་དང་། ཐང་ཅིག་ལ་མཁས་པ་དང་། སྐད་ཅིག་ལ་མཁས་པ་དང་། ཡུད་ཙམ་ལ་མཁས་པ་དང་། ཐབས་ལ་མཁས་པ་དང་། ངན་སོང་ལ་མཁས་པ་ཞིག་བྱུང་ངོ་། །དེ་ངེས་པར་བྱས་པ་ཡིན་ཏེ། དགེ་མཚན་དང་བཀྲ་ཤིས་བྱས་ནས་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་
ཏུ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེར་ཚོང་པའི་དེད་དཔོན་འདྲེན་པ་དེས་ཚོང་པ་དེ་དག་ལ་འཇིག་རྟེན་གྱི་གཏམ་སྨྲའོ། །འཇིག་རྟེན་འདིའི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གཞན་ནི་སྐྱེ། གཞན་ནི་འགག །གཞན་ནི་འཇིག །གཞན་ནི་འབྱུང་། གཞན་ནི་
ཞིག་ནས་གནས། གཞན་ནི་བྱུང་ནས་གནས། གཞན་ནི་བྱུང་སྟེ་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་དེ་དག་ནི་མཐའ་མེད་དོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་རིགས་ཕུན་སུམ་ཚོགས་པ་ཡོད། སེམས་ཅན་རིགས་དམའ་བ་ཡོད་སེམས་ཅན་ཁ་
ཅིག་ནི་ཕྱུག །ཁ་ཅིག་ནི་དབུལ། སེམས་ཅན་ཁ་ཅིག་ནི་བྲན་ཡིན། ཁ་ཅིག་ནི་རྗེ་བོ་ཡིན་ཏེ། དེ་ལྟར་སྤྱི་ཤེས་པ་དང་། ཁྱད་པར་ཤེས་པ་རྣམ་པ་དུ་མ་འདི་ནི་འཇིག་རྟེན་ཤེས་པ་ཞེས་བྱའོ། །གྲོགས་པོ་དག་དེ་ལྟ་བས་ན་འཇིག་རྟེན་དང་འཇིག་རྟེན་གྱི་ཤེས་པ་ལ་འབད་པར་བྱའོ། །མཽད་

གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་དང་
འཇིག་རྟེན་གྱི་སྤྱོད་པ་ལ་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་ངས་གཞན་ཡང་འཇིག་རྟེན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་
དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་སྐྱེ་བོ་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་འཇུག་པ་ཞེས་བྱ་བ་གཟུགས་ཀྱིས་འཚོ་བ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ་། །དེས་སྐྱེས་བུ་གང་དང་གང་དུ་འགྲོ་
བར་འགྱུར་བ་དེ་དང་དེར་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་འཇུག་སྟེ། བདག་གི་ངོ་བོ་ཉིད་ནི་མི་སྟོན་ཅིང་གར་ཡང་རྗེས་སུ་མི་གཏོང་ངོ་། །མཽད་གལ་གྱི་བུ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཇི་ལྟ་ཇི་ལྟར་སོ་སོར་བརྟགས་ན། དངོས་པོ་མེད་པར་མཐོང་སྟེ། འདུ་བྱེད་རྣམས་གང་ཡང་ངེས་པ་མེད་དོ། །
གལ་ཏེ་གཙང་བར་རྟོག་ན་གཙང་བའི་ཁ་དོག་ཏུ་སྟོན་ལ། གལ་ཏེ་མི་གཙང་བར་རྟོག་ན་མི་གཙང་བའི་ཁ་དོག་ཏུ་སྟོན་ཏོ། །དེ་བཞིན་དུ་སྦྱར་ཏེ། གལ་ཏེ་བདེ་བའམ། གལ་ཏེ་སྡུག་བསྔལ་བའམ། གལ་ཏེ་རྟག་པའམ། གལ་ཏེ་མི་རྟག་པའམ། གལ་ཏེ་མཚན་མའམ། གལ་
ཏེ་མཚན་མ་མེད་པར་རྟོག་ན་དེའི་ཁ་དོག་ཏུ་སྟོན་པར་བྱེད་དོ། །མཽད་གལ་གྱི་བུ་དེ་ལ་གཙང་བར་རྟོག་པ་ནི་འཆིང་ལ། མི་གཙང་བར་རྟོག་པ་ནི་ཐར་པའོ། །བདེ་བར་རྟོག་པ་ནི་འཆིང་ལ། སྡུག་བསྔལ་དུ་རྟོག་པ་ནི་ཐར་པའོ། །དེ་བཞིན་དུ་སྦྱར་ཏེ། རྟག་པ་ནི་འཆིང་ལ་མི་རྟག་པ་ནི་
ཐར་པའོ། །བདག་ནི་འཆིང་ལ་བདག་མེད་པ་ནི་ཐར་པའོ། མཚན་མར་རྟོག་པ་ནི་འཆིང་ལ། མཚན་མེད་པ་རྟོག་པ་ནི་ཐར་པའོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་དང་། སེམས་ཅན་རྣམས་ཀྱང་

ཡོངས་སུ་མྱ་ངན་ལས་བཟླ་བར་འདོད་པས། གཙང་བའི་མཚན་མ་སྤང་བར་བྱ་ཞིང་། མི་གཙང་བའི་མཚན་མ་ལ་བསྟེན་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། མཚན་མ་སྤང་བར་བྱ་ཞིང་། མཚན་མ་མེད་པ་ལ་བསྟེན་པར་བྱ་བའི་བར་དུ་སྟེ་ཐར་པའི་ལམ་ནི་དེ་ཡིན་ནོ། །
མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་ཇི་ལྟར་བསླབ་པར་བྱ་ཞེ་ན། མཽད་གལ་གྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་
གཉེན་ལ་བསྟེན་པ་བརྩོན་པ་མི་གཏང་བར་བྱའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། བྱང་ཆུབ་སེམས་དཔའ་འོད་ཡང་དག་འཕགས་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གནས་པ་དེ་བཞིན་
གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་བྱུང་ངོ་། །དེ་ཉལ་བའི་རྨི་ལམ་ན་དེ་བཞིན་གཤེགས་པ་དང་ལྷན་ཅིག་གཏམ་ཡང་དག་པར་རྗོད་པ་འཇུག་པ་ལ་མ་གཏོགས་པར་གཞན་ཅི་ཡང་མི་མཐོང་སྟེ། ཇི་ལྟར་འདིར་དེ་བཞིན་གཤེགས་
པ་དང་ལྷན་ཅིག་འདྲིས་པར་བྱས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐོགས་མེད་སྟོན་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཐོགས་མེད་སྟོན་དེ་དང་ལྷན་ཅིག་བར་དུ་གཏམ་འདི་ལྟ་བུ་དག་བྱས་སོ། །བཅོམ་ལྡན་འདས་འཇིག་རྟེན་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་ཇི་ལྟར་
ཡང་དག་པར་འགྲུབ་པར་འགྱུར། འཇིག་རྟེན་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དེའི་རྒྱུ་ཉེ་བར་བགྱིད་པར་འགྱུར་བ་ནི་གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པར་ཞུགས་ཤིང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས་པ་ལ་དོན་འདི་
ཡོངས་སུ་ཞུ་བར་སེམས་པ་ནི་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བསྟན་བཅོས་ཐམས་ཅད་ཤེས་པར་བྱ་བ་ལ་མངོན་པར་བརྩོན་པར་བྱ་སྟེ། ཤེས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྟོགས་པ་ལ་ཡང་བརྩོན་པར་བྱའོ། །འདི་ལྟ་སྟེ་བཤད་པ་དང་སྔོན་
གྱི་རབས་ཀྱི་གྲུབ་པའི་མཐའ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་ཟག་གི་ཐ་སྙད་དང་། གྲོང་གི་ཐ་སྙད་ལ་བསླབ་པར་བྱ། ཡུལ་གྱི་ཐ་སྙད་ལ་བསླབ་པར་བྱ། གང་དང་གང་དུ་འགྲོ་བ་དེ་དང་དེའི་ཐ་སྙད་ལ་བསླབ་པར་བྱ། ཇི་ཙམ་དུ་འཇིག་རྟེན་གྱི་ཤེས་པ་གང་དག་ཤེས་པ་
ཐམས་ཅད་ལ་མཁས་པར་བྱའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་ཡང་དག་འཕགས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་
འོད་ཡང་དག་འཕགས་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་བསླབ་པར་བྱའོ། །མཽད་གལ་གྱི་བུ་ངས་གཞན་ཡང་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་
ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། གཙོ་བོའི་བུ་མྱ་ངན་སེལ་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་
པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་ཡང་དག་པར་བཤད་པར་བྱའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་གང་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་
ལྟ་བ་བཞིན་རབ་ཏུ་ཤེས་པ་སུ་ཡོད། དེ་ལ་བདག་ཡོངས་སུ་དྲིའོ་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་སྒྲོགས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་སྒྲོགས་དེའི་སངས་རྒྱས་ཀྱི་

ཞིང་དེར་གཙོ་བོའི་བུ་མྱ་ངན་སེལ་བ་དེ་བྱུང་ངོ་། །དེ་ནས་གཙོ་བོའི་བུ་མྱ་ངན་སེལ་སྐྱེས་མ་ཐག་པའི་སྔོན་གྱི་གཉེན་རྙིང་པ་ལྷ་སྙིང་རྗེ་ཅན་དེས་བར་སྣང་ལ་འདུག་སྟེ། ལུས་སྣང་བར་བྱས་ནས་གཙོ་བོའི་བུ་སྙིང་རྗེ་ཅན་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་
མགོན་པོ་བདུད་རྩིའི་དབྱངས་སྒྲོགས་པ། །གཟི་བརྗིད་མཐའ་ཡས་སྟོབས་བཅུ་མངའ་བ་འདི། །འགྲོ་ལ་ཕན་པ་དཔག་ཏུ་མེད་པ་སྤྱོད། །འགྲོ་བའི་ཐེ་ཚོམ་སེལ་ཅིང་གཅོད་པར་མཛད། །གང་གིས་ལག་མཐིལ་སྐྱུ་རུ་ར་བཞག་ལྟར། །དེ་བཞིན་ལྷ་དང་མི་ཡི་བསམ་པ་གཟིགས། །
གང་དག་འདས་དང་མ་འོངས་ད་ལྟར་བྱུང་། །འགྲོ་བ་འདི་དག་ད་ལྟ་ཤིན་ཏུ་མཁྱེན། །བདེ་བར་གཤེགས་པ་ལྷ་མིའི་མཆོད་པའི་གནས། །དྲང་སྲོང་མགོན་པོ་སྡུག་བསྔལ་རྣམས་ལ་བརྩེ། །རྟག་ཏུ་འགྲོ་བའི་ཡིད་ལ་བྱེད་པ་མཁྱེན། །ཇི་ལྟར་ནོར་མཁན་རིན་ཆེན་ནོར་བུའི་སྐྱོན། །རབ་
ཏུ་ཤེས་ཤིང་དུག་སྐྱོན་ཤེས་ལྡན་ལྟར། །དེ་བཞིན་སྟོབས་བཅུ་འགྲོ་བའི་བསམ་པ་མཁྱེན། །ཐུགས་རྗེ་དཔེ་མེད་དག་ནི་བསྐྱེད་ནས་སུ། །འདོད་ཆགས་དུག་གིས་བསྐྱེད་པའི་མི་གང་འདི། །རབ་ཏུ་རྨོངས་པས་ཉལ་ལ་གསོ་སྨན་བྱ། །ཞེ་སྡང་དྲག་པོའི་དུག་གིས་བསྐྱེད་པ་གང་། །དེ་
ལ་བདག་གིས་བྱམས་བསྐྱེད་གསོ་སྨན་བྱ། །གཏི་མུག་དྲག་པའི་དུག་ནི་འཇིགས་ཆེན་གྱིས། །མི་ཡི་སེམས་ཀྱི་རྗེས་སུ་སོང་བ་གང་། །དེ་ལ་བདག་གིས་དུག་མེད་ནད་མེད་བྱ། །དེ་རིང་དུག་དག་བཅོམ་སྟེ་དུག་མེད་བྱ། །ཇི་ལྟར་བདག་ནི་ཐེ་ཚོམ་མི་འགྱུར་བར། །ཐེ་ཚོམ་དེ་ནི་ཁྱོད་ཀྱིས་
བསལ་བར་སྤྱོད། །ལྷ་མི་ཐེ་ཚོམ་ཡིད་གཉིས་སྐྱེས་པས་འཇིག །རང་བྱུང་དེ་ལ་འདི་དག་ཞུ་བར་གྱིས། །དེ་ནས་དེ་ཡི་ཡིད་འོང་ཚིག་ཐོས་ཤིང་། །བདག་ཉིད་ཚེ་ལྷ་ནམ་མཁར་འདུག་མཐོང་ནས། །སོར་བཅུའི་ཐལ་མོ་སྤྱི་བོར་སྦྱར་བྱས་ཏེ། །ནམ་མཁར་འདུག་པའི་ལྷ་ལ་སངས་རྒྱས་འདྲི། །
ཐེ་ཚོམ་དཔག་མེད་གཅོད་པའི་སངས་རྒྱས་ནི། །གང་ན་བཞུགས་ཤིང་བདག་ནི་གང་ཕྱོགས་མཆི། །མི་མཆོག་གཙོ་བོ་ཐུབ་པ་སྟོབས་བཅུ་ལྡན། །དེ་དྲུང་བདག་མཆི་དོན་ནི་ཐོབ་པར་བགྱི། །སྟོབས་བཅུ་ལྡན་པ་ཤར་ཕྱོགས་རྒྱལ་པོའི་ཁབ། །ཞི་བ་རྙིང་པ་ཞེས་བྱ་དེ་ན་བཞུགས། །ལྷ་

དང་མི་ཡི་ཐེ་ཚོམ་གཅོད་མཛད་ཀྱིས། །སོང་ལ་རང་བྱུང་རྒྱལ་ལ་ལ་རབ་ཞུས་ཤིག །དེ་ནས་གཙོ་བོའི་བུ་མྱ་ངན་སེལ