Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 047_མདོ་སྡེ།_ག

Văn bản gốc(Tây Tạng)

Trang 8 / 20 (50.000 ký tự/trang)
ལུས་ཀྱིས་ཞལ་ཏ་བྱ་བ་ལ་བརྩོན་པ་དང་ལྡན་པར་གྱིས་ཤིག །ཁྱིམ་བདག་ཕྱྭ་མཁན་གྱིས་དེ་སྐད་ཅེས་སྨྲས་པ་དང་། མཛའ་བཤེས་དང་། ཉེ་དུ་
དང་། སྣག་གི་གཉེན་མཚམས་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དག་གིས་ཁྱིམ་བདག་ཕྱྭ་མཁན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་སྨྱོས་སོ། །ཁྱིམ་བདག་གཡེངས་སོ། །གང་བཅོམ་ལྡན་འདས་དེ་མ་མཐོང་བར་ཞལ་
ཟས་བཟང་པོ་ལ་སྤྱན་འདྲེན་ཏམ། ཁྱིམ་བདག་ཕྱྭ་མཁན་གྱིས་བཅོམ་ལྡན་འདས་དེ་སྤྱན་འདྲེན་ཏོ་ཞེས་སུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། ཁྱིམ་བདག་ཕྱྭ་མཁན་གྱིས་མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། བྲན་ཕོ་
དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དག་བརྙེས་ཏེ། དེས་ན་ངའི་སེམས་མཁྱེན་ནས་གནང་ངོ་། །དེ་དག་མགུ་ཞིང་དགའ་ལ་ཡི་རངས་པ་
དང་། རབ་ཏུ་དགའ་ཞིང་བདེ་བ་དང་། ཡིད་བདེ་བ་སྐྱེས་ནས་དེའི་མཚན་མོ་བཟའ་བ་དང་། བཅའ་བ་བཟང་ཞིང་རབ་ཏུ་མང་པོ་མངོན་པར་ཡང་དག་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་དེ་ཕྱེ་མ་རེད་ཀྱི་དུས་སུ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། སྨྱིག་མའི་ལྡུམ་བུའི་

འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་སྨྱིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ན། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཏུ་འདུས་ནས་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་
སྩལ་པ། ཀུན་དགའ་བོ་སོང་ལ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་དགེ་སློང་ཉེ་བར་གནས་ཤིང་འཁོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ནས་ང་ལ་སྦྲོན་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ལྟར་འཚལ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། མཉན་ཡོད་
ཀྱི་གྲོང་ཁྱེར་ཆེན་པོ་ན་དགེ་སློང་ཉེ་བར་གནས་ཤིང་འཁོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ནས། བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་དགེ་སློང་ཉེ་བར་
གནས་ཤིང་མཆིས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ལགས་ཏེ། བཅོམ་ལྡན་འདས་དེའི་དུས་ལ་དབབ་ལགས་སོ། །དེ་ནས་བཅོམ་ལྡན་འདས་རིམ་གྲོའི་གནས་ག་ལ་བ་དེར་གཤེགས་ནས་གདན་བཅས་པ་དེ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་
སློང་དེ་དག་ལ་བཀའ་སྩལ་པ། དགེ་སློང་དག་གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོ་ན། ཁྱིམ་བདག་ཕྱྭ་མཁན་གྱིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་ལ་སོགས་པ་མངོན་པར་སྤྱན་དྲངས་ཏེ། དེ་ངས་གནང་གིས་དེའི་ཕྱིར་དགེ་སློང་གང་དག་རྫུ་འཕྲུལ་དང་ལྡན་པ་དེ་དག་གིས་
ཚུལ་ཤིང་ལོང་ཤིག །དེའི་ཚེ་ན་དེར་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་གང་དག་གིས་ཚུལ་ཤིང་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་རྫུ་འཕྲུལ་གྱི་འཕྲུལ་བ་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་དག་ཡང་དག་པར་དགའ་
བར་བྱ་བའི་ཕྱིར། ནམ་མཁའི་ལམ་ལས་འདོང་བར་གྱིས་ཤིག །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དེའི་མཚན་མོ་འདས་ནས་ནང་པར་སྔར་སྨད་གཡོགས་དང་། ཆོས་གོས་གསོལ།

ལྷུང་བཟེད་བསྣམས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་ནམ་མཁའ་ལ་མངོན་པར་འཕགས་ཏེ། གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོག་ལ་བ་དེར་གཤེགས་སོ། །ཚེ་དང་ལྡན་པ་ཤིང་ཤུན་ཅན་རྒྱལ་པོའི་ཁབ་ན་དྲང་སྲོང་གི་རི་ངོས་ལ་སྦ་དང་། ཤིང་པིབ་པ་ལ་སྐྱེ་
བ་ན་འདུག་ལ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དག་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་། ཞི་གནས་དང་ལྷག་མཐོང་ལ་མངོན་པར་བརྩོན་པ་འཆག་ཅིང་འགྲོ་བ་དེས་བཅོམ་ལྡན་འདས་
ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་ནམ་མཁའི་ལམ་ནས་གཤེགས་པ་མཐོང་སྟེ། འདི་ལྟ་སྟེ་དཔེར་ན། ངང་པའི་རྒྱལ་པོ་ལྟར་མཐོང་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདུག་གོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤིང་ཤུན་ཅན་ལ་བཀའ་སྩལ་པ། ཤིང་ཤུན་ཅན་ཚུར་ཤོག །དེ་ནས་ཚེ་དང་ལྡན་པ་ཤིང་ཤུན་ཅན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བར་རིག་ནས། ལུས་དང་སྲོག་ལ་མ་བལྟས་པར་ངམ་གྲོག་དང་གཡང་ས་དེ་ལ་བདག་ཉིད་མཆོངས་སོ། །དེ་
བར་སྣང་ལ་སོང་མ་ཐག་ཏུ་མངོན་པར་ཤེས་པ་དྲུག་མངོན་སུམ་དུ་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དང་། ཤིང་ཤུན་ཅན་དང་། དགྲ་བཅོམ་པ་ལྔ་བརྒྱ་ཚང་བར་ཐབས་ཅིག་ཏུ་གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོ་ག་ལ་བ་དེར་གཤེགས་སོ། །དེ་ནས་དགེ་
སློང་དེ་དག་རྫུ་འཕྲུལ་གྱི་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་ཙན་དན་གྱི་ཁྱམས་དང་། ཁང་བཟངས་དེར་མངོན་པར་ཞུགས་ཏེ། ལ་ལ་ནི་སེང་གེའི་གཟུགས། ལ་ལ་ནི་སྟག་གི་གཟུགས། ལ་ལ་ནི་གླང་པོ་ཆེའི་གཟུགས། ལ་ལ་ནི་རྟའི་གཟུགས། ལ་ལ་ནི་ཁྱུ་མཆོག་གི་
གཟུགས། ལ་ལ་ནི་ཀླུའི་གཟུགས། ལ་ལ་ནི་ནམ་མཁའ་ལྡིང་གི་རྒྱལ་པོའི་གཟུགས། ལ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟུགས། ལ་ལ་ནི་བློན་པོའི་གཟུགས། ལ་ལ་ནི་དགེ་སློང་རང་གི་གཟུགས། ལ་ལ་ནི་ལུས་ལས་འོད་སྔོན་པོ་དག་རབ་ཏུ་འབྱིན། ལ་ལ་

ནི་དམར་པོ་དང་། ལ་ལ་ནི་དཀར་པོ་དང་། ལ་ལ་ནི་ལུས་ལས་འོད་བཙོད་ཁ་དག་རབ་ཏུ་འབྱིན། ལ་ལ་ནི་ཆར་འབེབས། ལ་ལ་ནི་རླུང་རབ་ཏུ་གཏོང་། ལ་ལ་ནི་ནོར་གྱི་ཆར་རབ་ཏུ་འབེབས། ལ་ལ་ནི་གསེར་གྱི་ཆར་རབ་ཏུ་འབེབས། ལ་ལ་ནི་དངུལ་གྱི་ཆར་རབ་ཏུ་འབེབས། ལ་
ལ་ནི་སྤོས་ཆུའི་ཆར་རབ་ཏུ་འབེབས། ལ་ལ་ནི་སེར་བུ་བསིལ་བ་རབ་ཏུ་གཏོང་། ལ་ལ་ནི་ཕྲག་པ་ས་ལ་ཁྱེར། ལ་ལ་ནི་རྒྱ་མཚོ་ཆེན་པོར་ཆུ་འབེབས་པ་ཁྱེར། ལ་ལ་ནི་ཤིང་རྟ་ལ་ཞོན། ལ་ལ་ནི་གླང་པོ་ཆེའི་ཤིང་རྟ་ལ་ཞོན། ལ་ལ་ནི་རྟའི་ཤིང་རྟ་ལ་ཞོན། ལ་ལས་ནི་ཀླུའི་
ཤིང་རྟ་མངོན་པར་སྤྲུལ། ལ་ལས་ནི་གྲུལ་བུམ་གྱི་ཤིང་རྟ་མངོན་པར་སྤྲུལ། ལ་ལས་ནི་གནོད་སྦྱིན་གྱི་ཤིང་རྟ་མངོན་པར་སྤྲུལ། ལ་ལས་ནི་དྲི་ཟའི་ཤིང་རྟ་མངོན་པར་སྤྲུལ། ལ་ལས་ནི་ཆོ་འཕྲུལ་དག་ཟུང་དུ་སྤྲུལ། ལ་ལས་ནི་བདག་ལུས་ལས་མེ་འབར། ལ་ལས་ནི་
བདག་གི་ལུས་ལས་ཆུ་འཛག་སྟེ། དེ་དག་ལ་སོགས་པ་རྫུ་འཕྲུལ་གྱི་འཕྲུལ་པ་རྣམ་པ་སྣ་ཚོགས་གཞན་དག་གིས་ཀྱང་ཙན་དན་གྱི་ཁྱམས་དང་། ཁང་བཟངས་སུ་མངོན་པར་ཞུགས་སོ། །བཅོམ་ལྡན་འདས་ནི་བདག་ཉིད་ཀྱི་དངོས་པོ་བཟུང་བས་སྐྱེས་བུ་ཆེན་པོའི་མཚན་སུམ་
ཅུ་རྩ་གཉིས་ཀྱིས་ནི་ཡང་དག་པར་བརྒྱན། དཔེ་བྱད་བཟང་པོ་བརྒྱད་ཅུས་ནི་རྣམ་པར་སྤྲས། མཛེས་ཤིང་དང་བ་དང་། དབང་པོ་ནི་ཞི། ཐུགས་ནི་ཞི། དུལ་བ་དང་། ཞི་གནས་དམ་པ་ནི་བརྙེས། དུལ་བ་དང་། ཞི་གནས་མཆོག་གི་ཕ་རོལ་ཏུ་ནི་ཕྱིན། མི་མཇེད་ཀྱི་བདག་པོ་
ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་སྟོང་དག་གིས་ནི་ཕྱག་བྱས། བདུད་རྩིའི་ཆར་གྱི་རྒྱུན་རབ་ཏུ་འབེབས་ཤིང་མཆོད་པ་དང་། མེ་ཏོག་མན་དཱ་ར་བའི་ཆར་འབེབས་ཤིང་། ཙན་དན་གྱི་ཁྱམས་དང་ཁང་
བཟངས་སུ་མངོན་པར་གཤེགས་ཏེ། དེ་ལྟ་བས་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་སེམས་ཅན་དག་ཡང་དག་པར་དགའ་བར་མཛད་ཅིང་། ཙན་དན་གྱི་ཁྱམས་དང་ཁང་བཟངས་སུ་མངོན་པར་གཤེགས་སོ། །དགེ་བའི་ཕ་རོལ་འགྲོའི་བྲམ་ཟེ་དང་། ཁྱིམ་

བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བར་སྣང་ལས་གཤེགས་པ་མཐོང་སྟེ། འདི་ལྟ་སྟེ་དཔེར་ན། ངང་པའི་རྒྱལ་པོ་ཆེན་པོ་ལྟ་བུར་མཐོང་ནས། སྲོག་ཆགས་ཁྲི་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་
རྣམ་པར་དག་གོ། །གང་དག་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྤྱད་པའི་སྲོག་ཆགས་ཁྲི་དག་གིས་ནི། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཐོང་ནས། བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་
པ་ཐོབ་བོ། །སྔོན་སེམས་མ་བསྐྱེད་པའི་སྲོག་ཆགས་ཁྲི་དག་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཉན་ཐོས་དག་གིས་འདུལ་བའི་སྲོག་ཆགས་བརྒྱད་ཁྲི་དག་ནི་ཉན་ཐོས་ཀྱི་རྫུ་འཕྲུལ་མཐོང་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་གོ། །ལྷའི་
བུ་ཁྲི་དག་གིས་ནི་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་མཐོང་ནས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་གོ། །གཟུགས་ན་སྤྱོད་པའི་ལྷའི་བུ་ཁྲི་དག་གིས་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་པ་ནས།
ཕྱིར་མི་འོང་བའི་འབྲས་བུ་ཐོབ་པའི་བར་དུ་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོའི་བུ་གཙུག་ཕུད་ལྔ་པ་ལ་སྨྲས་པ། གཙུག་ཕུད་ལྔ་པ་དེ་བཞིན་གཤེགས་པ་ལ་བཀུར་སྟི་གྱིས་ཤིག །དྲི་ཟའི་རྒྱལ་པོའི་བུ་གཙུག་ཕུད་ལྔ་པས་དེ་ལྟར་འཚལ་ལོ་ཞེས་
ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ལྟར་མཉན་ཏེ། དྲི་ཟ་ས་ཡ་ཕྲག་དྲུག་དག་དང་ལྷན་ཅིག་ཏུ་རྒྱུད་ཀྱི་དབྱངས་དང་། གླུའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱེད་དོ། །རོལ་མོའི་སྒྲ་དང་གླུ་སྒྲ་དེ་དག་གིས་རྒྱ་མཚོ་ཆེན་པོའི་ཀླུའི་རྒྱལ་པོ་དེ་དག་རབ་ཏུ་དགའ་ཞིང་བདེ་བ་
དང་ཡིད་བདེ་བ་སྐྱེས་ནས་རང་རང་གི་གནས་ནས་བྱུང་ངོ་། །དེ་དག་བྱུང་བས་རྒྱ་མཚོ་ཆེན་པོ་ན་འབྱུང་པོ་ཆེན་པོ་དག་གི་གནས་རྣམ་པར་འཁྲུགས་སོ། །ཀླུའི་རྒྱལ་པོ་མཛེས་པ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་བརྒྱད་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྒྱ་མཚོ་ཆེན་པོ་ནས་

བསྐྱོད་དོ། །ཀླུའི་རྒྱལ་པོ་ལྷ་མཛེས་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བསྐྱོད་དོ། །ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སྩོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་
རྒྱ་མཚོ་ཆེན་པོ་ནས་བསྐྱོད་དོ། །ཀླུའི་རྒྱལ་པོ་གསེར་གཙུག་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་བསྐྱོད་དོ། །ཀླུའི་རྒྱལ་པོ་ཨུད་པ་ལ་མིག་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་བསྐྱོད་དོ། །ཀླུའི་
རྒྱལ་པོ་དགའ་བོ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་ནས། དེ་བཞིན་དུ་སྦྱར་ཏེ་ཐམས་ཅད་ལ་ཡང་བྱའོ། །ཀླུའི་རྒྱལ་པོ་ཉེ་དགའ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་ཨེ་ལའི་རཱ་བ་ཎ་ལ་སྩོགས་
པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་ཆིབ་པའི་བུ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་མིག་ནག་པ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་གཽ་ཏ་མ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་ཀམ་པ་ལ་ལ་སོགས་པ་ཀླུ་དུང་ཕྱུར་
ཕྲག་དགུ་དང་། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་མགྲིན་སྔོན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་གསེར་མགྲིན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་འཇིགས་སྒྲོས་ལ་སྩོགས་པ་ཀླུ་
དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་གཟི་ཅན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་རྣམ་པར་སྣང་བྱེད་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་རྡུལ་བྲལ་ལ་སྩོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་ནས། དེ་བཞིན་དུ་སྦྱར་ཏེ། ཀླུའི་རྒྱལ་པོ་འོད་ཆེན་ལ་
སོགས་པ་དང་། ཀླུའི་རྒྱལ་པོ་རབ་ཏུ་གདུང་བྱེད་ལ་སོགས་པ་དང་། ཀླུའི་རྒྱལ་པོ་སྟོབས་ཆེན་ལ་སོགས་པ་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་ལ་སོགས་པ་དང་། ཀླུའི་རྒྱལ་པོ་ཟླ་ཆེན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། རླུང་ཡང་དག་པར་སྟོན་པ་ལ་སོགས་པ་ཀླུ་དུང་

ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་ཤུགས་འཛིན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་ལ་སོགས་པ་དང་། ཀླུའི་རྒྱལ་པོ་རབ་ཏུ་གདུལ་དཀའ་ལ་སོགས་པ་དང་། ཀླུའི་རྒྱལ་པོ་ཐམས་ཅད་མེ་ལོང་ཞེས་བྱ་བ་ཀླུ་དུང་ཕྱུར་ཕྲག་དགུ་དང་།
ཀླུའི་རྒྱལ་པོ་ཆར་ཆེན་སྤྱོད་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག །བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར། རྒྱ་མཚོ་ཆེན་པོ་ནས་བསྐྱོད་དོ། །དེ་དག་ལ་སོགས་པ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་གཞན་དག་དང་། འཁོར་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་
ལ་བལྟ་བའི་ཕྱིར་རྒྱ་མཚོ་ཆེན་པོ་ནས་བསྐྱོད་དོ། །དེ་དག་གིས་རྒྱ་མཚོ་ཆེན་པོ་དཀྲུགས་སོ། །དགེ་སློང་དེ་དག་གིས་ཀྱང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཚོང་འདུས་དང་། རི་འོར་ས་དང་བཅས་པ་དཀྲུགས་སོ། །དེ་ནས་ས་རྣམ་པ་དུ་མར་གཡོས། རབ་ཏུ་གཡོས།
ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་གོ། །དེ་ནས་ཁྱིམ་བདག་ཕྱྭ་མཁན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཟའ་བ་དང་། བཅའ་བ་དང་། མྱང་བ་བཟང་ཞིང་རབ་ཏུ་
མང་པོ་རང་གི་ལག་གིས་ཡང་དག་པར་ཚིམ་པར་བྱས་ཤིང་ཡང་དག་པར་བྲིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སུའི་བསོད་སྙོམས་ཀྱང་ཡོངས་སུ་བཟའ་བར་མི་བྱ་སྟེ། གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་
འགྲོ་བ་འདི་ཀླུ་དཀྲུགས་པ་དག་གིས་གྲོང་ཁྱེར་མ་རུང་བར་བྱས་ས་རེ། དེ་ནས་བཅོམ་ལྡན་འདས་བསོད་སྙོམས་བཞེས་ནས་ནམ་མཁའ་ལ་མངོན་པར་འཕགས་ཏེ། འདི་ལྟ་སྟེ་དཔེར་ན། ངང་པའི་རྒྱལ་པོ་ཆེན་པོ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་
ཕྱིར་བཀྱེ་ནས་གནས་སུ་སྤྲུལ་པ་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་མངོན་པར་སྤྲུལ་ཏོ། །དེར་ཀླུའི་རྒྱལ་པོ་གང་དག་བཅོམ་ལྡན་འདས་བལྟ་བར་འདོད་པ་དེ་དག་ལ་དེ་བཞིན་གཤེགས་པའི་སྤྲུལ་པ་མངོན་པར་སྤྲུལ་ཏོ། །ཀླུའི་རྒྱལ་པོ་གང་དག་བཅོམ་ལྡན་འདས་ལ་མ་དད་ཅིང་བལྟ་བར་མི་

འདོད་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་མངོན་པར་སྤྲུལ་ཏོ། །དེར་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཀླུ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ནི་སངས་རྒྱས་ལ་
དད་པ་སྐྱེས་སོ། །དེ་དག་དད་པ་ཐོབ་མ་ཐག་ཏུ་ཀླུའི་སྐྱེ་གནས་དེ་ནས་ཤི་སྟེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དེ་དག་བཏུལ་ནས་བསོད་སྙོམས་བཞེས་ཏེ་བར་སྣང་ལ་གཤེགས་སོ། །དེའི་ཚེ་ན་ཡུལ་ལག་
མཐིལ་ལྟར་མཉམ་པ་ན་དཀའ་ཐུབ་ཅན་མེས་བྱིན་ཞེས་བྱ་བ་ཞིག་གནས་ཏེ། དེ་ནས་བཅོམ་ལྡན་འདས་ནམ་མཁའི་བར་སྣང་ལས་གཤེགས་པ་མཐོང་ངོ་། །དེ་མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་གུས་པ་བསྐྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་བདག་ལ་མཚན་མའི་རྣམ་པ་དེ་བཞིན་དུ་མཛད་དུ་གསོལ། གང་བདག་གི་གནས་འདིར་བཞུགས་ན་མཆོད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རལ་པ་ཅན་མེས་བྱིན་གྱི་བསམ་པ་ཐུགས་སུ་ཆུད་ནས། སྐྱེ་བོ་ཕྱི་མ་དག་ཉིད་ལ་ཐུགས་བརྩེ་བའི་སླད་དུ་རྡོ་ལེབ་ལ་ཞབས་
བཞག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རལ་པ་ཅན་མེས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་ཁྱོད་ཀྱི་སེམས་དད་པར་བྱ་བའི་དོན་དུ་འདི་ནི་མཆོད་རྟེན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཚུར་
ཤོག །མ་དྲོས་པའི་མཚོ་ག་ལ་བ་དེར་འདོང་ངོ་། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ཀྱི་ཆུ་འགྲམ་དུ་བཞུགས་སོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་
པ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གཤེགས་པར་རིག་ནས། གསེར་དང་། དངུལ་དང་། བཻདཱུ་རྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། སྤུག་གི་སྙིང་པོ་དང་། རྡོའི་སྙིང་པོ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྟན་ལྔ་བརྒྱ་ཙམ་ཞིག་མངོན་པར་སྤྲུལ་ཏོ། །

ཁྲི་སྟན་ལྔ་བརྒྱ་དེ་དག་གི་དབུས་སུ་བཅོམ་ལྡན་འདས་ཀྱི་གདན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདན་བཤམས་ཏེ། ཀླུའི་རས་བཅོས་བུས་གཡོགས་སོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཀླུའི་བུ་མོའི་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ངོ་། །དེ་ནས་
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཟན་ཟོས་ཤིང་ལྷུང་བཟེད་དང་ལག་པ་བཀྲུས་པར་ཐུགས་སུ་ཆུད་ནས་བཀའ་སྩལ་པ། མཽད་གལ་གྱི་བུ་སོང་ལ་གནས་བརྟན་ཤཱ་རིའི་བུ་ཁྱོད་ལ་སྟོན་པ་འབོད་དོ་ཞེས་སྨྲོས་ཤིག །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་
ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་རྐྱོང་བའམ། བརྐྱང་བ་སྐུམ་པ་དེ་བཞིན་དུ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མ་དྲོས་པའི་མཚོ་ནས་བྱུང་སྟེ།
རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་ན་འདུག་གོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་སྣམ་སྦྱར་འདྲུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་ཡང་དག་པར་དགའ་བའི་གཏམ་དང་གཏམ་སྙན་པ་
རྣམ་པ་མང་པོ་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སྟོན་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱོད་ལ་འབོད་དེ། སྟོན་པ་ཁྱོད་ལ་མངོན་པར་དགྱེས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུར་ཤོག །སྟོན་པ་ཁྱོད་ལ་གསུང་གིས་འདོང་ངོ་། །དེ་སྐད་ཅེས་སྨྲས་
པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རེ་ཤིག་སྣམ་སྦྱར་འདི་འཚེམ་མོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སོར་མོ་ལྔ་ཁབ་ལྔར་མངོན་པར་སྤྲུལ་ནས་སྣམ་སྦྱར་
དེ་བཙེམས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་འདི་ཅི་བྱེད་སྨྲས་པ། སྣམ་སྦྱར་བཙེམ་པར་བྱ་བ་འདི་མྱུར་དུ་བཙེམ་པར་བྱའོ། །སྨྲས་པ། དྲུབ་པ་དང་ཟིན་པ་ཉིད་དུ་གྱིས་ཤིག །

དེ་མ་ཐག་ཏུ་དྲུབས་ཤིང་ཟིན་པ་ཉིད་དུ་བྱས་ནས། སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུར་ཤོག་ད་འདོང་། སྨྲས་པ། མི་འགྲོའོ། །སྨྲས་པ། གལ་ཏེ་ཁྱེད་མི་འགྲོ་ན་སྟོབས་ཀྱིས་བཀུར་རོ། །སྨྲས་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་རེ་ཤིག་སྐ་རགས་འདི་སྟོབས་ཀྱིས་ཁྱེར་ནུས་དང་ང་སྟོབས་
ཀྱིས་ཁྱེར་བར་ཤེས་སོ། །དེས་སྐ་རགས་དེ་འཇིག་རྟེན་གྱི་ཁམས་བདུན་དུ་བྱིན་གྱིས་བརླབས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྐ་རགས་དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཏེག་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས་ཀྱང་སྐ་རགས་དེ་གདེག་
པར་མ་ནུས་སོ། །དེ་ནས་མ་དྲོས་པའི་མཚོ་རླབས་ཤིན་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རྟ་ཐུལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་དོག་ས་ཆེན་པོ་གཡོས་པ་བྱུང་བ་འདི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྟ་ཐུལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉན་ཐོས་ཆེན་པོའི་རྣམ་པར་འཕྲུལ་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཇེ་བཞུད་ཅིག །བདག་ཀྱང་
མཆིའོ། །དེ་སྐད་སྨྲས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ནི་ཕྱི་ནས་འོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་མངོན་དུ་ཕྱོགས་པའི་རྫུ་འཕྲུལ་
ཐོབ་པས་དེ་དང་པོར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་མ་དེ་ལྟ་བུ་བྱུང་བ་མཛད་པའི་མཚན་མ་ཇི་ལྟ་བུ་བྱུང་བ་མཛད་པས་རྒྱ་མཚོའི་ཀླུའི་རྒྱལ་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་
ལྡན་འདས་ལ་ཀླུའི་རྒྱལ་པོ་མཛེས་དགའས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །བཀའ་སྩལ་པ། མཛེས་དགའ་ངས་ཞུ་བ་ལུང་བསྟན་པའི་ཕྱིར་འདི་

ལྟར་ཐམས་ཅད་སྐབས་དབྱེ་བར་བྱའོ། །ཚིགས་སུ་བཅད་པ། སྟོན་པ་བདེ་བྱིན་མཛད་ལ་ཞུ་བ་ནི། །སྤྱད་པ་སྤྱོད་ཚེ་སུག་ལས་ཅི་བགྱིས་དང་། །བདེ་བའི་ལམ་གྱིས་མྱ་ངན་འདས་རེག་པ། །བདེ་གཤེགས་སྦྱིན་མཛད་དེ་ནི་ལུང་བསྟན་གསོལ། །མ་དྲོས་
ཀླུ་ཡི་འཇིག་རྟེན་མགོན་དེ་ལ། །ཞུས་པ་བདེ་བར་གཤེགས་པས་ལུང་བསྟན་པ། །དགེ་བའི་ལས་ཀྱི་འབྲས་བུས་ཡིད་འོང་ཞིང་། །གང་གི་བདེ་བས་བདེ་བར་གཤེགས་པ་བསྐྱེད། །སྔོན་གྱི་སྲིད་པར་སྤྱད་པ་སྤྱོད་པའི་ཚེ། །སྐྱེ་བོ་ཐམས་ཅད་བདེ་བས་བདེ་ལྡན་བྱས། །དེ་ཡིས་
ལེགས་པའི་ལས་དེ་བྱས་པས་ན། །བདེ་བའི་ལམ་གྱིས་མྱ་ངན་འདས་རེག་འགྱུར། །སྟོན་པའི་གསུང་གིས་མཛེས་པ་དེ་དགའ་ནས། །དེ་ཡི་སྐད་ཅིག་ས་སྟེང་པུས་བཙུགས་ཏེ། །གཞལ་མེད་དགའ་བའི་སེམས་ནི་དང་བས་སུ། །འཇིག་རྟེན་སྒྲོན་མ་འདྲེན་ལ་ཕྱག་འཚལ་བྱེད། །
སྟོན་པའི་བློ་ཡིས་མཁས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལས་ངེས་འབྱུང་ཕྱག་འཚལ་ལོ། །འཇིགས་མེད་བློ་དག་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་གཞན་མིན་གསུང་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་ལྷ་མཛེས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་
པའི་དབྱངས་ཀྱིས་ཞུས་པ། འོད་མཛད་སྤྱན་སྡུག་ལེགས་པའི་སྤྱན་མངའ་བ། །བློ་དགེ་ཉོན་མོངས་ཚོགས་ལས་རྣམ་གྲོལ་ཞིང་། །ཡེ་ཤེས་དྲི་མེད་སྤྱོད་ཡུལ་ཁྱོད་ལ་ནི། །སྤྱད་པ་སྤྱོད་ཚེ་རྣམ་ཐར་བླ་མེད་ཞུ། །ལྷ་དང་བཅས་པའི་འཇིག་རྟེན་སྨན་སླད་དུ། །ཇི་ལྟར་སྤྱད་
ན་བྱང་ཆུབ་ཞི་འཚལ་ཞིང་། །མི་མཆོག་དམ་པ་བདག་གི་སྤྱོད་སྦྱོང་བ། །ཡིད་འདས་དེ་དག་བདག་ལ་བཀའ་སྩལ་གསོལ། །རྒྱལ་བ་དེ་ཡིས་རྡུལ་བཅོམ་དབང་པོ་བསྡམས། །འདོད་པའི་འཆིང་ལས་ཐུགས་ནི་རྣམ་གྲོལ་བའི། །དགོངས་པའི་དེ་ཉིད་སེམས་ཀྱི་རྗེས་འཇུག་
པ། །ཐུགས་ཞི་མ་དཀྲུགས་དེས་ནི་ལུང་བསྟན་པ། །མཁས་པས་དགེ་བ་དག་ནི་སྤྱད་པའི་ཕྱིར། །སྲོག་གི་ཕྱིར་ཡང་ཡིད་ནི་མི་ལྡོག་ཅིང་། །རྟག་ཏུ་སྤྱོད་ཚེ་ཉོན་མོངས་མེད་ཡིད་ཀྱིས། །ལུས་དང་ངག་གིས་དགེ་བ་མཉམ་སྤྱོད་པ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་

ན། །འཁོར་བའི་འགྲོ་ལ་སྤྱོད་པ་རྣམ་དག་སྟེ། །ཆུ་ཡི་ནང་ནས་པད་མ་སྐྱེ་བ་ལྟར། །གོས་པ་མེད་ཅིང་བྱང་ཆུབ་ཡང་དག་འགྲུབ། །བདེ་གཤེགས་གསུང་གིས་ལྷ་ཡི་མཛེས་པ་ཀླུ། །དེ་ནི་དགའ་ཞིང་ལེགས་པར་མགུ་བས་སུ། །དེ་ཡི་སྐད་ཅིག་ས་ལ་པུས་བཙུགས་ཏེ། །
སངས་རྒྱས་རྐང་གཉིས་མཆོག་ལ་ཕྱག་འཚལ་བྱེད། །ཐུབ་པ་འཇིག་རྟེན་གསུམ་ལ་སྨན་མཛད་པ། །བློ་གྲོས་ངེས་པར་ཞི་ལ་ཕྱག་འཚལ་ལོ། །སྤྱད་པ་སྤྱོད་ཚེ་ཁྱོད་ཀྱི་རྗེས་སློབ་ཅིང་། །བྱང་ཆུབ་མི་གཡོ་ཡིད་ནི་བསྐྱེད་པར་བགྱི། །སེམས་ཅན་དོན་དུ་སྤྱད་པ་སྤྱོད་པའི་
ཚེ། །ལུས་དང་སྲོག་ནི་དེ་བཞིན་བཏང་ནས་སུ། །སྡུག་བསྔལ་ཐར་བྱེད་སངས་རྒྱས་འགྱུར་བ་དང་། །བྱང་ཆུབ་ཞི་བ་བླ་མེད་ཐོབ་པར་བགྱི། །ཀླུ་དེའི་བསམ་པ་ཐུགས་སུ་ཆུད་ནས་སུ། །རྒྱལ་བ་དགྲ་ལས་རྒྱལ་བ་འཛུམ་མཛད་དེ། །དེ་ཚེ་ཇི་ལྟར་གང་གཱའི་བྱེ་སྙེད་ཀྱི། །
སངས་རྒྱས་མཐའ་ཡས་ཞིང་ནི་འོད་ཀྱིས་ཁྱབ། །བདེ་བར་གཤེགས་པས་འཛུམ་པ་བསྟན་པ་ལ། །ནམ་མཁའི་ལྷས་རིག་ལེགས་སོ་ཞེས་གསོལ་ཏེ། །ཨེ་མའོ་རྒྱལ་བས་རྡུལ་བཅོམ་ལྡན་དབང་པོ་བསྒོམས། །ཁྱོད་དང་མཉམ་མེད་གོང་ན་ཡོད་མ་ཡིན། །སངས་རྒྱས་
ཞིང་མང་དག་ནི་རབ་གཡོས་ཤིང་། །འདོད་པའི་ལྷ་ནི་སྡེར་བཅས་ཤིན་ཏུ་རྨོངས། །ལྷ་ཚོགས་མང་པོ་བསམ་པ་རབ་དགའ་ཞིང་། །རྒྱལ་བ་དབང་པོ་ཐུབ་ལ་ཕྱག་འཚལ་བྱེད། །སྟོན་པའི་ཉན་ཐོས་རྫུ་འཕྲུལ་ཆེ་བའི་མཆོག །མཽད་གལ་བུ་ཡིས་རྒྱལ་ལ་ཡོངས་
ཞུས་པ། །གང་གིས་དཔག་ཏུ་མེད་པའི་འཛུམ་མཛད་པ། །བཅོམ་ལྡན་བདེ་གཤེགས་རྒྱུ་གང་རྐྱེན་གང་ལགས། །མཽད་གལ་བུ་ཡིས་རྒྱལ་ལ་ཉེར་ཞུས་པ། །ཐེ་ཙོམ་གཅོད་མཛད་རྒྱལ་བས་བཀའ་སྩལ་པ། །ང་ལ་མཆོད་པ་བྱེད་པའི་ཀླུ་འདི་ནི། །མ་འོངས་པ་ཡི་
དུས་ན་སངས་རྒྱས་འགྱུར། །ཇི་སྙེད་ཞིང་འདི་འོད་ཀྱིས་ཁྱབ་པ་དག །དེ་དག་ཐམས་ཅད་རྒྱལ་བའི་ཞིང་གཅིག་འགྱུར། །དེས་ན་རྒྱལ་བ་འདི་ལྟར་འགྱུར་བ་སྟེ། །འདྲེན་པ་དེའི་མིང་དབང་པོ་རྒྱལ་མཚན་ནོ། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་མཐའ་ཡས་དག །

དེས་ནི་འགྲོ་སྲིད་ཕ་རོལ་སྒྲོལ་བྱེད་དེ། །འདི་ལ་བརྟེན་ནས་ངས་ནི་འཛུམ་པ་བསྟན། །མཽད་གལ་བུ་ཁྱོད་དེ་ལྟར་ཤེས་པར་གྱིས། །ཀླུ་དེ་ལུང་བསྟན་པ་ནི་ཐོས་ནས་སུ། །བླ་ན་མེད་པ་དག་གི་དགའ་བས་ཁྱབ། །ལུང་བསྟན་ཐོས་ནས་བར་སྣང་འདི་ལས་ནི། །
ཏ་ལ་བརྒྱད་ཅུའི་སྲིད་དུ་མངོན་པར་འཕགས། །ཕྱོགས་བཅུ་དག་ན་རྣམ་དག་རྒྱལ་བའི་ཞིང་། །བཟང་ལ་གྲངས་མེད་སངས་རྒྱས་དེ་མཐོང་སྟེ། །མཐོང་ནས་སངས་རྒྱས་རྐང་གཉིས་མཆོག་དག་ལ། ཚིགས་བཅད་སྣ་ཚོགས་དག་གིས་རྒྱལ་བ་བསྟོད། །འགྲོ་བ་ཕན་སྐྱེད་རྒྱལ་བ་དགྲ་
ལས་རྒྱལ། །དབང་པོ་ཐུལ་ཅིང་མ་ནོར་དེ་བཞིན་གསུང་། །འོད་མཛད་བདེན་གསུང་ཁྱོད་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཚིག་རྨོངས་མེད་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། འཇིགས་སེལ་
སྔགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སྤྱད་པ་སྤྱོད་ཚེ་སུག་ལས་ཅི་བགྱིས་པས། །འཇིགས་ལས་གྲོལ་དང་འགྲོ་བ་ཐར་བགྱིད་པ། །འཇིགས་སེལ་ལམ་ཞུགས་བདག་ལ་བཀའ་སྩལ་གསོལ། །ཇི་ལྟར་འདྲེན་པ་བདག་ཉིད་འཇིགས་གྲོལ་ཞིང་། །སྐྱེ་བོ་འཇིགས་ལས་རབ་ཏུ་གྲོལ་མཛད་
པ། །ཁྱོད་ཀྱིས་ལེགས་པར་གསུངས་པའི་བཀའ་ཐོས་ནས། །དེ་བཞིན་ངོམས་མེད་ཡིད་ཀྱིས་སྤྱད་པར་བགྱི། །ཆུ་ཆེན་འཛིན་པ་ཀླུ་ཡི་རྒྱ་མཚོ་དེས། །འགྲོ་ལ་ཕན་ཕྱིར་སྟོན་ལ་ཞུ་བྱེད་པ། །འཇིགས་བཅས་ཞེ་སར་བཅས་ཤིང་དེ་བརྟེན་ནས། །མི་དབང་སྤྱན་སྔར་ཞེས་བཅས་པས་འདུག །
དེ་ཡི་བསམ་པ་འདྲེན་པས་ཐུགས་ཆུད་ནས། །ཇི་ལྟར་སྤྱད་ན་འཇིགས་དང་རྣམ་བྲལ་ཞིང་། །སེམས་ཅན་དག་ཀྱང་འཇིགས་ལས་ཐར་བྱེད་པ། །ཡན་ལག་བརྒྱད་ལྡན་གསུང་གིས་ལུང་བསྟན་ཏོ། །བྱང་ཆུབ་སྤྱད་པ་རྗེས་སུ་སྤྱོད་བྱ་ཞིང་། །དབྱུག་མཚོན་མེད་པས་འགྲོ་ལ་རབ་ཏུ་སྟོན། །
ཆུ་དང་ཐང་དང་དེ་བཞིན་གཡུལ་འཐབ་པའི། །འཇིགས་ལ་ཡང་དང་ཡང་དུ་འཇིགས་མེད་སྦྱིན། །དེ་ཡིས་ལེགས་པའི་ལས་ནི་བྱས་པས་ན། །འཇིགས་པར་མི་འགྲོ་བྱང་ཆུབ་རེག་འགྱུར་ལ། །མཉམ་པར་བཞག་པའི་བྱམས་པའི་སེམས་ཀྱིས་སུ། །ཤིན་ཏུ་མི་བཟད་བདུད་སྟོབས་

རབ་སྐྲག་བྱེད། །སྟོབས་བཅུའི་མཁྱེན་པས་རྒྱ་མཚོ་དེ་དགའ་ནས། །དེ་ཡི་སྐད་ཅིག་ས་ལ་པུས་བཙུགས་ཏེ། །འཇིགས་པར་མི་གནས་ཞི་བར་རབ་འདུག་ནས། །བདེ་བར་གཤེགས་ལ་ཐལ་སྦྱར་ཕྱག་འཚལ་བྱེད། །སྲིད་ཀུན་བདག་ལ་མི་གནས་ཕྱག་འཚལ་ལོ། །དངང་མེད་འཇིགས་
བྲལ་ལྡན་ལ་ཕྱག་འཚལ་ལོ། །དངང་དང་འཇིགས་ལས་སྐྱེ་བོ་བསྒྲལ་བགྱི་ཞིང་། །དེ་བཞིན་གཤེགས་པ་མི་དངང་བདག་འགྱུར་བགྱི། །དེ་ནས་ཀླུའི་རྒྱལ་པོ་གསེར་གཙུག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། དྲང་སྲོང་ཆེན་པོ་སྤྱན་དགེ་དབང་པོ་
ཐུལ། །སྲིད་པའི་རྒྱ་མཚོ་རྒལ་ཅིང་ཕ་རོལ་ཕྱིན། །སྐམ་ལ་བཞུགས་པ་སྲེད་བསྐམས་གང་ཟག་མཆོག །འགྲོ་བའི་དོན་ཕྱིར་ཁྱོད་ཞུ་བཀའ་སྩལ་གསོལ། །ཇི་ལྟར་སྤྱད་ན་བདེ་གཤེགས་བདག་སྐྱེ་ཞིང་། །རྒྱལ་བའི་བསྟན་ལ་རབ་ཏུ་གནས་གྱུར་དང་། །བདུད་ཕྲག་སྟོང་དག་
གིས་ཀྱང་མི་བསྐྱོད་པ། །ཀུན་སྤྱད་འདི་དག་བདག་ལ་བཀའ་སྩལ་གསོལ། །སངས་རྒྱས་ཚུལ་ལ་མི་གཡོ་རབ་གནས་ཤིང་། །ཀླུ་ཡི་གཙོ་བོས་འདྲེན་ལ་དེ་ཞུས་པ། །ཀླུ་ཡི་བདག་པོ་བསམ་པ་ཐུགས་ཆུད་ནས། །ཉོན་མོངས་ཀུན་སྤངས་དེ་ནི་ལུང་བསྟན་པ། །ལྷག་
པའི་བསམ་པས་ཆོས་ཀྱི་ངེས་ལྡན་ཞིང་། །ངེས་པ་སྟོང་པའི་ཡུལ་ལ་རབ་ཏུ་གནས། །སྲིད་ལས་རྣམ་རྒྱལ་བསྟན་ལ་མི་གཡོ་ཞིང་། །གཞལ་མེད་བྱང་ཆུབ་ལ་ནི་འདུན་པ་བསྐྱེད། །གསེར་གཙུག་རྫུ་འཕྲུལ་ཆེ་བའི་ཀླུ་དེ་ནི། །སངས་རྒྱས་གསུངས་པ་ཐོས་ནས་ཐེ་ཙོམ་
མེད། །བྱང་ཆུབ་ཕྱིར་ནི་མི་གཡོ་ཡིད་བསྐྱེད་ཅིང་། །འཇིགས་ཀུན་ཕ་རོལ་ཕྱིན་ལ་མངོན་པར་བསྟོད། །སྲིད་མཚོ་རྒལ་ཅིང་སྐམ་ལ་ཤིན་ཏུ་བཞུགས། །ཐེ་ཙོམ་མི་མངའ་མི་གཡོ་བརྟན་བརྙེས་ཤིང་། །སྲིད་པར་འཁོར་བརྟན་བཞིན་དུ་རབ་བཞུགས་པ། །རི་རབ་རི་ལ་ལྷ་ཡི་
གནས་བཅས་བཞིན། །འདི་ལྟར་མི་གཡོ་བ་ལ་སྐྱབས་མཆི་ཞིང་། །མི་གཡོ་རི་ལྟ་བུར་ནི་འགྱུར་བར་བགྱི། །དེའི་ཚེ་འགུལ་དང་མི་འགུལ་ཞིང་མི་གནས། །མི་གཡོ་རི་རབ་ལྟ་བུར་འགྱུར་བར་བགྱི། །མ་སྨད་པས་ནི་དེ་ཡི་ཐུགས་ཆུད་ནས། །ཡིད་དུ་འོང་བའི་དབྱངས་ཀྱིས་ལུང་བསྟན་

པ། །བསྐལ་པ་སྟོང་ཕྲག་བརྒྱད་ཅུར་སྤྱད་བྱས་ནས། །མ་འོངས་པ་ཡིས་དུས་སུ་སངས་རྒྱས་འགྱུར། །བདེ་བའི་ལམ་གྱིས་རྒྱལ་བར་འགྱུར་བ་སྟེ། །མཚན་ནི་ལེགས་མཐོང་ཞེས་བྱ་ཤིན་ཏུ་སྡུག །སྲོག་ཆགས་བྱེ་བ་སྟོང་ཕྲག་ཐར་བྱེད་ཅིང་། །བསིལ་བ་བདེ་བ་ཞི་
བའི་ལམ་འགོད་འགྱུར། །རྒྱལ་བས་གསུངས་པ་ཀླུ་དེས་ཐོས་ནས་སུ། །གཞལ་མེད་དགའ་བའི་སེམས་ནི་རབ་དང་བས། །ཉོན་མོངས་ཐམས་ཅད་སེལ་ཅིང་མ་སྨད་པ། །འགྲོ་བའི་འདྲེན་པ་ལ་ནི་ཕྱག་འཚལ་བྱེད། །དེ་ནས་ཀླུའི་རྒྱལ་པོ་ཨུད་པ་ལ་མིག་གིས་བཅོམ་ལྡན་འདས་ལ་ཚིགས་
སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་མཆོག་འདུལ་མཛད་གཟི་བརྗིད་མཐའ་ཡས་པ། །ཐུགས་རབ་ཞི་ཞིང་ཉེར་ཞི་ཕ་རོལ་གཤེགས། །ཞི་གནས་ཡོན་ཏན་རབ་ཞི་རྣམ་གྲོལ་བ། །ཞི་བ་མཁས་པ་བདེ་བར་གཤེགས་པ་གསུང་། །ཁྱོད་སྲས་བྱང་ཆུབ་ཇི་ལྟར་སྤྱད་བགྱིས་
ན། །ཞི་གནས་དགའ་ཞིང་ཞི་གནས་བསྟེན་པ་དང་། །ཞི་གནས་ལ་ནི་ཇི་ལྟར་མཁས་པར་འགྱུར། །ཀུན་གཟིགས་མྱུར་དུ་བདག་གི་སོམ་ཉི་ཁུམ། །རྒྱལ་བ་ལ་ནི་ཀླུ་དེས་ཞུས་པ་དང་། །རྒྱལ་བས་ཨུད་པ་ལ་མིག་ལ་ལུང་བསྟན་པ། །གང་གིས་དགེ་བའི་ལས་ཀྱིས་ཡིད་འོང་
བའི། །ཞི་གནས་ལ་ནི་ཤིན་ཏུ་བསླབས་པར་འགྱུར། །དེ་ཕྱིར་བྱང་ཆུབ་སེམས་དཔའ་མཁས་པ་ནི། །སྤྱད་པ་སྤྱོད་ཚེ་སེམས་གཡོར་མི་བྱེད་ཅིང་། བསྐལ་པ་བྱེ་བར་ཞི་གནས་བསྟེན་བྱས་པ། །བྱང་ཆུབ་དམ་པ་དཔའ་མཆོག་སངས་རྒྱས་འགྱུར། །དེ་ཡིད་རབ་ཞི་བྱང་ཆུབ་
རྟོགས་ནས་སུ། །རྣམ་འདྲེན་འགྲོ་བ་ཞི་ལ་སྦྱོར་བྱེད་ཅིང་། །རབ་ཏུ་སེམས་ཞི་གཡོ་བར་མི་འགྱུར་ལ། །སེམས་ཅན་ཉོན་མོངས་མི་གཡོ་ཞི་བར་བྱེད། །དེས་པ་ཨུད་པ་ལ་མིག་གི་ཀླུ་དེས་ནི། །རྒྱལ་བས་ལེགས་པར་གསུངས་པའི་ཚིག་ཐོས་ནས། །ཉོན་མོངས་ཀུན་གཡོ་
ཡིད་ནི་ཞི་གྱུར་ཏེ། །བྱང་ཆུབ་མཆོག་རབ་སེམས་ནི་བསྐྱེད་གྱུར་ཏོ། །དེ་ཡི་ཞི་གནས་སེམས་ལ་བརྟེན་ནས་སུ། །བྱང་ཆུབ་སེམས་བསྐྱེད་རྒྱལ་བ་དེ་ལ་བསྟོད། །ཁྱོད་ལ་བསྐྱེད་ནས་ཞི་གནས་རྟོགས་གྱུར་ཅིང་། །ཤིན་ཏུ་ཡིད་ཞི་སངས་རྒྱས་འགྱུར་བར་བགྱི། །དེ་ནས་ཀླུའི་རྒྱལ་

པོ་དགའ་བོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། བདེ་བར་གཤེགས་པ་ཞི་གནས་ཐུགས་སུ་ཆུད། །རྒྱལ་བ་གང་ཟག་མཆོག་ལ་བདག་ཞུ་བ། །ཁྱོད་ཉིད་ལས་འཁྲུངས་བྱང་ཆུབ་རབ་གནས་པ། །མི་མཆོག་ཇི་ལྟར་ལྷག་མཐོང་དག་ལ་
སྤྱད། །མི་འདུལ་ཁ་ལོ་སྒྱུར་ལ་དགའ་བོས་ཞུས། །ཀླུ་དེའི་སྔོན་གྱི་མཐའ་ནི་གཟིགས་པས་ན། །དགེ་བའི་ལས་བསགས་པ་དག་ཐུགས་ཆུད་ནས། །མི་འདུལ་ཁ་ལོ་སྒྱུར་བ་འདི་སྐད་གསུང་། །ཡེ་ཤེས་དམ་པ་བྱང་ཆུབ་མཆོག་བཙལ་ཕྱིར། །མ་ཞུམ་ཡིད་ཀྱིས་ནོར་དང་འབྲུ་
དག་ལ། །སེར་སྣ་མེད་ཅིང་རྫས་མང་མི་ཉུང་དང་། །ཆུང་མ་དང་ནི་བདག་ཉིད་གཏོང་བར་བྱེད། །དེ་ཡིས་ལེགས་པའི་ལས་དེ་བྱས་པ་དང་། །གཏོང་བ་ཤིན་ཏུ་སྡུག་བསྔལ་བསྟེན་པས་ན། །ཡེ་ཤེས་དམ་པ་བདག་རྒྱལ་སངས་རྒྱས་འགྱུར། །དེ་ནི་ལྷག་མཐོང་སྤྱད་པའི་འབྲས་བུ་ཡིན། །
དེ་ནས་ཀླུའི་རྒྱལ་པོ་ཉེ་དགའས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། འགྲོ་བ་ཀུན་གྱི་འདྲེན་ལ་བདག་ཞུ་བ། །ཁྱོད་སྲས་བྱང་ཆུབ་ཇི་ལྟར་སྤྱད་བགྱིས་ན། །ཞི་གནས་ལྷག་མཐོང་མཉམ་པར་སྤྱོད་པ་དང་། །ཟང་ཟིང་མེད་ཞི་བྱང་ཆུབ་འཐོབ་འགྱུར་ལགས། །འདྲེན་
པ་དེ་ལ་ཀླུ་དེས་ཞུས་པ་དང་། །ཞི་གནས་ལྷག་མཐོང་ཡང་དག་ལེན་མཁྱེན་པ། །ཐོགས་པ་མེད་པ་འདྲེན་པ་འདི་བརྙེས་པས། །དེ་ནི་བདེ་བར་གཤེགས་པའི་བསྟན་ལ་བཞག །བྱང་ཆུབ་སེམས་དཔའ་གང་ཞིག་སྤྱད་སྤྱོད་ཚེ། །གཉིས་ཀའི་སྟོབས་འདི་མཉམ་པར་བསྟེན་པས་ན། །
དེ་ནི་བྱེ་བ་ཁྲག་ཁྲིག་མཐའ་ཡས་ཞིང་། །འགྲོ་བའི་དོན་དུ་མཉམ་པར་རྣམ་པར་སྦྱོང་། །བསྐལ་པ་བྱེ་བ་མང་པོ་དེ་འཚང་རྒྱ། །ཞིང་གི་དམ་པ་དག་ཀྱང་འགོད་འགྱུར་ཏེ། །དེའི་མཐའ་བསྔགས་པ་བསྐལ་པ་བྱེ་མང་དུ། །སངས་རྒྱས་བྱེ་བས་ཟད་པར་དེ་མི་སྤྱོད། །དེ་ཚེ་ཀླུ་ཡི་བདག་
པོ་ཉེ་དགའ་ཡིས། །ཐེག་པ་མཉམ་པའི་བསྔགས་པ་ཐོས་ནས་སུ། །གཞལ་དུ་མེད་པའི་དགའ་བས་སེམས་བདེ་ནས། །བྱང་ཆུབ་མཆོག་གི་སེམས་རབ་བསྐྱེད་གྱུར་ཏོ། །འཇིག་རྟེན་ཕན་ཕྱིར་བྱང་ཆུབ་དེ་ལུང་བསྟན། །མ་འོངས་དུས་སུ་སངས་རྒྱས་འགྱུར་བ་སྟེ། །མིང་ནི་རྒྱལ་བ་

འདྲེན་པ་ཀུན་སྤྱན་ནོ། །སྲོག་ཆགས་བྱེ་བ་སྟོང་ཕྲག་ཐར་བར་བྱེད། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། བདེ་གཤེགས་ཁྱོད་སྲས་ཇི་ལྟར་སྤྱད་བགྱིས་ན། །འགྲོ་བའི་དོན་དུ་ཕན་པ་ཚོལ་བྱེད་ཅིང་། །
བྱང་ཆུབ་བླ་མ་ཚོལ་ལ་མི་སྐྱོ་བ། །རྐང་གཉིས་དམ་པ་མཆོག་གིས་དེ་ལུང་སྟོན། །མི་ཡི་ཁྱུ་མཆོག་ལ་ནི་ཀླུས་ཞུས་པ། །ཀླུ་ཡི་བདག་པོའི་བསམ་པ་ཐུགས་ཆུད་དེ། །ཐུབ་པ་སྔོན་མཐའ་སྦྱོར་ལ་མི་འཇིགས་པས། །ཀླུ་ཡི་བདག་པོའི་ཐེ་ཚོམ་ལུང་བསྟན་པ། །བྱང་ཆུབ་
ཞི་བ་སྤྱད་པ་སྤྱོད་འདོད་པ། །དེས་ཤིང་ཉམས་པ་མེད་པར་སྤྱོད་པ་དང་། །བདག་དང་གཞན་དག་ལ་ཡང་མི་གནོད་ཅིང་། །སེར་སྣ་མེད་ཅིང་གཏོང་ལྡན་རྒྱལ་བ་ཡིན། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །འགྲོ་བ་གང་གི་འཁོར་བར་བདེ་འདོད་ལ། །དེས་ཤིང་
ཐམས་ཅད་དུ་ནི་སྙིང་རྗེར་ལྡན། །ནོར་བྱིན་པས་ནི་སྡུད་པ་བྱེད་པར་འགྱུར། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །ནམ་དུའང་སྐྱེ་བའི་སྡུག་བསྔལ་མྱོང་མི་འགྱུར། །རྟག་ཏུ་བདེ་བས་སྐྱེ་བོ་བདེར་འགོད་ལ། །ཁ་ན་མ་ཐོ་མེད་ཅིང་གནས་ཞིར་འཇོག །སྟོན་པའི་གསུང་
གིས་ཀླུ་དེ་བསྐུལ་བས་ན། །མཆོག་ཏུ་དགའ་བས་སེམས་ནི་བདེར་འགྱུར་ཏེ། །དེ་ཡིས་སྐད་ཅིག་ས་ལ་པུས་བཙུགས་ནས། །ཚིགས་བཅད་སྣ་ཚོགས་དག་གིས་རྒྱལ་བསྟོད་པ། །གཽ་ཏམ་འཇིག་རྟེན་ཀུན་ན་མཉམ་མེད་དེ། །འགྲོ་བ་ཟིལ་མནན་བདེ་གཤེགས་ལྷང་ངེ་བ། །ཁྱོད་
ཀྱི་ཞལ་དུ་ལྷར་བཅས་འགྲོ་ཀུན་བལྟ། །འདི་ལྟར་ཐལ་མོ་སྦྱར་ནས་སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་ཡིད་ནི་བསྐྱེད་བགྱི་ཞིང་། །འདི་ལྟར་བདེ་གཤེགས་ཁྱོད་ཀྱི་ཡེ་ཤེས་དང་། །སྟོན་པ་ཁྱོད་ཀྱིས་ཐེ་ཙོམ་བསལ་བ་ལྟར། །བདག་ཀྱང་ཐོས་ནས་འཇིག་རྟེན་ཐེ་ཙོམ་བསལ། །དེ་
ནས་དེའི་སྟོན་གཞལ་མེད་བྱང་ཆུབ་ཕྱིར། །ཡིད་ནི་ཤིན་ཏུ་དགྱེས་ནས་བཀའ་སྩལ་པ། །འཇིག་རྟེན་ཕན་ཕྱིར་འདྲེན་པར་འགྱུར་བ་ཡི། །མི་མཆོག་མིང་ནི་དབང་པོ་ཆེན་པོའོ། །དེ་ནས་ཀླུའི་རྒྱལ་པོ་ཨེ་ར་པ་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། འཇིག་རྟེན་

དཔག་མེད་མང་པོའི་སྐྱབས་ཀྱི་མཆོག །རྒྱལ་བ་ཐེ་ཚོམ་གཅོད་ལ་ཞུ་བགྱི་བ། །བྱང་ཆུབ་སེམས་དཔས་སུག་ལས་ཅི་བགྱིས་ན། །སངས་རྒྱས་མངོན་དུ་ལྷན་ཅིག་ཕྲད་པ་འཐོབ། །འཇིག་རྟེན་མགོན་པོ་དེ་ལ་ཀླུས་ཞུས་ནས། །འཇིག་རྟེན་ཕན་ཕྱིར་འདྲེན་པས་ལུང་བསྟན་པ། །སེམས་ཅན་
རྒྱུད་ལ་ཉོན་མོངས་རྣམ་རིག་དང་། །ཡོངས་སུ་དུལ་བའི་ཡིད་ནི་རྣམ་ཤེས་ནས། །འགྲོ་ལ་ཕན་ཕྱིར་སྙིང་རྗེ་བསྐྱེད་ནས་སུ། །བྱང་ཆུབ་མཆོག་གི་དོན་དུ་སྤྱད་པ་སྤྱོད། །བདག་དང་རྒྱལ་བར་ཇི་ལྟར་ཕྲད་སྙམ་ནས། །ཐབས་ལ་མཁས་པར་མངོན་པར་རབ་གནས་ཏེ། །རྒྱལ་བ་རྣམས་
དང་བདེ་གཤེགས་མྱ་ངན་འདས། །སྐུ་གདུང་དག་ལ་གཞལ་མེད་མཆོད་བྱེད་ཅིང་། །རྣམ་གྲོལ་ཡིད་ཀྱིས་སྨོན་ལམ་འདེབས་པར་བྱེད། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །རྟག་ཏུ་སངས་རྒྱས་མངོན་པར་ཕྲད་འཐོབ་སྟེ། །རྒྱལ་བ་མངོན་སུམ་མཆོད་པ་བྱས་ནས་སུ། །བྱང་
ཆུབ་དགའ་བ་འོད་ལྡན་རེག་པར་འགྱུར། །སངས་རྒྱས་ཀྱིས་ནི་ལེགས་གསུངས་ཚིག་ཐོས་ནས། །ཨེ་ར་བ་ན་ཀླུ་ནི་ཡིད་མགུ་སྟེ། །གཞལ་དུ་མེད་པའི་དགའ་བས་སེམས་བདེ་ནས། །དད་པའི་ཡིད་ཀྱིས་སངས་རྒྱས་མངོན་བསྟོད་པ། །མི་འདུལ་ཁ་ལོ་སྒྱུར་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་
བདག་གི་སོམ་ཉི་ཐེ་ཚོམ་བསལ། །བྱང་ཆུབ་དོན་དུ་ཡིད་འདི་བསྐྱེད་བགྱི་སྟེ། །སྡུག་བསྔལ་མཐར་བགྱིད་སངས་རྒྱས་འགྱུར་བར་བགྱི། །གང་ཟག་བདག་གིས་ཀླུ་ཡི་བདག་པོ་ཡི། །བསམ་པ་ཐུགས་ཆུད་བྱང་ཆུབ་ལུང་བསྟན་པ། །བསྐལ་པ་བྱེ་བ་བརྒྱད་ཅུ་རྩ་བཞི་རུ། །སྤྱད་པ་སྤྱོད་
ནས་དེ་ནས་སངས་རྒྱས་འགྱུར། །མི་མཆོག་མཚན་ནི་ཐམས་ཅད་སྒྲོལ་བ་སྟེ། །སྲོག་ཆགས་བྱེ་བ་སྟོང་ཕྲག་ཐར་བར་བྱེད། །དེ་ཡི་རིང་བསྲེལ་མང་པོར་འགྱུར་བ་སྟེ། །སྐྱེ་བོ་མང་པོ་མཐོ་རིས་འགྲོ་བར་འགྱུར། །ཀླུ་དེ་སྟོན་པའི་གསུང་གིས་དགའ་གྱུར་ནས། །འཇིག་རྟེན་ཕན་མཛད་
རྣམ་འདྲེན་མངོན་བསྟོད་པ། །ཁྱོད་ཀྱིས་འགྲོ་བའི་དོན་ནི་རྒྱ་ཆེར་མཛད། །སྡུག་བསྔལ་མཐར་མཛད་སངས་རྒྱས་ཕྱག་འཚལ་ལོ།། །།བམ་པོ་བཅུ་གཉིས་པ། དེ་ནས་ཀླུའི་རྒྱལ་པོ་ཚིབ་པའི་བུས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་

པ། ལྷ་དང་བཅས་པའི་འཇིག་རྟེན་དོན་སླད་དུ། །འཇིག་རྟེན་དོན་མཛད་རྣམ་འདྲེན་ལ་ཞུ་བ། །སྤྱད་པ་སྤྱོད་ཚེ་སུག་ལས་ཅི་བགྱིས་པས། །མ་རྟོགས་རྟོགས་ནས་རྒྱལ་བ་རྣམ་འདྲེན་འགྱུར། །ཚིབ་པའི་བུ་དེས་རྒྱལ་ལ་མངོན་ཞུས་ནས། །ཉོན་མོངས་ཐམས་ཅད་
བསལ་བས་ལུང་བསྟན་པ། །དགེ་བའི་ལས་ཀྱིས་འབྲས་བུ་ཡིད་འོང་ཞིང་། །ཉོན་མོངས་བཅོམ་པས་དེས་ན་རྒྱལ་ཞེས་བྱ། །དེ་ནི་འགྲོ་ཀུན་ཚེ་དང་སངས་རྒྱས་ལ། །མཆོག་ཏུ་དང་བ་དག་གིས་སེམས་ཀྱང་ཤེས། །དེ་ཡིས་ལས་ཀྱི་ལམ་དེ་བྱས་པས་ན། །འགྲོ་བའི་རྟག་པ་རྒྱལ་བ་དག་ཏུ་
འགྱུར། །དེ་ཡིས་རྒྱལ་བའི་བཤད་པ་ཐོས་ནས་སུ། །འགྲོ་བ་ཐམས་ཅད་ལ་ནི་དད་པར་བྱས། །དེ་ཚེ་དེ་ཡིས་དགེ་བ་བྱས་པས་ན། །འདི་ཡི་སྨོན་ལམ་བཏབ་ལྟར་བདག་འགྱུར་རོ། །དེ་ནས་འཇིག་རྟེན་མགོན་པོས་དེ་ལུང་བསྟན། །མི་མཆོག་སངས་རྒྱས་སུ་ནི་འགྱུར་བ་སྟེ། །སྲོག་
ཆགས་བྱེ་བ་སྟོང་ཕྲག་ཐར་བྱེད་ཅིང་། །སྤྱད་པ་སྤྱོད་ཚེ་རྒྱལ་བ་མངོན་པར་བསྟོད། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །སངས་རྒྱས་ལ་ནི་དད་བསྐྱེད་མངོན་བསྟོད་པ། །འགྲོ་བ་ཐར་མཛད་སངས་རྒྱས་ཕྱག་འཚལ་ལོ། །བསམ་ཡས་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་
ལོ། །དེ་ནས་ཀླུའི་རྒྱལ་པོ་ནག་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། དྲང་སྲོང་ཆེན་པོ་སྐྱབས་མཆོག་དཔག་ཏུ་མེད། །སྐྱོན་དང་བྲལ་ཞིང་ཡོན་ཏན་མཆོག་བརྙེས་པ། །སྟོབས་བཅུའི་འཇིགས་པས་རྣམ་གནོན་ཁྱོད་ལ་ནི། །བྱང་ཆུབ་ཞི་སྤྱོད་མཁས་
པ་རབ་གནས་ཞུ། །དེས་པའི་ཉོན་མོངས་ཇི་ལྟར་བསལ་བ་དང་། །རྒྱལ་བའི་མཆོག་ཉིད་ཇི་ལྟར་བསྒོམ་པར་བགྱི། །བདུད་ཀྱི་སྤྱོད་ཡུལ་དེ་དག་ཇི་ལྟར་སྤང་། །སངས་རྒྱས་སྤྱོད་ཡུལ་དག་ལ་ཇི་ལྟར་སྤྱད། །རྒྱལ་བ་ལ་ནི་ཀླུ་དེས་ཞུས་པ་དང་། །ཇི་ལྟར་བདེ་གཤེགས་སྤྱོད་ཡུལ་
སྤྱད་པ་དང་། །ཇི་ལྟར་བདུད་ཀྱི་སྤྱོད་ཡུལ་སྤང་བ་དག །ལམ་གཉིས་ཤིན་ཏུ་མཁྱེན་པས་རབ་ཏུ་བསྟན། །སྟོན་པ་ལ་ནི་ཀླུ་བདག་དེས་ཞུས་ནས། །དེ་ཡི་བསམ་པ་ཐུགས་ཆུད་ལུང་བསྟན་པ། །མི་མཁས་གང་དག་སེམས་ཅན་འདུ་ཤེས་སྤྱོད། །དེ་དག་ནག་པོའི་རྩ་ལག་སྤྱོད་

ཡུལ་སྤྱོད། །གང་དག་སེམས་ཅན་མེད་ཅིང་ཡིད་མི་གནས། །དེ་དག་ཐམས་ཅད་གཟིགས་པའི་སྤྱོད་ཡུལ་སྤྱོད། །ནག་པོའི་རྩ་ལག་དག་ལས་རྒྱལ་ནས་སུ། །བྱང་ཆུབ་བླ་མེད་ཞི་བ་དེས་ཐོབ་བོ། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །བདུད་ཀྱི་སྤྱོད་ཡུལ་མྱུར་བར་རྣམ་
སྤངས་ཏེ། །སངས་རྒྱས་ཐམས་ཅད་གཟིགས་ལྟར་སྤྱོད་ཡུལ་དག །བསྟེན་པས་དེ་ནི་མྱུར་དུ་རྒྱལ་བར་འགྱུར། །དེ་ནས་ཀླུའི་རྒྱལ་པོ་གཽ་ཏ་མས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཁ་ལོ་སྒྱུར་མཆོག་ཁྱོད་ལ་ཞུ་བགྱི་བ། །འདྲེན་པ་ཁྱོད་སྲས་ཇི་ལྟར་
སྤྱད་བགྱིས་ནས། །ཀླུ་ཡི་སྐྱེ་གནས་དག་ནི་གཅོད་བགྱིད་ཅིང་། །སངས་རྒྱས་ཚུལ་གྱི་མྱུ་གུ་བསྐྱེད་པར་བགྱིད། །བདེ་བར་གཤེགས་ལ་ཀླུ་དེས་ཞུས་པ་དང་། །དེ་ཡི་བསམ་པ་ཐུགས་ཆུད་ལུང་བསྟན་པ། །སེམས་ཅན་མེད་ལ་རྒྱལ་བའི་སྲས་སྤྱོད་ཅིང་། །བྱང་ཆུབ་སེམས་ལ་
ནམས་ཀྱང་དེ་མི་གནས། །དེ་ནི་སྟོང་ཉིད་ཁོང་དུ་ཆུད་པ་ཡིན། །མཁས་པ་མཚན་མ་སྨོན་ལམ་རྣམ་སྤངས་ཤིང་། །མཛངས་པ་མི་དམིགས་པ་ལ་གནས་པ་དག །འདི་ནི་སངས་རྒྱས་ཆོས་མངོན་མྱུ་གུ་བསྐྱེད། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །མི་དམིགས་པ་ལ་
བརྟེན་པར་རབ་གནས་ཤིང་། །བདུད་ཀྱི་ཞགས་བཅིངས་དམ་པ་བཅད་ནས་སུ། །སངས་རྒྱས་ཚུལ་ལ་ཀླུ་ནི་རབ་ཏུ་གནས། །འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །མ་འོངས་དུས་སུ་སངས་རྒྱས་འགྱུར་བ་སྟེ། །རྣམ་ཐར་རྒྱལ་ཞེས་ཕྱོགས་སུ་རྣམ་གྲགས་ཤིང་། །
བདུད་ཀྱི་དབང་སོང་སྲོག་ཆགས་ཐར་བར་བྱེད། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །ཐལ་མོ་སྦྱར་ནས་སངས་རྒྱས་ཕྱག་འཚལ་བྱེད། །ཁྱོད་ཀྱི་ལམ་བསྟན་པས་ན་སངས་རྒྱས་བསྟེན། །མི་མཆོག་ཐར་མཛད་ཞིང་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་ཀམ་
པ་ལའི་སྒྲས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཟླ་བའི་འོད་ལྟར་དྲི་མེད་མཐུ་ཆེ་ཞིང་། །མི་མཆོག་རང་བྱུང་གྱུར་ལ་ཞུ་བགྱི་བ། །རྣམ་འདྲེན་སྲས་ནི་ཇི་ལྟར་སྤྱད་བགྱིས་ན། །ཕན་པར་འཇུག་ཅིང་རྗེས་སུ་སྐྱེ་བར་འགྱུར། །གལ་ཏེ་སྟོང་

ཉིད་སྨོན་མེད་རྗེས་སོང་ཞིང་། །ཕུང་པོ་མཚན་མ་མི་ལྡན་བྲལ་བ་དང་། །ནམ་མཁའ་འདྲ་བའི་ཆོས་དང་རྣམ་ཤེས་ན། །ཕ་ཡི་ལམ་དུ་བུ་ཡང་རྗེས་འགྲོ་འགྱུར། །སྟོན་པས་ལེགས་པར་གསུངས་པ་དེ་དགའ་ནས། །དམིགས་སུ་མེད་པ་ཡི་ནི་སེམས་བསྐྱེད་
དོ། །འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །རྗེས་སུ་འཐུན་འདི་སྤྱོད་པ་སྤྱད་བྱས་ཤིང་། །ཞིང་མཆོག་དག་ཀྱང་ཡོངས་སུ་སྦྱངས་ནས་སུ། །མ་འོངས་དུས་སུ་སངས་རྒྱས་འགྱུར་བ་སྟེ། །ཟླ་བས་ལྷག་པར་ཕྱོགས་སུ་རྣམ་གྲགས་ཤིང་། །སྲིད་པར་འགྲོ་བའི་སེམས་
ཅན་ཐར་བར་བྱེད། །ཀམ་པ་ལ་ཞེས་མིང་བཏགས་ཀླུ་དེ་ནི། །ཤཱཀྱ་སྲས་མཁས་བྱང་ཆུབ་ལུང་བསྟན་ནས། །སེམས་ནི་དགའ་ཞིང་ཡོངས་སུ་ཡིད་མགུ་སྟེ། །འགྲོ་ཀུན་ཐར་བར་མཛད་ལ་མངོན་བསྟོད་པ། །ཐུབ་པ་ཆེ་ལ་འདི་ལྟར་སྐྱབས་སུ་མཆི། །སངས་རྒྱས་འགྱུར་བར་ཐེ་
ཚོམ་བདག་མ་མཆིས། །མུན་པ་དག་ལ་སྒྲོན་མ་གཟུང་བགྱི་ཞིང་། །ལོང་བ་མིག་མ་མཆིས་ལ་ལམ་བསྟན་བགྱི། །དེ་ནས་ཀླུའི་བདག་པོ་ཡུལ་འཁོར་སྲུང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མགོན་པོ་འཇིག་རྟེན་ལོང་བར་གྱུར་པའི་མིག །མིག་
སྦྱིན་སྨན་པ་དྲང་སྲོང་ཆེ་ལ་ཞུ། །གང་གིས་འཇིག་རྟེན་རྣམ་ཐར་ལམ་བཟང་ཞིང་། །ཞི་བའི་སར་མཆིས་རྐང་གཉིས་དབང་པོ་གསུངས། །སྟོབས་བཅུའི་སྟོབས་མངའ་རྣམ་པར་ཐར་བའི་ལམ་སྟོན་པ། །འཇིག་རྟེན་མགོན་པོ་རྐང་གཉིས་དབང་པོས་དེ་ལུང་བསྟན། །གང་གིས་ཡུན་རིང་ཞུགས་
པའི་སྡུག་བསྔལ་ལམ་ཞི་ཞིང་། །འཁོར་བ་ཉེར་ཞི་མྱ་ངན་འདས་པ་གསལ་བར་འགྲོ། །སྟོན་ལ་ཀླུ་ཡི་རྒྱལ་པོ་ལམ་ཞི་ཐོས་ནས་སུ། །སྡུག་བསྔལ་བ་ལ་སྙིང་རྗེ་དམ་པ་བསྐྱེད་བྱས་ཤིང་། །ཀླུ་ཡི་རྒྱལ་པོས་བྱང་ཆུབ་འདུན་པ་དྲག་བསྐྱེད་དེ། །སྟོབས་བཅུའི་སྟོབས་འཆང་
འཇིག་རྟེན་མགོན་དུ་བདག་འགྱུར་བྱེད། །སྟོབས་བཅུའི་ཡོན་ཏན་མངའ་བས་ཀླུ་དབང་ལུང་བསྟན་པ། །མི་ཡི་སེང་གེ་བདག་ཉིད་མུ་སྟེགས་དགྲར་འགྱུར་ཞིང་། །སེམས་ཅན་མཐའ་ཡས་དཔག་མེད་འཁོར་བར་འགྲོ་བ་དག །བདེ་གཤེགས་མཆོག་གི་ཚིག་གིས་འདྲེན་ཅིང་ཐར་བར་

བྱེད། །སྟོན་པའི་གསུང་མཆོག་ཀླུ་ཡི་རྒྱལ་པོས་ཐོས་ནས་སུ། །དགའ་བའི་སེམས་ཀྱིས་སོར་བཅུའི་རྩེ་མོ་ཐལ་སྦྱར་ཏེ། །མི་དབང་འཇིག་རྟེན་མགོན་པོ་དྲང་སྲོང་ཆེན་པོ་ལ། །གུས་པ་བསྐྱེད་ནས་འཁྲུལ་མེད་ཚིག་གིས་མངོན་བསྟོད་པ། །སྐྱབས་མཆོག་ཤིན་ཏུ་ཐུགས་གཞུངས་མཚུངས་
མེད་ཡེ་ཤེས་ཏོག །འགྲོ་བའི་དགེ་བ་སྤྱོད་ཅིང་དགེ་ལ་ཡུན་རིང་དང་། །འགྲོ་བའི་བསམ་པ་མཐའ་ཡས་ཁྱོད་ཀྱིས་ཐུགས་ཆུད་པས། །དེས་ན་མི་དབང་ཁྱོད་ནི་འཇིག་རྟེན་རྒྱ་ཆེར་གྲགས། །དེ་ནས་ཀླུའི་རྒྱལ་པོ་གསེར་མགྲིན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་
ཞུས་པ། སྟོབས་བཅུའི་སྟོབས་མངའ་སྟོབས་ཆེ་སྟོབས་དང་ལྡན་པ་སྟེ། །ཐུགས་དགེ་སྣང་མཛད་འོད་དང་ལྡན་ཞིང་སྡིག་མི་མངའ། །སྲིད་རྒྱལ་བློ་གྲོས་བཟང་བས་འགྲོ་བ་ཤིན་ཏུ་མཁྱེན། །རྒྱལ་བ་དགེ་སྤྱོད་ཤིན་ཏུ་དྲི་མེད་ཞལ་གསུངས་ཤིག །མི་མཆོག་རྡུལ་བྲལ་ཁྱོད་སྲས་ཇི་ལྟར་
སྤྱད་བགྱིས་ན། །མཁས་པ་མ་དཀྲུགས་མ་བསྐྱོད་པ་དག་ཐུགས་ཆུད་ཅིང་། །རྒྱལ་བ་རྡུལ་བྲལ་དཔག་མེད་བརྒྱ་ནི་ཡོངས་སུ་མཁྱེན། །རྒྱལ་སྲས་སྐྱེ་བོ་ཕན་མཛད་ཐུགས་སུ་ཆུད་པའི་སྤྱན། །བློ་གྲོས་དཔག་མེད་མངའ་བ་ལྷ་མི་མཁས་པ་ཡིས། །བླ་མར་བགྱིས་ཤིང་རྒྱལ་བ་
དཔག་མེད་ས་ཡས་བསྐོར། །མཁས་པ་དུས་སུ་འགྲོ་བ་དཔག་མེད་ཕན་མཛད་དགོངས། །སྟོབས་བཅུ་མངའ་བ་ཀླུ་ཡི་འགྲོ་བ་ཞུས་པ་གསུངས། །བློ་འཆལ་བྲལ་ཞིང་བློ་གཙང་རྗེས་དགོངས་བརྟག་པ་མཛོད། །ང་ཡི་སྲས་མཆོག་རྒྱལ་བསྟེན་རྒ་ཤི་ཟད་བྱེད་པ། །འཐོབ་ཅིང་
རྒྱལ་བས་མཆོད་ཅིང་རྡུལ་མེད་སྐྱོན་བྲལ་རེ། །འགྲོ་བའི་སྡུག་བསྔལ་དཔག་མེད་བརྒྱ་ཤེས་ཡོངས་སུ་འགྲོ་ལ། །སྟོབས་བཅུ་བློ་གྲོས་མངའ་བས་ཀླུ་ཡི་བདག་པོ་ཡིས། །རྒ་ཤི་ཟད་བྱ་ཐོས་ནས་རབ་ཏུ་ཡིད་དགའ་སྟེ། །འགྲོ་ལ་ཕན་ཡིད་བྱང་ཆུབ་ཡིད་བྱས་རྒྱལ་བའི་མཆོག །
རྣམ་འདྲེན་བློ་མངའ་འགྲོ་ལ་ཕན་མཛད་མངོན་བསྟོད་པ། །འགྲོ་བ་མང་པོའི་མུན་པ་རབ་རིབ་ལིང་ཏོག་དག །གཅོད་མཛད་འགྲོ་འདིའི་སྡུག་བསྔལ་འཇོམས་ཤིང་མུན་པ་དང་། །རབ་རིབ་ལིང་ཏོག་ཀུན་ནས་སེལ་མཛད་བདུད་རྩིའི་ལམ། །ཤིན་ཏུ་དྲི་མེད་སྤྱན་མངའ་

དགེ་བ་ཕྱོགས་བཅུར་སྟོན། །ཀླུ་ཡི་བདག་པོའི་གསེར་དངུལ་ལྟ་བུའི་ཁྱིམ་གཤེགས་ཤིང་། །ཡོན་ཏན་དཔག་མེད་མངའ་བ་ཤིན་ཏུ་ཐུགས་སུ་ཆུད། །བློ་གྲོས་སྟོན་མཛད་འོད་ཟེར་སྟོང་འདྲའི་སྤྱན་མངའ་ཞལ། །མ་འཁྲུལ་མ་གློངས་མ་སྨད་གཟི་ཆེ་
མཁས་པའི་གཟི། །སྟོབས་བཅུ་འོད་ཆེན་མངའ་ལ་འགྲོ་བའི་ཚིག་གིས་བསྟོད། །རྒྱལ་མཆོག་བདག་ཉིད་བདེ་ལྡན་སངས་རྒྱས་བྱང་ཆུབ་ནས། །འགྲོ་བ་འཁྱམས་ཤིང་མངོན་མེད་རྒ་ཤི་སྡུག་བསྔལ་གྱིས། །ཉམ་ཐག་སྡུག་བསྔལ་དཔག་མེད་བསལ་ཏེ་ཐར་བར་བགྱི། །བདེ་དང་ཞི་
དང་ཞི་བ་རྡུལ་མེད་རྒྱ་ཆེ་སེལ། །ཞི་བའི་ལམ་དུ་ཞུགས་ནས་བདག་ནི་སངས་རྒྱས་བགྱི། །རྒྱལ་བ་བརྒྱ་ཡིས་ཐུགས་ཆུད་བདུད་ཀྱི་སྟོབས་དག་ནི། །སྟོབས་མེད་བགྱི་ཞིང་མི་མཁས་པ་དག་གཞུག་པར་བགྱི། །དེ་ནས་ཀླུའི་རྒྱལ་པོ་མགྲིན་སྔོན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་
པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྟོན་མཆོག་མི་འདུལ་ཁ་ལོ་སྒྱུར་ལ་ཞུ་བགྱི་བ། །འདྲེན་པ་ཁྱོད་ཀྱི་སྲས་ནི་ཇི་ལྟར་སྤྱད་བགྱིས་ན། །ཁ་ན་མ་ཐོ་མེད་ཅིང་ཞི་ལ་རྡུལ་བྲལ་དང་། །ཉོན་མོངས་མེད་ཅིང་བྱང་ཆུབ་དམ་པ་སངས་རྒྱས་འགྱུར། །འགྲོ་བའི་དོན་དུ་འདྲེན་པས་གསུངས་པ་གང་། །
དཔའ་བོ་ཁྱོད་ཉིད་ལས་འཁྲུངས་སྲས་ཐོས་ནས། །ཁ་ན་མ་ཐོ་མེད་ཅིང་བདག་དང་གཞན། །སངས་རྒྱས་འགྱུར་དང་བྱང་ཆུབ་ཐེ་ཚོམ་ཁུམ། །མགྲིན་སྔོན་ཀླུ་དེ་ཡིས་ནི་ཞུས་པ་དང་། །འཇིག་རྟེན་ཀུན་ལ་ཆགས་པ་མེད་པའི་ཐུགས། །ཆོས་རྣམས་ཀུན་ལ་མི་འཇིགས་དབང་བརྙེས་ཤིང་། །
སྟོན་པའི་གསུང་ལ་ལེགས་གནས་ལུང་བསྟན་པ། །ང་སྲས་འཇིག་རྟེན་གསུམ་ལ་མ་ཆགས་ཤིང་། །འགྲོ་ལ་ཕན་པར་སྤྱད་པ་སྤྱོད་བྱེད་པ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དག་དང་། །གཟུགས་མེད་ཁམས་སུའང་ཆེད་དུ་མི་སྐྱེའོ། །མྱ་ངན་འདས་དབྱིངས་གཞལ་
མེད་འདུས་མ་བྱས། །ཐམས་ཅད་ཀྱི་ནི་སྡུག་བསྔལ་ཟད་ཅིང་འགོག །དེ་ནི་ཉེར་བཟུང་འཇིག་རྟེན་གོས་མེད་ཡིན། །རྒྱལ་བ་རྒྱལ་བའི་དབང་པོ་རབ་ཏུ་བསྒོམ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །གོས་པ་མེད་ཅིང་འཇིགས་མེད་རྣམ་སྤྱོད་ལ། །བདག་དང་གཞན་

ལ་གནོད་པ་མེད་གནས་ཏེ། །བདག་ཉིད་བླ་མེད་བྱང་ཆུབ་མངོན་འཚང་རྒྱ། །དེ་ནི་རྣམ་སྨིན་དེ་ལས་རྗེས་འཐུན་པ། །ཤིན་ཏུ་དཀའ་བས་བྱང་ཆུབ་འཚང་རྒྱར་འགྱུར། །དེ་ཡི་སྐྱེ་བོ་སྲོག་ཆགས་ལྷ་དང་ཀླུ། །མི་དང་སྲིན་པོ་དག་གིས་མི་མཐོང་ངོ་། །ཀླུ་མགྲིན་སྔོན་པོ་
སྟོབས་པོ་ཆེ་དེ་ནི། །སངས་རྒྱས་ཀུན་མཁྱེན་གསུང་གིས་དགའ་གྱུར་ནས། །སོར་མོ་བཅུ་ཡི་ཐལ་སྦྱར་མགོ་བཏུད་དེ། །འཇིག་རྟེན་སྒྲོན་མཛད་འདྲེན་ལ་ཕྱག་འཚལ་བྱེད། །མི་མཆོག་ལ་ནི་འདི་ལྟར་བདག་སྐྱབས་མཆི། །ཡབ་ཀྱི་རྗེས་སུ་སྲས་ཀྱང་མཆི་བགྱི་ཞིང་། །མཐར་
བགྱིད་བཅོམ་ལ་བྱང་ཆུབ་འཚང་རྒྱར་བགྱི། །སེམས་ཅན་སྡུག་བསྔལ་ཆོས་ཀྱིས་གནོད་གྱུར་དགྲོལ། །འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །ཁྱོད་ནི་མ་འོངས་དུས་སུ་འཚང་རྒྱ་སྟེ། །ཀུན་ཏུ་སྤྱན་ཞེས་ཕྱོགས་སུ་རྣམ་གྲགས་ཤིང་། །འགྲོ་བའི་སྲིད་ལས་སེམས་ཅན་གྲོལ་
བར་བྱེད། །དེ་ནས་ཀླུའི་རྒྱལ་པོ་འཇིགས་སྒྲོགས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་འདུལ་ཁ་ལོ་སྒྱུར་བ་ཡིད་ལས་འདས། །སྟོན་པ་སུག་ལས་ཅི་བགྱིས་བདག་ཞུའོ། །རྒྱལ་བ་དེ་ནི་སྣམ་ཕྱོགས་གཟིགས་པ་ན། །དཀྱིལ་འཁོར་
ཙམ་གྱིས་ནི་མདུན་དུ་འགྱུར། །ཆོས་ལ་ངེས་པའི་རྒྱལ་བས་དེ་ལུང་བསྟན། །ཀུན་མཁྱེན་མཁྱེན་པས་བསམ་པ་ཐུགས་ཆུད་ནས། །བླ་ན་མེད་པའི་ཐུགས་ནི་བསྐྱེད་མཛད་དེ། །དེ་བཞིན་མི་མཆོག་གིས་ནི་འདི་ལུང་བསྟན། །བདེ་བ་འབྱུང་བ་དག་གི་ལས་བྱས་ཤིང་། །དེ་དག་
སྔན་ཆད་ཡང་དང་ཡང་དྲན་པས། །དེ་ཡི་རྣམ་སྨིན་ལས་ནི་འདི་ལྟར་ཤེས། །དེ་ཡི་གཟིགས་པ་རས་ནི་འགྱུར་བ་ཡིན། །རྒྱལ་བས་ལེགས་གསུངས་ཚིག་ནི་ཐོས་ནས་སུ། །ཀླུ་རྒྱལ་དེ་ནི་མཆོག་ཏུ་དགའ་གྱུར་ནས། །འཕགས་པའི་ཟང་ཟིང་མེད་པའི་དགའ་བསྐྱེད་དེ། །ང་རྒྱལ་
བཅོམ་ནས་སངས་རྒྱས་ཕྱག་འཚལ་བྱེད། །དེ་ནས་ཀླུའི་རྒྱལ་པོ་གཟི་ཅན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ལམ་སྟོར་བ་ལ་ལམ་ནི་རབ་སྟོན་ཅིང་། །འཇིག་རྟེན་དོན་མཛད་འདྲེན་ལ་ཞུ་བགྱི་བ། །སྔོན་ཚེ་རྟག་ཏུ་ཕྲིན་ལས་ཅི་མཛད་ན། །ཇི་

ལྟར་དགོངས་པ་བཞིན་དུ་ཞི་གནས་མཛད། །འཇིག་རྟེན་མགོན་པོ་རྒྱལ་བས་དེ་ལུང་བསྟན། །སེམས་ཅན་ཀླུ་ནི་གདུལ་བའི་དུས་བབ་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པའི་ཕྱིར། །འདྲེན་པ་བདུད་སྟོབས་འཇོམས་པས་ལུང་བསྟན་པ། །འདས་པའི་དུས་སུ་
སྤྱད་པ་སྤྱོད་པའི་ཚེ། །ཚུལ་བཞིན་མ་ཡིན་སེམས་དང་གཉེན་མིན་པའི། །ནམས་ཀྱང་མི་སེམས་རྟག་ཏུ་ཞི་གནས་བསྟེན། །དེ་ལ་ངས་ནི་ཡུན་རིང་བསླབས་པ་ཡིན། །དེ་བཞིན་རྒྱལ་བ་དག་གི་མཆོད་རྟེན་ལ། །ཕྲེང་བ་རིན་ཆེན་དག་ནི་བཀྲམ་ཞིང་ཕུལ། །དེ་ཡིས་ལེགས་
པའི་ལས་དེ་བྱས་པས་ན། །ཉོན་མོངས་སེམས་དང་ནམས་ཀྱང་མི་གནས་སོ། །ང་ཡིས་བསྐལ་པ་སྟོང་ཕྲག་བྱེ་བ་རུ། །གཞན་ལ་གནོད་པས་ནམས་ཀྱང་གནོད་མ་བྱས། །ང་ནི་དེ་ཡིས་ལས་ཀྱི་རྣམ་སྨིན་རྒྱུས། །ཇི་ལྟར་བསམས་བཞིན་ཞི་གནས་སྟེན་པར་བྱེད། །དྲང་སྲོང་ཆེ་
བས་ལུང་བསྟན་འདི་ཐོས་ནས། །གཟི་ཅན་ཀླུ་ནི་དགའ་བར་གྱུར་པ་ན། །གཞལ་དུ་མེད་པའི་བདེ་བས་སེམས་དགའ་ནས། །སྟོན་པའི་མདུན་འདུག་ཚིགས་སུ་བཅད་པས་བསྟོད། །འགྲོ་བའི་ཀུན་ལྡང་ཉོན་མོངས་ཞི་མཛད་ཅིང་། །དེ་དག་སེམས་ཞི་ཁྱོད་ཀྱི་བསྟན་པ་མཛད། །
ཐུབ་པ་ཉོན་མོངས་མེད་པར་འཇིག་རྟེན་སྤྱོད། །ཟླ་འོད་ལྟ་བུར་བློ་ཞི་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་རྣམ་པར་སྣང་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྔོན་ཚེ་དག་ཏུ་ཕྲིན་ལས་ཅི་མཛད་ན། །ཐུབ་པ་ཁྱོད་ཀྱིས་སྐུ་ལ་རྡུལ་མི་གོས། །དཔེ་
མེད་རྣམས་གནོན་འདི་དག་བདག་ལ་གསུངས། །གང་དག་ཐོས་ནས་དགེ་བའི་ལས་སྤྱད་བགྱི། །རྣམ་པར་སྣང་བྱེད་དགེ་བ་ཚོལ་བའི་ཀླུས། །འཇིག་རྟེན་མགོན་དེ་ལ་ནི་ཞུས་པ་དང་། །ཉོན་མོངས་ཀུན་སེལ་ཡན་ལག་བརྒྱད་ལྡན་ཞིང་། །སྙན་ཅིང་འཇེབས་པའི་སྒྲས་ནི་ལུང་བསྟན་པ། །
ང་ཡིས་སྔོན་ཆད་བྱང་ཆུབ་ཚོལ་བ་ན། །ནམས་ཀྱང་ཚུལ་བཞིན་མ་ཡིན་ངས་མ་བསམས། །ནམས་ཀྱང་རབ་ཏུ་ཉེས་སེམས་ངས་མ་བསྐྱེད། །བླ་མེད་བྱམས་ལས་ཡང་དང་ཡང་དུ་བྱས། །ང་ཡིས་དགེ་བའི་ལས་དེ་བྱས་པས་ན། །བླ་མེད་བྱང་ཆུབ་ཞི་བ་རེག་ནས་སུ། །མི་མཆོག་

རྒྱལ་བ་ཐུབ་པའི་སྐུ་དག་དང་། །ན་བཟའ་ལ་ཡང་རྡུལ་གྱིས་མི་གོས་སོ། །རྒྱལ་བའི་ཕྲིན་ལས་དགེ་བསགས་དེ་ཐོས་ནས། །རྣམ་པར་སྣང་བྱེད་ཀླུ་ནི་ཡིད་དགའ་སྟེ། །སོར་བཅུའི་ཐལ་མོ་སྦྱར་ནས་མགོ་བོ་ཡིས། །རྒྱལ་བའི་ཞབས་ལ་མངོན་པར་ཕྱག་འཚལ་བྱེད། །ལེགས་སོ་རྒྱལ་
བ་མུ་བྱེད་སྔོན་དུ་གཤེགས། །ཁྱོད་ཀྱིས་རྒྱ་ཆེ་མཐའ་ཡས་དོན་དག་མཛད། །སྲིད་པའི་ཚོགས་ལ་དགའ་ཞིང་སྡུག་བསྔལ་གྱིས། །གདུངས་པའི་འགྲོ་བ་མཐའ་དག་ཁྱོད་ཀྱིས་བཀྲོལ། །སྐྱེ་བོ་དུག་གདུག་རིག་པའི་སྨན་པ་སྟེ། །སྐྱེ་བོ་དུག་བཅོམ་ཁྱོད་ནི་གསོ་སྨན་ལགས། །མེ་
འབར་ཞི་ལྟར་རིམ་གྱིས་མྱ་ངན་འདའ། །འདི་ལྟར་ཐལ་སྦྱར་མགོས་བཏུད་སྐྱབས་སུ་མཆི། །དེ་ནས་ཀླུའི་རྒྱལ་པོ་བསྒྱིངས་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །རྣམ་འདྲེན་དགེ་བའི་ཕྲིན་ལས་ཅི་མཛད་ན། །ཞབས་ནི་ཤིན་ཏུ་མཉམ་ཞིང་
བརྟན་པ་བརྙེས། །གང་དག་ཐོས་ནས་ཤིན་ཏུ་ཡིད་དགའ་འཐོབ། །མི་ཡི་མཆོག་གྱུར་དེ་དག་བདག་ལ་གསུངས། །ཀླུ་ཡི་རྒྱལ་པོ་བསྒྱིངས་པས་རྣམ་པར་འདྲེན། །འཇིག་རྟེན་མཁས་ལ་དེ་ཡིས་ཞུས་པ་དང་། །ཡིད་དུ་འོང་བའི་ཚིགས་བཅད་སྣ་ཚོགས་ཀྱིས། །ཀླུ་
ཡི་རྒྱལ་པོ་ཡིད་ནི་དགའ་བར་གྱུར། །ང་ཡིས་ཚུལ་ཁྲིམས་བརྟུལ་ཞུགས་རྣམ་དག་བསྒྲུབས། །ང་ཡིས་གཞན་ཡང་ཚུལ་ཁྲིམས་བརྟུལ་ཞུགས་བསྒོམས། ངས་ནི་དགེ་བའི་ལས་དེ་བྱས་པས་ན། །རྐང་པ་མཉམ་པ་དག་གིས་ས་ལ་རེག །དེ་ཚེ་ཐམས་ཅད་མཁྱེན་པས་ལུང་
བསྟན་པ། །རྡུལ་བྲལ་ཀླུ་ནི་ཡིད་དགའ་མགུ་གྱུར་ནས། །གཞལ་དུ་མེད་པའི་བདེ་བས་སེམས་དགའ་སྟེ། །སངས་རྒྱས་རྐང་གཉིས་མཆོག་ལ་ཕྱག་འཚལ་བྱེད། །ལེགས་སོ་རྒྱལ་བ་འོད་མཛད་རྡུལ་བཅོམ་ཞིང་། །ཤིན་ཏུ་ཉོན་མོངས་བག་ཆགས་བཅས་པ་བཅོམ། །ཟླ་ཉའི་དཀྱིལ་
འཁོར་སྒྲ་གཅན་གྱིས་བཏང་ལྟར། །དགྲ་བཅོམ་ནས་ནི་ཕྱོགས་རྣམས་རབ་ཏུ་གསལ། །དེ་ནས་ཀླུའི་རྒྱལ་པོ་འོད་ཆེན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ལྷ་དང་བཅས་པའི་འཇིག་རྟེན་སྨན་སླད་དུ། །འཇིག་རྟེན་འདས་གསུང་འདྲེན་ལ་ཞུ་བགྱི་

བ། །རྐང་གཉིས་དམ་པ་སུག་ལས་ཅི་བགྱིས་ན། །རྣམ་འདྲེན་གནས་མ་ལགས་པ་འཚལ་བ་འཐོབ། །སྔོན་ཚེ་དག་ཏུ་སྤྱད་པ་སྤྱོད་པ་ན། །ལུས་དང་ངག་ཡིད་དང་ནི་སེམས་ཀྱིས་ཀྱང་། །བདེ་བ་འབྱུང་བའི་ཡང་དག་ལས་བྱས་ཏེ། །ལས་གང་བྱས་པས་
ནམས་ཀྱང་གདུང་མི་འགྱུར། །རབ་ཏུ་དགའ་ཞིང་དགེ་བས་བརླན་པ་དང་། །གནས་མ་ཡིན་པའི་ལམ་གྱོད་ཐམས་ཅད་ནི། །དགེ་བཅུ་ལས་ཀྱི་ལམ་གྱིས་རྣམ་པར་སྦྱངས། །གནས་མ་ཡིན་པའི་ཉོན་མོངས་ཐམས་ཅད་བཅོམ། །རྣམ་འདྲེན་དེ་ཡིས་ལས་དེ་མཛད་པས་ན། །འདི་ནས་
འཕོས་ནས་གཞན་འཕྲུལ་དག་ཏུ་གཤེགས། །མི་ཡི་འཇིག་རྟེན་བརྙེས་ནས་དེར་འདས་ཏེ། །བླ་མེད་གནས་མ་ཡིན་པ་ཤེས་པ་འཐོབ། །གནས་མ་ཡིན་པ་ཤེས་ལ་ནམས་ཀྱང་ནི། །བྱེ་བ་ཁྲག་ཁྲིག་བདུད་ཀྱིས་བསྐྱོད་མི་ནུས། །སེམས་དང་དེ་བཞིན་ཉོན་མོངས་ཡིད་གྲོལ་ཏེ། །
དེ་བཞིན་གཤེགས་པས་འགྲོ་ཀུན་རབ་ཏུ་མཁྱེན། །སྟོན་པས་ལུང་བསྟན་པས་ནི་འོད་ཆེན་ཀླུ། །ཡིད་ནི་མགུ་ཞིང་ཤིན་ཏུ་དགའ་འགྱུར་ཏེ། །གཞལ་དུ་མེད་པའི་བདེ་བས་སེམས་དགའ་ནས། །ཡོན་ཏན་ཕ་རོལ་གཤེགས་ལ་ཕྱག་འཚལ་བྱེད། །ཤིན་ཏུ་ཐུགས་དུལ་ཡིད་
གཉིས་འཇོམས་པ་པོ། །འདམ་ལས་རྒལ་ཅིང་སྐམས་ལ་ཤིན་ཏུ་བཞུགས། །ཐུབ་ཆེན་རྒལ་ཅིང་འགྲོ་བ་སྒྲོལ་མཛད་པ། །ཇི་ལྟར་ཉི་མས་མུན་པ་བསལ་ནས་སུ། །གཟུགས་ཀྱི་རྣམ་པ་སྣང་ཞིང་གསལ་བ་ལྟར། །དེ་བཞིན་སྟོན་པའི་ཐུགས་ནི་རྣམ་གྲོལ་ཞིང་། །སེམས་ཅན་
སྡུག་བསྔལ་མང་གནོད་མཐར་མཛད་པ། །མིག་སྦྱིན་གསོ་བའི་དཔྱད་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་རབ་ཏུ་གདུང་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྒྱལ་བ་གསེར་མདོག་ཕྲིན་ལས་ཅི་མཛད་ན། །དུས་གསུམ་མཁྱེན་
ལ་རབ་ཏུ་བརྟན་པར་བཞུགས། །ནམ་མཁའ་ལྟ་བུར་མཁྱེན་ལྡན་ཞུ་བགྱིས་པ། །འགྲོ་བའི་འདྲེན་པས་དེ་དག་བདག་ལ་གསུངས། །ཐོགས་མེད་མཁྱེན་པས་ཐུགས་ནི་མ་ཆགས་ཤིང་། །སོམ་ཉི་གཅོད་ལ་ཐེ་ཙོམ་སེལ་མཛད་པ། །རྒྱལ་བ་རང་བྱུང་ཐུགས་ཀྱིས་དེའི་བསམ་

པ། །ཤིན་ཏུ་ཐུགས་ཆུད་དེ་ནི་ལུང་བསྟན་པ། །རྟག་ཏུ་དགེ་བ་དྲན་ལྡན་སྟེན་བྱེད་ཅིང་། །ངེས་པའི་ལས་བྱས་པས་ནི་བདེ་འབྱུང་དང་། །རྟག་ཏུ་གཞན་ཡང་ཤེས་ལ་འཇོག་བྱེད་ཅིང་། །བདག་ཉིད་ཇི་ཙམ་ཤེས་པ་སེར་སྣ་མེད། །མཁས་པ་དེ་ཡིས་ལས་དེ་བྱས་པས་ན། །
ལུས་ཞིག་ནས་ནི་གཞན་འཕྲུལ་དག་ཏུ་འགྲོ། །འདོད་པ་དག་ན་སྤྱོད་པའི་ལྷ་གནས་དང་། །ཐུར་དུ་འབབ་ཅིང་མི་ཡི་བར་དུ་འབྱུང་། །དུས་གསུམ་ཤེས་ལ་རྣམ་པར་རྩེ་བྱེད་ཅིང་། །བདག་དང་དེ་བཞིན་གཞན་ཡང་ཤེས་པར་བྱེད། །པགས་པ་སྲབ་ཅིང་བློ་དང་ལྡན་གྱུར་པ། །བདེ་
གཤེགས་ཐོགས་པ་མེད་པས་ལུང་བསྟན་ཏོ། །ཤིན་ཏུ་བློ་ལྡན་མཆོག་གིས་བསྟན་ཐོས་ནས། །ཀླུ་ཆེན་རབ་ཏུ་གདུང་བྱེད་དགའ་གྱུར་ཏེ། །བྱང་ཆུབ་གཞལ་དུ་མེད་ལ་རབ་གནས་ཤིང་། །ཡང་དག་བསྔགས་པས་མི་མཆོག་རྒྱལ་བ་བསྟོད། །དུས་གསུམ་མཚན་ཉིད་གཅིག་ཏུ་
གཟིགས་མཛད་ཅིང་། །ལས་དང་རྣམ་སྨིན་དེ་བཞིན་རབ་ཏུ་མཁྱེན། །སེམས་ཅན་དག་གི་ཁྱད་པར་བདེ་བ་མཁྱེན། །བདེ་གཤེགས་ཐམས་ཅད་གཏོང་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་སྟོབས་ཆེན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །
མི་མཆོག་མཆོག་རབ་མཁྱེན་རབ་མཐའ་ཡས་པ། །མགོན་པོ་རྡུལ་བྲལ་ཐུགས་ནི་ཡོངས་སུ་དག །བདག་གི་སོམ་ཉི་མྱུར་སོལ་ཐེ་ཙོམ་ཡང་། །སྐྱེན་པར་དགུམ་ཕྱིར་བདེ་བར་གཤེགས་པས་གསུངས། །ཇི་ལྟར་སྔོན་ཚེ་མི་དང་ལྷ་དག་གིས། །སུག་ལས་བགྱིས་པ་བློ་མཁས་ཇི་
ལྟར་འཚལ། །ཇི་ལྟར་བླ་མེད་བྱང་ཆུབ་མཆོག་ཐོབ་པ། །བདག་གིས་ཐེ་ཙོམ་ཞུས་པ་མྱུར་བར་གསུངས། །སྟོབས་བཅུའི་སྟོབས་མཁྱེན་བདག་ཉིད་ཤིན་ཏུ་ངེས། །རྒྱལ་ལ་ཀླུ་ཡིས་ཞུས་པ་མྱུར་གསུང་སྟེ། །ང་ཡིས་ཇི་ལྟར་མི་ཡི་སྤྱོད་ཀུན་དང་། །དགེ་བའི་བསམ་པས་བྱང་ཆུབ་ཚོལ་
བྱེད་ཅིང་། །ཇི་ལྟར་ཡིད་རབ་དགའ་བས་བསྒྲུབས་པ་དང་། །ཇི་ལྟར་སྐྱེ་དགུ་སྡུག་བསྔལ་གྱིས་གནོད་ཅིང་། །ཐ་མ་མཐོང་ལ་ངན་འགྲོར་ལྟུང་བ་དང་། །ཉོན་མོངས་བརྒྱ་ཡིས་མུན་པར་གྱུར་པ་ཤེས། །དེར་ནི་སེམས་ཅན་སྙིང་པོས་སྙིང་རྗེ་བསྐྱེད། །ང་ཡིས་སེམས་ཅན་འདི་དག་སྡུག་

བསྔལ་དགྲོལ། །ཐར་བར་འགྱུར་བའི་ལམ་མཆོག་དག་ཏུ་བཞག །ང་ཡིས་ངན་འགྲོ་དག་གི་ལམ་ངན་དགག །ང་ཡིས་ལམ་མཆོག་ཞི་བ་རབ་ཏུ་བསྟན། །བདེ་བའི་ལམ་གྱིས་བྱང་ཆུབ་ཞི་བར་བཀུར། །སྟོབས་བཅུའི་ལམ་མཆོག་རབ་ཏུ་བསྟན་བྱ་ཞིང་། །
ཡུན་རིང་མི་དག་གིས་ནི་དོན་འགྱུར་བྱ། །དེ་ལྟར་བརྟན་པ་དེས་ནི་སྙིང་རྗེ་བསྐྱེད། །དྲང་སྲོང་ཆེན་པོས་དགེ་ཚུལ་བསྒྲུབས་ནས་སུ། །མགོ་དང་མིག་དང་དེ་བཞིན་ཤ་དག་ནི། །བཏང་ནས་བདེ་གཤེགས་ལམ་ནས་དཔའ་བོ་འགྲོ། །སྔོན་གྱི་དུས་སུ་མི་ཡིས་སྤྱད་པ་ནི། །དེ་ཚེ་
རྨི་ལམ་ལྟ་བུར་རབ་ཏུ་མཁྱེན། །དགེ་བ་འདི་དག་མི་ཡིས་ཤེས་པ་ན། །སྟོབས་བཅུ་མངའ་ལ་མཆོད་པ་རྩོལ་བར་བྱེད། །མགོན་ལ་གཞལ་མེད་དེ་བཞིན་དད་བསྐྱེད་ནས། །ཇི་ལྟར་འགྲོ་ཀུན་མགོན་དུ་བདག་འགྱུར་སྙམ། །ཇི་ལྟར་སྐྱེ་བོ་ཕོངས་ཚེ་བདག་གིས་ནི། །སྟོབས་བཅུས་
བསྟན་པའི་ལམ་ལ་གཞག་པར་བྱ། །དགེ་བའི་རྩ་བ་འདི་དག་བསྟེན་པ་ན། །འདྲེན་པ་དག་གིས་སྤྱད་ལ་རྗེས་སུ་བསླབ། །བསྐལ་པ་བྱེ་བ་ཁྲག་ཁྲིག་མཐའ་ཡས་སུ། །ལམ་གོལ་སོང་བ་རྣམས་ལ་ལམ་མཆོག་བསྟན། །འདི་ལྟར་བདག་ཉིད་ཆེན་པོའི་སྤྱད་སྤྱོད་ན། །མི་ཡིས་
སྔོན་གྱི་ཕྲིན་ལས་བྱས་པ་མཐོང་། །རྨི་ལམ་ལྟ་བུར་བྱས་པར་རྣམ་རིག་ཅིང་། །དེ་ནི་དྲན་ལ་ཕ་རོལ་དག་ལའང་སྟོན། །སྟོབས་བཅུ་མངའ་བའི་བཀའ་ནི་ཐོས་ནས་སུ། །སྟོབས་ཆེན་ཀླུ་ནི་ཡིད་དགའ་མགུ་གྱུར་ནས། །སོར་བཅུའི་ཐལ་མོ་སྤྱི་བོར་སྦྱར་བཏུད་དེ། །བྱང་ཆུབ་ཞི་ཐོབ་བྱ་
ཕྱིར་རྒྱལ་བ་བསྟོད། །རྣམ་པར་འདྲེན་ལ་བདག་གིས་དད་བསྐྱེད་པས། །སྟོབས་བཅུའི་མཛད་པ་དག་ནི་བདག་གིས་བགྱི། །སྐྱེ་བོ་ལམ་གོལ་འགྲོ་ཞིང་མུན་གྱུར་རྣམས། །བྱང་ཆུབ་ཞི་བ་ཐོབ་པར་བདག་གིས་བགྱི། །དེ་ནས་ཀླུའི་རྒྱལ་པོ་སྤྲིན་ཆེན་པོས་བཅོམ་ལྡན་འདས་ལ་ཚིགས་སུ་
བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །སྟོབས་བཅུ་མངའ་བ་སྐྱེ་བོ་ཡོངས་གྲོལ་མཛད། །འདྲེན་པ་རང་བྱུང་ལ་ནི་བདག་འདི་ཞུ། །ཇི་ལྟར་སྟོན་པའི་སྲས་ཀྱིས་བརྩོན་བསྐྱེད་ན། །ཞི་བ་རྡུལ་མེད་བྱང་ཆུབ་མཆོག་འཐོབ་འགྱུར། །ཇི་ལྟར་འབད་པའི་བརྩོན་འགྲུས་སྟོབས་ཀྱིས་སུ། །

བླ་མེད་བྱང་ཆུབ་བྱང་ཆུབ་སེམས་འཐོབ་པ། །ཡོན་ཏན་དཔག་མེད་ཡེ་ཤེས་མཆོག་མངའ་བའི། །དྲང་སྲོང་ཆེན་པོས་སྲས་ཞུས་ལུང་བསྟན་པ། །བྱང་ཆུབ་དོན་དུ་ང་ཡིས་སྔོན་སྤྱད་པ། །ཇི་ལྟར་འགྲོ་བ་རྣམས་སུ་སྟོབས་བརྩོན་བསྟེན། །བརྩོན་འགྲུས་སྟོབས་ཀྱི་བྱང་ཆུབ་ངས་བརྙེས་པ། །
དེ་ནི་ང་ཡིས་ཅུང་ཟད་བཤད་པར་བྱ། །འདས་པའི་དུས་སུ་མི་བདག་བྱུང་བ་ནི། །མི་ཡི་དབང་ཕྱུག་མི་དབང་སྟོབས་འཆང་ཞེས། །རིན་ཆེན་བདུན་ཡོད་བུ་དང་ལྡན་པ་སྟེ། །བདག་ལས་སྐྱེས་པ་ཁྲི་ཕྲག་བརྒྱ་དག་བྱུང་། །དེ་ཚེ་འཇིག་རྟེན་ཁམས་འདི་འང་རྒྱས་པ་སྟེ། །རི་བོང་བདག་
ཅེས་སངས་རྒྱས་ཞིང་དག་བྱུང་། །དེར་ནི་མི་མཆོག་རང་བྱུང་བྱུང་གྱུར་པ། །རིན་ཆེན་དཔལ་ཞེས་འཇིག་རྟེན་སྒྲ་རྣམས་གྲགས། །མི་མཆོག་དེ་ཡིས་ཉན་ཐོས་དགེ་འདུན་ནི། །ས་ཡ་ཕྲག་ནི་བརྒྱད་ཅུ་དག་བྱུང་ངོ་། །བདེ་གཤེགས་མཆོག་གི་རྗེས་སྐྱེས་སྲས་ཚོགས་ནི། །ཉོན་མོངས་
ཁྲོ་དང་ང་རྒྱལ་འཆབ་བྲལ་བའི། །དེ་ཚེ་མི་མཆོག་དེ་ཡི་བྱང་ཆུབ་སེམས། །ས་ཡ་ཕྲག་ནི་བརྒྱད་ཅུ་དག་བྱུང་སྟེ། །རྒྱལ་བ་དཔག་མེད་དག་ལ་སྤྱད་ལྡན་ཞིང་། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་འཐོབ་འགྱུར་རོ། །དེ་ན་རྣམ་པར་འདྲེན་པ་དེ་ཡི་ནི། །བྱང་ཆུབ་སེམས་དཔའ་བདུད་བསྟེན་
ཞེས་བྱ་བྱུང་། །དྲང་སྲོང་ཆེན་པོ་བདུད་སྟོབས་རབ་འཇོམས་པ། །དེ་ཡིས་ཚོགས་ཀྱི་གཙོ་བོ་དེ་བྱེད་དོ། །དེ་ནས་བདུད་སྟོབས་བསྙེན་པར་དཀའ་ཞེས་པ། །ལྷའི་བུ་བྱུང་ནས་འདྲེན་པ་རྒྱལ་བའི་མཆོག །དེ་ནི་བྱང་ཆུབ་མཆོག་ཏུ་གཤེགས་པ་ལ། །ཇི་ལྟར་མི་རེག་བྱ་ཕྱིར་བར་ཆད་བྱེད། །
ས་འདི་རྒྱ་མཚོར་བཅས་པ་ཡོན་ཏན་ལྡན། །དེ་དག་བུད་མེད་ཚོགས་ཀྱིས་མངོན་སྤྲུལ་ཏེ། །བཟང་མོ་ཡོན་ཏན་རབ་མཆོག་འཛིན་པས་བཀང་། །དགའ་བའི་ཚིག་དང་ཡིད་འོང་ཚིག་སྨྲ་ཞིང་། །མིག་ནི་བཟང་ལ་འགྲོས་ཀྱང་ལྡེམ་བག་ཅན། །གླང་པོའི་སྣ་ལྟར་ལག་མཉམ་པ་ཡི་
མདོག །ཡུན་རིང་དག་ཏུ་བརྟུལ་ཞུགས་འཛིན་པ་སྟེ། །ནུ་མ་སྲ་ལ་ལེགས་དང་ལྡན་པ་ཡིན། །ངག་ཚིག་སྙན་ཅིང་པད་མ་འདྲ་བའི་མིག །སོ་ཡི་ཕྲེང་བ་ཐགས་དམ་འཆང་བ་སྟེ། །བྱི་རུའི་མདོག་ལྟར་མཆུ་ནི་མཛེས་པ་ཡིན། །བཞིན་དང་འགྲམ་པ་དག་ནི་མཛེས་དང་ལྡན། །

བཞིན་གྱི་མདོག་ནི་ཟླ་བ་དྲི་མེད་འཕྲོག །འཛུམ་ཞིང་ཚིག་ནི་སྙན་པ་གཏོང་བ་སྟེ། །གླང་མཆོག་མྱོས་པ་ལྟ་བུར་མཛེས་པའི་འགྲོས། །ངོ་ཚ་ཤེས་པས་བློ་གྲོས་ངན་པ་སྤངས། །ནུ་མ་སྲ་ཞིང་ཚིགས་ཀྱིས་ཟིན་པ་སྟེ། །རི་དགས་རྒྱལ་པོ་ལྟ་བུར་
དེའི་ལུས་འཆང་། །བཟང་མོའི་ལུས་ངོས་སྲབ་ཅིང་འཇམ་དང་ལྡན། །རི་དགས་རྒྱལ་པོའི་བྱིན་འདྲ་རྩེ་འགྲོ་ཞིང་། །རྐང་པ་མཉམ་ལ་འཇོལ་བའི་ཐབས་སུ་འགྲོ། །འདོད་ཆགས་ལྡང་བར་འགྱུར་བའི་བུ་མོ་དག །བདུད་ཀྱིས་ས་རྣམས་ཐམས་ཅད་གང་བྱས་པ། །དམར་
བ་ཟུང་དུ་ལྡན་པའི་མྱོས་མ་སྟེ། །བདུད་ཀྱིས་བདུད་ཀྱི་ཞགས་པ་མདུན་དུ་བསྟན། །དེ་ཡི་འདོད་པ་བདུད་སྟོབས་ཐམས་ཅད་དག །དེ་ཚེ་བསྐྱེད་ནས་བདུད་བསྟེན་འཇིགས་བྱས་ཀྱང་། །ནག་པོའི་རྩ་ལག་དེ་ཡིས་གཙེ་མ་ནུས། །བར་ཆད་བྱ་བར་རབ་ཏུ་མ་ཚུགས་སོ། །དེ་ནས་
ཤིན་ཏུ་མི་བཟད་སྲིན་པོ་ནི། །བྱེ་བ་དག་གིས་ཚིག་རྩུབ་སྨྲ་བར་བྱེད། །དཔག་ཏུ་མེད་ཅིང་བསམ་ཡས་མུ་མེད་པའི། །ལུས་བོང་མཐའ་ཡས་མངོན་སྤྲུལ་ཚིག་རྩུབ་སྨྲ། །མདུང་ཐུང་མདའ་བོ་ཆེ་ཡིས་རྒྱོབ་ཤིག་རྒྱོབ། །འདི་ཡི་གླད་པ་མྱུར་དུ་རི་ཡིས་ཆོམ། །འདི་ཡི་
སྙིང་ལ་གཟི་བརྗིད་ཡོད་པ་ཕྲོགས། །མྱུར་དུ་དུས་ལས་འདའ་ཞིང་འགོག་པར་གྱིས། །ཐང་ཅིག་ཙམ་ཡང་འདི་ནི་སྲོག་མ་སྦྱིན། །ཇི་ལྟར་འདོད་པའི་ཡོན་ཏན་དེ་བསྟེན་ན། །བདག་གི་རྒྱལ་སྲིད་གནོད་པ་མེད་པར་འགྱུར། །ང་ཡི་ཡང་དག་ཚིག་དེ་ཐོས་ནས་སུ། །
རྒྱལ་བའི་བསྟན་པ་འཕེལ་བར་མ་བྱེད་ཅིག །དེ་ཚེ་བོང་བུའི་རྣམ་པ་མངོན་སྤྲུལ་པ། །མགོ་གཅིག་པ་དང་མགོ་གཉིས་པ་དག་བྱུང་། །སྲིན་པོ་རྣམས་ནི་སྒྲ་བོ་ཆེ་དག་འབོད། །ལ་ལ་མདུང་དང་མདའ་བོ་ཆེ་དག་ཐོགས། །ལ་ལ་དག་ཀྱང་རི་ནི་ཁྱེར་བ་སྟེ། །ལ་ལ་སྡང་བའི་
སེམས་ཀྱིས་སྤྲུལ་འཛིན་ཅིང་། །དེ་ཡི་མདུན་དུ་ཤིན་ཏུ་སྒྲ་དག་འབྱིན། །དེ་ཚེ་ལ་ལ་གནོད་སྦྱིན་མངོན་སྤྲུལ་ཏེ། །ལུས་གཅིག་པ་དང་ལུས་གཉིས་ལག་པ་ནི། །གསུམ་དག་ཡོད་ཅིང་ལུས་བཞི་ལག་པ་གཅིག །དེ་ཚེ་ལུས་གཅིག་མངོན་པར་སྤྲུལ་བྱས་ཤིང་། །དེ་ཚེ་དེ་བཞིན་

མགོ་བཞི་མངོན་པར་སྤྲུལ། །དེ་ནས་ལུས་གཅིག་མངོན་པར་སྤྲུལ་བྱས་ཏེ། །དེ་དག་བོང་བུ་ར་དང་བྱི་ལ་དང་། །སྟག་གི་གདོང་སྟེ་འཇིགས་པར་བྱེད་པ་དག །སོ་སོ་མི་འདྲ་བ་ཡི་སྐད་དག་འབྱིན། །བོང་བུའི་གདོང་ནི་ར་ཡི་སྐད་འབྱིན་ཅིང་། །ར་ཡི་གདོང་ནི་བོང་བུའི་སྐད་འབྱིན་ལ། །
བོང་བུ་གླང་པོའི་སྐད་དང་རྟ་སྐད་འབྱིན། །བོང་བུ་གཅིག་གི་ཁ་ནས་སྐད་ཀུན་འབྱིན། །དེ་ཚེ་ར་ཡི་ཁ་ནས་ཐམས་ཅད་སྐད། །ཤིན་ཏུ་འཇིགས་སྐད་དཔག་ཏུ་མེད་པ་འབྱིན། །གཞན་ཡང་བདེ་གཤེགས་བསྙེན་པར་བྱ་བའི་ཕྱིར། །གླང་པོ་ཁ་ནས་ཚིག་རྩུབ་དཔག་མེད་འབྱིན། །དེ་ཚེ་
གླང་པོ་བོང་བུའི་སྐད་འབྱིན་ཅིང་། །དེ་བཞིན་རྟ་དང་དེ་བཞིན་གླང་པོ་དག །རྣམ་པ་མཐའ་ཡས་སྐད་དག་འབྱིན་བྱེད་ཀྱང་། །བདེ་གཤེགས་བ་སྤུའི་ཁུང་བུ་འང་མ་གཡོས་སོ། །རྟ་ནི་གླང་པོའི་སྐད་དག་འབྱིན་བྱེད་ཅིང་། །དེ་བཞིན་སྤྲེའུ་ནི་རྟ་ཡི་སྐད་དག་འབྱིན། །སྤྲེའུའི་ཁ་ནས་མཐའ་ཡས་
སྐད་འབྱིན་ཀྱང་། །བདེ་གཤེགས་བ་སྤུའི་ཁུང་ཡང་གཡོས་མ་གྱུར། །རི་དགས་རྒྱལ་པོ་ཝ་ཡི་སྐད་འབྱིན་ཅིང་། །བོང་བུའི་ཕྱུགས་དང་བྱ་བྱི་རྟ་སྐད་འབྱིན། །དེ་ཚེ་རྣམ་འདྲེན་གཙེ་བར་མ་ནུས་ཤིང་། །བ་སྤུའི་ཁུང་བུའང་གཡོས་པར་མ་གྱུར་ཏོ། །དེ་ཚེ་སྟག་ནི་ཕག་གི་སྐད་འབྱིན་ཅིང་། །
དེ་ཚེ་ཕྱུགས་དང་བྱ་ནི་སྦྲུལ་སྐད་འབྱིན། །རྣམ་འདྲེན་དེ་ནི་གཙེ་བར་མ་ནུས་ཤིང་། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །རི་དགས་ཁྱུ་མཆོག་སེང་གེའི་སྐད་འབྱིན་ཅིང་། །བྱི་ལ་ཝ་ནི་ཕག་གི་སྐད་འབྱིན་ལ། །མ་ཧེ་དག་ནི་སྟག་གི་སྐད་འབྱིན་ཀྱང་། །འཇིག་རྟེན་མཁས་པ་བར་ཆད་བྱ་
མ་ནུས། །དེ་བཞིན་ཕྱུགས་ཀྱི་ཁ་ནས་མཐའ་ཡས་པ། །རྣམ་པ་བྱེ་བ་སེམས་ཅན་སྐད་འབྱིན་ཀྱང་། །རྣམ་འདྲེན་དེ་ནི་གཙེ་བར་མ་ནུས་ཤིང་། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །སྟག་ནི་རི་དགས་ཁྱུ་མཆོག་སྐད་འབྱིན་ཅིང་། །དེ་བཞིན་བོང་བུའི་སྐད་དང་རྟ་ཡི་སྐད། །དེ་ཚེ་དོམ་ནི་
སེང་གེའི་སྐད་འབྱིན་ཀྱང་། །འཇིག་རྟེན་ཕན་མཛད་བ་སྤུའི་ཁུང་མ་གཡོས། །དྲེད་ནི་ནམ་མཁའ་ལྡིང་གི་སྐད་འབྱིན་ཅིང་། །དེ་ཚེ་དེ་བཞིན་གླང་པོ་རྟ་སྐད་འབྱིན། །རྣམ་འདྲེན་དེ་ནི་གཙེ་བར་མ་ནུས་ཤིང་། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །ནམ་མཁའ་ལྡིང་ནི་ཁུ་བྱུག་སྐད་འབྱིན་ཅིང་། །

དེ་བཞིན་ནེ་ཙོ་ཕྱུགས་བཞོན་སྐད་འབྱིན་ལ། །ནེ་ཙོའི་སྐད་ནི་ཡང་དག་སྐད་འབྱིན་བྱེད། །ཤང་ཤང་ཏེའུའི་སྐད་རྣམས་འབྱིན་པར་བྱེད། །དེ་ཚེ་ཀ་ལ་པིང་ཀའི་ཡང་དག་སྐད། །དེ་ཚེ་མཚན་མོ་གང་ལ་ཞེ་སའི་སྐད། །དེ་ཚེ་ཉམས་སུ་དགའ་བ་རྨ་བྱའི་སྐད། །དེ་བཞིན་
ཙན་ཙའི་སྐད་དང་ཤུགས་ཀྱི་སྐད། །ཕྱུགས་བཞོན་ཞེ་སའི་སྐད་དག་འབྱིན་པར་བྱེད། །དེ་ཚེ་ཀ་ལ་པིང་ཀ་ཡིད་འོང་དགའ། །ཀོ་ཀའི་ཚིག་རྩུབ་དག་ནི་འབྱིན་བྱེད་ཀྱང་། །རྒྱལ་བའི་ཐུགས་ནི་གཞན་དུ་མ་གྱུར་ཏོ། །སྦྲུལ་ནི་གླང་པོའི་སྐད་དག་འབྱིན་བྱེད་ཅིང་། །དེ་བཞིན་གླང་པོ་སྦྲུལ་གྱི་སྐད་འབྱིན་
ཀྱང་། །རྣམ་འདྲེན་དེ་ལ་གཙེ་བར་མ་ནུས་ཤིང་། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །དེ་ཚེ་ངང་པ་སེང་གེའི་སྐད་འབྱིན་ཅིང་། །དེ་བཞིན་ཁྱིམ་བྱ་ཁྲ་ཡི་སྐད་འབྱིན་ཀྱང་། །རྣམ་འདྲེན་དེ་ལ་གཙེ་བར་མ་ནུས་ཤིང་། །བར་ཆད་བྱ་བ་དག་ཏུ་འང་མ་ཚུགས་སོ། །རྟ་ནི་དྲེའུ་ཡི་སྐད་དག་འབྱིན་
བྱེད་ཅིང་། །དེ་བཞིན་ཙན་ཙ་གོ་བོའི་སྐད་འབྱིན་ཀྱང་། །རྣམ་འདྲེན་དེ་ལ་གཙེ་བར་མ་ནུས་ཤིང་། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །གླང་པོ་འུག་པ་ཙན་ཙའི་སྐད་འབྱིན་ཅིང་། །བྱ་དང་ཁྱུ་མཆོག་སྐད་འབྱིན་ཁྲུང་ཁྲུང་སྐད། །དེ་ཚེ་བྱ་རྒོད་འཛིམྷའི་སྐད་འབྱིན་ཅིང་། །བྱ་དང་ཁྱུ་མཆོག་
བྷེ་རིའི་སྐད་འབྱིན་ལ། །ངང་པའི་ཁ་ནས་སྐད་རྣམས་ཐམས་ཅད་འབྱིན། །དེ་བཞིན་ཁུ་བྱུག་གནོད་སྦྱིན་ཀུན་གྱི་