Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 040_དཀོན་བརྩེགས།_ཁ

Văn bản gốc(Tây Tạng)

Trang 16 / 19 (50.000 ký tự/trang)
རྟེན་བཞུགས་པ་ཡི། །མི་ཡི་སེང་གེ་གང་ཡིན་པ། །མཚན་ནི་སྟོང་ཉིད་རྫོགས་པ་ཡི། །ཆོས་ཀྱི་རྗེ་ཞེས་བྱ་བ་ཡིན། །གང་གིས་འདི་ལྟ་བུ་ཡི་མཚན། །འཛིན་པར་བྱེད་པ་དེ་དག་ནི། །ཆོས་རྣམས་སྟོང་པའི་དོན་དག་ཀྱང་། །
ཡང་དག་སྟོན་པར་འགྱུར་ཞེས་ཟེར། །ད་ལྟར་འཇིག་རྟེན་བཞུགས་པ་ཡི། །མི་ཡི་སེང་གེ་གང་ཡིན་པ། །མཚན་ནི་བདག་མེད་རྫོགས་པ་ཡི། །ཆོས་ཀྱི་རྗེ་ཞེས་བྱ་བ་ཡིན། །གང་གིས་འདི་ལྟ་བུ་ཡི་མཚན། །འཛིན་པར་བྱེད་པ་དེ་དག་ནི། །སྐྱེ་འགག་མེད་དོན་གང་ཡིན་པ། །ཡང་
དག་སྟོན་པར་འགྱུར་ཞེས་ཟེར། །ད་ལྟར་འཇིག་རྟེན་བཞུགས་པ་ཡི། །མི་ཡི་སེང་གེ་གང་ཡིན་པ། །མཚན་ནི་སྤྱན་ཉིད་དག་པ་ཡི། །ཀུན་འཛིན་ཆོས་ཀྱི་རྗེ་ཞེས་བྱ། །གང་གིས་འདི་ལྟ་བུ་ཡི་མཚན། །འཛིན་པར་བྱེད་པ་དེ་དག་ནི། །མིག་ཟད་མཐའ་དོན་གང་ཡིན་པ། །ཡང་
དག་སྟོན་པར་འགྱུར་ཞེས་ཟེར། །རྣ་བ་སྣ་ལྕེ་ལུས་ནས་ནི། །སྒྲ་དང་མིང་ལ་སོགས་པའི་བར། །ཆོས་ནི་ཉི་ཤུ་རྩ་ལྔ་དང་། །མེ་ཏོག་ཕྲེང་བ་སྤོས་དག་དང་། །མར་མེ་གདུགས་དང་གོས་རྣམས་ཀྱང་། །ཐམས་ཅད་དེ་བཞིན་སྦྱར་བར་བྱ།། །།བམ་པོ་ལྔ་པ་
སྟེ་ཐ་མ།། དེ་ཡི་ཚེ་ན་བཅོམ་ལྡན་འདས། །གྲོང་ཁྱེར་དུ་ནི་གཤེགས་པའི་ཚེ། །བསམ་གྱིས་མི་ཁྱབ་པ་དག་ནི། །རྫུ་འཕྲུལ་གྱི་ནི་སྟོབས་རྣམས་ཀྱིས། །ནམ་མཁའ་བར་སྣང་དག་ལས་ནི། །སྒྲ་སྙན་དམ་པ་རབ་བྱུང་སྟེ། །གཟུངས་ཀྱི་སྤྱོད་པ་སྣ་ཚོགས་དག །ཡང་དག་
པར་ནི་བསྟན་པས་ན། །འཁོར་ནི་འདུས་པ་ཆེན་པོ་རྣམས། །འདི་ལྟ་བུ་ཡི་ཚིག་ཐོས་ཏེ། །གཟུངས་ནི་གང་ཡིན་འདི་དག་གིས། །མིག་གི་ཟད་མཐའ་གང་ཡིན་དང་། །སྐྱེ་མཐའ་དང་ནི་མཐའ་རྣམས་དང་། །རབ་དབེན་དང་ནི་འཇུག་པ་ནས། །ཉེ་བར་ཞི་བའི་བར་རྣམས་ཀྱི། །
ཆོས་རྣམས་གང་ཡིན་དེ་དག་གིས། །མཐར་ཕྱིན་གནས་ནི་གང་ཡིན་པ། །ཐམས་ཅད་རབ་ཏུ་རྟོགས་པར་བྱེད། །སྦྱིན་པའི་སྟོབས་ནི་གང་དག་གིས། །མཐར་ནི་གང་དག་སྡུད་པ་དང་། །ཚུལ་ཁྲིམས་སྟོབས་ནི་གང་དག་གིས། །མཐར་ནི་གང་དག་འགྲུབ་པ་དང་། །བཟོད་

པའི་སྟོབས་ནི་གང་དག་གིས། །མཐར་ནི་གང་དག་བཀོད་པ་དང་། །བརྩོན་འགྲུས་སྟོབས་ནི་གང་དག་གིས། །མཐར་ནི་གང་དག་སློང་བ་དང་། །བསམ་གཏན་སྟོབས་ནི་གང་དག་གིས། །མཐར་ནི་གང་དག་སྒོམ་པ་དང་། །ཤེས་རབ་སྟོབས་ནི་གང་དག་གིས། །མཐར་ནི་གང་དག་སྟོན་པ་
དང་། །ཡི་གེ་རྣམས་དང་བརྗོད་པ་དང་། །སྒྲ་སྐད་རྣམས་ནི་སྤངས་པ་ནས། །གཟུགས་དང་སེམས་ཀྱི་བར་དུ་ཡང་། །མཐར་ནི་རྣམ་དག་ཉིད་དུ་རྟོགས། །ཟག་དང་བཅས་དང་ཟག་མེད་དང་། །དོན་རྣམས་དང་ནི་ཕན་པ་དག །ཐམས་ཅད་སྟོང་ཞིང་དབེན་པ་དང་། །མཐར་ནི་རྣམ་དག་ཉིད་དུ་རྟོགས། །
སྲིད་པ་དག་ནི་ཐམས་ཅད་ལ། །རྟེན་ཅིང་གནས་པར་མི་བྱེད་དང་། །གཟུངས་དང་ཏིང་འཛིན་དག་ལ་ནི། །རབ་ཏུ་དབེན་པར་གནས་པར་བྱེད། །འགྲོ་བ་མེད་ཅིང་འོང་མེད་དང་། །དགེ་བ་མ་ཡིན་མི་དགེ་མིན། །ལུང་དུ་མི་སྟོན་པ་ཡང་མིན། །བདག་དང་གཞན་ལ་ཕན་འདོགས་པའི། །དེ་ལྟ་བུ་ཡི་མཚན་
མ་རྣམས། །ཐམས་ཅད་ཡོངས་སུ་དག་པས་ན། །དབང་ཕྱུག་ཡོན་ཏན་དག་ལ་ཡང་། །གནས་པར་ཡང་ནི་མི་བྱེད་དོ། །ཉན་ཐོས་དང་ནི་སྐྱེ་བོ་དང་། །སངས་རྒྱས་རྣམས་ཀྱི་ཆོས་ལ་ཡང་། །གནས་པར་ཡང་ནི་མི་བྱེད་དོ། །མིག་ནི་ཟད་པའི་མཐའ་དག་དང་། །སྐྱེ་མཐའ་དང་ནི་མཐའ་རྣམས་ནས། །
ཉེ་བར་ཞི་བའི་བར་རྣམས་ཀྱི། །སྤྱོད་པ་དག་ནི་གང་ཡིན་པ། །ཐམས་ཅད་ཡོངས་སུ་ཞི་བར་བྱེད། །སྐྱེ་བ་དང་ནི་མི་སྐྱེ་དང་། །སྡུག་བསྔལ་དང་ནི་བདེ་བ་དང་། །བསྟོད་པ་དང་ནི་སྨད་པ་དག །ཐམས་ཅད་ཡོངས་སུ་སྤོང་ཞེས་ཟེར། །མཐར་ཕྱིན་སྣང་བ་གང་ཡིན་དང་། །སྟོང་པའི་
གཟུངས་ནི་གང་ཡིན་པ། །ཐམས་ཅད་རབ་ཏུ་གང་རྟོགས་པ། །འདི་ཉིད་སངས་རྒྱས་སྤྱོད་ཡུལ་ལ། །རབ་ཏུ་གནས་པར་བྱེད་པ་ཡིན། །འདི་ཉིད་སངས་རྒྱས་རོལ་པ་ཡི། །གནས་ལ་རབ་ཏུ་གནས་པ་ཡིན། །འདི་ཉིད་སངས་རྒྱས་རྫུ་འཕྲུལ་ལ། །རབ་ཏུ་གནས་པར་གྱུར་པ་ཡིན། །འདི་
ཉིད་སངས་རྒྱས་མཁྱེན་པ་ལ། །རབ་ཏུ་གནས་པར་གྱུར་པ་ཡིན། །མིག་ཟད་མཐའ་ཡི་སྟོབས་དག་ལ། །དེ་བཞིན་དུ་ནི་གནས་པ་དང་། །མིག་སྐྱེ་མཐའ་ཡི་སྟོབས་དག་ལ། །དེ་བཞིན་དུ་ནི་གནས་པ་དང་། །མིག་གི་མཐའ་ཡི་སྟོབས་དག་ལ། །དེ་བཞིན་དུ་ནི་གནས་པ་ནས། །

ཉེ་བར་ཞི་བའི་སྟོབས་ཀྱི་བར། །དེ་ལ་རབ་ཏུ་གནས་པ་དང་། །རྣ་བ་སྣ་ལྕེ་ལུས་ནས་ནི། །སྒྲ་དང་མིང་ལ་སོགས་པའི་བར། །ཆོས་ནི་རྣམ་པ་ཉི་ཤུ་ལྔ། །ཐམས་ཅད་དེ་བཞིན་སྦྱར་ཞེས་ཟེར། །གཟུངས་ནི་གང་ཡིན་འདི་དག་གིས། །དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས། །ཁྱད་
པར་འཕགས་པ་གང་ཡིན་པ། །ཡོངས་སུ་རྫོགས་པར་བྱེད་ཅེས་ཟེར། །གཟུངས་ནི་གང་ཡིན་འདི་དག་གིས། །གཟི་བྱིན་མཐུ་སྟོབས་དེ་ལྟ་བུ། །ཡོངས་སུ་རྫོགས་པར་བྱས་ནས་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། གནས་ཀུན་ལ་ནི་འཇུག་པ་དང་། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི། །སྤྱོད་ཡུལ་ཀུན་ལ་གནས་གྱུར་པས། །འཇིག་རྟེན་པ་ནི་ཐམས་ཅད་ཀུན། །ལྷ་མ་ཡིན་གྱི་ཚོགས་དག་ལ། །བརྟན་པར་འཛིན་པའི་སེམས་སྤངས་ནས། །ཚངས་པའི་སྤྱོད་ལ་གནས་པར་བྱེད། །གནོད་སྦྱིན་བརྒྱ་སྟོང་ཚད་མེད་དང་། །གྲུལ་བུམ་དག་ནི་ཚད་མེད་
རྣམས། །དེ་དག་ཐམས་ཅད་ཀུན་ཀྱང་ནི། །རབ་ཏུ་དགའ་བ་སྐྱེད་པར་བྱེད། །དྲི་ཟའི་འཁོར་ནི་གང་ཡིན་དང་། །སྲིན་པོའི་འཁོར་ནི་གང་ཡིན་པ། །ཚད་མེད་གྲངས་མེད་དེ་དག་ཀྱང་། །རབ་ཏུ་དུལ་ལ་དགའ་བར་བྱེད། །གལ་ཏེ་ཚངས་པའི་འཁོར་རྣམས་ཀྱིས། །སྒྲ་སྙན་དག་ནི་
དམ་པ་ཡིས། །ཚིག་དང་དོན་ནི་རྗོད་བྱེད་ཀྱང་། །ཡང་དག་བསྟན་པར་མི་ནུས་ཏེ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས། །དཔག་པར་བྱ་བ་མ་ཡིན་དང་། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས། །གཟུངས་བར་བྱ་བ་མིན་ཞེས་ཟེར། །གཟུངས་ནི་གང་ཡིན་འདི་དག་ནི། །མིག་གིས་དམིགས་
པར་བྱ་བ་མིན། །གཟུངས་ནི་གང་ཡིན་འདི་དག་ནི། །ལུས་ཀྱི་བར་གྱིས་དམིགས་བྱ་མིན། །གཟུངས་ནི་གང་ཡིན་འདི་དག་ནི། །མིག་གིས་དམིགས་པར་བྱ་བ་མིན། །མིག་གི་སྤྱོད་ཡུལ་བར་གྱིས་ཀྱང་། །དམིགས་པར་བྱ་བ་མ་ཡིན་ཏེ། །རྣ་བ་སྣ་ལྕེ་ལུས་ནས་ནི། །སྒྲ་དང་མིང་ལ་སོགས་པའི་བར། །ཆོས་ནི་
རྣམ་པ་ཉི་ཤུ་ལྔ། །ཐམས་ཅད་དེ་བཞིན་སྦྱར་ཞེས་ཟེར། །གཞན་ཡང་མིག་གི་ཟད་མཐའ་དང་། །མིག་རྣམས་ཀྱི་ནི་སྐྱེ་མཐའ་དང་། །མིག་གི་མཐའ་དང་འཇུག་པ་ནས། །ཉེ་བར་ཞི་བའི་བར་དག་ལ། །བདག་དང་སྐྱེས་བུ་མེད་པ་དང་། །སེམས་དང་སྲོག་ནི་མེད་པ་དང་། །དེ་བཞིན་གང་ཟག་

མེད་པ་དང་། །མཚན་མ་མེད་ཅིང་བྱེད་མེད་དང་། །འགྲོ་བ་མེད་ཅིང་འོང་མེད་དང་། །འདི་ལྟ་བུ་ལ་སོགས་པའི་མཚན། །ཐམས་ཅད་རྟོགས་པར་འགྱུར་ཞེས་ཟེར། །གཞན་ཡང་འདི་སྐད་ཆོས་ཉིད་ཀྱི། །མིག་ནི་རྟོགས་པར་འགྱུར་ཞེས་ཟེར། །གཞན་ཡང་འདི་སྐད་ཆོས་རྣམས་ལས། །
གྲུབ་པའི་མིག་ནི་གང་ཡིན་དང་། །ཡེ་ཤེས་མིག་དང་ཤེས་རབ་མིག །ཚངས་པའི་མིག་དང་ལྷ་མིག་དང་། །ཚངས་པར་སྐྱེས་ནས་ཐོབ་མིག་དང་། །ལྷར་ནི་སྐྱེས་ནས་ཐོབ་མིག་དང་། །ཚངས་པའི་རྣམ་སྨིན་མིག་དག་དང་། །ལྷ་ཡི་རྣམ་སྨིན་མིག་དག་དང་། །ཚངས་པའི་རྒྱུ་ལས་སྐྱེས་མིག་
དང་། །ལྷ་ཡི་རྒྱུ་ལས་སྐྱེས་པའི་མིག །ལྷ་ཡི་རྫུ་འཕྲུལ་མིག་དག་དང་། །ལྷ་ཡི་བརྩོན་འགྲུས་དག་གི་མིག །དམན་པར་སྐྱེས་པའི་མིག་དག་དང་། །ཁྱད་འཕགས་སྐྱེས་པའི་མིག་དག་དང་། །གཤིན་རྗེའི་འཇིག་རྟེན་གང་ཡིན་པ། །ཡོངས་སུ་སྤངས་པའི་མིག་དག་དང་། །ཀླུ་དང་གནོད་སྦྱིན་མིག་
དག་དང་། །གྲུལ་བུམ་གྱི་ནི་མིག་དག་དང་། །ཡོངས་སུ་གདུང་བཅས་མིག་དག་དང་། །ཡོངས་སུ་གདུང་མིན་མིག་དག་དང་། །རྣམ་པར་དག་པའི་མིག་དག་དང་། །རྣམ་པར་དག་མིན་མིག་དག་དང་། །ཆུར་རིང་ཞེང་ཐུང་མིག་དག་དང་། །ཉན་ཐོས་ཐེག་པའི་མིག་དག་དང་། །བསམ་གཏན་པ་ཡི་
མིག་དག་དང་། །ཏིང་ངེ་འཛིན་གྱི་མིག་དག་དང་། །སྤྱོད་ཡུལ་ལས་བྱུང་མིག་དག་དང་། །འདུ་ཤེས་ལས་བྱུང་མིག་དག་དང་། །འདོད་ཆགས་ལས་བྱུང་མིག་དག་དང་། །འདོད་ཆགས་བྲལ་བའི་མིག་དག་དང་། །རྒྱུ་ལས་བྱུང་བའི་མིག་དག་དང་། །རྒྱུ་མིན་ལས་བྱུང་མིག་དག་དང་། །མཚུངས་པར་ལྡན་པའི་
མིག་དག་དང་། །མཚུངས་པར་ལྡན་མིན་མིག་དག་དང་། །སྒོ་བརྟེན་ལས་བྱུང་མིག་དག་དང་། །སྒོ་ལས་བྱུང་མིན་མིག་དག་དང་། །རྒྱུ་རྐྱེན་ལས་བྱུང་མིག་དག་དང་། །རྒྱུ་སྒོ་ལས་སྐྱེས་མིག་དག་དང་། །ཤ་ལས་གྲུབ་མིན་མིག་དག་དང་། །ཡེ་ཤེས་རྣམ་པར་དག་མིག་དང་། །ཡོད་པ་མིན་པའི་མིག་དག་དང་། །
དམིགས་མེད་མིག་ནི་གང་ཡིན་པ། །ཐམས་ཅད་རྟོགས་པར་བྱེད་ཅེས་ཟེར། །རྣ་བ་སྣ་ལྕེ་ལུས་ནས་ནི། །སྒྲ་དང་མིང་ལ་སོགས་པའི་བར། །ཆོས་ནི་རྣམ་པ་ཉི་ཤུ་ལྔ། །ཐམས་ཅད་དེ་བཞིན་སྦྱར་ཞེས་ཟེར། །དེ་ཡི་ཚེ་ན་བཅོམ་ལྡན་འདས། །ནམ་མཁའ་བར་སྣང་དག་ལས་ནི། །གཞན་ཡང་དཔག་ཏུ་མེད་པའི་སྒྲ། །སྒྲ་སྙན་

དམ་པ་མཆོག་བྱུང་ནས། །ཁྱད་པར་འཕགས་པ་གཟུངས་ཀྱི་ཆོས། །འདི་སྐད་དུ་ནི་བཀའ་སྩལ་ཏེ། །འདི་ཡང་དེ་བཞིན་གཤེགས་པ་ཡིས། །རྫུ་འཕྲུལ་དག་གིས་སྤྲུལ་པ་ཡིན། །འདི་ལྟ་སྟེ། སི་ལེ། །མ་ལེ་མ་ལེ། སིད་དྷེ། ཨཻ་ནི། སི་ཎེ། ཀུ་ལུ་ནི་ཡུ། ཀུ་ལུ་ནེ་ཡུ། ཀུ་ལེ་མ་ལེ། ཀུ་ནོ་ཏེ། ཨ་ལ་ཤི། ཨ་སི་ལེ། སི་སི་
ལེ་ཏེ། སུ་སི་ལེ། སི་ལེ་སི་ལེ། ཁྱི་བི་ལེ། ཨ་བི་ལེ། སུ་ཊེ་ཙ་ན། དྷ་ནི་མ་ནི། ཀ་ནི། ཀ་ལ་ཏེ། སུ་ཀ་ལེ། པྲ་ཡ། ཤ་ནང་ནི། ཨ་ནུ་ལོ་སི་ཀྱི། བི་ལོ་མེ། སུ་བྷ་ནི་རེ་ཤྷེ། ཨ་ཤི་རི་ལེ། སར་མ་པར་ཕུན་ཏེ། པ་རི་བྷ་ཧེ། དྷ་ར་ནི། དྷེ་ཤུ་ཙི་ཧ། སུ་དྷེ། ཨ་ཙ་ན། བྷུ་བོ་ག་གནང་། ཀུད་བ་ནོ། བྷ་ས་བྷ་ནང་། པན་རི་དྷུ་རི་ཡ། ནི་པ་རི་ཀ་ནོ་ནི། མ་ནཾ་
བྷ། སུ་རུ་ཙི་ཊ། པ་ན་ཨཱ་ཙ་ར། ཨ་བྷེ་ལ་བིརྱ་པྲ་ཏི་ཤྠ་ཧ། དྷ་རི་ནི། ཨ་སི་ཊ། ལོ་ཎི་བྷི། གཟུངས་རྣམས་གང་ཡིན་འདི་དག་ནི། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བརྙེས། །མཐུ་ཆེན་དག་ནི་ཕུན་སུམ་ཚོགས། །ཤེས་རབ་དག་ནི་ཚད་ཀྱང་མེད། །འཛིན་པ་དག་ནི་ཡོངས་སུ་སྤོང་། །དྲན་པ་དག་ནི་དག་པར་བྱེད། །གཟུགས་
མེད་འགྲོ་དང་འོང་བ་མེད། །ཕྱོགས་དང་ཕྱོགས་མཚམས་ཡོད་པ་མིན། །མཚན་མ་མེད་ཅིང་བརྗོད་དང་བྲལ། །སྤྲོས་པ་དག་ལས་ཡང་དག་འདས། །བྱང་ཆུབ་སེམས་དཔས་སྒྲུབ་བྱེད་ན། །མཐར་ནི་བསིལ་བ་འཐོབ་པར་འགྱུར། །ཚིགས་སུ་བཅད་པ་བྱེ་བ་ཕྲག །བརྒྱ་སྟོང་མང་པོ་དག་གིས་ནི། །ཚིག་གཅིག་ཙམ་ནི་རང་
བསྟན་ཀྱང་། །མཐའ་ནི་དམིགས་པར་ཡོང་མི་ནུས། །འཕགས་པ་མང་པོས་རབ་ཏུ་བསྔགས། །རྣམ་པར་དག་ཅིང་ཞེན་པ་མེད། །འཁོར་འདུས་མང་པོ་ཐམས་ཅད་ཀྱིས། །ཤིན་ཏུ་གུས་པ་སྐྱེད་པར་བྱེད། །གཟུངས་ནི་གང་ཡིན་འདི་དག་གི །དགེ་བའི་ཆོས་ཀྱི་མཐུ་སྟོབས་ཀྱིས། །ཉོན་མོངས་རབ་བཅོམ་ཉེར་ཞི་ནས། །
ཁྱད་འཕགས་ཕན་ཡོན་ཐོབ་པར་བྱེད། །ཡོན་ཏན་དང་ནི་ཤེས་རབ་དག །ཤིན་ཏུ་རྒྱ་ཆེ་རྒྱ་མཚོ་འདྲ། །བཟོད་པ་དག་ནི་སྒྲུབ་པར་བྱེད། །སེམས་ནི་རབ་བདེ་གཡོ་མེད་འགྱུར། །བྱང་ཆུབ་སེམས་དཔས་རྟག་ཏུ་བསྒོམས། །མཁས་པ་དག་གིས་རབ་ཏུ་བསྔགས། །དབུལ་ཕོངས་དག་ནི་སྤོང་བྱེད་ཅིང་། །ནོར་དང་རིན་ཆེན་
འཐོབ་པར་བྱེད། །གཟུངས་ནི་གང་ཡིན་འདི་དག་གིས། །ཡོན་ཏན་རྣམས་ནི་འཕེལ་བར་བྱེད། །རྟག་ཏུ་སྟོང་ཉིད་ལ་སོགས་པའི། །བདེན་ཚིག་དག་གིས་རབ་ཏུ་བརྒྱན། །ཡི་གེ་དག་ནི་སྤངས་པས་ན། །སྟོང་པའི་ངོ་བོ་ཉིད་ཅེས་བྱ། །སེམས་དང་རྣམ་ཤེས་སྤངས་པས་ན། །ཆོས་

ཀྱི་ངོ་བོ་ཉིད་ཅེས་བྱ། །གཟུངས་ནི་གང་ཡིན་འདི་དག་གིས། །དྲི་བྲལ་རྟག་ཏུ་རྣམ་དག་བྱེད། །ཡང་དག་ཡེ་ཤེས་ལ་གནས་ནས། །ཕན་པ་སྣ་ཚོགས་སྟོན་པར་བྱེད། །སེམས་ཅན་དག་ནི་མང་པོ་རྣམས། །དགའ་ཞིང་དང་བ་སྐྱེད་པར་བྱེད། །གནོད་
སྦྱིན་འཁོར་ནི་ཚད་མེད་དང་། །གྲུལ་བུམ་འཁོར་ནི་གང་ཡིན་པ། །འདི་ལ་སོགས་པ་ཡི་དགས་རྒྱལ། །དགའ་བ་ཆེན་པོ་སྐྱེད་ཅེས་ཟེར། །གཟུངས་སྔགས་གང་ཡིན་འདི་དག་ནི། །རབ་ཏུ་ཞི་ཞིང་སྤྲོས་པ་མེད། །སེམས་ཅན་དག་ལ་བྱམས་པས་ན། །ཀུན་ལ་བདེ་བ་སྦྱིན་
པར་བྱེད། །བསྐལ་བ་མང་པོ་བརྒྱ་སྟོང་དུ། །འགྲོ་བ་རྣམས་སུ་རྟགས་གནས་ཤིང་། །ཕན་པ་ཚད་མེད་རབ་བྱེད་ཀྱང་། །རྣམ་པར་དག་ཅིང་གོས་པ་མེད། །ཚིགས་སུ་བཅད་པ་བརྒྱ་སྟོང་གིས། །བདུད་རྩིའི་ཆོས་ནི་རབ་བསྟན་ནས། །སེམས་ཅན་དག་ནི་ཚད་མེད་རྣམས། །
དགའ་བ་ཆེན་པོ་སྐྱེད་པར་བྱེད། །སྔོན་གྱི་སངས་རྒྱས་ཚད་མེད་རྣམས། །ཤིན་ཏུ་རྣམ་དག་མོས་པ་ཡིས། །གཟུངས་འདི་ལ་ནི་བརྟེན་ནས་སུ། །རྟག་ཏུ་ཆོས་ཉིད་དགོངས་པར་མཛད། །ཚངས་དང་བརྒྱ་བྱིན་ལྷ་རྣམས་དང་། །ཀླུ་ཡི་རྒྱལ་པོ་ལྷ་མ་ཡིན། །གཟུངས་འདི་
ཐོས་བར་གྱུར་ནས་ཀྱང་། །སེམས་ཀྱིས་དགའ་བ་སྐྱེད་ཅེས་ཟེར། །གཟུངས་སྔགས་གང་ཡིན་འདི་དག་རྣམས། །གང་དུ་གནས་པའི་ཡུལ་དེར་ནི། །རྟག་ཏུ་གནོད་དང་འཁྲུགས་པ་དང་། །ནད་དང་སྡུག་བསྔལ་མྱ་ངན་མེད། །སེམས་ཅན་དག་ནི་ཐམས་ཅད་ཀུན། །སོ་སོར་
དགའ་བའི་སེམས་བསྐྱེད་ནས། །གཟུངས་འདི་རྟག་ཏུ་བདག་ཅག་གི །སེམས་ལ་གནས་པར་སྨོན་ལམ་འདེབས། །གཟུངས་སྔགས་གང་ཡིན་འདི་དག་ནི། །ལུས་དང་སེམས་དང་རྐན་དག་དང་། །ཁ་མཆུ་དག་ལ་གནས་གྱུར་ན། །ཡོན་ཏན་དཔག་མེད་སྐྱེད་པར་བྱེད། །
གལ་ཏེ་རྟག་ཏུ་འཛིན་བྱེད་ན། །ཡོན་ཏན་ཚད་མེད་ཐོབ་གྱུར་ནས། །སེམས་ཅན་མང་ལ་ཕན་འདོགས་ཤིང་། །ཐམས་ཅད་དགའ་བ་ཐོབ་ཅེས་ཟེར། །གཟུངས་སྔགས་གང་ཡིན་འདི་དག་གིས། །སྡིག་པ་རྣམས་ནི་རབ་སྤོང་ཞིང་། །དམ་ཆོས་དག་ནི་སྟོན་བྱེད་པས། །ཐུག་

པ་མེད་པའི་སྤོབས་པ་འཐོབ། །སེམས་ཅན་དག་ནི་བརྒྱ་སྟོང་རྣམས། །ཐེ་ཚོམ་དག་ནི་རབ་བསལ་ནས། །ང་རྒྱལ་རྣམས་ནི་རབ་བཅོམ་སྟེ། །ཡོན་ཏན་དཔག་མེད་འཐོབ་ཅེས་ཟེར། །ཤིན་ཏུ་ཟབ་ཅིང་གསང་བའི་ཆོས། །གཟུངས་སྔགས་གང་ཡིན་འདི་དག་ནི། །མཁས་
པས་རྟག་ཏུ་སེམས་བྱེད་ཅིང་། །ནན་ཏན་གྱིས་ནི་སྒྲུབ་པར་བྱེད། །ཤེས་རབ་གོ་ཆ་རབ་བགོས་ནས། །ཉོན་མོངས་རབ་ཏུ་འཇོམས་པར་བྱེད། །ཡོན་ཏན་སེམས་ཅན་ནི་འཕེལ་བྱེད་པས། །རབ་ཏུ་མོས་ཤིང་སྐྱོ་བ་མེད། །གཟུངས་སྔགས་གང་ཡིན་འདི་དག་ནི། །གྲགས་
པ་ཆེན་པོ་ཕུན་ཚོགས་པས། །ཟད་པ་དང་ནི་མི་ཟད་དང་། །སྐྱེ་དང་མི་སྐྱེ་མཐའ་རབ་རྟོགས། །འདི་འདྲའི་ཤེས་རབ་སྣ་ཚོགས་ཀྱིས། །བདག་ཉིད་རབ་ཏུ་བརྒྱན་པས་ན། །དེ་བཞིན་གཤེགས་པ་བརྒྱ་སྟོང་རྣམས། །ཤིན་ཏུ་གུས་ཤིང་མཆོད་པ་མཛད། །དེ་འདྲའི་
གཟུངས་ནི་གང་ཡིན་པ། །རིག་པ་དག་གིས་རྐང་གཉིས་བྱེད། །ཏིང་འཛིན་མཆོག་ལ་རབ་གནས་ནས། །བྱང་ཆུབ་ལམ་ལ་གཞོལ་བར་བྱེད། །ཞི་གནས་ལྷག་མཐོང་རྗེས་འབྲང་ཞིང་། །ཟག་མེད་ཤེས་རབ་རྟོགས་པར་བྱེད། །རབ་དང་དབང་པོ་སྟོབས་ཀྱིས་ནི། །ལག་གཉིས་
ཡོངས་སུ་གྲུབ་པར་བྱེད། །བརྩོན་འགྲུས་དང་ནི་བཟོད་པ་ཡིས། །ནུ་མ་གཉིས་ནི་གྲུབ་པར་བྱེད། །ཤེས་རབ་ཕ་རོལ་ཕྱིན་པས་ནི། །སྤྱི་གཙུག་མཚན་ཉིད་རབ་ཏུ་བྱེད། །མདོ་སྡེ་དག་གིས་སྐུད་བྱས་ནས། །སོ་སོར་རིག་བཞི་ཕྲེང་བ་བརྒྱུས། །སྔོན་ནི་མངོན་པར་བསྒྲུབས་པ་ཡི། །
ཡོན་ཏན་རྣམ་པ་སྣ་ཚོགས་དང་། །དཔེ་ནི་ཚད་མེད་ཇི་སྙེད་པ། །ཐམས་ཅད་རབ་ཏུ་བརྒྱན་ཅེས་ཟེར། །གཟུངས་སྔགས་གང་ཡིན་འདི་དག་ནི། །ཡོན་ཏན་ཚད་མེད་ཕུན་ཚོགས་པས། །མིག་གི་སྔོན་དང་ཕྱི་མཐའ་དང་། །ཟད་དང་མི་ཟད་མཐའ་དག་དང་། །སྐྱེ་བ་དང་ནི་མི་སྐྱེ་
དང་། །མཐའ་དང་མཐའ་མིན་གང་ཡིན་དང་། །དབེན་པ་དང་ནི་མི་དབེན་དང་། །འཇུག་པ་དང་ནི་འཇུག་མིན་དང་། །ཅི་ཡང་མེད་དང་མི་འབྱུང་དང་། །ཉེར་ཞི་དང་ནི་བདག་མེད་དང་། །གང་ཟག་མེད་དང་སྲོག་མེད་དང་། །སེམས་ཅན་མེད་པའི་བར་དག་དང་། །འདི་ལ་སོགས་

པའི་ཚད་མེད་སྒོ། །ཐམས་ཅད་རབ་ཏུ་རྟོགས་པར་འགྱུར། །རྣ་བ་སྣ་ལྕེ་ལུས་དང་ཡིད། །ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །འཇིག་རྟེན་སྐྱེ་བའི་མིང་བར་དུ། །ཐམས་ཅད་དེ་བཞིན་སྦྱར་ཞེས་ཟེར། །གོང་དུ་བསྔགས་པ་བརྗོད་པ་ཡི། །གཟུངས་མཆོག་
དམ་པ་གང་ཡིན་པ། །རབ་དབེན་ཡོན་ཏན་མཆོག་ལྡན་ཞིང་། །སངས་རྒྱས་སྤྱོད་ཡུལ་ཡིན་པས་ན། །གཟུངས་དོན་ཡང་དག་གང་ཡིན་པ། །ཡི་གེས་བརྗོད་བྱ་མ་ཡིན་ཡང་། །འཇིག་རྟེན་པ་ཡི་རྗེས་སུ་ནི། །བཏགས་པའི་མིང་གིས་བརྗོད་པ་ཡིན། །དེ་ནས་བཅོམ་
ལྡན་འདས་འཁོར་མང་པོ་དང་ཐབས་ཅིག་ཏུ་ཟླ་འོད་གཞོན་ནུའི་ཁྱིམ་དུ་བྱོན་པ་དང་། གདན་བཤམས་པ་ལ་རབ་ཏུ་བཞུགས་སོ། །དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་གདན་ལ་བཞུགས་པར་རིག་སྟེ། བདག་ཉིད་མཆོད་པའི་ཡོ་བྱད་མཆོག་དམ་པ་ཐོགས་
ནས། དེ་བཞིན་གཤེགས་པ་དང་འཁོར་འདུས་པ་ཆེན་པོ་རྣམས་ལ་རབ་ཏུ་ཕུལ་ཏེ་མཆོད་པ་དེ་ཡང་བསམ་གཏན་དང་། ཏིང་ངེ་འཛིན་དང་། བསམ་གཏན་གྱི་ཡོན་ཏན་ཁྱད་པར་དུ་འཕགས་པའི་དགེ་བའི་རྩ་བ་དང་བསམ་གྱིས་མི་ཁྱབ་པའི་མཐུ་ལས་མངོན་པར་གྲུབ་
པ་ཤ་སྟག་གོ །དེ་ལྟར་མཆོད་པ་ཕུལ་བ་ཡང་བདག་འབའ་ཤིག་གི་ཕྱིར་མ་ཡིན་གྱི་སེམས་ཅན་ཚད་མེད་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་གཞོལ་ཞིང་ཕན་ཡོན་ཆེན་པོ་འཐོབ་པར་བྱ་བའི་ཕྱིར་མཆོད་ཅིང་ཕུལ་བས་ན་མཆོད་པ་དེས་ཀུན་དུ་ཁྱབ་ཅིང་ཐམས་ཅད་རབ་ཏུ་ཚིམ་
པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་པའི་འོག་ཏུ་འཁོར་འདུས་པ་མང་པོའི་མདུན་དུ་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཐེག་པ་ཆེན་པོ་ལ་གནས་ནས་སྦྱིན་པའི་ཚོགས་
མངོན་པར་སྒྲུབ་པར་བྱེད་ན་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཅུ་དང་ལྡན་པར་འགྱུར་རོ། །རྣམ་པ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་ཚིག་སྙན་པས་ཡོངས་སུ་སྡུད་པར་བྱེད་པ་དང་། མཚན་གྱ་ནོམ་པ་ཡོངས་སུ་རྫོགས་

པ་དང་། དབང་པོ་རྣམས་མ་ཚང་བ་མེད་པ་དང་། འཁོར་བ་སྤངས་ནས་མྱ་ངན་ལས་འདས་པ་མངོན་དུ་བྱེད་པ་དང་། ཉོན་མོངས་པ་རྣམས་ཟད་ནས་དབང་ཕྱུག་མཆོག་འཐོབ་པ་དང་། ཡོན་ཏན་ཕུན་སུམ་ཚོགས་ཤིང་སངས་རྒྱས་ཀྱི་ཞིང་རབ་ཏུ་བརྒྱན་པ་དང་། འཁོར་རྣམ་པར་
དག་པ་དང་། གཟི་བྱིན་ཆེན་པོ་དང་ལྡན་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། སྤྱོད་པ་ཁྱད་པར་དུ་འཕགས་པ་མཆོག་མངོན་པར་གྲུབ་པ་དང་། སྤྱོད་པ་བླ་ན་མེད་ཅིང་མཚུངས་པ་མེད་པ་ཡོངས་སུ་རྫོགས་པ་དང་། བག་ཆགས་ཡང་དག་པར་བཅོམ་ནས་དེ་བཞིན་གཤེགས་པའི་
ཐམས་ཅད་མཁྱེན་པའི་སྤྱོད་པ་འཕེལ་བར་བྱེད་པ་དང་། ལུས་དང་རིང་སྲེལ་འཇིག་རྟེན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་མཆོད་པར་འགྱུར་བ་དང་། མ་རུངས་པ་རྣམས་རབ་ཏུ་བཏུལ་བས་མིའི་རྒྱལ་པོ་དང་། ལྷ་དང་། ཀླུ་དང་།
གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་དང་། ཚངས་པའི་རྒྱལ་པོ་རྣམས་ཡོངས་སུ་དང་བ་སྐྱེ་བར་འགྱུར་བ་དང་། མཐུ་ཆེན་པོ་དང་ལྡན་པ་དང་། མདོའི་སྡེ་དང་། ཚིགས་སུ་བཅད་པ་དང་། ལུང་དུ་བསྟན་པ་དང་། ཆེད་དུ་བརྗོད་པ་དང་། དབྱངས་
ཀྱིས་བསྙད་པ་དང་། རྟོགས་པ་བརྗོད་པ་དང་། གླེང་གཞི་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་དུ་ལེན་པ་དང་། འཛིན་པ་དང་། ཡང་དག་པར་སྟོན་པར་འགྱུར་བ་
དང་། སེམས་ལ་ལེ་ལོ་མེད་པ་དང་། ཆོས་ལ་སེར་སྣ་མེད་པ་དང་། སངས་རྒྱས་ཀྱི་ལམ་ལ་ཡང་དག་པར་གནས་པ་དང་། འཇིག་རྟེན་ན་མཆོག་ཏུ་གྱུར་ཅིང་མིང་དང་གཟུགས་ཡོངས་སུ་དག་པར་འགྱུར་བ་དང་། ཆོས་ཀྱི་སྐུ་མངོན་དུ་བྱེད་པར་འགྱུར་བ་དང་། མི་འཇིགས་པ་ཐོབ་
པར་འགྱུར་བ་དང་། བསོད་ནམས་ཕུན་སུམ་ཚོགས་པར་འགྱུར་བ་དང་། མུ་སྟེགས་ཅན་རྣམས་ཟིལ་གྱིས་གནོན་པ་དང་། སྐྱེས་བུ་དམ་པའི་ཆོས་ཕུན་སུམ་ཚོགས་པ་དང་། སྡིག་པ་ཅན་གྱི་སྤྱོད་པ་སྤོང་བར་འགྱུར་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་ལ་མངོན་པར་ཡིད་ཆེས་

པ་དང་། སངས་རྒྱས་ཀྱི་ཆོས་སྡུད་པར་བྱེད་པ་དང་། བདུད་མང་པོ་ཕམ་པར་བྱེད་པ་དང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་བདེན་པ་དག་ལ་ཐེ་ཚོམ་དང་། ནེམ་ནུར་མེད་པ་དང་། འདོད་པ་ངན་པ་རྣམས་རབ་ཏུ་བཅོམ་པ་དང་། གཟི་བྱིན་ཆེན་པོ་དང་ལྡན་
པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་བསྒྲུབས་པས་རྫུ་འཕྲུལ་ཁྱད་པར་དུ་འཕགས་པ་འཐོབ་པར་འགྱུར་བ་དང་། སྐྱེ་ཤི་སྤོང་བར་འགྱུར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སྤྱོད་པ་དཔག་ཏུ་མེད་པའི་བསྔགས་པ་རྗོད་པ་དང་།
ཡོན་ཏན་རྣམས་ཡོངས་སུ་སྡུད་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་སྤྲོ་བ་སྐྱེད་པ་དང་། ཆོས་ཀྱི་དགའ་བ་ལ་ཡོངས་སུ་སྤྱོད་པར་འགྱུར་བ་དང་། སྦྱིན་པ་གཏོང་བ་མངོན་པར་སྒྲུབ་པར་འགྱུར་བ་དང་། ཡེ་ཤེས་ཆེན་པོའི་སྒོར་འཇུག་པར་འགྱུར་བ་དང་། བྲོ་བར་
གྱུར་བའི་ཆོས་ལ་གནས་པར་འགྱུར་བ་དང་། རིགས་ངེས་པ་ཉིད་དུ་འགྱུར་བ་དང་། ཆོས་ཀྱི་བཟོད་པ་བསྒྲུབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ལམ་ལ་བདེ་བར་གནས་པ་གང་ཡིན་པའོ། །གཞོན་ནུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སྦྱིན་པའི་
ཚོགས་མངོན་པར་སྒྲུབ་པར་བྱེད་ན་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཅུ་པོ་འདི་དག་ཕུན་སུམ་ཚོགས་ཤིང་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་བློ་ཆེན་
གང་། །སྦྱིན་པའི་ཚོགས་དང་ལྡན་པ་ལ། །ཕན་ཡོན་མཆོག་ནི་བརྒྱད་ཅུ་ཡོད། །ངས་མདོར་བསྡུས་ཏེ་བསྟན་པ་ཡིན། །གཞན་ཡང་དཔག་མེད་བསམ་དཀའ་ཡི། །ཡོན་ཏན་དག་ནི་གང་ཡིན་པ། །ཐམས་ཅད་སྦྱིན་པ་ལས་སྐྱེ་སྟེ། །དེང་འདིར་ཅུང་ཟད་བསྟན་པར་
བྱ། །ཁྱོད་ཀྱིས་འཁོར་འདུས་མང་པོ་ལ། །མཉམ་པའི་སེམས་ཀྱིས་གང་མཆོད་པ། །སྦྱིན་པའི་ཚོགས་ནི་དེ་དག་ལ། །མཁས་པ་རྣམས་ཀྱིས་བསྒྲུབ་པར་བྱ། །སྦྱིན་པ་འདི་ཡིས་བསགས་པ་ཡི། །བསོད་ནམས་ཕུང་པོ་བསམ་མི་ཁྱབ། །མཚན་དང་དཔེ་བྱད་ལུས་

བརྒྱན་པ། །ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། །སྐྱེ་གནས་དང་ནི་རུས་རིགས་དང་། །ཡུལ་རྣམས་དང་ནི་ཁྱིམ་དག་དང་། །གྲགས་པ་དང་ནི་གཟུགས་དང་སེམས། །ཐམས་ཅད་ཡོངས་སུ་དག་པར་འགྱུར། །ལྷ་རྣམས་རྫུ་འཕྲུལ་དངོས་པོ་དང་། །གཞལ་མེད་ཁང་དང་
ལྷ་མོ་དང་། །རྣམ་དག་ཐོགས་མེད་སྤོབས་པ་ཡང་། །སྦྱིན་པ་ལས་ནི་བྱུང་བ་ཡིན། །སྦྱིན་པའི་ཚོགས་མཆོག་གང་ཡིན་པ། །སངས་རྒྱས་རྣམས་ཀྱིས་འདི་སྐད་དུ། །འདི་ནི་དང་པོར་བྱང་ཆུབ་རྣམས། །གནས་པའི་གཞི་ཞེས་བསྔགས་པར་མཛད། །བྱང་ཆུབ་
སེམས་དཔའ་བརྩོན་འགྲུས་ཅན། །སྦྱིན་ལ་ཐེ་ཚོམ་མེད་པ་དག །ངེས་པའི་སེམས་ལ་རབ་གནས་ནས། །སྦྱིན་པ་ནན་ཏན་བསྒྲུབ་པར་གྱིས། །སྦྱིན་པའི་སེམས་ནི་གང་དག་གིས། །བསོད་ནམས་ཚོགས་ནི་རྫོགས་བྱེད་པ། །བྱང་ཆུབ་སེམས་དཔས་སྒྲུབ་བྱེད་ན། །
སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །སྦྱིན་པའི་མཐུ་ཡི་སྟོབས་ཀྱིས་ནི། །རྫུ་འཕྲུལ་མཆོག་ནི་རྫོགས་བྱེད་པས། །ཞིང་ནི་བྱེ་བ་བསྒུལ་བྱས་ཀྱང་། །སེམས་ཅན་རྣམས་ལ་གནོད་མི་འགྱུར། །སྦྱིན་པ་བཏང་བའི་དབང་གིས་ན། །རྣམ་དག་ཚུལ་ཁྲིམས་མང་ཐོས་དང་། །
ཡང་དག་ཡིད་ཆེས་བརྩོན་འགྲུས་དང་། །ཏིང་འཛིན་ཟག་མེད་ཤེས་རབ་འདྲེན། །སྦྱིན་པ་བཏང་བའི་དབང་གིས་ན། །དབང་པོ་སྟོབས་དང་ཡང་དག་ལམ། །ཡང་དག་སྤོང་དང་རྫུ་འཕྲུལ་རྐང་། །བག་ཆགས་སྤོང་བ་འདྲེན་པར་བྱེད། །སྦྱིན་པ་བཏང་བའི་དབང་
གིས་ན། །རྣམ་དག་སྒྲ་སྙན་དག་གིས་ནི། །ཞིང་ནི་བྱེ་བ་བརྒྱ་ཕྲག་ཏུ། །དཔག་མེད་ཆོས་སྟོན་འདྲེན་པར་བྱེད། །ཡོངས་སུ་དང་བས་སྦྱིན་བཏང་བས། །རྫུ་འཕྲུལ་རྣམས་ནི་མྱུར་དུ་འཐོབ། །རྫུ་འཕྲུལ་ཡོངས་སུ་རྫོགས་བྱའི་ཕྱིར། །ནན་ཏན་སྦྱིན་པ་གཏང་བར་གྱིས། །ལྷ་ནི་
མང་པོ་ཚད་མེད་རྣམས། །ལྷ་མ་ཡིན་དང་ཀླུ་རྣམས་དང་། །གནོད་སྦྱིན་བརྒྱ་སྟོང་མང་པོ་དང་། །འཁོར་རྣམས་ཀྱིས་ནི་ཡོངས་བསྐོར་ནས། །གཞལ་མེད་ཁང་མཆོག་རབ་ཞུགས་ཏེ། །རང་དབང་དག་གིས་རྩེ་བྱེད་པ། །འདི་ལ་སོགས་པའི་རྒྱལ་པོ་རྣམས། །སྦྱིན་

ལ་བརྩོན་པ་མཐོང་གྱུར་ན། །ཐམས་ཅད་ལངས་ནས་བསུ་ནས་ནི། །སྟན་བཏིང་མཆོད་པ་དག་ཀྱང་བྱེད། །སྦྱིན་གཏོང་གང་ཟག་གང་ཡིན་པ། །གཟི་བྱིན་ཆེན་པོ་ཕུན་ཚོགས་ཤིང་། །རྫུ་འཕྲུལ་སྟོབས་ལ་དབང་ཐོབ་པས། །ལྷ་རྒྱལ་རྣམས་ནི་སྡུད་པར་བྱེད། །གྲུལ་
བུམ་དང་ནི་གནོད་སྦྱིན་རྣམས། །ཐམས་ཅད་སྐྱབས་སུ་འགྲོ་བར་འགྱུར། །དྲི་ཟ་འཁོར་བཅས་རྣམས་ཀྱིས་ཀྱང་། །རོལ་མོ་དག་གིས་མཆོད་པར་བྱེད། །ཆོམ་རྐུན་དག་ནི་བྱམས་སེམས་བསྐྱེད། །མ་རུངས་པ་རྣམས་རིང་དུ་འགྲོ། །ནོར་རྣམས་ཉམས་པར་མི་འགྱུར་ཏེ། །བང་མཛོད་དག་ནི་
གང་བར་འགྱུར། །སྦྱིན་པ་ཡོངས་སུ་བཏང་བའི་ཕྱིར། །ཚོགས་མཆོག་དག་ནི་རྫོགས་པར་འགྱུར། །སངས་རྒྱས་ཡེ་ཤེས་ཐུག་བར་དུ། །མུ་སྟེགས་ཆོས་ནི་སྤྱོད་མི་བྱེད། །དེ་ལ་ན་བ་ཡོང་མེད་དེ། །གཟུངས་རྣམས་ཡོངས་སུ་སྲུང་བར་བྱེད། །ཁྱད་པར་འཕགས་པའི་སྟོབས་
རྣམས་ཀྱང་། །སྦྱིན་པ་ལས་ནི་བྱུང་བ་ཡིན། །དེ་ལྟར་སྦྱིན་པ་གང་གཏོང་བ། །བྱང་ཆུབ་ལམ་ནི་སྒྲུབ་པར་བྱེད། །མི་དགེ་བཤེས་གཉེན་ཕྲད་མི་འགྱུར། །སྤྱོད་འཐུན་གྲོགས་པོ་འཐོབ་པར་འགྱུར། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས། །སྦྱིན་པའི་ཚོགས་ནི་སོགས་བྱེད་པ། །
བསམ་གྱིས་མི་ཁྱབ་གཟུངས་དག་དང་། །ཤེས་རབ་ཡོངས་སུ་རྫོགས་བྱེད་པས། །ཚིགས་སུ་བཅད་པ་ཚད་མེད་ཀྱིས། །ཀུན་འཛིན་ཡང་དག་སྟོན་པར་བྱེད། །ཐམས་ཅད་ལ་ནི་ཐོགས་མེད་པས། །ངོ་བོ་ཉིད་དོན་སྟོར་མི་འགྱུར། །བྱང་ཆུབ་སེམས་ནི་རྒྱ་ཆེ་ལ། །
མོས་པའི་སེམས་ནི་བརྟན་པར་འགྱུར། །ཚུལ་ཁྲིམས་དག་པ་ཕུན་ཚོགས་ཤིང་། །བདུད་ཀྱི་ལས་རྣམས་སྤོང་བར་བྱེད། །འདོད་པ་ལྔ་ལ་ཞེན་མེད་ཅིང་། །རྩེ་གཅིག་ཡང་དག་དྲན་པ་ཚོལ། །སེམས་ལ་རྟག་ཏུ་རྨོངས་མེད་པས། །འདོད་པ་དག་ལ་སྲེད་མི་སྐྱེད། །ཞེ་སྡང་
ཉོན་མོངས་གང་ཡིན་པ། །ཡང་དག་ཇི་བཞིན་རབ་ཏུ་རྟོགས། །སྤྱོད་ཡུལ་དག་ནི་ཐམས་ཅད་ལ། །ཞེན་པ་མེད་ཅིང་རྨོངས་པ་མེད། །གང་ཟག་དེས་ནི་ཉོན་མོངས་རྣམས། །ལེགས་པ་ཉིད་དུ་རྟོགས་པར་འགྱུར། །རྒྱུ་དང་རྐྱེན་ནི་འདུས་པ་ལས། །ཉེས་དམིགས་རྣམས་

ནི་སྐྱེ་བ་ནས། །སངས་རྒྱས་ཆོས་ཀྱི་བར་དག་གི །རྒྱུ་དང་རྒྱུ་ཡི་རྒྱུ་ཉིད་དང་། །དེ་བཞིན་རྒྱུ་ཡི་བྱ་བ་རྣམས། །ཐམས་ཅད་རབ་ཏུ་རྟོགས་པར་འགྱུར། །དེས་ནི་མིག་ཟད་མཐའ་ཡི་རྒྱུ། །གང་ཡིན་རབ་ཏུ་རྟོགས་པས་ན། །རྨོངས་པ་རྣམས་ནི་ཡོངས་སྤངས་ནས། །
མིག་ལ་མངོན་པར་ཞེན་མི་འགྱུར། །དེས་ནི་མིག་གི་སྐྱེ་མཐའ་དང་། །མཐའ་དང་རབ་ཏུ་དབེན་པ་དང་། །འཇུག་པ་དང་ནི་མེད་པ་དང་། །མི་སྐྱེ་བ་ནས་ཉེར་ཞིའི་བར། །འདི་ལ་སོགས་པའི་རྒྱུ་ཉིད་ཀྱང་། །རབ་ཏུ་རྟོགས་པར་གྱུར་བས་ན། །རྨོངས་པ་རྣམས་ནི་ཡོངས་སྤངས་ནས། །མིག་ལ་
མངོན་པར་ཞེན་མི་འགྱུར། །དེས་ནི་མིག་གི་སྔོན་མཐའ་ཡི། །བརྗོད་པ་འཇིག་རྟེན་རྗེས་སུ་ནི། །བཏགས་པ་ཡིན་པས་དེ་ལ་ནི། །ཡང་དག་ཅི་ཡང་མེད་པར་རྟོགས། །དེས་ནི་མིག་གི་ཕྱི་མཐའ་ཡི། །བརྗོད་པ་འཇིག་རྟེན་རྗེས་སུ་ནི། །བཏགས་པ་ཡིན་པས་དེ་ལ་ནི། །ཡང་དག་ཅི་ཡང་མེད་པར་
རྟོགས། །དེས་ནི་མིག་གི་སྐྱེ་མཐའ་དང་། །མཐའ་དང་རབ་དབེན་འཇུག་པ་དང་། །ཅི་ཡང་མེད་དང་སྐྱེ་མེད་ནས། །ཉེ་བར་ཞི་བའི་བར་དག་དང་། །འདི་ལ་སོགས་པའི་བརྗོད་པ་རྣམས། །འཇིག་རྟེན་རྗེས་སུ་བཏགས་པས་ན། །དེ་ལ་ཡང་དག་མེད་པར་ནི། །
རབ་ཏུ་རྟོགས་པར་འགྱུར་བ་ཡིན། །དེས་ནི་མིག་གི་སྔོན་མཐའ་ཡི། །བརྗོད་པ་རྒྱུ་རྐྱེན་འདུས་པ་ལས། །བྱུང་བ་ཉིད་དུ་རྟོགས་པས་ན། །དེ་ལ་ཞེན་པ་ཅི་ཡང་མེད། །དེས་ནི་མིག་གི་ཕྱི་མཐའ་ཡི། །བརྗོད་པ་རྒྱུ་རྐྱེན་འདུས་པ་ལས། །བྱུང་བ་ཉིད་དུ་རྟོགས་པས་ན། །དེ་ལ་ཞེན་པ་ཅི་
ཡང་མེད། །དེས་ནི་མིག་གི་སྐྱེ་མཐའ་དང་། །མཐའ་དང་རབ་དབེན་འཇུག་པ་དང་། །ཅི་ཡང་མེད་དང་སྐྱེ་མེད་ནས། །ཉེ་བར་ཞི་བའི་བར་དག་དང་། །འདི་ལ་སོགས་པའི་བརྗོད་པ་རྣམས། །རྒྱུ་དང་རྐྱེན་ནི་འདུས་པ་ལས། །བྱུང་བ་ཉིད་དུ་རྟོགས་པས་ན། །དེ་ལ་ཞེན་པ་
ཅི་ཡང་མེད། །དེས་ནི་མིག་གི་སྔོན་མཐའ་ཡི། །བརྗོད་པའི་རང་བཞིན་བསྟན་མེད་པར། །རབ་ཏུ་རྟོགས་པར་གྱུར་པས་ན། །དེ་ལ་ཞེན་པ་ཅི་ཡང་མེད། །དེས་ནི་མིག་གི་ཕྱི་མཐའ་ཡི། །བརྗོད་པ་རང་བཞིན་བསྟན་མེད་པར། །རབ་ཏུ་རྟོགས་པར་གྱུར་པས་ན། །

དེ་ལ་ཞེན་པ་ཅི་ཡང་མེད། །དེས་ནི་མིག་གི་སྐྱེ་མཐའ་དང་། །མཐའ་དང་རབ་དབེན་འཇུག་པ་དང་། །ཅི་ཡང་མེད་དང་སྐྱེ་མེད་ནས། །ཉེ་བར་ཞི་བའི་བར་དག་དང་། །འདི་ལ་སོགས་པའི་བརྗོད་པ་རྣམས། །རང་བཞིན་གྱིས་ནི་བསྟན་མེད་པར། །རབ་
ཏུ་རྟོགས་པར་གྱུར་པས་ན། །དེ་ལ་ཞེན་པ་ཅི་ཡང་མེད། །རྣ་བ་སྣ་ལྕེ་ལུས་དང་ཡིད། །ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །འཇིག་རྟེན་སྐྱེ་བའི་མིང་གི་བར། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །དེས་ནི་འདོད་ཆགས་སངས་རྒྱས་ལམ། །རང་བཞིན་དབྱེར་མེད་
ཡིན་པར་ནི། །རབ་ཏུ་རྟོགས་པར་གྱུར་པས་ན། །འདོད་ཆགས་ལ་ནི་ཞེན་པ་མེད། །སངས་རྒྱས་ལམ་ནི་ཐམས་ཅད་ཀུན། །ཉོན་མོངས་ལས་ནི་བཙལ་བར་བྱ། །རང་བཞིན་དབྱེར་མེད་རབ་ཤེས་ན། །ཀུན་འཛིན་སྒོར་ནི་ཞུགས་པ་ཡིན། །འདོད་ཆགས་ཀུན་འཛིན་
ཡིན་པ་དང་། །ཀུན་འཛིན་འདོད་ཆགས་ཡིན་སྟོན་ཅིང་། །རང་བཞིན་དབྱེར་མེད་རབ་ཤེས་ན། །ཀུན་འཛིན་སྒོར་ནི་སློབ་པ་ཡིན། །དེ་བཞིན་འདོད་ཆགས་གང་མཆོད་པ། །དེ་ནི་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོར་ནི་རྫོགས་
པར་འགྱུར། །དེས་ནི་ཞེ་སྡང་སངས་རྒྱས་ལམ། །རང་བཞིན་དབྱེར་མེད་ཡིན་པར་ནི། །རབ་ཏུ་རྟོགས་པར་གྱུར་བས་ན། །ཞེ་སྡང་ལ་ནི་ཞེན་པ་མེད། །ཞེ་སྡང་ཀུན་འཛིན་ཡིན་པ་དང་། །ཀུན་འཛིན་ཞེ་སྡང་ཡིན་སྟོན་ཅིང་། །རང་བཞིན་དབྱེར་མེད་རབ་ཤེས་ན། །ཀུན་
འཛིན་སྒོ་ནི་སློབ་པ་ཡིན། །དེ་བཞིན་ཞེ་སྡང་གང་མཆོད་པ། །དེ་ནི་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེས་ནི་གཏི་མུག་སངས་རྒྱས་ལམ། །རང་བཞིན་དབྱེར་མེད་ཡིན་པར་ནི། །རབ་ཏུ་རྟོགས་པར་གྱུར་པས་ན། །
གཏི་མུག་ལ་ནི་ཞེན་པ་མེད། །གལ་ཏེ་གཏི་མུག་ཉིད་ཀྱི་མཐའ། །ཡང་དག་ཇི་བཞིན་རྟོགས་གྱུར་ན། །དེས་ནི་སངས་རྒྱས་ལམ་བསྒྲུབས་པས། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །གཏི་མུག་ཀུན་འཛིན་ཡིན་པ་དང་། །ཀུན་འཛིན་གཏི་མུག་ཡིན་སྟོན་ཅིང་། །རང་བཞིན་དབྱེར་

མེད་རབ་ཤེས་ན། །ཀུན་འཛིན་སྒོ་ནི་སློབ་པ་ཡིན། །དེ་བཞིན་གཏི་མུག་གང་མཆོད་པ། །དེ་ནི་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །དེ་ནི་ཆོས་ལ་མཆོད་པ་ཡིན། །ཆོས་
ལ་མཆོད་པ་བྱས་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །དེ་ནི་དགེ་འདུན་མཆོད་པ་ཡིན། །དགེ་འདུན་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །དེ་ནི་ཚུལ་ཁྲིམས་
མཆོད་པ་ཡིན། །ཚུལ་ཁྲིམས་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །བརྩོན་འགྲུས་ལ་ནི་མཆོད་པ་ཡིན། །བརྩོན་འགྲུས་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་
པ། །བསྔགས་པ་བརྗོད་ཅིང་མཆོད་པ་ཡིན། །བསྔགས་པ་བརྗོད་ཅིང་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །སངས་རྒྱས་ཆོས་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་
འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །ཆོས་ཉིད་ལ་ནི་མཆོད་པ་ཡིན། །ཆོས་ཉིད་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །དེ་བཞིན་ཉིད་ལ་མཆོད་པ་ཡིན། །དེ་བཞིན་ཉིད་ལ་མཆོད་པའི་ཕྱིར། །ཀུན་
འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །སྐྱེ་བ་མེད་ལ་མཆོད་པ་ཡིན། །སྐྱེ་བ་མེད་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །འགག་པ་མེད་ལ་མཆོད་པ་ཡིན། །འགག་པ་མེད་ལ་མཆོད་
པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །ཟག་པ་མེད་ལ་མཆོད་པ་ཡིན། །ཟག་པ་མེད་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །ཅི་ཡང་མེད་ལ་མཆོད་པ་ཡིན། །

ཅི་ཡང་མེད་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །དཔག་ཏུ་མེད་ལ་མཆོད་པ་ཡིན། །དཔག་ཏུ་མེད་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །སྲིད་པ་གསུམ་ལ་
མཆོད་པ་ཡིན། །སྲིད་པ་གསུམ་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །རབ་དབེན་ལ་ནི་མཆོད་པ་ཡིན། །རབ་དབེན་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །འཁོར་བར་འཇུག་
ལ་མཆོད་པ་ཡིན། །འཁོར་བར་འཇུག་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །འཇུག་པ་མེད་ལ་མཆོད་པ་ཡིན། །འཇུག་པ་མེད་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །ཡོད་
པ་མིན་ལ་མཆོད་པ་ཡིན། །ཡོད་པ་མིན་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །བྱུང་བ་མེད་ལ་མཆོད་པ་ཡིན། །བྱུང་བ་མེད་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །ཉེ་བར་
ཞི་ལ་མཆོད་པ་ཡིན། །ཉེ་བར་ཞི་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །འོང་བ་མེད་ལ་མཆོད་པ་ཡིན། །འོང་བ་མེད་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །འགྲོ་བ་མེད་ལ་
མཆོད་པ་ཡིན། །འགྲོ་བ་མེད་ལ་མཆོད་པའི་ཕྱིར། །ཀུན་འཛིན་ནི་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །འདུས་བྱས་ལ་ནི་མཆོད་པ་ཡིན། །འདུས་བྱས་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །སྡུག་བསྔལ་ལ་
སོགས་མཆོད་པ་ཡིན། །སྡུག་བསྔལ་ལ་སོགས་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །སྡུག་བསྔལ་ཤེས་ལ་མཆོད་པ་ཡིན། །སྡུག་བསྔལ་ཤེས་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་

མུག་གང་མཆོད་པ། །ཀུན་འབྱུང་ཤེས་ལ་མཆོད་པ་ཡིན། །ཀུན་འབྱུང་ཤེས་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །འགོག་པ་ཤེས་ལ་མཆོད་པ་ཡིན། །འགོག་པ་ཤེས་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་
བཞིན་གཏི་མུག་གང་མཆོད་པ། །ལམ་ཤེས་ལ་ནི་མཆོད་པ་ཡིན། །ལམ་ཤེས་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །ཆོས་ཤེས་ལ་ནི་མཆོད་པ་ཡིན། །ཆོས་ཤེས་ལ་ནི་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་
འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །རྗེས་ལ་ཤེས་ལ་མཆོད་པ་ཡིན། །རྗེས་ལ་ཤེས་ལ་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །སྐྱེ་མེད་ཡེ་ཤེས་མཆོད་པ་ཡིན། །སྐྱེ་མེད་ཡེ་ཤེས་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་
རྫོགས་པར་འགྱུར། །དེ་བཞིན་གཏི་མུག་གང་མཆོད་པ། །ཟད་པའི་ཡེ་ཤེས་མཆོད་པ་ཡིན། །ཟད་པའི་ཡེ་ཤེས་མཆོད་པའི་ཕྱིར། །ཀུན་འཛིན་སྒོ་ནི་རྫོགས་པར་འགྱུར། །དེ་བཞིན་ཡང་དག་སྤོང་བ་དང་། །དྲན་པ་ཉེར་གཞག་རྫུ་འཕྲུལ་རྐང་། །དབང་པོ་ལྔ་དང་སྟོབས་ལྔ་དང་། །བྱང་ཆུབ་ཡན་
ལག་བདུན་པོ་དང་། །ཡན་ལག་བརྒྱད་པའི་ལམ་དག་དང་། །ཞི་གནས་ལྷག་མཐོང་ལ་སོགས་པ། །ཆོས་ནི་རྣམ་པ་དགུ་པོ་རྣམས། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གང་ལ་ལ་ཞིག་ཐེག་པ་ལ་
གནས་ནས། གོང་དུ་ཇི་སྐད་བསྟན་པའི་གཟུངས་མངོན་པར་བསྒྲུབ་པར་འདོད་པས་གང་ཟག་རྣམ་པ་བརྒྱད་ཅུ་ཡོངས་སུ་སྤང་བར་བྱའོ། །རྣམ་པ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། གནོད་སེམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་
མཚལ་ཕྱུང་བ་དང་། དགེ་འདུན་འཐུན་པ་བཤིག་པ་དང་། རྐུན་བུར་རབ་ཏུ་བྱུང་བ་དང་། དབང་པོ་མ་ཚང་བ་དང་། དབང་པོ་གཉིས་དང་ལྡན་པ་དང་། ལོག་པར་ལྟ་བ་དང་། ལོག་པར་སེམས་པ་དང་། ལོག་པར་སྨྲ་བ་དང་། ལོག་པའི་ལམ་ཅན་དང་། ལོག་པས་འཚོ་བ་དང་། ལོག་པར་བརྩོན་པ་

དང་། །ལོག་པའི་དྲན་པ་ཅན་དང་། ལོག་པའི་ཏིང་ངེ་འཛིན་ལ་གནས་པ་དང་། གནས་མི་ཤེས་པ་དང་། །དུས་མི་ཤེས་པ་དང་། ཚོད་མི་ཤེས་པ་དང་། ལམ་མི་ཤེས་པ་དང་། ཚད་མི་ཤེས་པ་དང་། བདག་དང་གཞན་མི་ཤེས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བསླབ་
པའི་གནས་རྣམས་ལ་གུས་པ་མེད་པ་དང་། བག་ཡོད་པ་དང་སྤྱོད་ཡུལ་ཁྱད་པར་དུ་འཕགས་པ་དག་ལ་བཙུན་པར་མི་འཛིན་པ་དང་། ཆོས་མི་ཤེས་པ་དང་། འདུལ་བ་མི་ཤེས་པ་དང་། བསླབ་པའི་གནས་མི་ཤེས་པ་དང་། ཁ་ན་མ་ཐོ་བ་དང་ལྕི་བ་དང་ཡང་བ་མི་ཤེས་པ་དང་། ཚུལ་ཁྲིམས་ཉམས་
པ་དང་རལ་པ་མི་ཤེས་པ་དང་། གཞན་ཡང་སྤྱོད་པ་ཤིན་ཏུ་ཕྲ་བ་དང་རགས་པ་མི་ཤེས་པ་དང་། ལས་མ་འོངས་པ་དང་ད་ལྟར་བྱུང་བ་མི་ཤེས་པ་དང་། དངོས་པོ་དམན་པ་རྣམས་མི་ཤེས་པ་དང་། ཉན་ཐོས་ཀྱི་ཐེག་པའི་བསྔགས་པ་བརྗོད་ཅིང་དེ་བཞིན་གཤེགས་པའི་ཆོས་ལ་སྐུར་པ་འདེབས་པ་དང་།
རང་སངས་རྒྱས་ཀྱི་ཐེག་པ་བསྒྲུབ་པར་བསྐུལ་བ་དང་། བླ་ན་མེད་པའི་ལམ་ཡང་དག་པ་ལ་སྐྱོ་ཞིང་སྤོང་བར་བྱེད་པ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་ལམ་ཉམས་པ་དང་། ལམ་མ་ཡིན་པ་སྤྱོད་པ་དང་། བདག་ཡོད་པར་སྨྲ་བ་དང་། སེམས་ཅན་ཡོད་པར་སྨྲ་བ་དང་།
སྲོག་ཡོད་པར་སྨྲ་བ་དང་། གང་ཟག་ཡོད་པར་སྨྲ་བ་དང་། བསམ་པ་ཤིན་ཏུ་དམན་ཞིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་པ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། སྟོང་ཞིང་རྒྱུ་མེད་པར་ལྟ་བ་དང་། ཡོད་པ་མི་མཐོང་བ་དང་། མེད་པ་མི་མཐོང་བ་དང་། ལས་མི་མཐོང་
བ་དང་། བརྩོན་འགྲུས་མི་མཐོང་བ་དང་། ལས་མི་ཤེས་པ་དང་། ལས་ཀྱི་རྒྱུ་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། རྣམ་པར་སྨིན་པའི་རྒྱུ་མི་ཤེས་པ་དང་། དབང་པོ་རྣམས་མི་ཤེས་པ་དང་། དབང་པོ་རྣམས་ཀྱི་རྒྱུ་མི་ཤེས་པ་དང་། ཁམས་མི་ཤེས་པ་དང་། ཁམས་ཀྱི་རྒྱུ་མི་ཤེས་པ་དང་།
རྣམ་པར་གྲོལ་བ་མི་ཤེས་པ་དང་། རྣམ་པར་གྲོལ་བའི་རྒྱུ་མི་ཤེས་པ་དང་། ལམ་མི་ཤེས་པ་དང་། ལམ་གྱི་རྒྱུ་མི་ཤེས་པ་དང་། ཉོན་མོངས་པ་མི་ཤེས་པ་དང་། ཉོན་མོངས་པའི་རྒྱུ་མི་ཤེས་པ་དང་། གཏོང་བ་མི་ཤེས་པ་དང་། གཏོང་བའི་རྒྱུ་མི་ཤེས་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་ཤེས་པ་དང་།

སྔོན་གྱི་མཐའ་དང་ཕྱི་མའི་མཐའི་རྒྱུ་མི་ཤེས་པ་དང་། སྐྱེ་ཤི་མི་ཤེས་པ་དང་། སྐྱེ་ཤིའི་རྒྱུ་མི་ཤེས་པ་དང་། ཟག་པ་དང་བཅས་པ་མི་ཤེས་པ་དང་། ཟག་པ་དང་བཅས་པའི་རྒྱུ་མི་ཤེས་པ་དང་། ཟད་པ་དང་ཟད་པ་མ་ཡིན་པ་མི་ཤེས་པ་དང་། ཡོད་པ་དང་ཡོད་པ་མ་ཡིན་པ་མི་ཤེས་པ་དང་། མཐའ་དང་མཐའ་མ་
ཡིན་པ་མི་ཤེས་པ་དང་། དབེན་པ་དང་དབེན་པ་མ་ཡིན་པ་མི་ཤེས་པ་དང་། འཇུག་པ་དང་འཇུག་པ་མ་ཡིན་པ་མི་ཤེས་པ་དང་། ངོ་བོ་ཉིད་དང་ངོ་བོ་ཉིད་མ་ཡིན་པ་མི་ཤེས་པ་དང་། སྐྱེ་བ་དང་སྐྱེ་བ་མ་ཡིན་པ་མི་ཤེས་པ་དང་། འགག་པ་དང་འགག་པ་མ་ཡིན་པ་མི་ཤེས་པ་གང་ཡིན་པ་སྟེ། གཞོན་ནུ་
རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གོང་དུ་ཇི་སྐད་དུ་བསྟན་པའི་གཟུངས་མངོན་པར་བསྒྲུབ་པར་འདོད་པས་ཆོས་མ་ཡིན་པ་སྤྱོད་པའི་གང་ཟག་བརྒྱད་ཅུ་པོ་འདི་དག་ཡོངས་སུ་སྤང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་མིག་གི་སྐྱེ་
མཐའ་དང་། །ཟད་མཐའ་དག་ནི་མི་རྟོགས་པ། །དེ་ནི་ཀུན་འཛིན་ལ་རྨོངས་པས། །མཁས་པས་ཡོངས་སུ་སྤང་བར་བྱ། །གང་ཞིག་མིག་ལ་བདག་མེད་དང་། །སེམས་ཅན་མེད་པར་རྟོགས་གྱུར་པ། །དེས་ནི་ཀུན་འཛིན་ལ་གནས་པས། །མཁས་པས་ཡོངས་སུ་བསྟེན་པར་བྱ། །གང་ཞིག་མིག་ནི་སྐྱེ་ཟད་དང་། །
ཡི་གེ་སྤངས་པར་རྟོགས་གྱུར་པ། །དེ་ནི་ཀུན་འཛིན་ལ་གནས་པས། །མཁས་པས་ཡོངས་སུ་བསྟེན་པར་བྱ། །གང་ཞིག་མིག་ནི་དབེན་པ་དང་། །གནས་པ་མེད་པར་རྟོགས་གྱུར་བ། །དེ་ནི་ཀུན་འཛིན་ལ་གནས་པས། །མཁས་པས་ཡོངས་སུ་བསྟེན་པར་བྱ། །གང་ཞིག་མིག་གི་རང་བཞིན་ཉིད། །གནས་
པ་མེད་པར་རྟོགས་གྱུར་པ། །དེ་ནི་ཀུན་འཛིན་ལ་གནས་པས། །མཁས་པས་ཡོངས་སུ་བསྟེན་པར་བྱ། །གང་ཞིག་མིག་ལ་འཇུག་མེད་དང་། །གཟུགས་ཀྱི་མཚན་ཉིད་མེད་རྟོགས་པ། །དེ་ནི་ཀུན་འཛིན་ལ་གནས་པས། །མཁས་པས་ཡོངས་སུ་བསྟེན་པར་བྱ། །གང་ཞིག་མིག་ལ་སྐྱེ་མེད་དང་། །རང་བཞིན་
ཞི་བར་རྟོགས་གྱུར་པ། །དེ་ནི་ཀུན་འཛིན་ལ་གནས་པས། །མཁས་པས་ཡོངས་སུ་བསྟེན་པར་བྱ། །གང་ཞིག་མིག་ནི་རང་བཞིན་གྱིས། །མིག་གི་མཚན་ཉིད་སྤངས་པས་ན། །སངས་རྒྱས་རྣམས་ཀྱིས་བསྔགས་པ་དང་། །བསྟན་དུ་མེད་པར་རྟོགས་གྱུར་པ། །དེ་ནི་ཀུན་འཛིན་ལ་གནས་པས། །མཁས་པས་

ཡོངས་སུ་བསྟེན་པར་བྱ། །གང་ཞིག་མིག་ནི་རང་བཞིན་གྱིས། །མིག་གི་མཚན་ཉིད་སྤངས་པས་ན། །སུ་ཡང་སེམས་ཤིང་འཛིན་པ་དང་། །བཤད་དུ་མེད་པར་རྟོགས་གྱུར་པ། །དེ་ནི་ཀུན་འཛིན་ལ་གནས་པས། །མཁས་པས་ཡོངས་སུ་བསྟེན་པར་བྱ། །དེ་བཞིན་གཟུངས་ཀྱི་ངོ་བོ་ཉིད། །ཡི་གེས་
བརྗོད་བྱ་མ་ཡིན་པས། །ཕྱོགས་ཀྱང་ཡོད་པ་མ་ཡིན་ལ། །སེམས་ཀྱིས་ཀྱང་ནི་ཕྱིར་མི་འགྱུར། །ཆོས་དེ་ལ་ནི་དགའ་བ་མེད། །ཞེ་སྡང་ལ་ཡང་གནས་པ་མིན། །རི་རྒྱལ་བཞིན་དུ་མི་གཡོ་བས། །རྗོད་པར་བྱེད་ཀྱང་དམིགས་སུ་མེད། །ཀུན་འཛིན་ཡང་དག་ཡོད་མ་ཡིན། །བདག་ཀྱང་ཡོད་པ་མ་ཡིན་ཏེ། །
གལ་ཏེ་བདག་ནི་རང་བཞིན་སྟོང་། །ཀུན་འཛིན་ཡང་ནི་ཡོད་མི་འགྱུར། །ཀུན་འཛིན་རང་བཞིན་སྟོང་ཡིན་ན། །བྱིས་པས་ཡོད་པར་རབ་ཏུ་བརྟགས། །ཡང་དག་མ་ཡིན་བརྟགས་པས་ན། །མ་ཐོས་པར་ཡང་མྱ་ངན་སྐྱེད། །གང་ཞིག་འདོད་དང་ཀུན་འཛིན་དག །སྟོང་པ་ཉིད་དུ་རྣམ་རྟོག་པ། །རྟོག་པ་
གཉིས་པོ་དེ་དག་ཀྱང་། །མཐར་ནི་གང་ཡང་དམིགས་མི་འགྱུར། །གལ་ཏེ་སྟོང་ཉིད་སྟོང་རྟོགས་ན། །ཀུན་འཛིན་དག་ཀྱང་ཡོད་མི་འགྱུར། །བྱང་ཆུབ་ཡན་ལག་བར་དག་དང་། །ཏིང་འཛིན་དག་ཀྱང་སྟོང་པ་ཡིན། །གང་ཞིག་ཀུན་འཛིན་སྟོང་ཉིད་དང་། །ཏིང་འཛིན་དག་གི་བར་དག་ཀྱང་། །རབ་ཏུ་རྟོགས་
པར་གྱུར་ན་ནི། །མིག་ཀྱང་རབ་ཏུ་རྟོགས་པར་གྱུར། །གང་ཞིག་མིག་ནི་ཟད་པའི་མཐའ། །ཡང་དག་ཇི་བཞིན་རབ་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་ནི་སྐྱེ་བའི་མཐའ། །ཡང་དག་ཇི་བཞིན་རབ་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་
ནི་ཡོངས་སུ་རྟོགས་པར་བྱེད། །གང་ཞིག་མིག་གི་མཐའ་ཡི་རྣམས། །ཡང་དག་ཇི་བཞིན་རབ་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་ནི་རབ་དབེན་པ། །ཡང་དག་ཇི་བཞིན་རབ་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་
རྫོགས་པར་བྱེད། །གང་ཞིག་མིག་གི་འཇུག་པ་དག །ཡང་དག་ཇི་བཞིན་རབ་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་ནི་ཡོད་མིན་པ། །ཡང་དག་ཇི་བཞིན་རབ་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །

གང་ཞིག་མིག་ནི་ཉེར་ཞི་བ། །ཡང་དག་ཇི་བཞིན་རབ་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་ནི་འགྱུར་བ་ཡི། །ཟད་མཐའ་ཡང་དག་བཞིན་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་
མིག་གི་འགྱུར་བ་ཡི། །སྐྱེ་མཐའ་ཡང་དག་བཞིན་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་གི་འགྱུར་བ་ཡི། །མཐར་ནི་ཡང་དག་བཞིན་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་གི་
འགྱུར་བ་ཡི། །རབ་དབེན་ཡང་དག་བཞིན་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་གི་འགྱུར་བ་ཡི། །འཇུག་པ་ཡང་དག་བཞིན་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་གི་
འགྱུར་བ་ཡི། །མེད་པ་ཡང་དག་བཞིན་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །གང་ཞིག་མིག་གི་འགྱུར་བ་ཡི། །སྐྱེ་མེད་ཡང་དག་བཞིན་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། གང་ཞིག་མིག་གི་འགྱུར་
བ་ཡི། །ཉེར་ཞི་ཡང་དག་བཞིན་རྟོགས་ན། །ཀུན་འཛིན་སྒོ་ནི་གང་ཡིན་པ། །མཐར་ནི་ཡོངས་སུ་རྫོགས་པར་བྱེད། །རྣ་བ་སྣ་ལྕེ་ལུས་དང་ཡིད། །ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །འཇིག་རྟེན་སྐྱེ་བའི་མིང་གི་བར། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །གང་ཞིག་མིག་གི་སྔོན་མཐའ་ལ། །འགྱུར་
དང་ཐ་དད་མཚན་ཉིད་མེད། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་ཟད་མཐའ་ལ། །འགྱུར་དང་ཐ་དད་མཚན་ཉིད་མེད། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་སྐྱེ་མཐའ་ལ། །འགྱུར་དང་ཐ་དད་མཚན་
ཉིད་མེད། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་མཐའ་དག་ལ། །འགྱུར་དང་ཐ་དད་མཚན་ཉིད་མེད། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་ཉེར་ཞི་ལ། །འགྱུར་དང་ཐ་དད་མཚན་ཉིད་མེད། །ལེན་

དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་འཇུག་པ་ལ། །འགྱུར་དང་ཐ་དད་མཚན་ཉིད་མེད། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་མེད་པ་ལ། །འགྱུར་དང་ཐ་དད་མཚན་ཉིད་མེད། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་
སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་སྐྱེ་མེད་ལ། །འགྱུར་དང་ཐ་དད་མཚན་ཉིད་མེད། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་ཉེར་ཞི་ལ། །འགྱུར་དང་ཐ་དད་མཚན་ཉིད་མེད། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །རྣ་བ་སྣ་ལྕེ་ལུས་
དང་ཡིད། །ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །འཇིག་རྟེན་སྐྱེ་བའི་མིང་གི་བར། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །འདོད་སྡང་གཏི་མུག་ང་རྒྱལ་ཆེ། །ཕྲག་དོག་སེར་སྣ་སྒྱུ་མྱ་ངན། །ཉེས་དམིགས་དྲི་མ་ཟུག་རྔུ་དང་། །ཆུ་བོ་དཀར་ནག་ལས་རྣམས་དང་། །སྐྱེ་བ་མེད་དང་འགག་མེད་དང་། །འགྲོ་བ་མེད་དང་འོང་མེད་
དང་། །མིག་ཡོ་ཐ་དད་མི་འགྱུར་དང་། །བྱས་མིན་སྤྱོད་པ་མ་ཡིན་དང་། །སྣང་མིན་མུན་པ་མ་ཡིན་དང་། །འཇུག་མིན་ཆུ་བོ་སྤངས་པ་དང་། །ཟག་པ་མེད་དང་གནས་མེད་དང་། །འགྲོ་མིན་མི་འགྲོ་མ་ཡིན་དང་། །ཡི་གེ་མ་ཡིན་དམིགས་མིན་དང་། །འབྱུང་བ་མ་ཡིན་འཇུག་མིན་དང་། །ཡང་དག་མ་ཡིན་རྣམ་རྟོག་སོགས། །
སྒོ་ནི་དྲུག་ཅུ་རྩ་གཉིས་རྣམས། །སོ་སོའི་དོན་དང་ཅི་རིགས་པར། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །གང་ཞིག་མིག་གི་སྔོན་མཐའ་ཡི། །རབ་དང་ཐ་མའི་བར་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་ཟད་མཐའ་ཡི། །རབ་དང་ཐ་མའི་བར་ཤེས་
ཤིང་། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་སྐྱེ་མཐའ་ཡི། །རབ་དང་ཐ་མའི་བར་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་མཐའ་དག་གི །རབ་དང་ཐ་མའི་བར་ཤེས་ཤིང་། །ལེན་དང་རྣམ་རྟོག་
མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་རབ་དབེན་པའི། །རབ་དང་ཐ་མའི་བར་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་འཇུག་པ་ཡི། །རབ་དང་ཐ་མའི་བར་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་

གནས་པ་ཡིན། །གང་ཞིག་མིག་ནི་མེད་པ་ཡི། །རབ་དང་ཐ་མའི་བར་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་ནི་མི་སྐྱེ་བའི། །རབ་དང་ཐ་མའི་བར་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །གང་ཞིག་མིག་གི་ཉེར་ཞི་བའི། །
རབ་དང་ཐ་མའི་བར་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་གྱུར་པ། །ཀུན་འཛིན་སྒོ་ལ་གནས་པ་ཡིན། །རྣ་བ་སྣ་ལྕེ་ལུས་དང་ཡིད། །ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །འཇིག་རྟེན་སྐྱེ་བའི་མིང་གི་བར། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །ས་ལ་འགྱུར་བ་མེད་པ་དང་། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་
རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །ས་ནི་མི་སྐྱེ་འདུ་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །ས་ནི་འགག་མེད་འདུ་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །
ས་ལ་འཇུག་པར་འདུ་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །ས་ལ་ངེས་འབྱུང་འདུ་ཤེས་ཤིང་། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །ས་ལ་སྨོན་མེད་འདུ་ཤེས་ཤིང་། །ལེན་དང་རྣམ་རྟོག་
མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །ས་ལ་གནས་མེད་འདུ་ཤེས་ཤིང་། །འགྲོ་བ་མེད་དང་འོང་མེད་དང་། །མཐའ་མེད་དང་ནི་ཟད་མེད་དང་། །མཚུངས་པར་ལྡན་དང་མཚུངས་མི་ལྡན། །མིང་དང་ཡི་གེ་བརྟགས་བྲལ་དང་། །སོ་སོར་བརྟགས་དང་འཇུག་པ་དང་། །གཉེན་པོ་མི་འཐུན་
ཕྱོགས་མེད་དང་། །བརྗོད་དུ་མེད་ཅིང་བསྟན་མེད་དང་། །རབ་དབེན་གནས་པ་མེད་པ་དང་། །དྲན་པ་ཉེར་གཞག་ཡང་དག་སྤོང་། །རྫུ་འཕྲུལ་རྐང་དང་དབང་པོ་སྟོབས། །བྱང་ཆུབ་ཡན་ལག་མི་འཇིགས་ལམ། །དེ་ལྟར་སའི་ཆོས་རྣམས་ལ། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་
རྫོགས་པར་བྱེད། །གལ་ཏེ་བདག་ལ་འཇུག་མེད་པས། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །གལ་ཏེ་བདག་ལ་འབྱུང་མེད་པས། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །

གལ་ཏེ་བདག་ལ་མཚན་མེད་པས། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །གལ་ཏེ་བདག་ལ་སྨོན་མེད་པས། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །གལ་ཏེ་
བདག་ལ་གནས་མེད་པས། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །གལ་ཏེ་བདག་ལ་སྐྱེ་མེད་པས། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །གལ་ཏེ་བདག་ལ་འགག་
མེད་པས། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །གལ་ཏེ་བདག་ལ་ཡིག་མེད་པས། །ལེན་དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །གལ་ཏེ་བདག་ནི་ཡིག་བྲལ་བས། །ལེན་
དང་རྣམ་རྟོག་མེད་པར་ནི། །དེ་ལྟར་གང་ཞིག་རྟོགས་གྱུར་པ། །ཀུན་འཛིན་སྒོ་ནི་རྫོགས་པར་བྱེད། །མིག་གི་སྔོན་དང་ཕྱི་མཐའ་དག །རྟག་ཆད་དག་ནི་སྤངས་པ་དང་། །རྒྱུ་རྐྱེན་རང་བཞིན་སྟོང་བར་ནི། །འདྲེན་པས་ཐབས་ཀྱིས་བསྟན་རིག་བྱོས། །གལ་ཏེ་ཆོས་ནི་སྟོན་པའི་ཚེ། །མིག་གི་མཚན་ཉིད་རྟོག་བྱེད་ན། །
དེ་ནི་མི་བདེན་རྟོག་ཡིན་པས། །ཡང་དག་ཆོས་བསྟན་ཞེས་མི་བྱ། །གལ་ཏེ་ཆོས་ནི་སེམས་པའི་ཚེ། །མིག་གི་མཚན་ཉིད་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་སེམས་པ་ཞེས་མི་བྱའོ། །གལ་ཏེ་ཆོས་ནི་སྒོམ་པའི་ཚེ། །མིག་གི་མཚན་ཉིད་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་སྒོམ་པ་ཞེས་མི་བྱའོ། །
གང་ཞིག་མིག་གི་སྟོང་ཉིད་རྟོགས། །བྱང་ཆུབ་གཞོལ་བར་མི་བྱེད་ན། །སངས་རྒྱས་གང་ཟག་དེ་དག་ལ། །རྟག་ཏུ་མངོན་སུམ་ཆོས་སྟོན་མཛད། །གལ་ཏེ་མིག་ནི་མ་རྟོགས་ན། །གཟུགས་ཀྱང་རྟོགས་པར་མི་འགྱུར་ལ། །གལ་ཏེ་མིག་ནི་རྟོགས་གྱུར་ན། །གཟུགས་ཀྱང་རབ་ཏུ་རྟོགས་པར་འགྱུར། །གལ་ཏེ་མིག་ནི་རྟོགས་
གྱུར་ན། །གཟུགས་ཀྱང་རབ་ཏུ་རྟོགས་འགྱུར་ལ། །གལ་ཏེ་གཟུགས་ནི་རྟོགས་གྱུར་ན། །མིག་ཀྱང་རབ་ཏུ་རྟོགས་པར་འགྱུར། །རྣ་བ་སྣ་ལྕེ་ལུས་དང་ཡིད། །ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །འཇིག་རྟེན་སྐྱེ་བའི་མིང་གི་བར། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །གལ་ཏེ་ཆོས་ནི་སྟོན་པའི་ཚེ། །རྒྱུ་ཡི་མཚན་

ཉིད་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་སྟོན་པ་ཞེས་མི་བྱའོ། །གལ་ཏེ་ཆོས་ནི་སྟོན་པའི་ཚེ། །འབྲས་བུའི་མཚན་ཉིད་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་སྟོན་པ་ཞེས་མི་བྱའོ། །གལ་ཏེ་ཆོས་ནི་སྟོན་པའི་ཚེ། །ལམ་གྱི་མཚན་ཉིད་རྟོག་བྱེད་ན། །དེ་ནི་མི་
བདེན་རྟོག་ཡིན་པས། །ཆོས་སྟོན་པ་ཞེས་མི་བྱའོ། །གལ་ཏེ་ཆོས་ནི་སྟོན་པའི་ཚེ། །སྟོང་པའི་མཚན་ཉིད་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་སྟོན་པ་ཞེས་མི་བྱའོ། །གལ་ཏེ་ཆོས་ནི་སྟོན་པའི་ཚེ། །བསགས་པ་དག་ཏུ་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་
སྟོན་པ་ཞེས་མི་བྱའོ། །གལ་ཏེ་ཆོས་ནི་སྟོན་པའི་ཚེ། །རྫས་ཀྱི་དངོས་པོར་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་སྟོན་པ་ཞེས་མི་བྱའོ། །གལ་ཏེ་ཆོས་ནི་སྟོན་པའི་ཚེ། །མིག་གི་འཛིན་པར་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་སྟོན་པ་ཞེས་མི་བྱའོ། །མིག་ནི་
ཤེས་པར་མ་གྱུར་ན། །འདོད་ཆགས་དག་ནི་སྐྱེ་བར་འགྱུར། །གལ་ཏེ་མིག་ནི་ཤེས་གྱུར་ན། །འདོད་ཆགས་དག་ནི་སྐྱེ་མི་འགྱུར། །རྣ་བ་སྣ་ལྕེ་ལུས་དང་ཡིད། །ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །འཇིག་རྟེན་སྐྱེ་བའི་མིང་གི་བར། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །གལ་ཏེ་
ཆོས་ནི་སྟོན་པའི་ཚེ། །ཁམས་ནི་སྣ་ཚོགས་རྟོག་བྱེད་ན། །དེ་ནི་མི་བདེན་རྟོག་ཡིན་པས། །ཆོས་སྟོན་པ་ཞེས་མི་བྱའོ། །ཡི་དམ་དག་ནི་མི་ཉམས་ཤིང་། །ངོ་བོ་ཉིད་སྟོང་རྟོགས་པ་དང་། །ཏིང་འཛིན་སྒོ་རྣམས་ཐོབ་གྱུར་པ། །དེས་ནི་ཆོས་ལེགས་སྟོན་པར་འགྱུར། །ཡི་དམ་དག་ནི་མི་
ཉམས་ཤིང་། །མིག་ལ་རྟོག་པ་སྤངས་པ་ནི། །རྣམ་རྟོག་མེད་པར་གྱུར་པའི་ཕྱིར། །དེས་ནི་ཆོས་ལེགས་སྟོན་པར་འགྱུར། །མིག་ཉིད་སྟོང་པར་མ་ཤེས་ན། །མིག་གི་རང་བཞིན་དག་ལ་རྨོངས། །འདི་ལྟར་ཁོང་དུ་མ་ཆུད་ཕྱིར། །དེས་ནི་ཆོས་རྣམས་བསྟན་མི་བྱ། །གལ་ཏེ་མིག་
ཉིད་སྟོང་ཤེས་ན། །མིག་གི་རང་བཞིན་ཤེས་པར་འགྱུར། །འདི་ལྟར་རབ་ཏུ་ཤེས་པའི་ཕྱིར། །དེས་ནི་ཆོས་རབ་བསྟན་པར་བྱ། །མིག་ཉིད་སྟོང་པར་མ་ཤེས་ན། །ཚིག་གི་རང་བཞིན་དག་ལ་རྨོངས། །འདི་ལྟར་ཁོང་དུ་མ་ཆུད་ཕྱིར། །དེས་ནི་ཆོས་རྣམས་བསྟན་མི་བྱ། །གལ་ཏེ་

མིག་ཉིད་སྟོང་ཤེས་ན། །ཚིག་གི་རང་བཞིན་ཤེས་པར་འགྱུར། །འདི་ལྟར་རབ་ཏུ་ཤེས་པའི་ཕྱིར། །དེས་ནི་ཆོས་རབ་བསྟན་པར་བྱ། །མིག་ཉིད་སྟོང་བར་མ་ཤེས་ན། །མིག་གི་རང་བཞིན་དག་ལ་རྨོངས། །འདི་ལྟར་ཁོང་དུ་མ་ཆུད་ཕྱིར། །དེས་ནི་ཆོས་རྣམས་བསྟན་མི་བྱ། །གལ་ཏེ་མིག་ཉིད་སྟོང་
ཤེས་ན། ཡི་གེའི་རང་བཞིན་ཤེས་པར་འགྱུར། །འདི་ལྟར་རབ་ཏུ་ཤེས་པའི་ཕྱིར། །དེས་ནི་ཆོས་རབ་བསྟན་པར་བྱ། །མིག་ཉིད་སྟོང་པར་མ་ཤེས་ན། །མིག་གི་རང་བཞིན་དག་ལ་རྨོངས། །འདི་ལྟར་ཁོང་དུ་མ་ཆུད་ཕྱིར། །དེས་ནི་ཆོས་རྣམས་བསྟན་མི་བྱ། །གལ་ཏེ་མིག་ཉིད་སྟོང་ཤེས་ན། །མིག་གི་
རང་བཞིན་ཤེས་པར་འགྱུར། །འདི་ལྟར་རབ་ཏུ་ཤེས་པའི་ཕྱིར། །དེས་ནི་ཆོས་རབ་བསྟན་པར་བྱ། །མིག་ཉིད་སྟོང་པར་མ་ཤེས་ན། །གཟུགས་ཀྱི་རང་བཞིན་དག་ལ་རྨོངས། །འདི་ལྟར་ཁོང་དུ་མ་ཆུད་ཕྱིར། །དེས་ནི་ཆོས་རྣམས་བསྟན་མི་བྱ། །གལ་ཏེ་མིག་ཉིད་སྟོང་ཤེས་ན། །གཟུགས་ཀྱི་རང་བཞིན་ཤེས་པར་
འགྱུར། །འདི་ལྟར་རབ་ཏུ་ཤེས་པའི་ཕྱིར། །དེས་ནི་ཆོས་རབ་བསྟན་པར་བྱ། །མིག་ཉིད་སྟོང་པར་མ་ཤེས་ན། །འཇིག་རྟེན་མཚན་གནས་རྟོག་བྱེད་པས། །རྗེས་སུ་འཐུན་པ་ཁོ་ནར་ནི། །སེམས་ཅན་རྣམས་ནི་གདུལ་མི་ནུས། །མིག་གི་ཡོད་མེད་མ་རྟོགས་པར། །འཁོར་གྱི་ནང་དུ་ཆོས་སྟོན་པ། །དེ་ནི་རྙེད་ལ་གདུ་
བས་ན། །ཐམས་ཅད་ཡིད་ཆེས་ལེན་མི་བྱེད། །མིག་གི་ཡོད་མེད་རྟོགས་གྱུར་ན། །འཁོར་གྱི་ནང་དུ་ཆོས་སྟོན་པས། །དེས་ནི་མངོན་ཞེན་མེད་པས་ན། །ཐམས་ཅད་ཡིད་ཆེས་ལེན་པར་བྱེད། །མིག་ཉིད་སྟོང་པར་མ་རྟོགས་པར། །ཆོས་ཀྱི་སྟན་ལ་འདུག་ནས་ནི། །དཔེ་མང་དག་གིས་རབ་བསྟན་ཀྱང་། །ཐམས་ཅད་
ཡིད་ཆེས་ལེན་མི་བྱེད། །གལ་ཏེ་མིག་ཉིད་སྟོང་ཤེས་ན། །ཆོས་ཀྱི་སྟན་ལ་འདུག་ནས་ནི། །དཔེ་རྣམས་ཀྱིས་ནི་སྟོན་བྱེད་ན། །ཐམས་ཅད་ཡིད་ཆེས་ལེན་པར་བྱེད། །རྣ་བ་སྣ་ལྕེ་ལུས་དང་ཡིད། །ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །འཇིག་རྟེན་སྐྱེ་བའི་མིང་གི་བར། །ཐམས་ཅད་དེ་བཞིན་སྦྱར་བར་བྱ། །བཅོམ་ལྡན་འདས་
ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །ཟླ་འོད་གཞོན་ནུར་གྱུར་པ་དང་། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་འཁོར་འདུས་པ་ཆེན་པོ་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་

རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འོད་ཟེར་ཀུན་ཏུ་བཀྱེ་བའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་གཉིས་པ་སྟེ་བྱང་ཆུབ་སེམས་དཔའི་སྡེ་སྣོད། བམ་པོ་དང་པོ།
རྒྱ་གར་སྐད་དུ། ཨཱརྱ་བོ་དྷི་སཏྭ་པི་ཊ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་
ན། བཅོམ་ལྡན་འདས་མཉན་ཡོད་ན་དབྱར་གནས་སུ་གནས་ནས་ཟླ་བ་གསུམ་འདས་ཏེ་དགག་དབྱེ་མཛད་ནས། ཆོས་གོས་མཛད་དེ། ཆོས་གོས་ཟིན་ནས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གཤེགས་ཏེ། བཅོམ་ལྡན་འདས་ལ་
དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོ་དང་། བློན་པོ་དང་། མུ་སྟེགས་ཅན་སྣ་ཚོགས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་
ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བླ་མར་བྱས། བཀུར་སྟིར་བྱས། རི་མོར་བྱས། མཆོད་པ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་དང་། ཞལ་ཟས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་བཟང་པོ་མང་པོ་ཡང་བརྙེས་སོ། །འདི་ལྟར་བཅོམ་ལྡན་འདས་དེ་ནི་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། དེས་ལྷར་བཅས་པ་དང་། བདུད་
དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་འདི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ཟིལ་གྱིས་མནན་ཏེ། རང་གི་མངོན་པར་ཤེས་པས་མངོན་དུ་བྱས་ནས་བསྒྲུབས་ཏེ་བཞུགས་ཤིང་དེ་ཆོས་སྟོན་པ་

ནི་ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་རབ་ཏུ་སྟོན་ཏོ་ཞེས་བཅོམ་ལྡན་འདས་ཀྱི་དགེ་བར་གྲགས་པའི་སྒྲ་ཚིགས་སུ་
བཅད་པ་རྒྱ་ཆེན་པོ་ཡང་མངོན་པར་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཡུལ་མ་ག་དྷའི་ལྗོངས་རྒྱུ་ཞིང་མཐར་གྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་གང་ན་ཡོད་པ་དེར་གཤེགས་ཏེ། བྱོན་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །དེའི་ཚེ་རྒྱལ་པོའི་
ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་ཞེས་བྱ་བ། སྔོན་དགེ་བའི་རྩ་བ་བསྐྱེད་པ། སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་པ། ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ། བདག་དབང་བ་མང་བ། ནོར་དང་། ཡོ་བྱད་མང་བ། གསེར་དངུལ་མང་བ། ནོར་དང་
འབྲུས་ཡོངས་སུ་གང་བའི་མཛོད་དང་། བང་བ་མང་བ། ནོར་བུ་དང་། མུ་ཏིག་དང་། བཻ་དྰུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་མང་བ། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་མང་བ། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་ཞིག་གནས་
ཏེ། དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་རིགས་ལས་མངོན་པར་བྱུང་ནས། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བྱོན་ནས་དེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་བྱ་རྒོད་
ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་
རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། དེ་ཆོས་སྟོན་པ་ནི་ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་རབ་ཏུ་

སྟོན་ཏོ་ཞེས་དགེ་སྦྱོང་གཽ་ཏ་མ་དེའི་དགེ་བར་གྲགས་པའི་སྒྲ་ཚིགས་སུ་བཅད་པ་རྒྱ་ཆེན་པོ་དེ་ལྟ་བུ་ཡང་མངོན་པར་བྱུང་བ་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་གིས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལྟ་བུ་དག་མཐོང་
ན་ལེགས་པར་འགྱུར་གྱིས་བདག་དགེ་སྦྱོང་གཽ་ཏ་མ་དེ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་ཁྱིམ་བདག་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ངོ་། །བཅོམ་ལྡན་འདས་ཀྱང་སྔ་དྲོའི་དུས་ཀྱི་
ཚེ། ཤམ་ཐབས་མན་བས། ཆོས་གོས་དང་། ལྷུང་བཟེད་བསྣམས་ནས། དགེ་སློང་གི་དགེ་འདུན་གྱིས་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། སྤྱོད་ལམ་མཛེས་པ་དང་། མངོན་དུ་གཤེགས་པ་དང་། ཕྱིར་ལྡོག་པ་མཛེས་པ་དང་། གཟིགས་པས་རྣམ་པར་གཟིགས་
པ་མཛེས་པ་དང་། སྙང་བ་དང་། བསྐུམ་པ་མཛེས་པ་དང་། ཆོས་གོས་སྣམ་སྦྱར་དང་། ན་བཟའ་དང་། ལྷུང་བཟེད་བསྣམས་པ་མཛེས་པ་དང་། ཀུན་ནས་མཛེས་པ་བསོད་སྙོམས་ཀྱི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་སོ་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་དང་།
ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་གིས་བཅོམ་ལྡན་འདས་མཛེས་ཤིང་དགའ་བར་འགྱུར་བ། དབང་པོ་ཞི་བ། ཡིད་ཞི་བ། དུལ་བ་དང་། ཞི་གནས་དམ་པ་བརྙེས་པ། གླང་པོ་ལྟར་དབང་པོ་ཐུལ་བ། མཚོ་ལྟར་དང་ཞིང་གསལ་བ། རྙོག་པ་མེད་པ། ལྷ་དུ་མས་མཆོད་པ། གནོད་
སྦྱིན་དུ་མས་མཆོད་པ། མི་དུ་མས་མཆོད་པ། གསེར་གྱི་ཁ་དོག་གི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་འབེབས་ཤིང་། མེ་ཏོག་གི་ཆུ་བོ་ཆེན་པོ་རབ་ཏུ་འབེབས་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་
པད་མ་འདབ་མ་བྱེ་བ་བརྒྱ་ཕྲག་སྟོང་ཡོད་པ་ལ་ཞབས་འདོར་ཞིང་གཤེགས་པ་རྒྱང་རིང་པོ་ནས་མཐོང་སྟེ། སྤྱོད་ལམ་བརྒྱ་སྟོང་མང་པོས་གཤེགས་པ་རྒྱང་རིང་པོ་ནས་མཐོང་ནས་བཅོམ་ལྡན་འདས་ལ་སེམས་དད་པར་གྱུར་ཏོ། །དེ་དག་སེམས་དད་པར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་

དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་གིས་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་གཽ་ཏ་མ་དཔལ་གྱིས་འཁོར་འདི་ཟིལ་གྱིས་གནོན་པར་མཛད་དོ། །བཅོམ་ལྡན་འདས་གཽ་ཏ་མ་གཟི་བརྗིད་ཀྱིས་འཁོར་འདི་ཟིལ་གྱིས་གནོན་པར་མཛད་དོ། །བཅོམ་ལྡན་འདས་གཽ་ཏ་མ་འོད་ཀྱིས་འཁོར་འདི་ཟིལ་གྱིས་གནོན་པར་མཛད་དོ། །བཅོམ་ལྡན་འདས་
གཽ་ཏ་མ་གཟུགས་ཀྱིས་འཁོར་འདི་ཟིལ་གྱིས་གནོན་པར་མཛད་དོ། །བཅོམ་ལྡན་འདས་གཽ་ཏ་མ་ནི་སྐུའི་ཁ་དོག་གསེར་ལྟ་བུའོ། །བཅོམ་ལྡན་འདས་གཽ་ཏ་མ་ནི་སྐུས་ལུས་ཅན་བདེ་བ་མྱོང་བར་མཛད་པའོ། །བཅོམ་ལྡན་འདས་གཽ་ཏ་མ་ནི་དངོས་པོ་ཐམས་ཅད་ཀྱིས་མི་མཉམ་པ་དང་མཉམ་པའོ། །
བཅོམ་ལྡན་འདས་གཽ་ཏ་མ་ནི་འཇིག་རྟེན་ཐམས་ཅད་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ལགས་ན། བཅོམ་ལྡན་འདས་གཽ་ཏ་མ་བདག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་གཽ་ཏ་མས་ཅི་ཞིག་གཟིགས་ན་ཁབ་ནས་ཁབ་མ་མཆིས་པར་རབ་ཏུ་བྱུང་སྙམ་སེམས་སོ། །དེ་ནས་བཅོམ་
ལྡན་འདས་ལ་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་གིས་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། །རྒྱལ་བའི་དཔལ་དང་གྲགས་དང་གཟུགས་དག་ནི། །སྔན་ཆད་བདག་གིས་ཇི་སྐད་ཐོས་པ་བས། །དེ་བས་ལྷག་པར་གསེར་གྱི་གཟུགས་བཞིན་དུ། །མཛེས་དང་ལྡན་པར་ལྷམ་
མེར་རབ་ཏུ་གདའ། །གཟུགས་ནི་ཤིན་ཏུ་མཛེས་ཤིང་བལྟ་ན་སྡུག །སྐུ་ཡི་ཁ་དོག་གསེར་གྱི་མདོག་འདྲ་བས། །སྐར་མང་དག་གི་དབུས་ན་ཟླ་བ་ལྟར། །དགེ་སློང་མང་པོའི་དབུས་ན་མཛེས་པར་མཛད། །མི་མཆོག་གི་ནི་སྤྱི་བོ་བལྟར་མི་གདའ། །རི་རབ་བཞིན་དུ་མངོན་པར་འཕགས་
པར་གདའ། །གཙུག་གི་སྤྱི་བོ་ལྷ་ཡི་གདུགས་བཞིན་དུ། །ཀུན་ནས་བྱིན་གྱིས་གཞོལ་བར་གྱུར་པ་ལགས། །དབུ་ཡི་སྐྲ་ནི་འཇམ་ཞིང་རབ་མཉེན་ལ། །ཨན་ད་རྙིལ་དང་སྟང་ཟིལ་ཁ་དོག་འདྲ། །གཡས་སུ་འཁྱིལ་ལ་ཤིན་ཏུ་འཇམ་པ་སྟེ། །རྨ་བྱའི་མགྲིན་པ་ཇི་བཞིན་ཉིད་དུ་

གདའ། །སྨྲ་བ་མཆོག་གི་དཔྲལ་བ་ཤིན་ཏུ་མཉམ། །ཁྱོད་ཀྱི་སྨིན་ཚུགས་འཇའ་ཁུགས་ལྟ་བུ་སྟེ། །འོད་གསལ་བ་ནི་སྐར་མའི་རྒྱལ་པོ་ལྟར། །རྡུལ་བྲལ་སྨིན་མཚམས་སྤུ་ནི་ཤིན་ཏུ་མཛེས། །སྤྱན་བཟང་ཁྱོད་ཀྱི་སྤྱན་ནི་དགར་འགྱུར་བ། །འགྲོ་བ་རྣམས་ལ་མཛེས་ཤིང་མཐོང་ན་དགའ། །
བདག་ནི་ལྟ་བས་ངོམས་པར་མི་འགྱུར་ཏེ། །མགོན་པོ་རྣམ་དག་སྤྱན་ལ་བདག་ཕྱག་འཚལ། །སྐྱེས་བུ་དམ་པའི་ཤངས་ནི་བྱིན་གྱིས་མཉམ། །ཇི་ལྟར་གསེར་གྱི་རི་ལྟར་རབ་ཏུ་གདའ། །ཁྱོད་ཀྱི་སྒྲོས་ནི་བིམ་པ་བྱི་རུ་བཞིན། །དག་ཅིང་རྣམ་དག་ནོར་བུ་རིན་ཆེན་འདྲ། །དུལ་ལ་དགྱེས་
པའི་ཚེམས་ནི་མཛེས་པ་སྟེ། །སྣང་བར་བྱེད་པ་རབ་ཏུ་དཀར་བའི་ཚེམས། །པདྨའི་རྩ་བ་བ་ཞོ་ཆུ་སྐྱར་འདྲ། །སྲ་ཞིང་དམ་ལ་ཐགས་བཟངས་ཤིན་དུ་དག །ཚེམས་དང་ཚེམས་ཀྱི་བར་ནི་ཤིན་ཏུ་འབྱོར། །རྒྱལ་བའི་མཆེ་བ་མཛེས་ཤིང་རྡུལ་མི་མངའ། །ངང་པའི་ཁྱུ་ན་ངང་པའི་རྒྱལ་
པོ་ནི། །རྣམ་དག་དཀར་ཞིང་རབ་ཏུ་དཀར་བ་བཞིན། །བདེ་བར་གཤེགས་པའི་ལྗགས་ཀྱིས་ཞལ་ཁེབས་ཏེ། །ཨུད་པལ་དམར་པོ་རྣམ་དག་ཟངས་ཀྱི་མདོག །ཉི་མ་འཆར་ཚེ་ནོར་བུ་དག་མདོག་བཞིན། །སྲབ་ལ་རིང་ཞིང་སྐྱོན་མེད་ཤིན་ཏུ་ཡངས། །གཽ་ཏ་མའི་སྙན་ནི་རབ་ཏུ་ལེགས། །
སེང་གེའི་འགྲམ་པ་སེང་གེའི་འཇིགས་མེད་བཞིན། །ཚངས་བཅས་འཇིག་རྟེན་ལྷ་དང་མི་ལ་ཡང་། །བདག་གིས་གང་ཡང་མ་ཐོས་མ་མཐོང་ངོ་། །བདེ་གཤེགས་མཐུ་ཡིས་མགུར་ན་མཐོང་བ་ནི། །མགུར་གྱི་མིད་པ་གཙང་ལ་འོད་གསལ་ཏེ། །དྲང་པོ་དབུས་སུ་འགྲོ་བ་ཡོན་པོ་
གསལ། །རོ་ཡི་རོ་མཆོག་མི་དང་ལྷ་ཡི་ལྷ། །དཔུང་མགོ་རབ་ཏུ་ཟླུམ་ཞིང་ཐལ་གོང་རྒྱས། །བདུན་པོ་མཐོ་བ་འཇིག་རྟེན་ཀུན་ཏུ་གྲགས། །མགོན་པོ་མི་དབང་སྙིང་པོ་དཔལ་གྱིས་ཀྱང་། །རི་ཡི་རྩེ་ལ་ཉི་མ་འཆར་བ་བཞིན། །མཐོ་བ་གཉིས་ནི་ཞབས་ཀྱི་མཐིལ་ནས་སྐྱེས། །
ཕྱག་ལས་གཉིས་སྐྱེས་ཐལ་གོང་གཉིས་སྐྱེས་ཏེ། །མཐོ་བ་གཅིག་ནི་ལྟག་པ་ཉིད་ན་གཅིག །དགེ་ཞིང་དག་སྟེ་འོད་གསལ་རབ་ཏུ་རྒྱས། །བཅོམ་ལྡན་གཽ་ཏ་མ་ཡི་ཕྱག་རིང་བ། །ཇི་ལྟར་གླང་པོའི་རྒྱལ་པོའི་སྣ་བཞིན་ཏེ། །ཕྱག་གཉིས་པོ་ནི་འདུད་པ་མ་བགྱིས་པར། །པུས་

མོ་གཉིས་སུ་ཕྱག་གིས་རབ་ཏུ་རེག །སྐུ་ཡི་རོ་སྟོད་སེང་གེ་བཞིན་དུ་འཕགས། །སྐུ་ནི་སྲེད་མེད་བུ་ལྟར་རབ་ཏུ་བརྟན། །ནྱ་གྲོ་དྷ་བཞིན་ཆུ་ཞེང་གབ་པའི་སྐུ། །བཟོད་པའི་སྟོབས་དང་ལྡན་པ་སྟོབས་པོ་ཆེ། །སྐུ་ཡི་སྤུ་རྣམས་གཡས་འཁྱིལ་གྱེན་དུ་ཕྱོགས། །རེ་རེར་
སྐྱེས་ཤིང་ཤིན་ཏུ་འཇམ་པ་སྟེ། །ཇི་ལྟར་པད་མ་ཆུ་དང་འདམ་མི་གོས། །དེ་བཞིན་རྡུལ་དང་དུ་བས་མི་གོས་སོ། །རྟ་མཆོག་དུལ་བ་ཡི་ནི་ཇི་ལྟ་བར། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་ཅེས་གདའ། །བརླ་ནི་རབ་ཟླུམ་སྨྱིག་མའི་སྙིང་པོ་བཞིན། །ཁྱོད་ཀྱི་རྗེ་ངར་བྱིན་གྱིས་རིམ་བཞིན་
མཆིས། །ཞབས་གོང་དུང་ལྟར་མཐོ་ཞིང་རྟིང་པ་ཆེ། །ཁྱོད་ཀྱི་ཕྱག་དང་ཞབས་ནི་དྲ་བས་འབྲེལ། །སོར་མོ་རིང་ཞིང་སོར་མོ་ཉི་ཤུ་མཉམ། །སེན་མོ་ཟངས་འདྲ་སོར་སེན་མེ་ཏོག་ཅན། །ཁྱོད་ཀྱི་ཞབས་མཐིལ་འཁོར་ལོ་རབ་ཀྱིས་མཚན། །རྩིབ་མ་སྟོང་ལ