Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 040_དཀོན་བརྩེགས།_ཁ
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
ན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བཙུན་མོའི་འཁོར་གྱི་ནང་དུ་འདུག་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དཀའ་བ་སྤྱོད་པ་ལ་སྦྱོར་བ་སྟོན་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་ངེས་པར་རྟོག་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་གུས་པ་དང་ཞེ་སས་སྐོར་བ་བྱེད་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་རྩོམ་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་གྱུར་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བདུད་སྡིག་ཅན་རབ་ཏུ་འདུལ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་མཐོང་ངོ་། ། འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུང་སྟོན་པར་མཛད་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་དག་མཐོང་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཆི་བའི་གནས་སྐབས་ལ་ཉེ་བར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེ་ནས་འཆི་འཕོ་བ་ན་དེ་ལྟ་བུའི་ལྟས་དེ་དག་འབྱུང་བར་འགྱུར་རོ། ཤ་ར་དྭ་ཏིའི་བུ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུར་གནས་ཏེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་ནི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུའི་བར་དུ་གནས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་གནས་པར་འགྱུར་བའི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུ་པོ་དག་ཇི་ལྟར་རྩི་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་ དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་གོ །བསྐལ་པ་བཅུ་ལ་བསྐལ་པ་ཆེན་པོ་གཅིག་སྟེ། ཤ་ར་དྭ་ཏིའི་བུ་འདི་ལྟར་རྩིས་པའི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུའི་བར་དུ་བདེ་བར་གཤེགས་པས་ གསུངས་པའི་དམ་པའི་ཆོས་གནས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེའི་དམ་པའི་ཆོས་ནུབ་པར་འགྱུར་བ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་སྣང་བ་ཆེན་པོ་འབྱུང་བར་འགྱུར། ས་ཆེན་པོ་ཡང་གཡོ་བར་འགྱུར། སྒྲ་སྐད་ཆེན་པོ་ཡང་གྲག་པར་འགྱུར་ རོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དམ་པའི་ཆོས་ནི་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ནུབ་པར་བྱེད་པར་མི་འགྱུར། དེའི་དམ་པའི་ཆོས་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ རྣམས་ཀྱིས་ཀྱང་ནུབ་པར་བྱེད་པར་མི་འགྱུར་གྱི། ཤ་ར་དྭ་ཏིའི་བུ་གཞན་དུ་ན་དེའི་མི་རྣམས་དམ་པའི་ཆོས་ཉན་པའི་འདུན་པ་ཆུང་བར་འགྱུར་ཏེ། དེ་དག་འདུན་པ་ཆུང་བས་ན། ཆོས་སྨྲ་བའི་དགེ་སློང་རྣམས་ཀྱི་དྲུང་དུ་འགྲོ་བར་མི་འགྱུར་རོ། །དེ་དག་དེར་མི་འགྲོ་བས་ན་དམ་པའི་ཆོས་ ཐོས་པར་མི་འགྱུར་རོ། །དམ་པའི་ཆོས་མ་ཐོས་པས་ན་སྒྲུབ་པར་མི་འགྱུར་རོ། །མི་སྒྲུབ་པས་ན་གོང་མའི་ཁྱད་པར་འཐོབ་པར་མི་འགྱུར་ཞིང་ཆོས་སྨྲ་བའི་དགེ་སློང་རྣམས་ཀྱིས་ཀྱང་མི་དེ་དག་འདུན་པ་ཆུང་བར་རིག་ནས་ཆོས་སྟོན་པར་མི་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟ་བུའི་རིམ་གྱིས་ དེའི་དམ་པའི་ཆོས་ནུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས་ལེའུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དགེ་བའི་རྩ་བ་ཇི་ལྟ་བུ་དང་། རྒྱུ་གང་དང་རྐྱེན་གང་གིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྤྱོད་པར་གྱུར་པ་གང་ཡིན་པའི་སྤྱོད་པ་དེ་དག་ལ་སྤྱད་པར་བྱ་ཞིང་སྤྱོད་པ་དེ་དག་བསྒྲུབ་ པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་ན། སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དྲུང་དུ་སྐྱེ་བར་འགྱུར་ཏེ། ཤ་ར་ དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། །ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་ གྱུར་ཅིག་ཅེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་གང་བཤད་པ་དེ་རྣམ་པ་ལས་རྗེས་སུ་དྲན་པར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་གང་ཡིན་པ་དེ་དག་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་ཤིན་ཏུ་འདས་པ་དེ་དག་ཀྱང་རྣམ་པ་ལས་རྗེས་ སུ་དྲན་པར་བྱ་སྟེ། ཇི་ལྟར་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་འགྱུར་བ་དང་། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ཉན་ཐོས་ ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འགྱུར་བར་དེ་དག་རྣམ་པ་ལས་རྗེས་སུ་དྲན་པར་བྱའོ། །ཤ་ར་དྭ་ཏིའི་བུ་གསུམ་གྱི་རྣམ་པ་དང་ལྡན་པའི་རིགས་ཀྱི་བུས་འདི་ལྟར་ཡང་དག་པར་བསླབ་པར་བྱ་སྟེ། བདག་གིས་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཐུན་མོང་དུ་བྱ་ཞིང་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཐུན་མོང་དུ་བྱས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་གསུམ་གྱི་རྣམ་པ་དང་ ལྡན་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསུམ་གྱི་རྣམ་པ་ལས་ཡོངས་སུ་བསྔོས་པ་ལ་བར་མདོར་ཡོངས་སུ་ཉམས་པ་མེད་པས་ན་ཤ་ར་དྭ་ཏིའི་བུ་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་ བའི་རྩ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་ཞིང་དེར་ཡང་སྐྱེ་བར་འགྱུར་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་དགེ་བའི་རྩ་བས། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དྲུང་དུ་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། ། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་མཐོང་ཞིང་། དེ་དག་མཐོང་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ཡང་རང་གི་འོད་ཀྱིས་སྣང་བར་བྱའོ་ཞེས་རྣམ་པ་ལས་རྗེས་སུ་དྲན་པར་བྱ་བ་དེ་ལྟ་ བུའི་སེམས་བསྐྱེད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ དེར་སྐྱེ་བར་འདོད་པས་འདི་ལྟར་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དེ་དག་མཐོང་ཞིང་ དེ་དག་མཐོང་ནས་ཀྱང་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ཡང་ཉན་ཐོས་ཀྱི་དགེ་འདུན་ཚད་མེད། གྲངས་མེད། བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་འབྱུང་བར་འགྱུར་བ་དེ་ལྟར་བྱ་ ཞིང་དེ་ལྟར་བརྩོན་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་འདི་ལྟར་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པ་དེ་མཐོང་ཞིང་མཐོང་ནས་ཀྱང་། ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡང་དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འགྱུར་བ་དེ་འདྲ་བར་བྱ་ཞིང་དེ་ལྟར་བརྩོན་པར་བྱའོ་ཞེས་དེ་ལྟར་སེམས་ བསྐྱེད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་གང་དག་དེ་བཞིན་གཤེགས་པའི་གྲངས་སུ་འགྲོ་བ་དང་། སངས་རྒྱས་ཀྱི་གྲངས་སུ་འགྲོ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་ གླང་པོ་ཆེ་དང་། བལ་གླང་སྤོས་ཀྱི་གླང་པོ་ཆེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད། གྲངས་མེད་པ་དེ་ལྟ་བུ་དེ་དག་གི་མིང་ཐོས་ན་ཡང་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་ཤིང་སྐྱེ་བར་འགྱུར་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་དགེ་བའི་རྩ་བ་རྣམས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེར་ཡོངས་སུ་བསྔོས་བས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་ལ་སླུ་བར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བའི་ཚད་ནི་གཟུང་བར་མི་ནུས་ཏེ། ཤ་ར་དྭ་ཏིའི་བུ་གལ་ཏེ་སེམས་ཅན་ཐམས་ཅད་ཀྱིས་ནམ་མཁའི་ཚད་ ཙམ་གྱི་སྣོད་དག་ཡོངས་སུ་བཀང་སྟེ་ཁྱེར་བར་གྱུར་ཀྱང་སྣོད་ཆེན་པོས་བཅུས་པ་དེས་དགེ་བའི་རྩ་བ་དེ་ཟད་པར་བྱེད་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་གང་ཡིན་པ་དེ་སྣོད་དག་གིས་གཞལ་བར་མི་ནུས་ཏེ། ཤ་ར་དྭ་ཏིའི་བུ་ དེའི་སྣོད་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་ལས་དཀོན་མཆོག་གསུམ་གྱི་གདུང་འཐོབ་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་གསུམ་གྱི་རྣམ་པ་ཡོངས་སུ་ བསྔོས་པའི་དགེ་བའི་རྩ་བ་འདི་དང་ལྡན་པ་དེ་དག་ཐམས་ཅད་ནི་ལོག་པར་ལྟུང་བ་མེད་པའི་ཆོས་ཅན་དུ་བལྟའོ། །ཤ་ར་དྭ་ཏིའི་བུ་གསུམ་གྱི་རྣམ་པ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཅན་དང་བདུད་ཀྱི་རིས་ཀྱི་ལྷ་ རྣམས་འདུལ་བར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེར་ཡང་སྐྱེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ ཚད་མེད་གྲངས་མེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བཤད་པ་དེ་ཡང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱའོ། །གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་ག་ལ་བ་དེར་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་ འོག་དང་། སྟེང་གི་ཕྱོགས་དང་། དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་ བཤད་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བྱ་ཞིང་རྗེས་སུ་ཡི་རང་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེར་ཡོངས་སུ་བསྔོ་བར་བྱ་སྟེ། དེར་ ཡོངས་སུ་བསྔོས་ན་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལ་སླུ་བར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་མང་པོ་དང་། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་མང་པོ་དག་དང་། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་མང་པོ་དག་དང་། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་མང་པོ་དག་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ན་ཡང་གང་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཛེས་པ་འདི་ལྟ་བུ་དག་མེད་དེ། ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བདག་གི་དགེ་བའི་རྩ་བ་འདིས་གང་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཛེས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་མཐོང་ཞིང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་ བུ་དག་མཐོང་ནས་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་དག་ཡོངས་སུ་གཟུང་བར་བྱའོ། །ཡོངས་སུ་བཟུང་ནས་ཀྱང་ཁ་ལོ་སྒྱུར་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་སོགས་པའི་ལུང་གིས་ བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དག་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དག་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དག་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་ དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱའོ་ཞེས་སེམས་བསྐྱེད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་རབ་ཏུ་འཛིན་པར་ འདོད་པས་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟར་མ་བྱས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་བསླུས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ གང་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་འགྱུར་བ་དེ་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་ བུ་མོ་གང་ལ་ལ་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་འགྱུར་བ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་ངས་ལུང་བསྟན་ཏོ།། །།བམ་པོ་ལྔ་བ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་སྐད་དུ་ཀྱེ་མ་སེམས་ཅན་གང་དག་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འདོད་པ་དེ་དག་འཆི་བའི་དུས་ཀྱི་ཚེ། བདག་ཀྱང་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་ནས་དེ་དག་གི་དྲུང་དུ་གནས་པར་འགྱུར་ལ། དེ་དག་གིས་ཀྱང་བདག་མཐོང་ ནས་སེམས་རབ་ཏུ་དགའ་བར་འགྱུར་ཞིང་དྲན་པ་ཉམས་པ་མེད་པ་དང་། སེམས་གཡེང་བ་མེད་པར་འཆི་བའི་དུས་བྱས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་ཆེན་པོ་བཏབ་པས་ན། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་མཚན་ཐོས་པར་འགྱུར་བ་དང་། ཐོས་ནས་ཀྱང་ཡིད་ལ་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྐུ་གླང་པོ་ཆེའི་ཁྲི་པད་མའི་གདན་ལ་བཞུགས་ པའི་བཀོད་པ་སྟོང་བྱེད་དུ་འཇུག་ན་གང་གི་ཚེ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་འཆི་བའི་དུས་བྱེད་པར་འགྱུར་བའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་ བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་ཏེ་གཤེགས་པར་འགྱུར་ཞིང་དེས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མདུན་ན་བཞུགས་པ་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་སེམས་དགའ་ བར་འགྱུར་ཞིང་མི་བརྗེད་པ་དང་། སེམས་མི་གཡེང་བར་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཆི་བའི་དུས་བྱས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་ པར་དགའ་བ་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །གང་གི་ཚེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་སྦྱིན་པའི་ཆོས་བྱེད་པ་དེ་ན་འཆི་བའི་དུས་ཀྱི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མཐོང་ཞིང་། མཐོང་ནས་ཀྱང་ སྡིག་པ་ཐམས་ཅད་རྣམ་པར་བསལ་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཀྱེ་མ་བདག་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་སྐྱེ་བར་འདོད་པ་དེ་དག་འཆི་བའི་དུས་ཀྱི་ཚེ། བདག་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་དང་བཅས། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་ གྱིས་བལྟས་པ་དང་བཅས་པར་དེ་དག་གི་མདུན་ན་འདུག་པར་འགྱུར་ལ། དེ་དག་གིས་བདག་མཐོང་ནས་སེམས་དད་པར་གྱུར་ཏེ། མི་བརྗེད་ཅིང་སེམས་མི་གཡེང་བས་འཆི་བའི་དུས་བྱས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པར་གྱུར་ཏོ། ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་གྲོང་ཁྱེར་ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་མེད་ཅིང་འབབ་ཆུ་དང་། མཚོ་བྲན་དང་། ཀླུང་དང་། རྫིང་བུའི་ལོངས་སྤྱོད་དང་། རྟ་དང་། གླང་པོ་དག་ཀྱང་མེད་ལ། བྱེ་མ་དང་། གསེག་མ་དང་། རྡོ་བ་དང་། གྱོ་མོ་དག་ཡོད་ཅིང་ཚེར་མ་ སྟུག་པོས་གང་སྟེ། བགྲོད་པར་དཀའ་བ་ཞིག་ཡོད་ལ། ཤ་ར་དྭ་ཏིའི་བུ་གྲོང་ཁྱེར་དེ་ན་རྒྱལ་པོ་མཐུ་ཆེ་ཞིང་དཔུང་དང་ལྡན་པ་ཞིག་གནས་པར་གྱུར་ཀྱང་། ཤ་ར་དྭ་ཏིའི་བུ་གྲོང་ཁྱེར་དེ་ན་གྲོང་ཁྱེར་གྱི་ཡོན་ཏན་དེ་དག་དང་བྲལ་བས་མི་མཛེས་ཏེ། ཤ་ར་དྭ་ཏིའི་བུ་འདི་ལྟར་རྒྱལ་པོ་ དེ་མཐུ་ཆེ་ཞིང་དཔུང་དང་ལྡན་ཡང་རུང་སྟེ། གྲོང་ཁྱེར་དེ་གྲོང་ཁྱེར་གྱི་ཡོན་ཏན་དག་དང་བྲལ་བས་ན་མི་མཛེས་སོ། །ཤ་ར་དྭ་ཏིའི་བུ་དེ་ལ་ཇི་ལྟར་རྒྱལ་པོ་མཐུ་ཆེ་ཞིང་དཔུང་དང་ལྡན་པར་གྱུར་པ་དེ་ལྟར་ནི་ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དེ་ བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་དཔུང་དང་ལྡན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འོན་ཀྱང་ངའི་སངས་རྒྱས་ཀྱི་ཞིང་འདི་ན་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དེ་ལྟ་བུ་དག་མེད་པས་མི་མཛེས་སོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་ངའི་སངས་རྒྱས་ཀྱི་ཞིང་ འདིར་ཡང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་དག་བྱུང་བར་གྱུར་ན་ནི་ཇི་ལྟར་ད་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་མཛེས་པ་བཞིན་དུ་ངའི་སངས་རྒྱས་ཀྱི་ཞིང་ འདི་ཡང་མཛེས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱོང་བར་འདོད་པ་དང་། ཡོངས་སུ་འཛིན་པར་འདོད་པས་ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱངས་ཤིང་ཡོངས་སུ་བཟུང་བ་དེ་ལྟར་ཡོངས་སུ་སྦྱང་ཞིང་དེ་ལྟར་ཡོངས་སུ་གཟུང་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ངས་ད་ལྟར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གང་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཕྱིར་མི་ལྡོག་པའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། རང་བྱང་ ཆུབ་ལ་བཀོད་པ་དང་། ཤ་ར་དྭ་ཏིའི་བུ་ངའི་ཉན་ཐོས་གང་ཡིན་པ་དེ་དག་གིས་ཀྱང་སེམས་ཅན་གཞན་གང་དག་བཏུལ་བའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་གན་ན་ཉན་ཐོས་ཀྱི་དགེ་འདུན་དེ་དག་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པ་དང་། གྲངས་མེད་པའི་ཕྱིར་ཏེ། རྣམ་པར་གྲོལ་བས་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ངའི་ཉན་ཐོས་རྣམས་ལྟ་ཞོག་གི། ཤ་ར་དྭ་ཏིའི་བུ་གང་ཡང་མ་འོངས་པའི་དུས་ ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་ཉན་ཐོས་གང་དག་འབྱུང་བར་འགྱུར་བ་དེ་དག་དང་། གང་ཡང་ཉན་ཐོས་དེ་དག་གིས་སེམས་ཅན་གཞན་དག་འདུལ་བར་འགྱུར་བའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་ ཀྱང་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་ བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མི་འཁྲུགས་པ་དེས་ཆོས་བཤད་པ་ལན་རེ་རེས་སེམས་ཅན་གང་དག་བཏུལ་བར་གྱུར་བ་དེ་དག་གི་ཚད་ཀྱང་སུས་ཀྱང་གཟུང་བར་མི་ནུས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ངའི་ཉན་ཐོས་རྣམས་ཀྱང་ལྟ་ཞོག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་བྱམས་པའི་ཉན་ཐོས་རྣམས་ལྟའང་ཞོག་གི། ཤ་ར་དྭ་ཏིའི་བུ་གང་ཡང་མ་འོངས་པའི་དུས་ཀྱི་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཉན་ཐོས་གང་དག་འབྱུང་བར་འགྱུར་བ་དང་། གང་ཡང་ཉན་ཐོས་དེ་དག་གིས་ཉན་ཐོས་གཞན་ དག་འདུལ་བར་འགྱུར་བ་གང་ཡིན་པའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་ཀྱང་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་རྣམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་ དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བཤད་པ་ལན་རེ་རེས་སེམས་ཅན་གང་དག་བཏུལ་བར་གྱུར་པ་དེ་དག་གི་ཚད་ཀྱང་གཟུང་བར་མི་ནུས་པའི་ཕྱིར་ཏེ། རྣམ་པར་གྲོལ་བས་ནི་མ་ཡིན་ནོ། །དེ་སྐད་ཅེས་ བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བཙུན་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ནི་སོ་སོའི་སྐྱེ་བོའི་ཞིང་ མ་ལགས་ཀྱི་དགྲ་བཅོམ་པའི་ཞིང་ལགས་པར་བལྟ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་དེ་ན་ཟག་པ་ཟད་པའི་དགྲ་བཅོམ་པ་དག་མང་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་ན་ཟག་པ་ཟད་པའི་དགྲ་བཅོམ་པ་དག་མང་ངོ་། །ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྐར་མའི་གཟུགས་རྣམས་ཀྱི་ཚད་ནི་གཟུང་བར་ ནུས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེའི་ཆོས་བཤད་པ་ལན་རེ་རེས་དགྲ་བཅོམ་པ་ཐོབ་པར་གྱུར་པ་དེ་དག་གི་ཚད་ནི་གཟུང་བར་མི་ ནུས་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་འདུས་པ་ཆེན་པོ་ལན་རེ་རེ་ལ་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་གིས་དགྲ་བཅོམ་པ་ཐོབ་པར་འགྱུར་བར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྐར་མའི་གཟུགས་རྣམས་ཀྱི་ཚད་ནི་གཟུང་ བར་ནུས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན། འདུས་པ་ཆེན་པོ་འདུས་པ་དེ་དག་གི་འདུས་པ་ཆེན་པོའི་ཚད་ནི་གཟུང་བར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ལྷ་དང་མི་དེ་ རྣམས་དགེ་བའི་རྩ་བ་བསྐྱེད་པ་ན་བྲེལ་བ་མེད་པར་འགྱུར་ཞིང་། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་སྐྱེས་པ་དེ་དག་ཀྱང་ཉིན་མཚན་དུ་བྲེལ་བ་མེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གང་དག་ཡོན་ཏན་ཡོངས་སུ་བརྗོད་པའི་ ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཐོང་བ་དང་ཐོས་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་འགྱུར་ཞིང་ཐོས་ནས་ཀྱང་ཐོས་མ་ཐག་ཏུ་ དད་པ་ཆེན་པོ་འཐོབ་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལ་སངས་རྒྱས་ཀྱི་ཞིང་དེ་དག་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་འཁོད་པ་དེ་དག་ཀྱང་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར་ཞིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་དེ་དག་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེ་དག་ཉིད་དུ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་མ་གཏོགས་པ་གང་དག་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་ཕལ་ཆེར་སྨོན་ལམ་གྱི་དབང་གིས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་པའམ། སྐྱེ་འམ། སྐྱེ་བར་འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ན་བཞུགས་ཤིང་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་དང་། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་རྣམས་ལ་ཕན་འདོགས་པར་ གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་པོ་དག་བྱུང་བར་གྱུར་པ་ན། རིན་པོ་ཆེ་སྣ་བདུན་པོ་དེ་དག་གིས་གླིང་ཆེན་པོ་བཞི་ཀུན་ཏུ་གནོན་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདིས་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཀུན་ ཏུ་གནོན་ཅིང་རང་གི་སངས་རྒྱས་ཀྱི་ཞིང་ཡང་ཀུན་ཏུ་གནོན་པར་མཛད་དོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་ཡང་འདེབས་པ་དེ་དག་འཆི་བའི་མཐར་ཐུག་པའི་བར་ དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་རྟག་ཏུ་དགོངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་དག་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་བ་དང་། བདུད་ཀྱིས་བྱིན་གྱིས་ བརླབས་པའི་སེམས་ཅན་རྣམས་ཀྱིས་དེ་དག་གི་སྨོན་ལམ་ཟློགས་པར་མི་འགྱུར་བའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པས་དགོངས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལས་ ཕྱིར་ལྡོག་པའི་འཇིགས་པ་མེད་པར་ཤེས་པར་བྱའོ། །གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་ལུས་ལ་གང་དག་དེ་ལས་གཞན་པ་སྲོག་གི་བར་ཆད་བྱེད་པ་ལ་བརྩོན་པ་དང་། གང་དག་སྲོག་གི་བར་ཆད་དུ་འགྱུར་བ་འདི་ལྟ་སྟེ། མེ་དང་། ཆུ་དང་། དུག་དང་། མཚོན་ལ་སོགས་པ་དག་གིས་ཀྱང་ཕོག་པར་མི་འགྱུར་རོ། །དེ་དག་གི་ལུས་ལ་གང་དག་དེ་ལས་གཞན་པ་ལག་པའི་རེག་པ་དང་། བོང་བ་དང་། དབྱིག་པ་ལ་སོགས་པ་དག་གིས་ཀྱང་ཕོག་པར་མི་འགྱུར་རོ། །དེ་དག་ལ་མི་དང་མི་མ་ཡིན་པའི་འཇིགས་པ་ཡང་མེད་པར་ཤེས་ པར་བྱ་སྟེ། དེ་ལྟར་ན་དེ་དག་ནི་ཀུན་ནས་བསྲུངས་པ་དང་། བསྐྱབས་པ་དང་། སྦས་པ་ཡིན་པར་ཤེས་པར་བྱའོ། །གང་གི་ཚེ་དེ་དག་འཆི་བའི་དུས་བྱེད་པར་འགྱུར་བ་དེའི་ཚེ་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ནི་ཐག་རིང་པོ་ན་འདུག་ཀྱང་འཛམ་བུའི་གླིང་གི་མི་རྣམས་ལ་སྣང་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཐག་རིང་པོ་ན་བཞུགས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ལ་ཡེ་ཤེས་ཀྱི་སྣང་བ་ མཛད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དགེ་སློང་ལྷའི་མིག་དང་ལྡན་པ་ནི་ཐག་རིང་པོ་ན་གནས་ཀྱང་གཟུགས་ཀྱི་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དག་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཐག་རིང་པོ་ན་བཞུགས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁ་དོག་དང་། དབྱིབས་དང་། གཟུགས་དག་གཟིགས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དགེ་སློང་རྫུ་འཕྲུལ་དང་ལྡན་པ་སེམས་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ནི་ཐག་རིང་པོ་ན་གནས་ཀྱང་མི་དང་མི་མ་ཡིན་པ་རྣམས་ཀྱི་སེམས་ཡང་དག་པར་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པ་དེ་ཡང་ཐག་རིང་པོ་ན་བཞུགས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ཡང་དག་པར་མཁྱེན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དགེ་སློང་རྫུ་འཕྲུལ་དང་ལྡན་པ་ནི་ཐག་རིང་པོ་ན་ གནས་ཀྱང་རྣ་བས་སྒྲ་དག་ཐོས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཐག་རིང་པོ་ན་བཞུགས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་བདག་ཅག་ཀྱང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེ་བར་བྱའོ་ཞེས་སྨྲ་བ་དག་གསན་ཅིང་། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ དེས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་མིང་དང་། རུས་ཅི་ཡིན་པ་ཡང་མཁྱེན་ཏོ། །ཤ་ར་དྭ་ཏིའི་བུ་གང་དག་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་གཟིགས་སོ། །དེ་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེས་མཁྱེན་ནོ། །དེ་དག་ནི་ནམ་འཆི་བའི་དུས་ཀྱི་ཚེའི་བར་དུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་དགོངས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་ དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་ཡོངས་སུ་བཟུང་བ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་ པ་ཤིན་ཏུ་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་ཡོངས་སུ་གཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་ཡོངས་སུ་གཟུང་བས་སེམས་ཅན་ཐམས་ཅད་ཀྱང་ཤིན་ཏུ་ཡོངས་སུ་གཟུང་བར་འགྱུར་ རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞིག་ལ་འདི་ལྟ་སྟེ། འབྲས་སཱ་ལུ་འམ། འབྲུ་འམ། ནས་སམ། གྲོ་འམ། ཏིལ་ལམ། མོན་སྲན་སྡེའུ་འམ། མོན་སྲན་གྲེའུ་འམ། སྲན་ཆུང་ངམ། འབྲུའི་རྣམ་པ་གཞན་གང་ཡང་ རུང་བས་གང་བའི་བང་བ་གཅིག་གམ། གཉིས་སམ། གསུམ་མམ། བཞི་འམ། ལྔ་འམ། བཅུ་འམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། བརྒྱ་འམ། སྟོང་ངམ། འབུམ་མམ། ཤིན་ཏུ་མང་པོ་དག་ཅིག་བདོག་པར་གྱུར་ན་དེ་འདི་སྙམ་དུ་འདི་དག་ནི་ མུ་གེ་བྱུང་བའམ་ཕོངས་པར་གྱུར་པ་ན། འདི་དག་གིས་ལོ་ལེགས་པར་འགྱུར་རོ་སྙམ་ནས་ཤིན་ཏུ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མུ་གེ་བྱུང་བར་གྱུར་པ་ན་སེམས་ཅན་རྣམས་ཀྱི་གསོས་སུ་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འདས་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་ནས་ཀྱང་དམ་པའི་ཆོས་ཀྱིས་མུ་གེར་གྱུར་བའི་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་བཤད་པས་དམ་པའི་ཆོས་ཀྱི་ལོ་ལེགས་པ་དང་། དགེ་འདུན་གྱི་ལོ་ལེགས་པར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མི་འཁྲུགས་པ་དེའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ལ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ། རབ་ཏུ་འགོད་ལ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སྨོན་ལམ་ ཡང་འདེབས་པར་བྱེད་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ལ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ན་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སྨོན་ལམ་ མ་བཏབ་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཕྱིར་མི་ལྡོག་པར་རིག་པར་བྱ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱ་སྟེ། དེ་དག་ནི་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་ སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ལ་བཟུང་ཞིང་བཅངས་ལ་ཀླགས་ཤིང་ཀུན་ཆུབ་པར་བྱས་ཏེ། གཞན་དག་ལ་ རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ནས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ ཅིང་འཛུད་དེ། རབ་ཏུ་འགོད་ལ་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དག་གིས་དགེ་བའི་རྩ་བ་བསྐྱེད་ན་དེ་དག་ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་དེ་ལྟ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་སྟེ། བཟུང་ཞིང་བཅངས་ལ་ཀླགས་ཤིང་ཀུན་ཆུབ་པར་བྱས་ནས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ལ་ཡང་བཤད་པར་ བྱ། ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟ་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དེ་ལྟ་དེ་ལྟར་ཤེས་རབ་ཆེན་པོར་འགྱུར་བའི་ལས་ཉེ་བར་སོགས་པར་འགྱུར་ཏེ། དེ་དག་ཤེས་ རབ་ཆེན་པོར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལུས་དེ་ཉིད་ཀྱིས་ཟག་པ་ཟད་པ་རྗེས་སུ་འཐོབ་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ ལ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ། རབ་ཏུ་ འགོད་པ་དེ་དག་ཐམས་ཅད་ཀྱང་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཡང་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་དེ་དག་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་མི་འགྱུར་ན་ཡང་དེ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་པ་ལས་ འདའ་བར་ནི་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འདོད་པ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ་ཞིང་ཐོས་ནས་ཀྱང་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་ཞིང་། སྲོག་ ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་གཞུག་པར་བྱ། གཟུད་པར་བྱ། རབ་ཏུ་དགོད་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟར་དམ་པའི་ཆོས་ཡོངས་སུ་བཟུང་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ནི་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཡོན་ཏན་ ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཞན་དག་ལ་དུས་སུ་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཏེ། སངས་རྒྱས་འབྱུང་བ་གཉིས་པ་ལས་འདའ་བར་ནི་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཉན་ཐོས་ཀྱི་ཐེག་པ་ པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟ་ཇི་ལྟར་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་ལྟ་དེ་ལྟར་ཤེས་རབ་ཆེན་པོར་འགྱུར་བའི་ལས་བྱེད་པར་འགྱུར་ཞིང་སོགས་པར་འགྱུར་རོ། །དེ་དག་ཤེས་རབ་ཆེན་པོར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བྱེད་པར་ཡང་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་དེ་དག་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཡང་མི་འགྱུར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་པ་ལས་འདའ་བར་ནི་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཉན་ཐོས་ཀྱི་ཐེག་པ་པའི་ རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱིས་ཀྱང་དོན་གྱི་དབང་འདི་མཐོང་ན་ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བྱ་ཞིང་རྣལ་འབྱོར་དུ་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དམ་པའི་ཆོས་ཡོངས་སུ་ འཛིན་པར་འདོད་པ་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་ གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤ་ར་དྭ་ཏིའི་བུ་ཡང་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ལ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་ མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ། རབ་ཏུ་འགོད་ལ་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་སྒྲུབ་ཅིང་རྩོལ་ལ་འབད་དེ་སློབ་ཅིང་མོས་ ན། ཤ་ར་དྭ་ཏིའི་བུ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་སྲིད་པ་ཐ་མ་ལ་གནས་པ་འམ། སྐྱེ་བ་གཅིག་གིས་ཐོགས་པ་འམ། སྐྱེ་བ་གཉིས་ཀྱིས་ཐོགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་པ་ལས་འདའ་བར་མི་འགྱུར་ བར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱིས་ཐོས་པར་མི་ནུས་ཏེ། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་མཐུས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་བ་ཞིག་གི་རྣ་ལམ་དུ་གྲག་པར་གྱུར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཀྱང་མྱུར་བ་མྱུར་བར་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་། གཞན་དག་ལ་ ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་འགའ་ཞིག་གི་དོན་གྱི་ཕྱིར་ཀྱེ་མ་སེམས་ཅན་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་གྱུར་ཅིག་ཅེས་འཛམ་བུའི་གླིང་འདི་དབྱིག་དང་གསེར་གྱིས་ཡོངས་སུ་བཀང་སྟེ། སྦྱིན་པ་བྱིན་ཞིང་ཡོངས་སུ་བཏང་བར་གྱུར་ཀྱང་། ཤ་ར་དྭ་ཏིའི་བུ་སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ ཀྱིས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་ཐམས་ཅད་རབ་ ཏུ་རྣམ་པར་འབྱེད་པར་བྱེད་ཅིང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དད་པ་རྣམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་བྱེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་འཆལ་པའི་ཤེས་རབ་ཅན་རྣམས་ཀྱི་ལག་ན་གནས་པར་མི་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་གཞན་དུ་ན་ཆོས་ཀྱི་རྣམ་གྲངས་འདི་ནི་མཁས་པ་ཤེས་རབ་ཟབ་མོ་དང་ལྡན་པ་རྣམས་ཀྱི་ལག་ཏུ་གནས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གི་ལག་ཏུ་ཆོས་ཀྱི་རྣམ་གྲངས་འདི་གནས་པ་དང་། ལུས་ལ་གནས་པ་དེ་དག་ནི་དེ་བཞིན་གཤེགས་པ་མཐོང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རིན་པོ་ཆེ་རིན་ཐང་མེད་པ་རིན་ཆེ་བ་གང་ཡང་རུང་བ་ཞིག་རྒྱ་མཚོ་ཆེན་པོའི་ ནང་ནས་ཁྱེར་ཏེ་འོངས་པར་གྱུར་ན་ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ནོར་བུ་རིན་པོ་ཆེ་དེ་དང་པོ་ཁོ་ནར་སུའི་ལག་ཏུ་འོང་བར་འགྱུར། གསོལ་པ། བཙུན་པ་བཅོམ་ལྡན་འདས་རིན་པོ་ཆེ་དེ་ནི་དང་པོ་ཁོ་ནར་རྒྱལ་པོ་འམ་རྒྱལ་པོའི་བུ་རྣམས་སམ། རྒྱལ་པོའི་ བློན་པོ་ཆེན་པོ་རྣམས་ཀྱི་སུག་པར་མཆི་བར་འགྱུར་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཡང་ བྱང་ཆུབ་སེམས་དཔའི་ལག་ཏུ་གནས་པར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་ གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པ་ཉིད་ཀྱི་རྣལ་འབྱོར་དུ་སྒྲུབ་པར་བྱེད་པ་དེ་དག་ ནི་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་པས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འཚལ་བ་ རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱི། བཅང་བར་བགྱི། བཀླག་པར་བགྱི། ཀུན་ཆུབ་པར་བགྱི་ཞིང་གཞན་དག་ལ་ཡང་རྒྱ་ ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་པ་ན་ཕྱིར་མི་ལྡོག་པའི་ཆོས་ཉིད་རྗེས་སུ་འཐོབ་པར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་ དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་རྣམས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་ པར་རབ་ཏུ་བསྟན་པར་བྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་སྣ་བདུན་པོ་དག་ནི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ངས་འཁོར་བཞི་པོ་རྣམས་ལ་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་ གྲངས་འདི་བཤད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་སྔོན་གྱི་སྨོན་ལམ་གྱིས་ བཤད་ཅིང་། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང་། ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་དང་། རང་རང་གི་དགེ་བའི་རྩ་བའི་རྣམ་པར་སྨིན་པས་ཐོས་ཤིང་ཉན་པར་འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གང་དག་བསྐལ་པ་བཟང་པོ་འདི་ལ་ སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་གང་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་དཔེར་ན་ངས་ད་ལྟར་འཁོར་བཞི་པོ་དག་ལ་བཤད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པ་བཞིན་དུ་ལྷག་ཆད་མེད་པར་འཁོར་བཞི་པོ་དག་ལ་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཆད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་ གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ལ་ལ་ཞིག་གིས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་དང་། གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་ དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བར་མི་རྙེད་པར་གྱུར་ལ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་དེ་ལ་གལ་ཏེ་ལ་ལ་ཞིག་གིས་འདི་སྐད་དུ་གལ་ཏེ་རིགས་ཀྱི་བུ་ཁྱོད་ཁྱིམ་གྱི་གནས་ན་གནས་ ཤིང་བཙུན་མོའི་འཁོར་གྱི་ནང་དུ་ཞུགས་ཏེ་སྤྱོད་པར་བྱེད་ན་དེ་ལྟ་ན་ངས་ཁྱོད་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་སྦྱིན་པར་བྱའོ་ཞེས་ཟེར་ན་ཤ་ར་ དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་དེ་ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བྱ་བའི་ཕྱིར་གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་འམ། གཟུང་བ་འམ། བཅང་བ་འམ། བཀླག་པ་འམ། ཀུན་ཆུབ་པར་བྱ་བ་འམ། གཞན་ དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱར་རྙེད་ན་ཁྱིམ་གྱི་གནས་སུ་སོང་སྟེ། བཙུན་མོའི་འཁོར་གྱི་ནང་དུ་ཞུགས་ནས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ཞིང་། ཀུན་ཆུབ་པར་བྱས་ཏེ། ཡང་ཕྱིར་མངོན་པར་བྱུང་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་གྱི་ གནས་ནས་མངོན་པར་བྱུང་བ་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་དེ་ལ་ལྟུང་བ་མེད་པར་ངས་རྗེས་སུ་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་འདས་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནུབ་པར་མི་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་གྲོང་ངམ། གྲོང་ཁྱེར་རམ། ཐག་རིང་པོར་གྱུར་པ་གང་ཞིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་གྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་དེར་ཡང་བགྲོད་པར་བྱ་ཞིང་དེར་ཕྱིན་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་རིགས་ཀྱི་ བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་ བྱ་ཞིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཞེས་སེམས་བསྐྱེད་ལ། ཤ་ར་དྭ་ཏིའི་བུ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་བརྗོད་པར་མི་ནུས་ཀྱི། གླེགས་བམ་དུ་བྱས་པ་ཞིག་ལག་ན་སྲེལ་བར་གྱུར་ན་དེས་གླེགས་བམ་དེ་བརྙས་ཏེ། ཕྱིར་ལོག་ནས་བདག་གིས་གླེགས་བམ་བྲི་བར་བྱའོ། །གལ་ཏེ་གླེགས་བམ་བཀུར་དུ་མི་སྟེར་ན་ཡང་དེ་ཉིད་ དུ་བྲི་བར་བྱའོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་འདི་སྐད་དུ་གལ་ཏེ་རིགས་ཀྱི་བུ་ཁྱོད་ཟན་བཅད་དེ་འདྲི་ཕོད་ན་དེ་ལྟ་ན་ངས་ཁྱོད་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་སྦྱིན་པར་བྱའོ། །ཞེས་ཟེར་ན་ཡང་དེས་ཟན་བཅད་དེ་འདུག་ལ་བྲི་བར་བྱའོ། །གལ་ཏེ་ཡང་འདི་སྐད་དུ་འཆག་ཅིང་བྲིས་ཤིག་ཅེས་ཟེར་ན་ཡང་དེས་འཆག་ཅིང་བྲི་བར་བྱའོ། །གལ་ཏེ་ཡང་འདི་སྐད་དུ་འགྲེང་སྟེ་བྲིས་ཤིག་ཅེས་ཟེར་ན་ཡང་ དེས་འགྲེང་སྟེ་བྲི་བར་བྱའོ། །གལ་ཏེ་ཡང་འདི་སྐད་དུ་འདུག་སྟེ་བྲིས་ཤིག་ཅེས་ཟེར་ན་ཡང་དེས་འདུག་སྟེ་བྲི་བར་བྱའོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདིའི་དོན་གྱི་ཕྱིར་གྲོང་ངམ་གྲོང་ཁྱེར་དུ་སོང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་ པའི་ཆོས་ཀྱི་རྣམ་གྲངས་འདི་མ་རྙེད་པར་གྱུར་ན་དེ་ནས་རྒྱལ་ཁམས་གཞན་ནམ། ཡུལ་གཞན་དག་ཏུ་ཡང་བགྲོད་ཅིང་གང་དུ་ཐོས་པར་འགྱུར་བ་དེར་འགྲོ་བར་བྱའོ། །དེར་ཕྱིན་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་གང་དུ་ཐོས་ པར་འགྱུར་བ་དེར་ཕྱིན་ནས་གལ་ཏེ་མ་རྙེད་ན་ཡང་དེས་འདི་སྙམ་དུ་གང་གི་ཕྱིར་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་དེའི་མིང་ཐོས་པར་གྱུར་པས་ན་ བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་འཇིགས་པ་ཡང་མེད་ལ། གང་གིས་ད་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་ གྲངས་དེའི་མིང་བསྟན་པ་དེ་ཡང་བདག་ལ་ཕན་