Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 034_ཤེས་རབ་སྣ་ཚོགས།
Văn bản gốc(Tây Tạng)
Trang 9 / 18 (50.000 ký tự/trang)
མེད་དོ། །ཡང་རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གང་ཞིག་ཆོས་རྣམས་བདག་མེད་ཅིང་སྐྱེ་བ་མེད་པ་ལ་བཟོད་པ་ཐོབ་ན་དེ་ ཉིད་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་དོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་བར་མི་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་བར་མི་བགྱི་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡོངས་སུ་གཟུང་མོད་ཀྱིས་ལོག་པར་མི་གཟུང་སྟེ། དེས་ན་ཡོངས་སུ་གཟུང་བ་ཞེས་བྱའོ། །རབ་འབྱོར་གང་ལ་ལ་ཞིག་འདི་སྐད་དུ། དེ་བཞིན་གཤེགས་པ་བཞུད་དམ། བྱོན་ཏམ། བཞེངས་སམ། བཞུགས་སམ། མནལ་བ་མཛད་ དོ་ཞེས་དེ་སྐད་ཟེར་ན། དེས་ན་ངས་བཤད་པའི་དོན་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གར་ཡང་མ་བཞུད། གང་ནས་ཀྱང་མ་བྱོན་པའི་ཕྱིར་ཏེ། དེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། ། ཡང་རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་རྣམས་ཇི་སྙེད་ཡོད་པ་དེ་དག་འདི་ལྟ་སྟེ་དཔེར་ན་རྡུལ་ཕྲ་རབ་ཀྱི་ཚོགས་བཞིན་དུ་ཕྱེ་མར་བྱས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྡུལ་ཕྲ་རབ་ཀྱི་ཚོགས་དེ་ མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། རྡུལ་ཕྲ་རབ་ཀྱི་ཚོགས་དེ་མང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་ཚོགས་ཤིག་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བཀའ་མི་སྩལ་བའི་སླད་ དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་གང་གསུངས་པ་དེ་ཚོགས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བགྱིའོ། །དེ་བཞིན་གཤེགས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཞེས་གང་གསུངས་པ་དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་ཁམས་ཤིག་མཆིས་པར་གྱུར་ན། དེ་ཉིད་རིལ་ པོར་འཛིན་པར་འགྱུར་བའི་སླད་དུའོ། །དེ་བཞིན་གཤེགས་པས་རིལ་པོར་འཛིན་པར་གང་གསུངས་པ་དེ་འཛིན་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་རིལ་པོར་འཛིན་པ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རིལ་པོར་འཛིན་ པ་ཉིད་ནི་ཐ་སྙད་དེ། ཆོས་དེ་ནི་བརྗོད་དུ་མེད་པ་ཡིན་ན། དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཟུང་ངོ་། །རབ་འབྱོར་གང་ལ་ལ་ཞིག་འདི་སྐད་དུ། དེ་བཞིན་གཤེགས་པས་བདག་ཏུ་ལྟ་བར་གསུངས་ཏེ། དེ་བཞིན་གཤེགས་པས་སེམས་ཅན་དུ་ལྟ་བ་དང་། སྲོག་ ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བར་གསུངས་སོ་ཞེས་ཟེར་ན། རབ་འབྱོར་དེ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ དེ་བཞིན་གཤེགས་པས་བདག་ཏུ་ལྟ་བར་གང་གསུངས་པ་དེ་ལྟ་བ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་བདག་ཏུ་ལྟ་བ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ ཞུགས་པས་འདི་ལྟར་ཆོས་ཐམས་ཅད་ཤེས་པར་བྱ་བལྟ་བར་བྱ་མོས་པར་བྱ་སྟེ། ཅི་ནས་ཆོས་སུ་འདུ་ཤེས་པ་ལ་ཡང་མི་གནས་པ་དེ་ལྟར་མོས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་སུ་འདུ་ཤེས་ཆོས་སུ་འདུ་ཤེས་ཞེས་བྱ་བ་ནི་འདུ་ཤེས་མེད་པར་དེ་བཞིན་གཤེགས་པས་གསུངས་ པའི་ཕྱིར་ཏེ། དེས་ན་ཆོས་སུ་འདུ་ཤེས་ཞེས་བྱའོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་ཅིང་གྲངས་མེད་པ་དག། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བླངས་ནས། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་ མེད་དཔག་ཏུ་མེད་པ་བསྐྱེད་དོ། །ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན། ཇི་ལྟར་ཡང་དག་པར་རབ་ཏུ་མི་སྟོན་པ་བཞིན་དུ་སྟེ། དེས་ན་ཡང་དག་པར་རབ་ཏུ་སྟོན་པ་ཞེས་བྱའོ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། ། འདུས་བྱས་དེ་ལྟར་བལྟ་བར་བྱ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན་རབ་འབྱོར་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། མི་དང་། ལྷ་ མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ན་ཡ་ཤ་ཏ་པཉྩཱ་ཤ་ཏི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཁྱེན་པའི་བྱེ་བྲག་རྣམ་པ་ཐ་དད་པ་དང་ལྡན་པ། དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་ཀྱི་ཅོད་པན་གྱིས་ཁམས་གསུམ་དུ་དབང་བཅུ་རྫོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ དང་ལྡན་པ། རྣལ་འབྱོར་ཅན་ཆེན་པོའི་དབང་ཕྱུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ། སྣ་ཚོགས་ཀྱི་བྱ་བ་མཛད་དེ། མ་ལུས་པ་ན་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་ སུ་བསྐང་བའི་འཕྲིན་ལས་མཛད་པ། ཐུགས་རྗེ་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོ་རྟག་པ་ཁམས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པ་སྐུ་དང་། གསུང་དང་། ཐུགས་ཐམས་ཅད་རྡོ་རྗེ་དེ་བཞིན་གཤེགས་པ། ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཀྱི་གནས། འདོད་པའི་ ཁམས་ཐམས་ཅད་ན། ནོར་བུ་རིན་པོ་ཆེ་ཆེན་པོས་རབ་ཏུ་སྤྲས་པ་དང་། བ་དན་ཁ་དོག་སྣ་ཚོགས་དྲིལ་བུ་བརྒྱུས་པ་རླུང་གིས་བསྐྱོད་པ་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། རྒྱན་ཕྲེང་དང་། ཆུན་འཕྱང་དང་། ཟླ་བ་ལྟ་བུས་མཛེས་པར་བྱས་པ། དེ་བཞིན་གཤེགས་ པ་ཐམས་ཅད་བཞུགས་པ། ཤིས་པ་ཐམས་ཅད་བསྟོད་པ་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། རྡོ་རྗེ་ཁུ་ཚུར་དང་། འཇམ་དཔལ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ནམ་མཁའ་མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ བརྒྱ་དང་ཐབས་ཅིག་སྟེ། ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་ པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏེ། འདི་ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །འདོད་ཆགས་ཀྱི་མཐའ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རེག་ པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྡུག་པའི་འཆིང་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ཐམས་ཅད་ལ་དབང་ཕྱུག་དང་། དབང་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའི་གནས་སོ། །ལྟ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྲེད་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་ སོ། །སྙེམས་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རྒྱན་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ཡིད་ཚིམ་པར་བྱེད་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་ སོ། །སྣང་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ལུས་བདེ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །གཟུགས་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྒྲ་ རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དྲི་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རོ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རེག་རྣམ་པར་དག་པའི་གནས་ དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལག་ན་རྡོ་རྗེ་ སུ་ལ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་སྒྲུབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་ཐོས་ན་ཡང་དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྒྲིབ་པ་ཐམས་ཅད་དང་ཆོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་ཆེན་པོ་ བསགས་ཀྱང་སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་དུ་ནམ་ཡང་སྐྱེ་བར་མི་འགྱུར། སྡིག་པ་ཡང་བྱས་མ་ཐག་ཏུ་སྡུག་བསྔལ་མེད་པར་འབྱང་བར་འགྱུར་རོ། །སུ་ཞིག་འཛིན་པ་དང་། ཉིན་རེ་ཞིང་ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཚེ་འདི་ ཉིད་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པས་ཆོས་ཐམས་ཅད་ལ་དབང་བསྒྱུར་བར་འགྱུར་རོ། །ཆོས་ཐམས་ཅད་ལ་དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་མྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་ཚེ་བཅུ་དྲུག་གིས་དེ་བཞིན་ གཤེགས་པའམ། རྡོ་རྗེ་འཛིན་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ། དཀྱིལ་འཁོར་ཐམས་ཅད་པ། རྡོ་རྗེ་འཛིན་མཐའ་དག་གི་སེམས་ཅན་གྱི་མཆོག་ཁམས་གསུམ་མ་ལུས་པ་ མཐའ་དག་ན་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ། སེམས་ཅན་གྱི་ཁམས་ལུས་པ་མེད་པ་འདུལ་བ། དོན་ཐམས་ཅད་གྲུབ་པ། དམ་ཚིག་ཆེན་པོ་པ། རྡོ་རྗེ་གསང་བའི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ གྱི་དོན་འདི་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་ལག་པ་གཡོན་པ་རྡོ་རྗེ་བསྒྱིངས་ཏེ་ཐོག་མའི་རྡོ་རྗེ་ཆེན་པོ་གསོར་ནས་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཛིན་ཅིང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞི་བའི་ཆོས་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དོན་གཅིག་པའི་ཕྱིར་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཐམས་ཅད་ལ་རྣམ་པར་མི་ རྟོག་པའི་ཕྱིར་ཐམས་ཅད་ཀྱིས་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ལག་ན་རྡོ་རྗེ་སུ་ལ་ལ་ཆོས་མངོན་པར་སྒྲུབ་པ་བཞི་པོ་འདི་དག་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། སྒོམ་པ་དེ་སྡིག་པ་ཐམས་ཅད་སྤྱོད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ གི་བར་དུ་ངན་སོང་ཐམས་ཅད་ལས་ཡང་དག་པར་འདས་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་ནས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་ སུ་འཛིན་པ་དོན་གནས་འདི་ཉིད་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ཏེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་སྙིང་པོ་འདི་རབ་ཏུ་སྨྲས་སོ། །ཨ། དེ་ནས་མ་རུངས་པ་ཐམས་ཅད་འདུལ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་ཡང་ཆོས་ཐམས་ ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་པར་རྒྱལ་བ་བསྡུ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་འདི་བཤད་དེ། འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས་ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དོ། །ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་ཀྱིས་གཏི་མུག་གི་སྤྲོས་པ་མེད་པ་ཉིད་དོ། །གཏི་ མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ལག་ན་རྡོ་རྗེ་སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཛིན་ པ་དང་། ཀློག་པ་དང་། སྒོམ་པ་དེས་འདུལ་བའི་དབང་གི་ཕྱིར་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བསད་ཀྱང་ངན་སོང་དུ་འགྲོ་བར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་ འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཆོས་ཉིད་འདིའི་དོན་རྒྱ་ཆེར་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་སྟེ། འབར་བར་ལྟ་ལ་པདྨའི་གདོང་ཁྲོ་ཞིང་དགོད་དེ། མཆེ་བ་ གཙིགས་ནས། རྐང་པ་གཡོན་པ་བརྐྱང་བའི་ཚུལ་དུ་གནས་པས་གནས་ནས་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་ གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དྲི་མ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་ དག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཤེས་པ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་རོ། །ལག་ན་རྡོ་རྗེ་སུ་ལ་ལ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། སྒོམ་པ་དེ་འདོད་ཆགས་དང་། དྲི་མ་ཐམས་ཅད་ཀྱི་ནང་ན་འདུག་ཀྱང་པདྨ་ལྟ་བུར་འདོད་ཆགས་ཀྱི་ཉེས་པ་རྣམས་དང་། དྲི་མ་རྣམས་དང་། གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་གོས་པར་མི་ འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དོན་གྱི་གནས་འདི་ཉིད་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ ཏེ། །པདྨའི་འདབ་མ་ཁ་འབྱེད་པས་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ལ་ལྟ་ཞིང་འགྲོ་བ་ཐམས་ཅད་ཀྱི་ཕྱིར་པདྨ་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧྲཱིཿ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཁམས་གསུམ་ཐམས་ཅད་ཀྱི་དབང་ པོས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། དབང་བསྐུར་བ་སྦྱིན་པ་ནི་ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ནོར་སྦྱིན་པ་ནི་རེ་བ་ཐམས་ ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་སྦྱིན་པ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །ཟང་ཟིང་སྦྱིན་པ་ནི་ལུས་དང་ངག་དང་སེམས་ཀྱི་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་བཞིན་རབ་ ཏུ་འཛུམ་སྟེ། རང་གི་མགོ་ལ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བ་འཆིང་ཞིང་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། དབང་བསྐུར་བ་ཐམས་ཅད་ཀྱི་དམ་ཚིག་རིན་པོ་ཆེ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཏྲཱྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་ རྒྱ་ཐོབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པ། དེ་བཞིན་གཤེགས་པ་རྟག་པས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་གནས་རྡོ་རྗེ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་ འཛིན་པ་ནི་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ལུས་དང་། ངག་དང་། སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་ པ་དང་། འཆང་བ་དང་། ཀློག་པ་དང་། ལུང་འབོགས་པ་དང་། སྒོམ་པ་དེས་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཤེས་པ་ཐམས་ཅད་དང་། དགོས་པ་ཐམས་ཅད་དང་། ལུས་དང་། ངག་དང་། སེམས་ཐམས་ཅད་ རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ཁུ་ཚུར་དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པས་ དོན་གནས་འདི་རྒྱ་ཆེར་བསྟན་ཏེ། དེ་བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་སྲ་བའི་ཕྱག་རྒྱ་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཨཿ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཚན་མ་མེད་པའོ། །སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྨོན་པ་མེད་པའོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་བཞིན་དུ་བདག་གི་རལ་གྲི་དེས་དེ་བཞིན་གཤེགས་པ་ཐམས་ཅད་ ལ་འདེབས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི་སྨྲས་སོ། །ཨ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དེར་འདུས་པའི་དེ་བཞིན་གཤེགས་པས་འཁོར་ལོ་ཆེན་པོ་ལ་འཇུག་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ འདི་བཤད་དོ། །རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །དོན་གྱི་མཉམ་པ་ཉིད་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་ མཉམ་པ་ཉིད་ལ་འཇུག་པ་ནི་དམ་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་འཁོར་ལོ་ཐམས་ཅད་ལ་འཇུག་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཆོས་ཉིད་ ཀྱི་དོན་འདི་རྒྱ་ཆེར་སྟོན་ཅིང་འཛུམ་དམུལ་ནས་རྡོ་རྗེའི་འཁོར་ལོ་བསྐོར་ཞིང་རྡོ་རྗེའི་འཁོར་ལོ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་སྣོད་ཀྱིས་མཆོད་པ་ཐམས་ཅད་ ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ པའི་ཆོ་ག་རྒྱས་པའོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། བརྗོད་པ་དང་། སྟོན་པ་དང་། ཉན་པ་དང་། སེམས་པ་དང་། སྒོམ་པ་དང་། མཆོད་པ་བྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་ལས་ཐམས་ ཅད་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཨོཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་འདུལ་ནུས་པ་ཡང་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་སེམས་ཅན་ཐམས་ཅད་འདུལ་བ་ཤེས་པའི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་ཚུལ་འདི་བཤད་དོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བ་མཉམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་འདུལ་བ་ཉིད་པས་ཁྲོ་བ་འདུལ་བ་ཉིད་དོ། །སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བ་ཆོས་ཉིད་དོ། །སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ ཁྲོ་བོ་རྡོ་རྗེ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། རྡོ་རྗེ་ གནོད་སྦྱིན་གྱི་གཟུགས་ཀྱིས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པས་ཡང་ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཐམས་ ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཐམས་ཅད་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད་དོ། །ཐམས་ཅད་ཆོས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་དོ། །ཐམས་ཅད་ལས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལས་ཉིད་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་ཡོད་པ་ཐམས་ཅད་ ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་པ་རྣམ་པར་སྣང་མཛད་ཀྱིས་ཡང་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས་སེམས་ཅན་ཐམས་ཅད་ནི་རྡོ་རྗེའི་སྙིང་པོ་ཅན་ནོ། །ངག་ཐམས་ཅད་རབ་ཏུ་ འབྱུང་བས་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅན་ནོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱིས་ཅ་ཅོའི་སྒྲ་ཕྱུང་ནས། ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་སྙིང་པོ་ ཕུལ་ཏེ། དེ་ནས་རྡོ་རྗེའི་དབང་ཕྱུག་ཆེན་པོས་རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུལ་ལོ། །དྲཱི། དེ་ནས་མ་མོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཚིག་འཐུན་པར་ཐམས་ཅད་དགུག་པ་དང་། གཟུང་བ་དང་། གཞིག་པ་དང་། སྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ ནའི་སྙིང་པོ་འདི་ཕུལ་ལོ། །བྷྱོཿ། དེ་ནས་སྦྲང་རྩིར་བྱེད་པ་ལ་སོགས་པ་མིང་པོ་གསུམ་གྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཚིག་འཐུན་པར་རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུལ་ལོ། །སྭཱ། དེ་ནས་སྲིང་མོ་བཞིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། རང་གི་དེ་ཁོ་ནའི་སྙིང་པོ་ འདི་ཕུལ་ལོ། །ཧཱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་མུ་མེད་ལ་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པས་ཡང་ཆོས་འདི་མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་མཐར་ཐུག་པས་བྱིན་གྱིས་བརླབས་པ་རྡོ་རྗེ་ ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས་རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་པས་ཆོས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་ཡིན་ནོ། །སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། བརྗོད་པ་དང་། སྒོམ་པ་དེས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐུག་པ་མེད་པའི་མཐར་ཕྱིན་ཏེ། སྒྲིབ་པ་ཐམས་ཅད་ཟད་ནས་དེ་བཞིན་གཤེགས་པའམ། རྡོ་རྗེ་འཛིན་པར་མྱུར་དུ་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ འདུས་ཏེ། ཆོས་ཀྱི་རྣམ་གྲངས་འདི་དོན་ཡོད་པ་དང་། ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །སེམས་ཅན་ཆེན་པོ་ལེགས་སོ་ལེགས། །བདེ་བ་ཆེན་པོ་ལེགས་སོ་ལེགས། །ཐེག་པ་ཆེན་པོ་ལེགས་སོ་ལེགས། ། བློ་གྲོས་ཆེན་པོ་ལེགས་སོ་ལེགས། །ཆོ་ག་འདི་ནི་ལེགས་པར་སྨྲས། །སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས། །འབྲས་བུ་ཡོད་པ་འདུལ་བའི་མཆོག །རྡོ་རྗེ་མདོ་སྡེ་བྱིན་གྱིས་བརླབས། །ཆོ་གའི་རྒྱལ་པོ་བླ་ན་མེད། །གང་རྣམས་འདི་དག་འཛིན་པ་ནི། ། བདུད་ལ་སོགས་པ་ཐམས་ཅད་ཀྱིས། །དེ་དག་མི་སོད་མི་ཚུགས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དངོས་གྲུབ་དམ་པ་ཐམས་ཅད་ཀྱང་། །སངས་རྒྱས་ཀུན་གྱིས་གསུངས་པ་བཞིན། །རིང་པོར་མི་ཐོགས་ཐོབ་པར་འགྱུར། །དེ་སྐད་གསུངས་ནས་གསང་ གྲུབ་ཕྱིར། །རྡོ་རྗེ་ཅན་གྱིས་བཤད་པ་ལ། །དཀོན་མཆོག་སངས་རྒྱས་མཁས་བཅས་པ། །ཐམས་ཅད་ཀྱིས་ནི་མངོན་པར་བསྟོད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་བརྙེས་པ་ ཆོས་ཐམས་ཅད་སྤྲོས་པ་མེད་པས་ཡང་བདེ་བ་ཆེན་པོ་རྡོ་རྗེའི་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་རྡོ་རྗེ་དོན་ཡོད་པའི་ཆོས་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མཆོག་དང་པོ་ཐོག་མ་དང་། ཐ་མ་དང་། དབུས་མེད་པའི་དམ་པ་འདི་གསུངས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ རྣམས་ཀྱི་འདོད་ཆགས་ཆེན་པོ་དངོས་གྲུབ་དམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་དངོས་གྲུབ་དམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདེ་བ་ཆེན་པོ་དངོས་གྲུབ་དམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་དངོས་གྲུབ་ དམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་དངོས་གྲུབ་དམ་པ་ནི་བདུད་ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དངོས་གྲུབ་དམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདུད་ ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དངོས་གྲུབ་དམ་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་དངོས་གྲུབ་དམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་དངོས་གྲུབ་དམ་པ་ནི་འཇིག་ རྟེན་གྱི་ཁམས་མ་ལུས་པ་ན་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངས་སུ་སྦྱོང་བར་འདོད་པའི་རྒྱུའི་ཕྱིར་འཁོར་བ་ལ་ཡང་ཆགས་ཤིང་བརྩོན་འགྲུས་ཆེ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་མ་ལུས་པ་ན་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངས་སུ་ བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། མཆོག་ཏུ་ཤིན་ཏུ་བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་འགྱུར་བའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། ། མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་ཐབས་དང་། །ཡེ་ཤེས་གནས་སུ་བསྒྲུབས་པས་ནི། །ཆོས་ཀུན་རྣམ་པར་དག་པའི་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །ཆགས་ལ་སོགས་པས་འདུལ་ན་ནི། །འཁོར་བའི་བར་དུ་རྟག་པར་ཡང་། །འཇིག་རྟེན་སྡིག་བྱེད་དེ་ སྦྱང་ཕྱིར། །འཁོར་བའི་སྲིད་དུ་བདག་ཉིད་འདུལ། །ཇི་ལྟར་པདྨ་རབ་དམར་ཡང་། །ཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་གནས་པའི་ཉེས་པ་ཡིས། །འགྲོ་ཕན་རྣམས་ལ་མི་གོས་སོ། །འདོད་ཆགས་ཆེན་པོ་རྣམ་པར་དག །བདེ་བ་ཆེ་ཞིང་ནོར་ཆེ་ལ། །ཁམས་ གསུམ་དབང་ཕྱུག་ཐོབ་པས་ན། །སེམས་ཅན་དོན་རྣམས་བརྟན་པར་བྱེད། །ལག་ན་རྡོ་རྗེ་སུ་ལ་ལ་ནང་པར་ལངས་ནས་མཆོག་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་ཞིང་འདོན་པ་དང་། ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། སྒོམ་ པ་དེ་ཡིད་བདེ་བ་དང་། བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དངོས་གྲུབ་ཀྱི་མཆོག་ཀྱང་ཚེ་འདི་ལ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་ཀྱང་འགྲུབ་སྟེ། རྡོ་རྗེ་འཛིན་ཐམས་ཅད་ཀྱི་ཆེན་པོའམ། དེ་ བཞིན་གཤེགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བའི་བདག་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་སྔགས་ཀྱི་ཚིག་ཉི་ཤུ་རྩ་ལྔ་པོ་འདི་རྣམས་སོ། །ཨོཾ་བྱང་ཆུབ་ཀྱི་སེམས་རྡོ་རྗེ། ཨོཾ་ཀུན་ཏུ་ བཟང་པོའི་སྤྱོད་པ། ཨོཾ་ཡིད་བཞིན་གྱི་ནོར་བུ། ཨོཾ་འགོག་པ་མེད་པ། ཨོཾ་སྐྱེ་བ་བཟློག་པ། ཨོཾ་རྣམ་པར་ཤེས་པ་ཐམས་ཅད། ཨོཾ་འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཆེན་པོ། །ཨོཾ་བརྩོན་འགྲུས་ཀྱི་གོ་ཆ། ཨོཾ་ཀུན་ཏུ་འགྲོ་བ། ཨོཾ་རྡོ་རྗེ་སྲ་བའི་སེམས་ཧཱུཾ་ཕཊ། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད། ཨོཾ་ངོ་བོ་ཉིད་རྣམ་པར་དག་པ། ཨོཾ་ཆོས་ཉིད་ཤེས་པ་རྣམ་པར་དག་པ། ཨོཾ་དེ་བཞིན་ལས་རྣམ་པར་སྦྱོང་བ། ཧཱུཾ། ཨོཾ་ངེས་པར་གནོད་མཛེས་རྡོ་རྗེ་ཅན་ཕཊ། ཨོཾ་འདོད་པ་ལ་འདོད་ཆགས་པ། ཨོཾ་སྤོང་བའི་རྡོ་རྗེ་ཅན། ཨོཾ་ཧཱུཾ་ཐམས་ཅད་འདུལ་ བ། ཨོཾ་ཧྲཱིཿཨོཾ་ཨ་ཞེས་བྱ་བའི་སྒོ། ཨོཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཨཱྃ་བྃ་ཧཱུྃ་ཨ། ཨོཾ། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག །ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཨཿ། ཨོཾ་ཨ་ སྡིག་པའི་བཅིངས་པ་ཐམས་ཅད་ཆོམས་ཤིག །ངན་སོང་གི་རྒྱུད་ཐམས་ཅད་ལས་ཐར་བར་གྱིས་ཤིག །ཨོཾ་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ། ཧཱུཾ་ཏྲ་ཊ། སྡིག་པ་གཞོམ་པའི་ཕྱག་རྒྱ་དང་སྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་དམ་པ་རྡོ་རྗེ་འཛིན་ཆེན་ པོ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ལག་ན་རྡོ་རྗེ་འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་ཐོས་པར་མི་འགྱུར་རོ། །འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱིས་མཉན་པའམ། ཡི་གེར་འདྲི་བའམ། ཡི་གེར་འདྲིར་གཞུག་པའམ། བཀླག་པའམ། འཆང་བའམ། བསྒོམ་པའམ། བསྟི་སྟང་དུ་བྱ་བའམ། རི་མོར་བྱ་བའམ། མཆོད་པར་མི་ནུས་སོ། །གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཡི་གེ་འབྲུ་གཅིག་ཙམ་ཐོས་ན་ཡང་སེམས་ཅན་དེ་དག་ནི་གཞན་ན་ སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ན་མཐའ་དག་རྫོགས་པ་ལྟ་ཅི་སྨོས། །ལག་ན་རྡོ་རྗེ་གང་ལ་ལ་དག་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ལ་བཀུར་སྟི་མ་བྱས་པ་དང་། བླ་མར་མ་བྱས་པ་དང་། བསྟི་སྟང་མ་བྱས་པ་དང་། མཆོད་པ་ མ་བྱས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་མི་ནུས་སོ། །ཆོས་ཀྱི་རྣམ་གྲངས་འདི་གང་ན་སྤྱོད་པའི་ས་ཕྱོགས་དེ་མཆོད་རྟེན་དུ་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་གང་གི་ལུས་ལ་ཐོགས་སམ། གླེགས་བམ་ལ་ བྲིས་ཏེ་སྤྱོད་པའི་གང་ཟག་དེ་ཕྱག་བྱ་བའི་གནས་སུ་འགྱུར་རོ། །དེ་བསྐལ་པ་བྱེ་བ་མང་པོར་སྐྱེ་བ་དྲན་པར་འགྱུར་རོ། །དེ་ལ་བདུད་སྡིག་ཏོ་ཅན་བར་ཆད་བྱེད་པར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དང་། ལྷ་གཞན་རྣམས་ཀྱང་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ ཕྱིར་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་རོ། །ཡ་ང་བ་མ་སྤངས་པར་འཆི་བར་མི་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །མདོར་ན་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འདོད་པ་དེ་དང་དེར་སྐྱེའོ། །དེ་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཕན་ཡོན་མང་མོད་ཀྱི་ངས་ཕྱོགས་ཙམ་ཞིག་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་ བཅུ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་པཉྩཱ་ཤ་ཏི་ཀ །བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ། སངས་རྒྱས་ དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་ བཞུགས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་ བསྙེན་དང་། དགེ་བསྙེན་མ་དུ་མ་དག་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གང་ལ་ལ་ཞིག་ཉན་ཐོས་ཀྱིས་ལ་སློབ་པར་འདོད་པ་དང་། རང་སངས་རྒྱས་ཀྱིས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་ལྡན་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་དང་། རྣལ་འབྱོར་དུ་བྱ་བ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །བྱང་ཆུབ་སེམས་ དཔའ་ཐབས་ལ་མཁས་པ་དང་ལྡན་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་གང་ལ་བསླབ་པར་བྱ་བ་དང་། རྣལ་འབྱོར་དུ་བྱ་བ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ། །རབ་འབྱོར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་ དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ། རྣལ་འབྱོར་དུ་བྱ་སྟེ། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་དང་། རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་ དཔའི་ཆོས་རྣམས་ཀྱང་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །དགེ་བའི་ཆོས་བྱང་ཆུབ་ཀྱི་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་ རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་ཡིན་ནོ་ཞེས་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་ སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་ གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། འཕགས་པའི་བདེན་པ་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་ གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རབ་འབྱོར་དེ་དག་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཉན་ཐོས་ཀྱི་ཆོས་ རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་རྣམས་ཡིན་ནོ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ལགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་ནི་བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི་ཕྱིར་རོ། །རབ་འབྱོར་གྱིས་ གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏིང་དཔག་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ ལྡན་འདས་ཀྱེ་མ་ཨ་ལ་ལ། ཨ་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནམ་མཁའ་དང་མཚུངས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་ནམ་མཁའ་ལྟ་བུ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ། ཨ་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བརྩོན་པས་རྟོགས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མི་བརྩོན་པ་དང་། དགེ་བའི་རྩ་བ་ཆུང་བ་དང་། ཡིད་མི་གཞུངས་པ་དང་། དོན་དུ་མི་གཉེར་བ་དང་། ཐོས་པ་དང་མི་ལྡན་པ་དང་། ཤེས་རབ་ཆུང་བ་དང་། སྡིག་པའི་གྲོགས་པོས་ཟིན་ པ་དང་། སྡིག་པའི་གྲོགས་པོ་དང་འདྲེ་བ་མང་བ་དང་། སྡིག་པའི་གྲོགས་པོས་འཛིན་དུ་བཅུག་པ་དང་། དད་པ་ཙམ་དང་ལྡན་པ་དང་། ལས་དང་པོ་པ་དང་སྐལ་བ་མེད་པའི་ཚུལ་ཅན་དང་། ཡོངས་སུ་མི་འདྲི་བའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པར་འགྱུར་བར་བྱས་པ་ དང་། ལེ་ལོ་ཅན་དང་། བརྩོན་འགྲུས་ཆུང་བ་དང་། སྙིང་སྟོབས་ཆུང་བ་དང་། མོས་པ་ཆུང་བ་དང་། དགེ་བའི་ཆོས་དེ་དག་ལ་མངོན་པར་མི་བརྩོན་པས་མོས་པར་དཀའ་བ་སྟེ། རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མོས་པར་དཀའ་བ་ཞེས་བྱའོ། །རབ་འབྱོར་ གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ན་དེས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བཟུང་བ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་བར་འདོད་པས་རྒྱུན་མི་འཆད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་སྟེ། དེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་རབ་འབྱོར་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་ བསྟོད་དོ།། །།འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཀཽ་ཤི་ཀ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཀཽ་ཤི་ཀ་ཞེས་བྱ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་ དཔའ་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་གཉིས་སུ་བལྟ་བར་མི་བྱ། གཉིས་མ་ཡིན་པར་ཡང་མ་ཡིན། མཚན་མར་མ་ཡིན། མཚན་མ་མ་ཡིན་པར་ཡང་མ་ཡིན་བླང་བར་ཡང་མ་ཡིན། དོར་བར་ཡང་མ་ཡིན། བསྣན་པར་མ་ཡིན། བསྣན་པ་མེད་པར་ཡང་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན་པར་ཡང་མ་ཡིན། རྣམ་པར་བྱང་བར་མ་ཡིན། རྣམ་པར་བྱང་བ་མ་ཡིན་པར་ཡང་མ་ཡིན། སྤང་བར་མ་ཡིན། སྤང་བ་མ་ཡིན་པར་ཡང་མ་ཡིན། གནས་སུ་མ་ཡིན། གནས་སུ་མ་ཡིན་པར་ཡང་མ་ཡིན། སྦྱོར་བར་མ་ཡིན། སྦྱོར་བ་མ་ཡིན་པར་ཡང་མ་ཡིན། འབྲེལ་པར་མ་ཡིན། འབྲེལ་བར་མ་ཡིན་པར་ཡང་མ་ཡིན། རྐྱེན་དུ་མ་ཡིན། རྐྱེན་མ་ཡིན་པར་ཡང་མ་ཡིན། ཆོས་སུ་མ་ཡིན། ཆོས་མ་ཡིན་པར་ཡང་མ་ཡིན། དེ་བཞིན་ཉིད་མ་ཡིན། དེ་བཞིན་ཉིད་མ་ཡིན་པར་ཡང་མ་ ཡིན། ཡང་དག་པའི་མཐར་མ་ཡིན། ཡང་དག་པའི་མཐར་མ་ཡིན་པར་ཡང་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མཉམ་མོ། །ཆོས་ཐམས་ཅད་ཟབ་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཆོས་ཐམས་ཅད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ནོ། །ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་དོ། །ཆོས་ཐམས་ཅད་རློམ་སེམས་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་རློམ་སེམས་མེད་དོ། །ཆོས་ཐམས་ཅད་འཇིགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིགས་པ་མེད་དོ། །ཆོས་ཐམས་ཅད་བག་ཚ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བག་ཚ་བ་མེད་དོ། །ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་ གཅིག་གོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་དོ། །ཆོས་ཐམས་ཅད་འགགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགགས་པ་མེད་དོ། །ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ ལྟ་བུའོ། །གཟུགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །སའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མུ་མེད་དོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །རི་རབ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མུ་མེད་དོ། །རྒྱ་མཚོ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །རྡོ་རྗེ་མཉམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་མོ། །ཆོས་ཐམས་ཅད་དབྱེར་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱེར་མེད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དམིགས་སུ་ མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དམིགས་སུ་མེད་དོ། །ཆོས་ཐམས་ཅད་བསལ་བ་མེད་པར་མཉམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསལ་བ་མེད་པར་མཉམ་མོ། །ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་མེད་དོ། ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁོར་གསུམ་ཡོངས་སུ་དག་པས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟར་སྟོང་པ་ཉིད་བཅྭ་བརྒྱད་དེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་ བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། མདོར་ན་སྟོང་པ་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། ། རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ན་མོ་བྷ་ག་བ་ཏྱཻ་ཨཱརྱ་པྲཛྙཱ་པཱ་ར་མི་ཏྭཱ་ཡཻ། ཨོཾ་དྷཱིཿཧྲཱིཿཤྲཱི་ཤྲུ་ཏི་སྨྲྀ་ཏི་མ་ཏི་ག་ཏི་བི་ཛ་ཡེ་སྭཱ་ཧཱ། འགག་པ་མེད་ཅིང་སྐྱེ་མེད་ལ། །ཆད་པ་མེད་ཅིང་རྟག་པ་མེད། །ཐ་དད་དོན་མིན་དོན་གཅིག་མིན། །འོང་བ་མེད་ ཅིང་འགྲོ་མེད་ལ། །སྤྲོས་པ་ཞི་བས་ཞི་བ་ཡི། །རྟེན་ཅིང་འབྲེལ་བར་འབྱུང་སྟོན་པ། །རྫོགས་པའི་སངས་རྒྱས་གང་ཡིན་པ། །སྨྲ་མཆོག་དེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ལྷའི་དབང་ པོ་བརྒྱ་བྱིན་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཀཽ་ཤི་ཀ་ཞེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པཉྩ་བིངྴ་ཏི་ཀ་པྲཛྙཱ་པཱ་ར་མི་ཏཱ་མུ་ཁ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཉི་ཤུ་རྩ་ ལྔ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་ལྷ་ཐམས་ཅད་ཀྱི་མཚན་མོའི་གནས་ན་བྱང་ཆུབ་སེམས་དཔའ་བྱེ་ བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལྷ་དང་། ལྷའི་བུ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། ཀླུ་དང་། གནོད་སྦྱིན་དང་། མིའམ་ཅི་དང་། སྲིན་པོ་དང་། རིག་སྔགས་འཆང་ཐམས་ཅད་དང་། འབྱུང་པོ་དང་། ལོག་འདྲེན་དང་། ཤ་ཟ་དང་། སྣང་བ་དང་། མི་སྣང་བའི་མ་མོའི་ཚོགས་ཤིན་ཏུ་མང་ཞིང་རྒྱ་ཆེ་བ་དཔག་ཚད་ལྔའི་དཀྱིལ་འཁོར་དུ་འདུས་པ་ཤ་སྟག་དང་། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུས་བསྐོར་ཅིང་མདུན་དུ་བདར་ནས་ཆོས་སྟོན་ཏོ། །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང་། རིག་པའི་ཚོགས་དང་། ཕྱག་རྒྱའི་ཚོགས་དེ་དག་ཐམས་ཅད་དང་། རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ ཕྱིན་ནས། བར་སྣང་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་བཀའ་ སྩལ་པ། གསང་བ་པའི་བདག་པོ་ཉི་ཤུ་རྩ་ལྔ་པོ་འདི་དག་ནི་ངའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཡིན་ནོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོཾ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ཀུན་ཏུ་བཟང་ པོའི་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ཡིད་བཞིན་གྱི་ནོར་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་འགོག་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་སྐྱེ་བར་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་རྣམ་པར་ཤེས་པ་ཐམས་ཅད་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་འབར་བ་ཆེན་པོའི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་བརྩོན་འགྲུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ཐམས་ཅད་དུ་འགྲོ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་རྡོ་རྗེ་ཐམས་ཅད་བརྟན་པའི་སེམས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་རང་བཞིན་རྣམ་པར་དག་པའི་ཆོས་ཉིད་ཡེ་ཤེས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ལས་རྣམ་པར་སྦྱོང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། ། ཨོཾ་ངེས་པར་གནོད་མཛེས་རྡོ་རྗེ་ཅན་ཕཊ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་འདོད་པ་ལ་འདོད་ཆགས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་མགྱོགས་པའི་རྡོ་རྗེ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ཧཱུྃ་ཐམས་ཅད་དུ་འགྲོ་བ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ཧྲཱིཿཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ཨ་ཞེས་བྱ་བའི་སྒོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་ཨྃ་བ་ཧཱུྃ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། ། ཨོཾ་ཨེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ཨོཾ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཐུགས་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་ དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།སྐད་གསར་ཆད་ཀྱིས་ བཅོས་ནས་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ། །བཅོམ་ ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་ སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་ པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་ མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་ པ་ནས་ཡིད་ཀྱི་ཁམས་མེད་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་ འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ སྨྲས་པ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་ མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོཙྪ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ཅིང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ།། །།དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ་ དང་ཞུ་དག་ལེགས་པར་བགྱིས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སྭ་ལྤཱ་ཀྵ་ར་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་ བཞུགས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་ལྷ་བྱེ་བ་ཁྲག་ཁྲིག་འབུམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། འཛུམ་མུལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ ངུ་ལ་བསོད་ནམས་ཆེ་བ། གང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་དང་། བྱང་ཆུབ་ལ་ངེས་པར་གཞོལ་བར་འགྱུར་བ་དང་། གང་དག་སྔགས་སྒྲུབ་པར་བརྩོན་པ་དེ་དག་བགེགས་མ་མཆིས་པར་གསང་སྔགས་འགྲུབ་པར་འགྱུར་བ་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཡུན་རིང་པོར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་རིགས་ཀྱི་བུ་ལེགས་པར་རབ་ཏུ་ཉོན་ལ་ ཡིད་ལ་ཟུང་ཤིག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ལ་བསོད་ནམས་ཆེ་བ་གང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་དང་། བྱང་ཆུབ་ལ་ངེས་པར་གཞོལ་བར་འགྱུར་བ་དང་། གང་དག་གསང་སྔགས་སྒྲུབ་པར་བརྩོན་པ་དེ་དག་བགེགས་ མེད་པར་སྔགས་འགྲུབ་པར་འགྱུར་བ་ངས་ཁྱོད་ལ་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཤད་དུ་གསོལ། དེ་ནས་བཅོམ་ ལྡན་འདས་ཀྱིས་དེའི་ཚེ་སེམས་ཅན་ཐམས་ཅད་དགྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མཉམ་པར་བཞག་པ་དེས་སྨིན་མཚམས་ཀྱི་མཛོད་སྤུའི་ཕྲག་ནས་འོད་ཟེར་འབུམ་ཕྲག་དུ་མ་བྱུང་སྟེ། འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་གྱུར་ཏོ། །སེམས་ཅན་ གང་དག་འོད་ཟེར་དེས་རེག་པ་སེམས་ཅན་དམྱལ་བ་པ་ཡན་ཆད་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ལྷའི་ཙན་དན་གྱི་ཕྱེ་ མའི་ཆར་ཡང་ཕབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུངས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔས་མཉམ་པའི་སེམས་དང་བྱམས་པའི་སེམས་དང་བྱས་པ་གཟོ་བ་དང་། སྡིག་པ་ཐམས་ཅད་དང་བྲལ་བའི་སེམས་སུ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་ པོ་འདི་ཡང་གདོན་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། ། སངས་རྒྱས་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལས་ཁྱོད་ཀྱིས་འདི་ཉིད་ཐོབ་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ་ཞེས་སངས་རྒྱས་ཉིད་དུ་ལུང་ཡང་བསྟན་ཏོ། །གང་དག་ཁྱོད་ཀྱི་མིང་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དང་། གླེགས་བམ་དུ་བྲིས་ནས་མཆོད་པ་བྱེད་པ་དེ་དག་ ཐམས་ཅད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པར་འགྱུར་རོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ། པདྨཱ་བྷེ། ཨ་བ་མེ་ས་ར་ས་ར་ཎི། ངྷི་རི་དྷི་རི། དྷི་རི་དྷི་རི། དེ་བ་ཏཱ་ནུ་པཱ་ལ་ནེ། བུདྡྷ་ཨུཏྟ་ར་ཎི་པཱུ་ར་ཡ་བྷ་ག་བ་ཏི། སརྦཱ་ཤ་མ་ཤ་མ་སརྦ་ས་ཏྭཱ་ནཱྃ། སརྦ་ཀརྨཱ་བ་ར་ཎ་བི་ཤོ་དྷ་ཡ། བུད་དྷ་ཨ་དྷི་ཥྛཱ་ནེ་ན་སྭཱ་ཧཱ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཐམས་ཅད་བསྐྱེད་པ། བྱང་ཆུབ་སེམས་དཔའི་ཡུམ་འཕྲལ་དུ་སྡིག་པ་འཕྲོག་པ། བྱང་ཆུབ་སྦྱིན་པར་བྱེད་པ་སྟེ། འདི་ལྟ་སྟེ། བསྐལ་པ་བྱེ་བ་བརྒྱར་ཡང་སངས་རྒྱས་ཐམས་ཅད་ཀྱིས་ཕན་ཡོན་བརྗོད་པར་མི་ནུས་སོ། །འདི་བཀླགས་ པས་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ། །གསང་སྔགས་ཐམས་ཅད་ཀྱང་མངོན་དུ་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་ སླད་དུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐབས་སླ་བའི་ཕྱིར་ཏེ། སེམས་ཅན་གང་དག་སྤྲོ་བ་ཆུང་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀློག་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དེ་དག་ཐམས་ཅད་ཐབས་སླ་ བས་བྱང་ཆུབ་ལ་གཞོལ་བར་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ཀྱིས་ཇི་ཙམ་དུ་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ། བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་ པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་ཨཀྵ་རཱི་མཱ་ཏཱ་ནཱ་མ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕ