Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 034_ཤེས་རབ་སྣ་ཚོགས།

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
ུན་ལ་ཕན་ཕྱིར་དེ་ཡང་བྱང་ཆུབ་བསྔོ། །གལ་ཏེ་དགྲ་བཅོམ་རང་རྒྱལ་བྱང་ཆུབ་རེག་འདོད་ན། །ཚུལ་ཁྲིམས་འཆལ་ཅིང་མི་མཁས་དེ་བཞིན་སྤྱོད་པ་ཉམས། །ཅི་སྟེ་བྱང་ཆུབ་ཞི་བ་མཆོག་ཏུ་ཡོངས་

བསྔོ་ན། །འདོད་ཡོན་བརྩོན་ཡང་ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་གནས། །ཆོས་གང་ངེས་པའི་བྱང་ཆུབ་ཡོན་ཏན་འབྱུང་འགྱུར་བ། །འདི་ནི་ཡོན་ཏན་ཆོས་ལྡན་རྣམས་ཀྱི་ཚུལ་ཁྲིམས་དོན། །ཆོས་གང་ཕན་བྱེད་རྣམས་ཀྱི་བྱང་ཆུབ་ཡོངས་ཉམས་པ། །འདི་ནི་ཚུལ་ཁྲིམས་འཆལ་
ཅེས་རྣམ་པར་འདྲེན་པས་གསུངས། །གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་
པར་བྱ། །གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་སྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཚུལ་ཁྲིམས་སྲུང་ཞིང་བྱང་ཆུབ་མཆོག་
ཏུ་ཡོངས་བསྔོ་ལ། །དེ་ཡིས་རློམ་སེམས་མེད་ཅིང་བདག་བསྟོད་མི་བྱེད་ལ། །ང་ཡི་འདུ་ཤེས་སེམས་ཅན་འདུ་ཤེས་ཡོངས་སུ་སྤངས། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་བརྗོད། །གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་སྤྱོད་པ། །སེམས་
ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་ཉམས་ཤིང་དེ་ལ་ཡོངས་དག་ཚུལ་ཁྲིམས་མེད། །གང་ལ་བདག་གི་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་འདོད་ཆགས་བྲལ་
ལ་སྡོམ་མིན་ག་ལ་ཡོད། །གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །སེམས་ཅན་དག་པ་གང་ཞིག་དེ་ལྟར་ཁྲིམས་ལྡན་པ། །སྡུག་དང་མི་སྡུག་ཀུན་ལ་ལྟ་བ་མེད་པ་ཡིན། །མགོ་དང་རྐང་
ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ཞིང་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །

གལ་ཏེ་སེར་སྣ་བྱེད་པ་དེ་ནི་གནས་མེད་དོ། །བདག་ཏུ་འདུ་ཤེས་དངོས་ལ་བདག་གིར་འཛིན་པས་ཆགས། །བླུན་པོ་རྣམས་ལ་གཏོང་བའི་བློ་ལྟ་ག་ལ་ཡོད། །སེར་སྣ་ཅན་ནི་ཡི་དགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་
འགྱུར། །དེ་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་དབུལ་ཤེས་ནས། །གཏོང་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷུག་པར་གཏོང་། །གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟ་མིན། །བྱང་ཆུབ་སེམས་
དཔའ་མཁས་པ་གསལ་བ་སྲིད་གསུམ་གྱི། །སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི། །བྱིན་པར་གྱུར་ཅིག་སྙམ་དུ་བསམས་ནས་སྦྱིན་བྱིན་ལ། །དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ། །སྦྱིན་པ་བྱིན་ནས་དངོས་ལ་གནས་པར་བྱེད་པ་མེད། །དེ་ནི་
ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། །དེ་ལྟར་གཏོང་ལ་མཁས་པ་ཐམས་ཅད་གཏོང་བ་སྟེ། །ཆུང་ངུ་བཏང་ལ་མང་པོ་དཔག་ཏུ་མེད་པར་འགྱུར། །སྲིད་པ་གསུམ་ན་སེམས་ཅན་མ་ལུས་ཇི་སྙེད་པ། །ཡོངས་སུ་བརྟག་པ་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། །འཇིག་རྟེན་
མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །བསྐལ་པ་མཐའ་ཡས་སྦྱིན་བྱིན་ཉན་ཐོས་ལེགས་ཚོལ་ན། །བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་
རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོས་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། །རིན་ཆེན་བཻ་ཌཱུརྱ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་
སེམས་དཔས་ཟིལ་གྱིས་གནོན། །གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་ལ་སྦྱིན་བྱིན་ནས། །དེ་ལ་བདག་གིར་མི་བྱེད་དངོས་པོ་ཕངས་མེད་ན། །དེ་ལས་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། །སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །

སྐབས་དྲུག་པ་མཐར་གྱིས་པ་བསྟན། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་
ཡོངས་སྨིན་བྱེད། །ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། །གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར། །བརྩོན་འགྲུས་
ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ། །ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་
ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །སྐབས་བདུན་པ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པར་བསྟན། ཆོས་
འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །སྐབས་བརྒྱད་པ་ཆོས་ཀྱི་སྐུ་བསྟན། ཡོངས་དག་ཞིང་དང་སེམས་ཅན་དག་པ་ཡོངས་སུ་འཛིན། །སངས་རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན། །འགྲོ་
བའི་ནད་གསོ་མཛད་པ་སྨན་པའི་མཆོག་གྱུར་པས། །ཤེས་རབ་བསྟན་པ་བྱང་ཆུབ་ལམ་ལྡན་འདི་གསུངས་ཏེ། །མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ། །ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སུ་བི་ཀྲན་ཏ་བི་ཀྲ་མ་པ་རི་པྲྀ་ཙྪཱ་པྲཛྙཱ་བཱ་ར་མི་ཏ་ནིར་དེ་ཤ། བོད་སྐད་དུ། འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ། བམ་པོ་དང་པོ། སངས་རྒྱས་དང་།
བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་
འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་སྐྱེ་བ་གཅིག་གིས་ཐོགས་པ་ཚད་མེད་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་
མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་
ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།

བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ན་བདུད་སྡིག་ཅན་
གྱིས་གླགས་མི་རྙེད་ཅིང་བདུད་ཀྱི་ལས་ཐམས་ཅད་ཀྱང་རྟོགས་པར་འགྱུར་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟ་བུས་གནས་ན་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་
སུ་རྫོགས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཁྱོད་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དང་། ཅི་ནས་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཤིང་། ད་ལྟར་གྱི་དང་། མ་
འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྣང་བར་བྱེད་པར་འདོད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བ་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་མཁྱེན་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཁྱོད་དོན་གྱི་དབང་གང་མཐོང་ནས་དེ་བཞིན་གཤེགས་པ་ལ་དོན་འདི་ལྟ་བུ་འདྲི།
དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་།
སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱི་ཆོས་དང་། ཆོས་ཐམས་ཅད་སྡུད་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་དེ་ལ་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་ལ་ངེས་པར་གྱུར་པ་དེ་དག་གིས་ཐོས་ན་མྱུར་དུ་ཟག་པ་མ་མཆིས་པའི་ས་མངོན་སུམ་དུ་བགྱིད་པར་འགྱུར་བ་དང་། གང་དག་རང་
སངས་རྒྱས་ཀྱི་ཐེག་པ་ལ་ངེས་པར་གྱུར་པ་དེ་དག་ཀྱང་མྱུར་དུ་རང་སངས་རྒྱས་ཀྱི་ཐེག་པ་ལ་ངེས་པར་འབྱུང་བར་འགྱུར་བ་དང་། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཀྱང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། གང་དག་ཡང་དག་པ་ཉིད་སྐྱོན་མེད་པ་ལ་མ་ཞུགས་ཤིང་ས་གསུམ་ལ་མ་ངེས་པ་དེ་དག་གིས་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང་། བཅོམ་ལྡན་འདས་
དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞུས་པའི་ལན་བཏབ་པས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྐྱེད་པར་འགྱུར་བའི་སླད་དུ་དེ་བཞིན་གཤེགས་པའི་ཡུལ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་དུ་གསོལ། བཅོམ་ལྡན་འདས་

བདག་ནི་སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱི་སླད་དུ་དེ་བཞིན་གཤེགས་པ་ལ་ཞུ་བ་མ་ལགས། དབུལ་པོའི་སེམས་དང་ལྡན་པ་རྣམས་ཀྱི་སླད་དུ་མ་ལགས། དབུལ་པོའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་སླད་དུ་མ་ལགས། ལེ་ལོ་ཅན་རྣམས་ཀྱི་སླད་
དུ་མ་ལགས། ལེ་ལོའི་ཟིལ་གྱིས་ནོན་པ་རྣམས་ཀྱི་སླད་དུ་མ་ལགས། ལྟ་བའི་འདམ་དུ་བྱིང་བ་རྣམས་ཀྱི་སླད་དུ་མ་ལགས། བདུད་ཀྱི་ཞགས་པས་ཟིན་པ་རྣམས་ཀྱི་སླད་དུ་མ་ལགས། ངོ་ཚ་མ་འཚལ་ཅིང་ཁྲེལ་མ་མཆིས་པ་རྣམས་ཀྱི་སླད་དུ་མ་ལགས། ཡོ་བྱད་
བསྙུངས་པ་དང་མི་ལྡན་པ་རྣམས་ཀྱི་སླད་དུ་མ་ལགས། བསྐྱུད་ངས་པ་རྣམས་ཀྱི་སླད་དུ་མ་ལགས། སེམས་འཁྲུལ་པ་རྣམས་ཀྱི་སླད་དུ་མ་ལགས། འདོད་པའི་འདམ་དུ་བྱིང་བ་རྣམས་ཀྱི་སླད་དུ་མ་ལགས། །གཡོན་ཅན་རྣམས་ཀྱི་སླད་དུ་མ་ལགས། སྒྱུ་ཅན་
རྣམས་ཀྱི་སླད་དུ་མ་ལགས། བགྱིས་པ་མི་གཟོབ་རྣམས་ཀྱི་སླད་དུ་མ་ལགས། སྡིག་པ་འཚལ་བ་རྣམས་ཀྱི་སླད་དུ་མ་ལགས། སྡིག་པ་སྤྱོད་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་ཁྲིམས་ཉམས་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་ཁྲིམས་ཡོངས་སུ་མ་
དག་པ་རྣམས་ཀྱི་སླད་དུ་མ་ལགས། ལྟ་བ་ཉམས་པ་རྣམས་ཀྱི་སླད་དུ་མ་ལགས། བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་རྣམས་ཀྱི་སླད་དུ་མ་ལགས། བདག་ལ་སྟོད་པ་རྣམས་ཀྱི་སླད་དུ་མ་ལགས། གཞན་ལ་སྨོད་པ་རྣམས་ཀྱི་སླད་དུ་མ་ལགས། རྙེད་པ་དང་
བཀུར་སྟི་ལ་གདུ་བ་རྣམས་ཀྱི་སླད་དུ་མ་ལགས། ལྷུང་བཟེད་དང་ཆོས་གོས་ལ་ཆགས་པ་རྣམས་ཀྱི་སླད་དུ་མ་ལགས། ཚུལ་འཆོས་པ་རྣམས་ཀྱི་སླད་དུ་མ་ལགས། ཁ་གསག་ཅན་རྣམས་ཀྱི་སླད་དུ་མ་ལགས། གཞོགས་སློང་ཅན་རྣམས་ཀྱི་སླད་དུ་མ་
ལགས། །ཐོབ་ཀྱིས་འཇལ་བ་རྣམས་ཀྱི་སླད་དུ་མ་ལགས། རྙེད་པ་ལས་རྙེད་པ་སྒྲུབ་པ་རྣམས་ཀྱི་སླད་དུ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་ལྟ་བུ་རྣམས་ཀྱི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་བ་མ་ལགས་སོ། །བཅོམ་ལྡན་འདས་

སེམས་ཅན་གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་དང་། ཆགས་པ་མ་མཆིས་པའི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་ཚོལ་བ་དེ་དག་དང་། གང་དག་བདག་
དང་ཕ་རོལ་ཀྱང་མི་དམིགས་ན། བདག་ལ་སྟོད་པ་དང་། གཞན་ལ་སྨོད་པ་ལྟ་ག་ལ་མཆིས་ཏེ། བཅོམ་ལྡན་འདས་རྭ་བཅད་པ་ལྟ་བུར་རང་རྒྱལ་མ་མཆིས་པ། ཟུག་རྔུ་ཕྱུང་བ། གདོལ་བུ་ལྟ་བུར་སེམས་དམའ་བ། སེམས་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་
མཚུངས་པའི་སེམས་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ། །བཅོམ་ལྡན་འདས་གང་དག་ཆོས་ཀྱང་མི་དམིགས་ཤིང་། རློམ་སེམས་སུ་མི་བགྱིད་ལ་མངོན་པར་ཞེན་པ་མ་
མཆིས་ན། ཆོས་མ་ལགས་པ་ལྟ་ག་ལ་མཆིས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ། །བཅོམ་ལྡན་འདས་བསམ་པ་དག་པ། གཡོ་མ་མཆིས་པ། སྒྱུ་མ་མཆིས་པ། དྲང་བ། སེམས་
མཉམ་པ། སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སྙིང་བརྩེ་བ་ཅན། ཡང་དག་པར་འཛིན་དུ་སྩོལ་བ། ཡང་དག་པར་གཟེངས་སྟོད་པ། ཡང་དག་པར་དགའ་བར་བགྱིད་པ། ཁུར་ཆེན་པོ་ཁྱེར་བ། ཐེག་པ་ཆེན་པོ་ལ་མངོན་པར་ཞུགས་པ། བགྱི་བ་ཆེན་
པོས་སོ་སོར་ཉེ་བར་གནས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བགྱིད་པ་འདྲེན་པ། རྣམ་པར་འདྲེན་པ། ཡོངས་སུ་འདྲེན་པ། ཆོས་ཐམས་ཅད་ལ་མི་རྟེན་པར་གནས་པ། སྐྱེ་བའི་གནས་ཐམས་ཅད་མི་ཚོལ་བ། བདུད་
ཀྱི་ཞགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། འདུན་པ་ཅན་བརྩོན་འགྲུས་དང་ལྡན་པ། བག་མཆིས་པ། ཆོས་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ། ཐེ་ཚོམ་ཐམས་ཅད་གཅོད་པ་ལ་མཁས་པའི་སེམས་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་རློམ་སེམས་སུ་མི་བགྱིད་ཅིང་མངོན་པར་མི་ཞེན་ལ་ཆགས་པར་མི་གནས་ཤིང་། རློམ་སེམས་
ཐམས་ཅད་ལས་ཡང་དག་པར་འདས་པའི་ལམ་ལ་གནས་པ། ལམ་དུ་ཞུགས་པ། ལམ་སྟོན་པའི་སེམས་ཅན་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སླད་དུ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ། །
བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་དང་། ལྟག་ན་མ་མཆིས་པའི་བདེ་བ་དང་། བླ་ན་མ་མཆིས་པའི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བ་དང་། སངས་རྒྱས་ཀྱི་བདེ་བ་དང་། འདུས་མ་བགྱིས་ཀྱི་བདེ་བ་ཉེ་བར་བསྒྲུབ་པར་འཚལ་ཏེ།
བདག་སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བའི་སླད་དུ་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ། །བཅོམ་ལྡན་འདས་བདག་ནི་ཐེ་ཚོམ་མ་མཆིས་པར་འཚལ་ཞིང་ཐེ་ཚོམ་མ་མཆིས་ནས་ཀྱང་སེམས་ཅན་རྣམས་ཀྱི་ཐེ་ཚོམ་རབ་
ཏུ་སྤང་བའི་སླད་དུ་ཆོས་བཤད་པར་འཚལ་ཏེ། བཅོམ་ལྡན་འདས་བདག་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་བསལ་བའི་སླད་དུ་བཅོམ་ལྡན་འདས་ལ་ཞུ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་དང་མི་འཐུན་ཞིང་བདེ་བ་འཚལ་
ལ། སེམས་ཅན་ཐམས་ཅད་ནི་བདེ་བ་དོན་དུ་གཉེར་བ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་མ་གཏོགས་པར་གཞན་སེམས་ཅན་རྣམས་ཀྱི་བདེ་བ་གང་ཡང་བདག་གིས་མ་མཐོང་ཞིང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ཐེག་པ་ཆེན་པོ་མ་གཏོགས་
པར་གཞན་སེམས་ཅན་རྣམས་ཀྱི་བདེ་བ་གང་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་དོན་གྱི་དབང་འདི་མཐོང་བས་སེམས་ཅན་རྣམས་ལ་བདེ་བ་ཉེ་བར་བསྒྲུབ་པར་འཚལ་བའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞུ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་དོན་འདི་ཡང་དག་པར་མཐོང་བས་བདག་གིས་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་
ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལེགས་སོ་ལེགས་སོ། །ཁྱོད་སྐྱེ་བོ་ཕལ་པོ་ཆེ་ལ་སྙིང་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་ནི་ཁྱོད་ཀྱི་ཡོན་ཏན་གྱི་མཐའ་རྟོགས་པར་སླ་བ་མ་ཡིན་ནོ། །དེའི་ཕྱིར་རབ་
ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་
ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཁྱོད་འདི་སྐད་དུ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་
བགྱི་ཞེས་ཟེར་བ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་ཐམས་ཅད་ལས་འདས་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་
འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བརྗོད་པར་མི་ནུས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཉིད་ཀྱང་དེ་བཞིན་གཤེགས་པས་མ་བརྙེས་མ་དམིགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་དམིགས་པར་ག་ལ་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར་

གནོན་པ་ཤེས་རབ་ཅེས་བྱ་བ་འདི་ནི་ཆོས་ཐམས་ཅད་ཀུན་དུ་ཤེས་པ་འདི་ནི་ཆོས་ཐམས་ཅད་ཀུན་དུ་རིག་པ་སྟེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ཀུན་དུ་རིག་པ་གང་ཞེ་ན། ཆོས་འདི་དག་ཐམས་ཅད་ནི་རྣམ་པ་གཞན་ན་
ཆོས་ཐམས་ཅད་རྣམ་པ་གཞན་དུ་བརྗོད་དེ། ཆོས་ཐམས་ཅད་ནི་བརྗོད་པ་ལས་རྣམ་པར་གྲོལ་བ་མ་ཡིན་ནོ། །གང་ཆོས་ཐམས་ཅད་ཀུན་དུ་ཤེས་པ་དང་། གང་ཆོས་ཐམས་ཅད་ཀུན་དུ་རིག་པ་དེ་ཡང་ཚིག་གིས་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་ཇི་ལྟར་སེམས་ཅན་རྣམས་
ཀྱིས་ཤེས་པར་གྱུར་པ་དེ་ལྟར་ཤེས་རབ་ཅེས་བྱའོ། །འདི་ནི་བཏགས་པ་ཞེས་བྱ་སྟེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་གདགས་སུ་མེད། གཟུང་དུ་མེད། བཤད་དུ་མེད། སྣང་བ་མེད་དེ། དེ་ལྟ་བུར་ཀུན་དུ་རིག་པ་
དེ་ནི་ཀུན་ཏུ་རིག་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཅེས་བྱ་བ་དེ་ནི་ཀུན་ཤེས་པ་ཡང་མ་ཡིན། ཀུན་མི་ཤེས་པ་ཡང་མ་ཡིན། དེ་ལས་ཀྱང་མ་ཡིན། དེ་ལས་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་
རྣམ་པར་གནོན་པ་དེ་ནི་མི་ཤེས་པའི་སྤྱོད་ཡུལ་ཡང་མ་ཡིན། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་མ་ཡིན། མི་ཤེས་པའི་ཡུལ་ཡང་མ་ཡིན། ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ཏེ། ཡེ་ཤེས་ནི་ཡུལ་མེད་པའོ། །གལ་ཏེ་ཡེ་ཤེས་ལ་ཡུལ་ཡོད་དུ་ཟིན་ན་མི་ཤེས་པར་འགྱུར་རོ། །
ཡེ་ཤེས་ནི་མི་ཤེས་པ་ལས་མ་ཡིན། མི་ཤེས་པ་ཡང་ཡེ་ཤེས་ལས་མ་ཡིན། ཡེ་ཤེས་ནི་མི་ཤེས་པ་མ་ཡིན། མི་ཤེས་པ་ཡང་ཡེ་ཤེས་མ་ཡིན་ཏེ། ཡེ་ཤེས་ཀྱིས་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་ཀྱིས་མི་ཤེས་པ་ཞེས་མི་བྱའོ། །མི་ཤེས་པ་ཡེ་ཤེས་ཞེས་
བྱའོ། །དེ་ལ་ཡེ་ཤེས་དེ་ནི་འདིའོ། །ཡེ་ཤེས་དེ་ནི་འདིས་སོ། །ཡེ་ཤེས་དེ་ནི་འདིའི་ཕྱིར་རོ་ཞེས་ཡེ་ཤེས་ཅུང་ཟད་ཀྱང་བསྟན་པར་མི་ནུས་ཏེ། དེའི་ཕྱིར་ཡེ་ཤེས་དེ་ནི་ཡེ་ཤེས་ཉིད་ཀྱིས་མེད་དོ། །ཡེ་ཤེས་ཀྱང་ཡེ་ཤེས་སུ་མི་གནས་ཏེ། མི་ཤེས་བས་ཀྱང་ཡེ་ཤེས་ཞེས་

མི་བྱའོ། །གལ་ཏེ་མི་ཤེས་པས་ཡེ་ཤེས་ཤེས་བྱ་ན་ནི་དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡེ་ཤེས་ཅན་དུ་འགྱུར་རོ། །གང་ཡེ་ཤེས་དང་མི་ཤེས་པ་མི་དམིགས་ཤིང་ཡེ་ཤེས་དང་མི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དེ་ཉིད་ཡེ་
ཤེས་ཞེས་བྱ་སྟེ། ཡེ་ཤེས་ནི་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ་མ་ཡིན་ནོ། །དེ་བས་ན་ཡེ་ཤེས་ནི་བརྗོད་པར་བྱ་བ་མ་ཡིན་ཞིང་ཡུལ་ཐམས་ཅད་ལས་རབ་ཏུ་འདས་པ་སྟེ། ཡེ་ཤེས་ནི་གང་གི་ཡུལ་ཡང་མ་ཡིན་ནོ། །ཡེ་ཤེས་ཀྱི་ཡུལ་ཡང་གང་ཡང་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་
རྣམ་པར་གནོན་པ་ཡེ་ཤེས་བསྟན་པ་ཡུལ་ཡང་མ་ཡིན། ཕྱོགས་ཀྱང་མ་ཡིན་པ་འདི་གང་གིས་ཤེས་པ་དེ་ནི་ཡེ་ཤེས་ཅན་ནམ། ཡེ་ཤེས་ཅན་མ་ཡིན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་འདི་ལྟར་རབ་ཏུ་ཤེས་པ་དང་། རྗེས་སུ་རྟོགས་
པ་དང་། ཀུན་ཤེས་པ་དེ་ནི་ཤེས་རབ་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་འདི་ལྟར་མངོན་པར་རྟོགས་པ་མངོན་སུམ་དུ་བྱེད་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །
དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཉིད་ཀྱང་མི་དམིགས་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ལྟ་ག་ལ་ཡོད་དེ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་གང་འཇིག་རྟེན་ལས་སྒྲོལ་བར་འགྱུར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེས་འཇིག་རྟེན་མི་དམིགས་པས་ཅི་ཡང་
སྒྲོལ་བར་མི་བྱེད་དེ། དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འཇིག་རྟེན་ཞེས་བྱ་བ་འདི་ནི་བཏགས་པ་ཞེས་བརྗོད་པ་སྟེ། བཏགས་པ་ནི་འཇིག་རྟེན་ལས་ཡང་དག་པར་འདས་པ་མ་ཡིན་གྱི། བཏགས་པ་ཐམས་
ཅད་ལས་ཡང་དག་པར་འདས་པ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །འདའ་བར་བྱ་བ་ནི་འཇིག་རྟེན་ལས་འདས་པ་མ་ཡིན་གྱི། འདའ་བར་མི་བྱ་བ་ནི་འཇིག་རྟེན་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་གང་འདའ་བར་བྱ་བའམ་གང་གིས་འདའ་བར་བྱ་བའི་ཆོས་ཕྲ་རབ་

ཙམ་ཡང་མེད་པས་དེའི་ཕྱིར་འདས་པ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པ་ལ་ནི་འཇིག་རྟེན་ཡང་མེད་འཇིག་རྟེན་ལས་འདས་པ་ཡང་མེད་དོ། །བླ་ན་མེད་པ་ལ་ནི་བསྒྲལ་བ་མེད་དེ། དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་
ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་བསྟན་པ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལས་འདས་པ་ནི་བརྗོད་པར་བྱ་བ་མ་ཡིན་གྱི་དེ་ནི་རྒལ་བ་སྟེ། དེ་ལ་ནི་འདའ་བར་བྱ་བ་ཅི་ཡང་
མེད་པས་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་གང་ངེས་པར་རྟོགས་པའི་ཤེས་རབ་དེས་ཅི་ངེས་པར་རྟོགས། འདི་ལ་ནི་ངེས་པར་རྟོགས་པར་བྱ་བ་ཅི་ཡང་མེད་དོ། །གལ་ཏེ་ངེས་པར་རྟོགས་པར་བྱ་བ་འགའ་ཞིག་
ཡོད་དུ་ཟིན་ན་ནི་དེ་ཤེས་རབ་ཀྱིས་ངེས་པར་རྟོགས་པ་ཞེས་གདགས་ན། གང་གིས་ཀྱང་མི་རྟོགས་ཤིང་ཀུན་རྟོགས་པ་མ་ཡིན་ལ་གང་གིས་རྟོགས་པར་འགྱུར་བའི་བྱེ་བྲག་གང་ཡང་མི་དམིགས་སོ། །ངེས་པར་རྟོགས་པ་ཞེས་བྱ་བ་ནི་འདི་ལ་རྟོགས་པར་བྱེད་པ་ཅི་ཡང་མེད་ཅིང་ཀུན་རྟོགས་
པར་བྱ་བ་ཡང་མེད་དེ། དེ་ལ་རྟོགས་པར་བྱེད་པ་ཅི་ཡང་མེད་ཅིང་ཀུན་རྟོགས་པར་བྱ་བ་ཡང་མེད་པས་དེའི་ཕྱིར་ངེས་པར་རྟོགས་པ་ཞེས་བྱའོ། །འདི་ལ་ནི་གང་ཡང་མཐར་འགྲོ་བ་མེད་ཅིང་དབུས་སུ་ཡང་མ་ཡིན་ཏེ་དེའི་ཕྱིར་ངེས་པར་རྟོགས་པ་ཞེས་བྱའོ། །ངེས་པར་རྟོགས་པའི་ཤེས་
རབ་ཀྱིས་རྟོགས་པ་ནི་སྟེང་མ་རྟོགས་ཏེ། གང་དུ་ཡང་མི་རྒྱུག །རྣམ་པར་མི་རྒྱུག །ཀུན་དུ་མི་རྒྱུག་སྟེ་དེའི་ཕྱིར་ངེས་པར་རྟོགས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ངེས་པར་རྟོགས་ཞེས་བྱ་བའི་ཤེས་རབ་ཀྱིས་ཅི་ངེས་པར་རྟོགས་ཞེ་ན། གང་ཅི་སྣང་བ་དེ་ཐམས་
ཅད་ངེས་པར་རྟོགས་སོ། །གང་གིས་ངེས་པར་རྟོགས་ཞེ་ན། ཤེས་རབ་ཀྱིས་སོ། །ཤེས་རབ་ཀྱིས་ཇི་ལྟར་ངེས་པར་རྟོགས་ཞེ་ན། གང་བཏགས་པའི་མཚན་ཉིད་དེ་ཐམས་ཅད་མཚན་ཉིད་མེད་པ་དང་། མཚན་ཉིད་མེད་པ་ཡང་བཏགས་པའི་མཚན་ཉིད་དུའོ། །རབ་ཀྱི་རྩལ་

གྱིས་རྣམ་པར་གནོན་པ་གང་འདི་ལྟ་བུའི་ཤེས་རབ་དང་ལྡན་པས་ངེས་པར་རྟོགས་པ་དེས་ནི་ཁམས་གསུམ་རྟོགས་སོ། །ཇི་ལྟར་རྟོགས་ཞེ་ན། ཁམས་གསུམ་ནི་ཁམས་མེད་པར་རྟོགས་ཏེ། འདི་ལ་ནི་ཁམས་རྟོགས་པ་ཅི་ཡང་མེད་དོ། །དེས་ཁམས་
གསུམ་ནི་ཁམས་མེད་པར་རྟོགས་སོ། །གང་དེ་ལྟར་ཁམས་གསུམ་ཁམས་མེད་པར་ངེས་པར་རྟོགས་པ་དང་། གང་གིས་དེ་ལྟར་ཁམས་གསུམ་ངེས་པར་རྟོགས་པ་དེ་ནི་ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་པ་ཞེས་བྱའོ། །ཇི་ལྟར་ན་ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་ཞེ་
ན་ངེས་པར་རྟོགས་པར་བྱ་བ་ནི་མི་དགེ་བ་གང་ཡང་མེད་དེ། དེས་ཐམས་ཅད་དགེ་བར་ངེས་པར་རྟོགས་ཏེ། དེ་ངེས་པར་རྟོགས་པའི་ཤེས་རབ་ཀྱིས་རབ་ཏུ་འདའོ། །དེ་ལྟར་རྟོགས་པའི་ཤེས་རབ་དང་ལྡན་པས་གང་ཅི་མཐོང་བ་དང་། ཐོས་པ་དང་། སྣམས་པ་དང་། མྱངས་པ་
དང་། རེག་པ་དང་། རྣམ་པར་ཤེས་པ་དེ་དག་ཐམས་ཅད་ངེས་པར་རྟོགས་སོ། །ཇི་ལྟ་བུར་རྟོགས་ཞེ་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། འབྲས་དང་། ནད་དང་། ཟུག་རྔུ་དང་། སྟོང་པ་ཉིད་དང་། སྡིག་པ་དང་། གནོད་པ་དང་། མཐའ་མ་དང་། འཇིག་པ་དང་།
འཇིག་པའི་ཆོས་ཉིད་དང་། གཡོ་བ་དང་། འཇིག་པའི་ཚུལ་ཅན་དང་། བདག་མེད་པ་དང་། མི་སྐྱེ་བ་དང་། མི་འགོག་པ་དང་། མཚན་ཉིད་མེད་པར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་བསིལ་བར་གྱུར་པ་ཟུག་རྔུ་མེད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་
རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་ཟུག་རྔུ་མེད་པ་ཞེས་བྱ་བའི་སྨན་གྱི་རིགས་དེ་གང་ན་འདུག་པ་དེ་ན་ཟུག་རྔུ་ཐམས་ཅད་སེལ་ཅིང་ངེས་པར་འདོན་ཏོ། །དེ་བཞིན་དུ་འདི་ལྟ་བུའི་ཆོས་རྣམས་དང་ལྡན་པའི་དགེ་སློང་ནི་ཟུག་རྔུ་མེད་ཅིང་བསིལ་བར་གྱུར་ལ་ངེས་པར་རྟོགས་པའི་
ཤེས་རབ་དང་ལྡན་ཞིང་དྲུག་ལ་རྟག་ཏུ་གནས་ལ། ངེས་པར་རྟོགས་པའི་ཤེས་རབ་ཀྱིས་ཁམས་གསུམ་ཐམས་ཅད་ལ་མི་ཆགས་ཤིང་བདུད་ཀྱི་ཞགས་པ་ཐམས་ཅད་ལས་རབ་ཏུ་འདས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་ནི་དབུག་པའི་ཕྱིར་གང་

དུ་བཙུགས་པ་དེ་དང་དེ་ཉིད་ངེས་པར་ཕིགས་སོ། །དེ་བཞིན་དུ་དགེ་སློང་གིས་ངེས་པར་རྟོགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་དུ་བཙུགས་པ་དང་། གང་དུ་སྤྱོད་པ་དེ་དག་ཐམས་ཅད་ངེས་པར་རྟོགས་སོ། །དེ་ངེས་པར་རྟོགས་པའི་ཤེས་རབ་འཇིག་
རྟེན་ལས་འདས་པ་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་བ་དང་ལྡན་པས་ཆགས་པ་མེད་པ་ནི་གསུམ་རིག་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རིག་པ་ཞེས་བྱ་བ་དེ་ནི་མ་རིག་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །མ་རིག་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་དེ་ནི་སྡུག་
བསྔལ་གྱི་ཕུང་པོ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སྨན་པ་མཁས་པ་གསལ་བ། ཡིད་རྣོ་བ། ལྷག་པར་རྟོགས་པ་དང་ལྡན་པ། སྨན་ཐམས་ཅད་ལ་མཁས་པ། ནད་ལྡང་བ་ཐམས་ཅད་ལ་མཁས་པ། སྡུག་
བསྔལ་ཐམས་ཅད་ལས་རྣམ་པར་འགྲེལ་བ་དེས་ནད་པ་གང་དང་གང་ལ་གསོ་བར་བྱས་པ་དེ་དང་དེ་འཚོའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དེ་སྨན་ཐམས་ཅད་ལ་མཁས་ཤིང་ནད་ལྡང་བ་ཐམས་ཅད་ལ་མཁས་ཏེ། ནད་ཐམས་ཅད་ལས་ཐར་པར་བྱེད་པའི་ཕྱིར་རོ། །རབ་ཀྱི་རྩལ་
གྱིས་རྣམ་པར་གནོན་པ་དེ་བཞིན་དུ་རིག་པ་གསུམ་པོས་ནི་མ་རིག་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར། སྡུག་བསྔལ་ཐམས་ཅད་འཇོམས་པར་འགྱུར། རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་
ཉེ་བར་ཞི་བར་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ངེས་པར་རྟོགས་པར་འགྲོ་བ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ངས་འདི་ལ་དགོངས་ནས། སྲིད་པར་སྐྱེ་བར་ཡོངས་ཟད་པར། །གང་གིས་ཡང་དག་རབ་
ཤེས་པ། །གང་རྣམས་རྟོགས་པར་འགྲོ་བ་དེ། །འཇིག་རྟེན་ན་ནི་ཤེས་རབ་མཆོག །ཅེས་བཤད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྲིད་པར་སྐྱེ་བ་ཡོངས་སུ་ཟད་པ་ཞེས་བྱ་བ་གང་གི་ཚིག་བླ་དགས་ཡིན་ཞེ་ན། དེ་ནི་འབྱུང་བ་དང་ནུབ་པ་རབ་ཏུ་རྟོགས་པའི་

ཚིག་བླ་དགས་སོ། །འབྱུང་བ་དང་ནུབ་པ་གང་ཞེ་ན། ཀུན་འབྱུང་བའི་ཆོས་ཅི་ཡང་རུང་སྟེ་དེ་ཐམས་ཅད་ནི་འགོག་པའི་ཆོས་ཏེ། འདི་ལྟར་ཀུན་འབྱུང་བ་དང་ནུབ་པར་རབ་ཏུ་རྟོགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཀུན་འབྱུང་བ་ཞེས་བྱ་བ་དེ་ནི་
འབྱུང་བའི་ཚིག་བླ་དགས་སོ། །ནུབ་པ་ཞེས་བྱ་བ་དེ་ནི་འགོག་པའི་ཚིག་བླ་དགས་ཏེ། འབྱུང་བ་དང་ནུབ་པ་ཞེས་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ་ནི་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཀུན་འབྱུང་བ་གང་ཅི་ཡང་རུང་སྟེ། དེ་ནི་ཀུན་འབྱུང་བའི་ཆོས་མ་ཡིན་ནོ། །
རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མཉམ་པ་ལ་འབྱུང་བ་གང་ཡང་མེད་དེ། དེ་ནི་ཀུན་དུ་འབྱུང་བར་མི་འགྱུར་རོ། །དེ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་སྟེ་དེའི་ཕྱིར་ཀུན་འབྱུང་བ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མཉམ་པའི་རྗེས་སུ་སོང་བ་ཞེས་བྱ་བ་ནི་འདི་ལ་འབྱུང་
བ་གང་ཡང་མེད་དེ་ཀུན་འབྱུང་བར་མི་འགྱུར་རོ། །དེའི་རང་བཞིན་དེ་ནི་རང་གི་ངང་གིས་འཇིག་ཅིང་དེ་ནི་འགོག་པ་སྟེ། དེ་ལ་ནི་འགོག་པ་གང་ཡང་མེད་དོ། །མཉམ་པ་ནི་བླ་ན་མེད་པའི་འགོག་པ་སྟེ། གང་ལ་སྐྱེ་བ་མེད་པ་དེ་ལ། འགོག་པ་མེད་དེ་དེ་ནི་འགོག་པའོ། །རབ་ཀྱི་
རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྐྱེ་བ་མེད་ཅིང་འགོག་པ་མེད་པའི་ཕྱིར་གང་འབྱུང་བ་དང་ནུབ་པ་རྟོགས་པ་དེ་ནུབ་པ་རབ་ཏུ་རྟོགས་པ་སྟེ། དེའི་ཕྱིར་འབྱུང་བ་དང་། ནུབ་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རབ་ཏུ་རྟོགས་ཞེས་བྱ་བ་དེ་ནི་རྟེན་ཅིང་
འབྲེལ་པར་འབྱུང་བ་ཡོངས་སུ་ཤེས་པ་ཞེས་བྱའོ། །གང་ལ་བརྟེན་ནས་ཆོས་གང་སྐྱེ་བ་དེ་ཉིད་ལ་བརྟེན་ནས་ཆོས་དེ་མེད་དེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྟོགས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡང་དག་
པ་ཉིད་ཇི་ལྟ་བ་བཞིན་དུ་སྐྱེ་བ་མེད་པར་བསྟན་ཏོ། །མི་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། མི་འབྱུང་བ་མཉམ་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །གང་ལ་སྐྱེ་བ་མེད་པ་དེ་ལ་འགོག་པ་ག་ལ་ཡོད་དེ། འགོག་པ་དང་མི་འགལ་བ་དེ་ནི་རྟེན་ཅིང་

འབྲེལ་པར་འབྱུང་བའི་འགོག་པ་མེད་པ་སྟེ། སྐྱེ་བ་མེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །གང་འབྲེལ་པར་འབྱུང་བ་དེ་ནི་མ་བྱུང་བའོ། །གང་མ་བྱུང་བ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །གང་འདས་པ་མ་ཡིན། མ་འོངས་
པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པ་དེ་ལ་འགོག་པ་མེད་དོ། །གང་འགོག་པ་མེད་པ་དེ་ནི་མི་སྐྱེ་བ་ཤེས་པ་ཞེས་བྱའོ། །གང་གིས་མི་སྐྱེ་བར་ཤེས་པ་དེ་ནི་ཡང་སྐྱེད་པ་མ་ཡིན་འགོག་པ་མངོན་སུམ་དུ་བྱེད་པའང་མ་ཡིན་ནོ། །གང་མི་སྐྱེད་པ་དེ་འགོག་པར་མི་བྱེད་དེ་སྐྱེ་བ་
ཡོད་ན་ནི་འགོག་པར་ཡང་ཤེས་སོ། །གང་མི་སྐྱེད་པ་དེས་ཆོས་ཐམས་ཅད་འགོག་པ་ཉིད་དུ་ཤེས་ཤིང་མཐོང་ལ་རབ་ཏུ་རྟོགས་ཤིང་མངོན་སུམ་དུ་བྱས་ཏེ། དེའི་ཕྱིར་འགོག་པ་མངོན་སུམ་དུ་བྱས་པ་ཞེས་བྱའོ། །ཟད་པ་ཤེས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་
གནོན་པ་མི་ཤེས་པ་ཟད་པ་དེའི་ཕྱིར་ཟད་པ་ཤེས་པ་ཞེས་བྱའོ། །གང་གིས་ཟད་ཅེ་ན། མི་ཟད་པས་ཟད་དེ་དེའི་ཟད་པ་ཡང་མི་མཐོང་ངོ་། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མི་ཤེས་པ་མེད་པས། དེའི་ཕྱིར་དེ་ཟད་པ་ཤེས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་
པ་མི་ཤེས་པ་ཡོངས་སུ་ཤེས་པ་དེའི་ཕྱིར་མི་ཤེས་པ་ཟད་དེ་ཟད་པ་ཤེས་པ་ཞེས་བྱའོ། །མི་ཤེས་པ་ནི་ཟད་པའམ་མ་ཟད་པ་མ་ཡིན་ཏེ། འདི་ནི་ཤེས་པ་དང་བྲལ་བའི་ཕྱིར་ཟད་པ་ཤེས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་
དུ་ཡོངས་སུ་ཤེས་པ་སྟེ། དེའི་ཕྱིར་བྲལ་བ་ཞེས་བྱའོ། །མི་ཤེས་པ་དང་བྲལ་བ་དང་། ཤེས་པ་དང་བྲལ་བ་འདི་ལས་གཞན་ཅི་ཡང་མི་དམིགས་སོ། །ཡེ་ཤེས་ཉིད་ཀྱང་མི་དམིགས་ན་གང་ཟད་པ་ལས་རྣམ་པར་གྲོལ་བ་མི་ཤེས་པ་ལྟ་ཅི་སྨོས་ཏེ་དེའི་ཕྱིར་ཟད་པ་ཤེས་
པ་ཞེས་བྱ་སྟེ། ཇི་སྐད་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །ཟད་པ་ཤེས་པ་གང་ཡིན་པ་དེ་ལ་ཐ་སྙད་དུ་གདགས་པ་གང་ཡང་མེད་མོད་ཀྱི་འོན་ཀྱང་འདི་ལྟར་མི་ཤེས་པ་ཟད་པ་དང་། ཟད་པ་ཤེས་པ་ཞེས་བསྟན་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གིས་ཆོས་ཐམས་

ཅད་མི་ཟད་པ་དང་། ཟད་པ་ཤེས་པ་ལ་བརྟག་པ་ཁོང་དུ་ཆུད་པ་དེ་ཟད་པ་ཤེས་པ་དང་བྲལ་ཏེ། ཟད་པ་མེད་པའི་མཐའ་རྗེས་སུ་ཐོབ་བོ། །མཐའ་མེད་པ་ནི་མྱ་ངན་ལས་འདས་པའི་མཐའ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་མྱ་
ངན་ལས་འདས་པའི་མཐའ་སྟེ་མཐའ་མེད་པའོ། །མཐའ་ཐམས་ཅད་ཆད་པ་ནི་མྱ་ངན་ལས་འདས་པའི་མཐའ་ཞེས་བྱ་སྟེ་ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པའི་མཐའ་ནི་ཐ་སྙད་ཐམས་ཅད་ཆད་པ་བརྗོད་པར་བྱ་བ་མ་ཡིན་པ་སྟེ། རབ་ཀྱི་རྩལ་གྱིས་
རྣམ་པར་གནོན་པ་མྱ་ངན་ལས་འདས་པའི་དབྱིངས་བསྟན་པ་འདི་ཡང་ཇི་སྐད་བསྟན་པ་བཞིན་དུ་ནི་མ་ཡིན་ནོ། །བསྟན་པ་ཐམས་ཅད་ལས་ཡང་དག་པར་འདས་པས་མྱ་ངན་ལས་འདས་པའི་དབྱིངས་ནི་བསྟན་དུ་མེད་དེ། བསྟན་པ་ཐམས་ཅད་རབ་ཏུ་ཆད་པ་དེ་ནི་མྱ་ངན་ལས་འདས་
པའི་དབྱིངས་ཞེས་བྱའོ། །མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ངེས་པར་རྟོགས་པ་བསྟན་པ་ལ་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མྱ་ངན་ལས་འདས་པའི་དབྱིངས་དེ་ནི་ཡུལ་ན་མི་གནས། ཕྱོགས་ན་
མི་གནས་པ་ཞེས་བསྟན་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུ་རོལ་ལམ་ཕ་རོལ་གང་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུ་རོལ་ལམ། ཕ་རོལ་དམིགས་ན་ནི་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུ་རོལ་ལམ་ཕ་རོལ་བཤད་པ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུ་རོལ་མི་དམིགས་པས་དེའི་ཕྱིར་དེའི་ཕ་
རོལ་ཀྱང་མེད་མོད་ཀྱི་འོན་ཀྱང་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ལོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་དང་ལས་ཀྱིས་ཉེ་བར་གནས་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྟན་དུ་མེད་པའོ། །ཆོས་ཐམས་ཅད་དེ་ལྟར་ཁོང་དུ་ཆུད་ན་དེ་ནི་ཇི་ལྟ་བ་བཞིན་དུ་རབ་ཏུ་ཆུད་དེ་མི་འགལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཁོང་དུ་ཆུད་པ་ཅི་
ཡང་མེད་ཅིང་རབ་ཏུ་རྟོགས་པ་ཡང་མེད་པའི་ཕྱིར་རོ། །ཁོང་དུ་ཆུད་པ་དང་རབ་ཏུ་རྟོགས་པ་མཉམ་པ་ཉིད་ནི་བྱང་ཆུབ་སྟེ། ཆོས་ཐམས་ཅད་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཅེས་བྱའོ། །ཇི་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་ཅེ་ན། འདི་ལ་བྱང་ཆུབ་གང་ཡང་མེད་དེ་འདི་ལ་ཁོང་དུ་ཆུད་
པ་གང་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་བྱང་ཆུབ་དམིགས་ན་ནི་བྱང་ཆུབ་ལ་ཡང་བྱང་ཆུབ་དམིགས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་ལ་ནི་བྱང་ཆུབ་མེད་དེ། དེ་ལྟར་བྱང་ཆུབ་འདི་མངོན་པར་རྫོགས་
པར་འཚང་རྒྱ་བར་བྱའོ། །ཁོང་དུ་ཆུད་པ་མེད་པ་དང་རབ་ཏུ་རྟོགས་པ་མེད་པས་རྗེས་སུ་རྟོགས་པ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་ཁོང་དུ་ཆུད་པ་མ་ཡིན་རབ་ཏུ་རྟོགས་པ་མ་ཡིན་ཏེ། ཆོས་ནི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་མེད་དོ། །
དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་གཤེགས་པས་ནི་བྱང་ཆུབ་མ་དམིགས་ཤིང་དེ་བཞིན་གཤེགས་པས་ནི་བྱང་ཆུབ་རྣམ་པར་མ་རིག་སྟེ། བྱང་ཆུབ་ནི་རྣམ་པར་རིག་པར་བྱ་བ་མ་ཡིན། རབ་ཏུ་རྣམ་པར་རིག་
པར་བྱ་བ་མ་ཡིན་ནོ། །དེ་བཞིན་གཤེགས་པས་ནི་བྱང་ཆུབ་མ་མཁྱེན་མ་བསྐྱེད་དེ། བྱང་ཆུབ་ནི་མ་སྐྱེས་ཤིང་མངོན་པར་མ་གྲུབ་པའོ། །བྱང་ཆུབ་ནི་སུའི་ཡང་མ་ཡིན་ཞིང་བྱང་ཆུབ་ལ་སེམས་ཅན་ནམ་སེམས་ཅན་དུ་གདགས་པ་གང་ཡང་མེད་དོ། །གང་ལ་སེམས་
ཅན་ནམ་སེམས་ཅན་དུ་གདགས་པ་མེད་པ་དེ་ལ་འདི་ནི་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཇི་ལྟར་བརྗོད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་ལ་བྱང་ཆུབ་ཀྱང་མེད། བྱང་ཆུབ་ལ་སེམས་ཅན་ཡང་མེད་དེ།

བྱང་ཆུབ་འདི་ནི་ཤིན་ཏུ་འདས་པའོ། །བྱང་ཆུབ་འདི་ནི་མ་སྐྱེས་པའོ། །བྱང་ཆུབ་འདི་ནི་མངོན་པར་མ་གྲུབ་པའོ། །བྱང་ཆུབ་འདི་ནི་མཚན་ཉིད་མེད་པ་སྟེ། འདི་ལ་སེམས་ཅན་མེད་ཅིང་མི་དམིགས་སོ། །བྱང་ཆུབ་ནི་སེམས་ཅན་གྱིས་བཏགས་པ་མ་ཡིན་
གྱི། སེམས་ཅན་མེད་པར་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཅེས་བྱའོ། །བྱང་ཆུབ་སེམས་ཅན་མ་ཡིན་པར་གང་གིས་ཤེས་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་འདུ་ཤེས་
ཀྱིས་བསྐྱེད་པ་མ་ཡིན་གྱི་སེམས་ཅན་གྱི་འདུ་ཤེས་རྣམ་པར་འཇིག་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བརྗོད་པར་བྱ་བ་མ་ཡིན་ཞིང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་
རང་བཞིན་དང་བྲལ་བའི་ཕྱིར་རོ། །བྱང་ཆུབ་ནི་སེམས་ཅན་དུ་འདུ་ཤེས་པ་དང་བྲལ་བ་སྟེ། གང་གིས་བྱང་ཆུབ་འདི་ལྟར་ཤེས་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་ཇི་ལྟ་བུར་ཤེས་ཞེ་ན། བྱང་ཆུབ་འདི་ནི་ཤིན་ཏུ་འདས་པའོ། །བྱང་ཆུབ་འདི་ནི་བྱ་བ་མ་ཡིན་
པའོ། །བྱང་ཆུབ་འདི་ནི་སྐྱེ་བ་མེད་པ། འགོག་པ་མེད་པའོ། །བྱང་ཆུབ་ནི་བྱང་ཆུབ་ཀྱིས་ཤེས་པར་མི་བྱེད། བྱང་ཆུབ་ནི་རྣམ་པར་ཤེས་པར་བྱ་བ་མ་ཡིན། རྣམ་པར་རིག་པར་བྱ་བ་མ་ཡིན། གདགས་པར་བྱ་བ་མ་ཡིན་ཏེ། མངོན་པར་མ་གྲུབ་པ་ནི་བྱང་ཆུབ་ཅེས་
བྱའོ། །རྣམ་པར་མི་རྟོག་པ་དང་། རྟོག་པ་བཅད་པའི་ཕྱིར་གང་གིས་ཁོང་དུ་ཆུད་པ་དག་རབ་ཏུ་རྟོགས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་
དཔའ་ཡང་དག་པར་དམིགས་ན་ནི་འདི་ནི་བྱང་ཆུབ། འདི་ནི་སེམས་ཅན་ཞེས་བྱང་ཆུབ་དེའང་རྙེད་པར་འགྱུར་རོ། །སེམས་ཅན་མེད་པ་དང་། སེམས་ཅན་མ་ཡིན་པ་དང་། སེམས་ཅན་དང་བྲལ་བར་ཁོང་དུ་ཆུད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་ཅན་མེད་

པ་དང་། སེམས་ཅན་དུ་འདུ་ཤེས་རྣམ་པར་བཤིག་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་དེ་ནི་སེམས་ཅན་མེད་པའི་ཚིག་བླ་དགས་སོ། །སེམས་ཅན་གྱི་ཁམས་མེད་པའི་ཕྱིར་སེམས་ཅན་ལ་སེམས་ཅན་མེད་དོ། །
གལ་ཏེ་སེམས་ཅན་ལ་སེམས་ཅན་ཡོད་ན་ནི་སེམས་ཅན་གྱི་ཁམས་ཞེས་མི་བྱའོ། །སེམས་ཅན་གྱི་ཁམས་ཞེས་བྱ་བ་དེ་ནི་ཁམས་མེད་པར་བསྟན་ཏེ། ཁམས་མེད་པ་ནི་སེམས་ཅན་གྱི་ཁམས་སོ། །གལ་ཏེ་སེམས་ཅན་གྱི་ཁམས་སེམས་ཅན་གྱི་ཁམས་སུ་གྱུར་ན་ནི་སྲོག་
དེ་ལུས་དེ་ཡིན་པར་འགྱུར་རོ། །ཇི་སྟེ་སེམས་ཅན་གྱི་ཁམས་ལས་རྣམ་པར་གྲོལ་བ་ཁམས་སུ་གྱུར་ན་ནི་སྲོག་ཀྱང་གཞན། ལུས་ཀྱང་གཞན་དུ་འགྱུར་རོ། །ཁམས་མེད་པ་ནི་སེམས་ཅན་གྱི་ཁམས་ཏེ། བརྡས་ཐ་སྙད་གདགས་པའི་ཚིག་ཏུ་འགྲོའོ། །སེམས་ཅན་
གྱི་ཁམས་ལ་ནི་ཁམས་མེད་དེ། ཁམས་མ་གཏོགས་པར་སེམས་ཅན་གྱི་ཁམས་མེད་དོ། །ཆོས་ཐམས་ཅད་ནི་ཁམས་མེད་པ་སྟེ། ངས་དེ་ལ་དགོངས་ནས་སེམས་ཅན་གྱི་ཁམས་ནི་གང་བའམ་བྲི་བར་ཡང་མི་མངོན་ནོ་ཞེས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་
ཅན་གྱི་ཁམས་རབ་ཏུ་དབེན་པའི་ཕྱིར་སེམས་ཅན་གྱི་ཁམས་ནི་སེམས་ཅན་མ་ཡིན་ནོ། །ཇི་ལྟར་སེམས་ཅན་གྱི་ཁམས་བྲི་བ་དང་གང་བར་མི་མངོན་པ་དེ་བཞིན་དུ་ཆོས་ཐམས་ཅད་བྲི་བའམ། གང་བར་མི་མངོན་ནོ། །གང་དག་བྲི་བའམ། གང་བར་འགྱུར་བར་ཆོས་
ཐམས་ཅད་ལ་ཡོངས་སུ་གྲུབ་པ་གང་ཡང་མེད་དེ། གང་གིས་དེ་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པ་ཞེས་བྱ་སྟེ། ངས་འདི་ལ་དགོངས་ནས་ཇི་ལྟར་སེམས་ཅན་གྱི་ཁམས་བྲི་བའམ་གང་བར་མི་མངོན་པ་དེ་བཞིན་དུ་ཆོས་ཐམས་
ཅད་ཀྱང་བྲི་བའམ་གང་བར་མི་མངོན་ནོ་ཞེས་བཤད་དོ། །གང་ཡང་ཡོངས་སུ་མ་གྲུབ་པའི་ཚུལ་གྱིས་ཆོས་ཐམས་ཅད་བྲི་བ་མ་ཡིན། གང་བ་མ་ཡིན་པ་དེས་སངས་རྒྱས་ཀྱི་ཆོས་ཀྱང་བྲི་བ་མ་ཡིན་གང་བ་མ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་

སངས་རྒྱས་ཀྱི་ཆོས་རྣམས་བྲི་བ་མེད་ཅིང་གང་བ་མེད་པའོ། །ཆོས་ཐམས་ཅད་བྲི་བ་མེད་ཅིང་གང་བ་མེད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་དེ་ནི། སངས་རྒྱས་ཀྱི་ཆོས་ཀྱི་ཚིག་བླ་དགས་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ནི་གང་གིས་ཀྱང་བྲི་
བའམ། གང་བར་བྱར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་ཏེ། གང་ཆོས་ཐམས་ཅད་ཁོང་དུ་ཆུད་པ་དེ་ལ་བྲི་བའམ། གང་བའི་ཆོས་ཅི་ཡང་མེད་དོ། །ཆོས་ཐམས་ཅད་ཅེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་ཏེ་
ཆོས་ཀྱི་དབྱིངས་ལ་ནི་བྲི་བའམ་གང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་མཐའ་ཡས་པའི་ཕྱིར་རོ། །སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་ནི་ཐ་དད་དུ་མི་དམིགས་སོ། །སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་ལ་བྲི་བའམ། གང་བར་དམིགས་
པ་འམ། ཡོད་པ་མ་ཡིན་ཏེ། གང་གིས་དེ་ལྟ་བུར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་བྲི་བའམ། གང་བར་མི་མངོན་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྲི་བ་མེད་ཅིང་གང་བ་མེད་པ་ཞེས་ཇི་སྐད་སྨྲ་བ་དེ་ནི་
བརྟག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཚིག་བླ་དགས་སོ། །དེ་ལ་ནི་ཅི་ཡང་བསལ་བའམ། གཞག་པར་མི་ནུས་ཏེ། གང་དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་ཅེས་བྱ་བ་དེ་ནི་སངས་རྒྱས་ཀྱི་མཚན་ཉིད་
དོ། །སངས་རྒྱས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་མཚན་ཉིད་མེད་པ་དེ་ནི་སངས་རྒྱས་ཀྱི་མཚན་ཉིད་དོ། །བྱང་ཆུབ་ནི་མཚན་ཉིད་མེད་པ་སྟེ་མཚན་ཉིད་ཀྱི་རང་བཞིན་ལས་བཟློག་པའོ། །གང་དེ་ལྟར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱ་སྟེ། ཇི་སྐད་
དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་ཆོས་ཐམས་ཅད་རྗེས་སུ་རྟོགས་པས། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ལ་ལ་ཞིག་ཆོས་འདི་རབ་ཏུ་མི་ཤེས་ཁོང་དུ་མ་ཆུད་པར་བདག་བྱང་ཆུབ་

སེམས་དཔའ་ཞེས་ཁས་འཆེ་ན། དེ་ནི་བྱང་ཆུབ་སེམས་དཔའི་ས་ལས་རིང་ངོ་། །དེ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས་རིང་ངོ་། །དེ་ནི་བྱང་ཆུབ་སེམས་དཔའི་མིང་གིས་ལྷ་དང་། མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ལ་སླུ་བའོ། །རབ་ཀྱི་རྩལ་གྱིས་
རྣམ་པར་གནོན་པ་གལ་ཏེ་ཚིག་ཙམ་གྱིས་བྱང་ཆུབ་སེམས་དཔར་གྱུར་ན་ནི་དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བ་དེ་ནི་ཚིག་གི་ལས་ཙམ་མ་ཡིན་ནོ། །
ཚིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཚིག་གི་ལས་ཀྱིས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཐོབ་པར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ཅན་ཐམས་ཅད་ནི་
བྱང་ཆུབ་ལ་སྤྱོད་མོད་ཀྱི་མི་ཤེས་ཤིང་ཁོང་དུ་མ་ཆུད་དེ། དེའི་ཕྱིར་དེ་དག་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་སེམས་ཅན་མེད་པར་མི་ཤེས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཤེས་ན་བདག་གིས་སྤྱོད་པ་དག་གིས། བྱང་ཆུབ་སེམས་
དཔའ་དག་ཏུ་འགྱུར་བའི་རིགས་སོ། །སེམས་ཅན་ཐམས་ཅད་ནི་ཕྱིན་ཅི་ལོག་པས་རང་གི་སྤྱོད་པ་དང་། རང་གི་ཡུལ་དང་། རང་གི་སྤྱོད་ཡུལ་རབ་ཏུ་མི་ཤེས་སོ། །གལ་ཏེ་རང་གི་སྤྱོད་པ་རབ་ཏུ་ཤེས་ན་ནི་དེ་དག་སླར་གང་ལ་ཡང་རྣམ་པར་རྟོག་ཅིང་སྤྱོད་པར་མི་འགྱུར་རོ། །
རྣམ་པར་རྟོག་པ་དང་། སྤྱོད་པ་དེ་དག་གིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཡང་དག་པ་མ་ཡིན་པ་ལ་དམིགས་ཤིང་སྤྱོད་ཀྱང་དེ་དག་བྱང་ཆུབ་ལ་དམིགས་པ་སྙམ་དུ་རློམ་སེམས་སུ་བྱེད་དེ། དམིགས་པ་ལ་སྤྱོད་ཅིང་རྟོག་པ་ལ་སྤྱོད་པ་དེ་དག་ལ་བྱང་ཆུབ་ག་ལ་ཡོད།
བྱང་ཆུབ་སེམས་དཔའི་ཆོས་རྣམས་ག་ལ་ཡོད། གང་གིས་ཆོས་དེ་ལྟ་བུར་རབ་ཏུ་ཤེས་པ་དེ་དག་སླར་ཡང་དག་པ་མ་ཡིན་པའི་དམིགས་པ་ལ་མི་སྤྱོད་ཅིང་། དེ་དག་ནི་ཕྱིར་ཆོས་གང་ཡང་རློམ་སེམས་སུ་མི་བྱེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་

སྤྱོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་རྟོག་པ་དང་རྣམ་པར་རྟོག་པ་ལ་མི་སྤྱོད་དོ། །གང་ལ་རྟོག་པ་མེད་པ་དེ་ལ་སྤྱོད་པ་གང་ཡང་མེད་དོ། །གང་ལ་རྣམ་པར་རྟོག་པ་མེད་པ་དེ་ལ་སྤྱོད་པའི་དོན་གང་ཡང་མེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་སྤྱོད་པ་ཐམས་ཅད་ནི་རྣམ་པར་མི་རྟོག་པར་སྤྱོད་ཅིང་ཐམས་ཅད་རློམ་སེམས་མེད་ལ་དམིགས་པ་དང་བཅས་པ་མ་ཡིན་པ་སྟེ། ཆོས་ཐམས་ཅད་དེ་ལྟར་རབ་ཏུ་ཤེས་པ་དེ་ནི་ཕྱིར་མི་དམིགས་པའམ། རྣམ་པར་རྟོག་པ་སྤྱོད་པའམ། རྣམ་པར་སྤྱོད་པ་མེད་དེ། དེ་ནི་སྤྱོད་པ་མེད་པའི་
ཚུལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ན། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དེ་ལྟར་ཆོས་ཁོང་དུ་ཆུད་ཅིང་རབ་ཏུ་རྟོགས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་
ཞེས་བྱའོ། །དེས་སེམས་ཅན་དུ་འདུ་ཤེས་བསྩལ་བས། སེམས་ཅན་མེད་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེས་སེམས་ཅན་ཐམས་ཅད་ཡང་དག་པ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་སེམས་ཅན་མ་ཡིན་པ་དང་། སེམས་
ཅན་ཐམས་ཅད་ནི་ཕྱིན་ཅི་ལོག་གི་སེམས་ཅན་དང་སེམས་ཅན་ཐམས་ཅད་ནི་ཡོངས་སུ་བརྟགས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་ཡོད་པ་མ་ཡིན་པ་ལ་དམིགས་པས་སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་རང་གི་སྤྱོད་པ་རྣམ་པར་མ་རུང་བར་བྱས་པས་
སེམས་ཅན་དང་། སེམས་ཅན་ཐམས་ཅད་ནི་མ་རིག་པ་འདུ་བྱེད་པས་སེམས་ཅན་ནོ་ཞེས་ཤེས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི་ཆོས་གང་དག་མེད་པའི་ཆོས་དེ་དག་མངོན་པར་འདུ་བྱེད་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་ནི་མ་རིག་པ་
འདུ་བྱེད་པས་སེམས་ཅན་ཞེས་བྱའོ། །ཆོས་མེད་པ་གང་ཞེ་ན། ང་ཞེའམ། ངའི་ཞེའམ། ངའོ་ཞེས་བྱ་བའི་ཆོས་གང་ཡང་མེད་པའོ། །གལ་ཏེ་ཆོས་འགའ་ཞིག་ང་ཞེའམ། ངའི་ཞེའམ། ངའོ་ཞེས་བྱ་བར་གྱུར་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་ཡང་དག་པར་འགྱུར་

བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟར་ང་ཞེའམ། ངའི་ཞེའམ། ངའོ་ཞེས་བྱ་བའི་ཆོས་གང་ཡང་མེད་པས་དེའི་ཕྱིར་སེམས་ཅན་ནི་ཡང་དག་པ་མ་ཡིན་པ་སྟེ། སེམས་ཅན་ཐམས་ཅད་ནི་མ་རིག་པ་འདུ་བྱེད་པས་སེམས་ཅན་ཐམས་ཅད་ཅེས་བྱའོ། །རབ་
ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ལ་ཡང་ང་ཞེའམ། ངའི་ཞེའམ། ངའོ་ཞེས་བྱ་བའི་སེམས་ཅན་ཞེས་བྱ་བའི་ཆོས་གང་ཡང་མེད་དེ། གང་གི་ཕྱིར་མེད་པ་དེའི་ཕྱིར་སེམས་ཅན་ནི་ཡང་དག་པ་མ་ཡིན་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་སེམས་
ཅན་མེད་པའི་ཚིག་བླ་དགས་སོ། །ཇི་ལྟར་སེམས་ཅན་དུ་འདུ་ཤེས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་ལྟར་སེམས་ཅན་རྣམས་ཡང་དག་པ་མ་ཡིན་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ལ་ནི་ཡང་དག་པ་ཅི་
ཡང་མེད་ཅིང་མ་བྱུང་བའོ། །ཆོས་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་ཞིང་མ་བྱུང་བའོ། །དེ་ལ་སེམས་ཅན་ཡང་དག་པ་མ་ཡིན་པ་ལ་ལྷག་པར་ཆགས་པ་དེ་ནི་རྣམ་པར་འཆིང་བ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ལ་དམིགས་པ་ནི་སེམས་ཅན་ཞེས་བྱའོ། །དེ་དག་
ནི་སྤྱོད་པ་གང་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་རང་གི་སྤྱོད་པ་དེ་མི་ཤེས་ཏེ། ཡོངས་སུ་མ་རྟོགས་པས་སེམས་ཅན་ནི་ཡང་དག་པ་མ་ཡིན་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དེ་ལྟར་ཆོས་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་སེམས་དཔའ་
ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་གང་གིས་ཆོས་ཐམས་ཅད་ཁོང་དུ་ཆུད་ཅིང་ཤེས་ལ། སེམས་ཅན་རྗེས་སུ་རྟོགས་པའི་ཚིག་བླ་དགས་སོ། །ཇི་ལྟར་ཤེས་ཞེ་ན། ཡང་དག་པ་མ་ཡིན་པ་དང་། མ་བྱུང་བ་དང་། ཕྱིན་ཅི་ལོག་མ་ཡིན་པར་རོ། །ཇི་ལྟར་བྱིས་
པ་སོ་སོའི་སྐྱེ་བོ་དག་གིས་བརྟགས་པ་དེ་དག་ནི་དེ་བཞིན་དུ་མ་ཡིན་ནོ། །ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་རྙེད་པ་དེ་དག་དེ་བཞིན་དུ་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་མ་བརྟགས། རྣམ་པར་མ་བརྟགས་ཤིང་བྱང་

ཆུབ་ནི་རྣམ་པར་མ་བསྒྲུབས་ལ། མི་དམིགས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་གཤེགས་པས་ནི་བྱང་ཆུབ་མ་བརྙེས་སོ། །ཆོས་ཐམས་ཅད་ནི་མི་རྙེད་ཅིང་། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་བྱང་ཆུབ་ཅེས་བྱའོ། །དེ་ལྟ་
བུ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་བྱང་ཆུབ་ཀྱི་ཕྱིར་སེམས་འདི་བསྐྱེད་པར་བྱའོ་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གང་དུ་བདག་གིས་སེམས་བསྐྱེད་པར་བྱ་བའི་བྱང་ཆུབ་དེ་
ཡོད་དོ་ཞེས་བྱང་ཆུབ་རློམ་སེམས་སུ་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། དེ་དག་ནི་སེམས་ཅན་སྐྱེས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྐྱེ་བར་མངོན་པར་ཞེན་ཅིང་། སེམས་སུ་མངོན་པར་ཞེན་ནས་བྱང་ཆུབ་ལ་མངོན་པར་ཞེན་པའི་
ཕྱིར་རོ། །གང་དག་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པ་དེ་དག་ནི་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཞེས་བྱའོ། །གང་གི་ཕྱིར་མངོན་པར་འདུ་བྱེད་པ་དེའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བས་ན་མངོན་པར་འདུ་བྱེད་པ་ནི་སེམས་ཅན་ཞེས་བྱ་སྟེ། བྱང་ཆུབ་
སེམས་དཔའ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སེམས་ཅན་སྐྱེས་པ་ཞེས་བྱ་བའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་ནི་མ་སྐྱེས་ཤིང་། བྱང་ཆུབ་ནི་བསམ་དུ་མེད་པས་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པར་མི་ནུས་སོ། །རབ་ཀྱི་རྩལ་གྱིས་
རྣམ་པར་གནོན་པ་དེ་དག་ནི་སྐྱེ་བ་ཉིད་ལ་མངོན་པར་ཞེན་ཀྱང་དེ་དག་སྐྱེ་བ་རབ་ཏུ་མི་ཤེས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྐྱེ་བ་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཡང་དག་པ་ཉིད་དོ། །སེམས་མཉམ་པ་ཉིད་གང་ཡིན་པ་དང་། ཡང་དག་པ་ཉིད་གང་ཡིན་པ་དང་། མཉམ་
པ་ཉིད་གང་ཡིན་པ་དང་། ཡང་དག་པ་ཉིད་དེ་ནི་བྱང་ཆུབ་སྟེ། གང་ན་ཡང་དག་པ་ཇི་ལྟ་བ་ཉིད་ཡོད་པ་དེ་ན་རྣམ་པར་རྟོག་པ་གང་ཡང་མེད་ན། དེ་དག་ནི་སེམས་དང་བྱང་ཆུབ་ལ་རྣམ་པར་བརྟགས་ཏེ། གཉིས་སུ་མངོན་པར་ཞེན་ནས་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་དོ། །

རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ཀྱང་གཞན་མ་ཡིན། བྱང་ཆུབ་ཀྱང་གཞན་མ་ཡིན། སེམས་ལ་ཡང་བྱང་ཆུབ་མེད། བྱང་ཆུབ་ལ་ཡང་སེམས་མེད་དེ། བྱང་ཆུབ་གང་ཡིན་པ་དང་། སེམས་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་ཉིད་དང་། ཇི་ལྟ་བ་བཞིན་ནོ། །
དེ་ལ་ནི་བྱང་ཆུབ་ཀྱང་མེད། སེམས་ཀྱང་མེད་དོ། །གང་གིས་སེམས་ཉིད་དང་། བྱང་ཆུབ་དང་། སྐྱེ་བ་དང་། མི་སྐྱེ་བ་ཡང་མི་དམིགས་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་གྱི་སེམས་དཔའ་ཞེས་བྱའོ། །སེམས་དཔའ་ཆེན་པོ་ཞེས་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། དེས་གང་དང་གང་ལ་དེས་ཡང་དག་པ་མ་ཡིན་པ་དེ་ཤེས་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་གང་ཞེ་ན། འཇིག་རྟེན་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་སྟེ། ཡང་དག་པ་མ་ཡིན་པར་གཏོགས་སོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཡང་དག་པ་མ་
ཡིན་པའོ། །མ་བྱུང་བའོ། །དེ་ཅིའི་ཕྱིར། ཡང་དག་པ་མ་ཡིན་པ། མི་འབྱུང་བ་ཞེས་བྱ་ཞེ་ན། ཡང་དག་པ་མ་ཡིན་པ་ལ་འབྱུང་བ་གང་ཡང་མེད་དེ། ཡང་དག་པ་མ་ཡིན་པ་ནི་མི་འབྱུང་བའོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཡང་དག་པ་མ་ཡིན་པ་
ཞེས་བྱའོ། །གང་གིས་དེ་ལྟར་ཤེས་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་སེམས་ཅན་ཞེས་བྱའོ། །ཡང་དག་པ་ལ་ཡང་དག་པ་ཞེས་མངོན་པར་མི་ཞེན་པས་དེའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་སེམས་ཅན་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་
ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་སེམས་ཅན་ནམ། སེམས་ཅན་ཆེན་པོ་ཞེས་བྱ་བ་གང་ཡང་མེད་པའི་ཕྱིར་རོ། །གང་གིས་ཐེག་པ་ཆེན་པོ་ཁོང་དུ་ཆུད་པ་དེ་སེམས་ཅན་ཆེན་པོ་ཞེས་བྱའོ། །ཐེག་པ་ཆེན་པོ་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་
ནི་ཐེག་པ་ཆེན་པོའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཞེ་ན། གང་ཅི་ཡང་རུང་སྟེ། འདུས་བྱས་ཤེས་པ་དང་། འདུས་མ་བྱས་ཤེས་པ་དང་། འཇིག་རྟེན་ཤེས་པ་དང་། འཇིག་རྟེན་ལས་འདས་པ་ཤེས་པ་དེས་སེམས་ཅན་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན།

དེ་སེམས་ཅན་དུ་འདུ་ཤེས་པ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ། །དེ་ལ་མ་རིག་པའི་ཕུང་པོ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ། །དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ། །དེ་ལ་
མི་ཤེས་པའི་ཕུང་པོ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ། །དེ་ལ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མེད་པས་དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་སེམས་དཔའ་ཆེན་པོའི་འདུ་ཤེས་ལའང་སྨོད་ལ། སེམས་ཀྱང་
མི་དམིགས། སེམས་ལས་བྱུང་བའི་ཆོས་དང་། སེམས་ཀྱི་རང་བཞིན་ཡང་རབ་ཏུ་མི་ཤེས། བྱང་ཆུབ་ཀྱང་མི་དམིགས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། བྱང་ཆུབ་ཀྱི་རང་བཞིན་ཡང་རབ་ཏུ་མི་ཤེས་ཏེ། དེ་དག་མི་ཤེས་པའི་སེམས་ཀྱིས་བྱང་ཆུབ་ཀྱང་མི་མཐོང་།
བྱང་ཆུབ་མ་གཏོགས་པར་སེམས་ཀྱང་མི་མཐོང་། བྱང་ཆུབ་ལ་སེམས་མི་མཐོང་། སེམས་ལ་བྱང་ཆུབ་མི་མཐོང་སྟེ། གང་དེ་ལྟར་རྣམ་པར་འཇིག་པ་དེ་ནི་སྒོམ་པ་ཡང་མེད། རྣམ་པར་འཇིག་པར་བྱེད་པ་ཡང་མེད་དེ། རྣམ་པར་འཇིག་པར་བྱེད་པ་དེ་ཡང་མི་དམིགས་
ཤིང་རློམ་སེམས་སུ་མི་བྱེད་ལ། མངོན་པར་ཞེན་པ་མེད་པར་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཞེས་བྱ་སྟེ། དེ་དག་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །
དེ་ཅིའི་ཕྱིར་ཞེ་ན། གང་དག་འདི་ལྟར་བྱང་ཆུབ་དང་། སེམས་དང་སྐྱེ་བ་དང་། འགོག་པ་ཐ་དད་དུ་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་དག་བྱང་ཆུབ་ཉིད་ལ་གནས་པ་སྟེ། འདི་ནི་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་། གང་ལ་ཡང་མངོན་པར་མི་ཞེན། གང་
ལ་ཡང་རྣམ་པར་རྟོག་པར་མི་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་དེ་ལྟར་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བར་སེམས་མི་སྐྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་སེམས་ཅན་དུ་

འདུ་ཤེས་པ་དང་། བྱང་ཆུབ་ཏུ་འདུ་ཤེས་པ་དང་། བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་ན། དེ་དག་ནི་བྱང་ཆུབ་ལས་རིང་སྟེ། དེ་ནི་བྱང་ཆུབ་དང་ཉེ་བ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་བྱང་ཆུབ་ལས་རིང་བའམ། ཉེ་བར་ཡང་དག་པར་རྗེས་སུ་མི་
མཐོང་བ་དེ་དག་བྱང་ཆུབ་དང་ཉེ་བ་སྟེ། དེ་ནི་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ངས་དེ་ལ་དགོངས་ནས་གང་དག་གཉིས་སུ་མེད་པར་ཤེས་པ་དེ་ནི་སངས་རྒྱས་དང་ཆོས་ཀྱང་རབ་ཏུ་ཤེས་སོ་ཞེས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན།
གཉིས་སུ་མེད་པ་ཡོངས་སུ་ཤེས་པས་ཆོས་ཐམས་ཅད་ཡོངས་སུ་ཤེས་ཏེ་དེ་ཆོས་ཐམས་ཅད་ཀྱི་བདག་གི་ངོ་བོ་ཉིད་བསྒོམ་པའི་ཕྱིར་རོ། །གང་གཉིས་སུ་མེད་པའི་ཆོས་ཞེས་བྱ་བ་དེ་ནི་སངས་རྒྱས་ཀྱི་ཆོས་ཤེས་པ་སྟེ། ཆོས་གཉིས་སུ་མེད་པར་ཡོངས་སུ་ཤེས་པས་སངས་
རྒྱས་ཀྱི་ཆོས་ཡོངས་སུ་ཤེས་སོ། །བདག་ཡོངས་སུ་ཤེས་པས་ཁམས་གསུམ་ཐམས་ཅད་ཡོངས་སུ་ཤེས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བདག་ཡོངས་སུ་ཤེས་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ལོ། །ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཞེ་ན།
གང་ཕ་རོལ་ཉིད་ཀྱང་མི་དམིགས། ཕ་རོལ་ཏུ་རློམ་སེམས་སུ་མི་བྱེད། ཕ་རོལ་ལ་མངོན་པར་མི་ཞེན་པ་དེ་ནི་ཡོངས་སུ་ཤེས་པས་ཕ་རོལ་ཏུ་སོང་བ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ན་འདི་ནི་བྱང་ཆུབ་
སེམས་དཔའི་ས་ཡིན་པར་རིག་པར་བྱའོ། །གང་ལ་ཤེས་པར་བྱ་བའམ་རྟོགས་པར་བྱ་བ་ཕྲ་རབ་ཙམ་ཡང་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་ནི་འོང་བའམ། འགྲོ་བ་མི་མངོན་ནོ། །གླེང་གཞིའི་ལེའུ་ཞེས་བྱ་སྟེ་དང་པོའོ།། །།
བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ང་རྒྱལ་ཅན་མཚན་མ་ལ་སྤྱོད་པ་རྣམས་བསྟན་པ་འདི་ལ་སྐྲག་པར་འགྱུར་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་

ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་ང་རྒྱལ་ཅན་རྣམས་ཀྱི་ཡུལ་མ་ཡིན་རྟོགས་པ་མ་ཡིན་པས་དེ་དག་འདི་ལ་སྐྲག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དེ་དག་ནི་འདི་ལ་
སྐྲག་པར་གྱུར་ཟིན་པས་འདི་ནི་དེ་དག་གི་ཡུལ་མ་ཡིན་ཞིང་མི་རྟོགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གང་དག་ང་རྒྱལ་སྤོང་བའི་ཕྱིར་ཞུགས་ཤིང་ང་རྒྱལ་སྤོང་བའི་ཕྱིར་བརྩོན་པ་དེ་དག་ནི་འདི་ལ་སྐྲག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ང་རྒྱལ་དུ་ཡོངས་སུ་ཤེས་པས། ང་
རྒྱལ་མེད་པ་ཚོལ་ཞིང་། ང་རྒྱལ་སྤོང་བ་ཚོལ་བའི་ཕྱིར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གང་དག་ང་རྒྱལ་མི་དམིགས་ཤིང་ཡང་དག་པར་མི་མཐོང་ལ་རློམ་སེམས་སུ་མི་བྱེད་ཅིང་མངོན་པར་མི་ཞེན་པ་དེ་དག་ནི་གང་ལ་ཡང་མི་སྐྲག་གང་ལ་ཡང་མི་དངང་། གང་ལ་ཡང་དངང་བར་མི་
འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ང་རྒྱལ་ཅན་རྣམས་ཀྱི་ཕྱིར་ཆོས་བསྟན་པ་འདི་ཞུགས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་ང་རྒྱལ་ཅན་རྣམས་ཀྱི་ཡུལ་མ་ཡིན་ཏེ། གོ་སྐབས་མེད་དོ། །གང་དག་ང་རྒྱལ་སྤང་བའི་ཕྱིར་བརྩོན་ཞིང་འབད་པ་དེ་དག་ནི་
ཡང་དག་པར་འབད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ང་རྒྱལ་ཞེས་བྱ་བ་དེ་ནི་ལྷག་པར་བྱེད་པ། སྒྲོ་འདོགས་པའི་ཚིག་བླ་དགས་སོ། །གང་དག་ང་རྒྱལ་ལ་སྤྱོད་ཅིང་ལྷག་པར་བྱེད་པ་སྒྲོ་འདོགས་པར་བྱེད་པ་དེ་དག་ནི་མཚུངས་པར་མི་སྤྱད་དོ། །མཚུངས་པར་
སྤྱོད་པ་ཡང་ཆོས་འདི་ལ་ཐེ་ཙོམ་ཟའོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གང་དག་མཉམ་པ་ཡང་མི་དམིགས། མི་མཉམ་པ་ཡང་མ་ཡིན། མཉམ་པར་ཡང་རློམ་སེམས་མི་བྱེད། མི་མཉམ་པར་ཡང་མ་ཡིན། མཉམ་པར་ཡང་མངོན་པར་མི་ཞེན། མི་མཉམ་པ་
ལའང་མ་ཡིན་པ་དེ་དག་ནི་གང་ལ་ཡང་མི་སྐྲག་མི་དངང་། དངང་བར་མི་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ་མི་རྟོགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་

ཤིང་རྟོགས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱིས་ཀྱང་མི་རྟོགས་སོ། །འདི་ནི་གང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ཆོས་ཟབ་མོ་ལ་སྤྱོད་པ་དེ་དག་གིས་ཀྱང་མི་རྟོགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་
ཅན་གང་དག་མཚན་མ་ལ་སྤྱོད་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དེ་དག་ཀྱང་ཆགས་པ་མེད་པའི་ཆོས་འདི་དག་མི་རྟོགས་ཤིང་ཡུལ་མ་ཡིན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཉན་ཐོས་ཀྱི་ཐེག་པ་ཅན་བདེན་པ་མཐོང་བ་
དང་། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དགེ་བའི་བཤེས་གཉེན་གྱིས་བསྟན་པ། ཆོས་ཟབ་མོ་ལ་མོས་པ་གང་ཆོས་འདི་དག་ལ་འཐུན་པར་སྤྱོད་པ་དང་། གང་ཆོས་འདི་ཁོང་དུ་ཆུད་ཅིང་སྤྱོད་པ་རྣམས་ནི་མ་གཏོགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་
དཔའ་མཚན་མ་དང་བྲལ་བ། མཚན་མ་མེད་པ་ལ་སྤྱོད་པ། སྣ་ཚོགས་མེད་པ་ལ་སྤྱོད་པ། ཟབ་མོའི་ཆོས་ཤིན་ཏུ་ཚར་ཕྱིན་པ། གང་དག་སེམས་དང་། བྱང་ཆུབ་ཀྱང་མི་དམིགས་ཤིང་ཆོས་གང་ཡང་ཐ་དད་དུ་མི་བྱེད་ལ། ཡང་དག་པར་རྗེས་སུ་མི་མཐོང་བ་དེ་
དག་ནི་འདི་ལྟ་བུའི་ཆོས་ལ་རྨོངས་པར་མི་འགྱུར། ཐེ་ཙོམ་མི་ཟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཆོས་ཐམས་ཅད་དང་རྗེས་སུ་འཐུན་པར་གནས་ཏེ། མི་འཐུན་པར་ནི་མ་ཡིན་པའི་ཕྱིར་རོ། །དེ་དག་གིས་གང་དང་གང་ལ་ཆོས་འདྲི་བ་དེ་དང་དེས་རྗེས་སུ་འཐུན་པར་ལན་འདེབས་
ཤིང་རྗེས་སུ་འཐུན་པར་སྨྲ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཇི་ལྟར་ཤཱ་རིའི་བུ་འདིས་བཤད་པ་དེ་དེ་བཞིན་ཏེ། ཀུན་དགའ་བོ་ཆོས་བསྟན་པ་འདི་དང་། སངས་རྒྱས་ཀྱི་བྱང་ཆུབ་དང་།
རྗེས་སུ་འཐུན་པའི་སངས་རྒྱས་ཀྱི་བྱང་ཆུབ་འདི་ནི་ང་རྒྱལ་ཅན་རྣམས་ཀྱིས་མ་ཡིན། འཇུག་པའི་ཡུལ་མ་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་ནི་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱི་སེམས་མི་འཇུག་གོ། །ཀུན་དགའ་བོ་དམན་པ་ལ་

མོས་པ་ང་རྒྱལ་ཅན་རྣམས་ནི་ང་རྒྱལ་གྱི་དབང་གིས་འགྲོ་བས། དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་མི་འཐུན་པར་གནས་སོ། །ཀུན་དགའ་བོ་འཁོར་དེ་ནི་གཙང་མ་སྟེ། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ། སངས་
རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཟབ་མོ་ལ་མོས་པ། ཟབ་མོ་སྤྱོད་པ་སྟེ། ཀུན་དགའ་བོ་འཁོར་འདི་ལ་དེ་བཞིན་གཤེགས་པས་ཡིད་བརྟན་ནས། ཆོས་མངོན་པར་སྟོན་གྱི་རྗེས་སུ་སྲུང་བའི་ཆོས་ནི་ཅུང་ཟད་ཀྱང་མི་སྟོན་ཏོ། །ཀུན་དགའ་བོ་འཁོར་
འདི་ནི་སྙིང་པོ་སྟེ། ས་ཞག་དང་། གསེག་མ་དང་། གྱོ་མོ་མེད་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ་སྙིང་པོ་ལ་རབ་ཏུ་གནས་པའོ། །ཀུན་དགའ་བོ་གསེག་མ་དང་། གྱོ་མོ་ཞེས་བྱ་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཚིག་བླ་དགས་
ཏེ། གང་དག་ཆོས་འདི་ལ་གོ་སྐབས་མེད་པའོ། །ཀུན་དགའ་བོ་ས་ཞག་ཅེས་བྱ་བ་དེ་ནི་སེམས་ཅན་ང་རྒྱལ་ཅན་རྣམས་ཀྱི་ཚིག་བླ་དགས་སོ། །ཀུན་དགའ་བོ་འཁོར་འདི་ནི་ང་རྒྱལ་མེད་པ་དགེ་བའི་རྩ་བ་ཆེན་པོས་མངོན་པར་འཕགས་པའོ། །ཀུན་དགའ་བོ་འདི་ལྟ་
སྟེ། དཔེར་ན་ཀླུའི་རྒྱལ་པོ་མ་དྲོས་པ་རབ་ཏུ་དགའ་བར་གྱུར་ཏེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། རང་གི་གནས་ན་འདོད་པའི་ཡོན་ཏན་ལྔ་ལ་ཀུན་དུ་སྤྱོད་ཅིང་། རང་གི་གནས་ན་རབ་ཏུ་དགའ་བར་ཡན་ལག་བརྒྱད་དང་ལྡན་པའི་ཆར་པའི་ཆུ་ཆེན་པོ་འབེབས་
སོ། །དེའི་བུར་གྱུར་པ་དེ་དག་ཀྱང་རབ་ཏུ་དགའ་ནས། རང་རང་གི་གནས་ན་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ཏེ་རྩེ་ཞིང་ཆར་ཆེན་པོ་འབེབས་སོ། །ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཀྱང་ཆོས་ཀྱི་ཆར་ཆེན་པོ་འབེབས་སོ། །གང་འདི་སྲས་ཐུ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་འདི་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སོང་སྟེ། ཆོས་ཀུན་འབྱུང་བ་འདི་ལས་བརྩམས་ནས། དེ་བཞིན་གཤེགས་

པ་དེ་དག་གི་སྤྱན་སྔར་ཆོས་ཀྱི་ཆར་ཆེན་པོ་གཏོང་ཞིང་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་སོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་ཀླུའི་རྒྱལ་པོ་རྒྱ་མཚོ་ནི་གང་གི་ཚེ་རབ་ཏུ་དགའ་བར་གྱུར་པ་དེའི་ཚེ་རང་གི་གནས་ནས་ཆར་གྱི་རྒྱུན་ཆེན་པོ་འབེབས་སོ། །གང་དག་གནས་
དེ་ན་གནས་པར་གྱུར་པའི་ཀླུ་དེ་དག་གིས་ཀྱང་ཆར་གྱི་རྒྱུན་དེ་མནོས་ནས་དགའ་བར་འགྱུར་ཏེ་ཆར་གྱི་རྒྱུན་དེས་བདེ་བར་ཤེས་སོ། །གང་དག་དེའི་བུར་གྱུར་པ་དེ་དག་ཀྱང་ཆར་གྱི་རྒྱུན་དེ་བཟོད་ཅིང་། ཆར་གྱི་རྒྱུན་དེས་མཆོག་ཏུ་དགའ་བ་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན།
ཀུན་དགའ་བོ་ཀླུ་གཞན་དག་གིས་ནི་ཆར་གྱི་རྒྱུན་དེ་མི་བཟོད་ལ། ཀླུ་གཞན་དག་ནི་ཆར་གྱི་རྒྱུན་དེས་བདེ་བར་མི་ཤེས་ཤིང་ཆར་གྱི་རྒྱུན་དེ་དག་གིས་དགའ་བར་མི་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ་དེ་བཞིན་དུ་གང་དག་དེ་བཞིན་གཤེགས་པའི་ཆོས་དཀོན་མཆོག་ལ་
ལྷག་པར་ཆགས་པ་དང་། གང་དག་དེ་བཞིན་གཤེགས་པའི་སྲས་ཐུ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་བྱས་པ། བསམ་པ་རྒྱ་ཆེ་བ་ཆོས་ཟབ་མོའི་ཚུལ་ལས་ངེས་པར་སྐྱེས་པ་དེ་དག་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་གྱི་ཆར་ཆེན་པོ་
འདི་བཟོད་དོ། །ཐོས་ནས་རབ་ཏུ་དགའ་ཞིང་མགུ་སྟེ་བདེ་བར་ཤེས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་དོན་གྱི་དབང་འདི་ལ་བརྟེན་ཏེ། བསམ་པ་དག་པའི་འཁོར་དུ་སེང་གེའི་སྒྲ་ཆེན་པོ་སྒྲོག་ཅིང་ཆོས་ཀྱི་ཆར་ཆེན་པོ་འབེབས་སོ། །ཀུན་དགའ་བོ་འདི་ལྟ་
སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེའི་མཛོད་མང་པོ་བསགས་པ་དང་ལྡན་པ་དེས་བུ་མང་པོ་རིགས་དང་ལྡན་ཞིང་མ་རྒྱུད་ཀྱིས་ཀྱང་དག་པ་དེ་དག་ཐམས་ཅད་བཀུག་ནས། རིན་པོ་ཆེའི་མཛོད་བགོས་ཏེ། བུ་གང་ལ་ཡང་མི་སླུ་བར་བྱིན་ནོ། །དེ་ལྟར་བགོས་
ནས་དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ལ་དགའ་བ་དང་། མགུ་བ་ཆེན་པོ་ལྷག་པར་སྐྱེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་དོན་མཚུངས་པར་གྱུར་ཏོ་སྙམ་སྟེ། བདག་བདེ་བར་ཤེས་སོ། །ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་ཆོས་

ཀྱི་བདག་པོ་རང་བྱུང་གིས་ཀྱང་སྲས་དེ་དག་བསྡུས་ནས་ཆོས་རིན་པོ་ཆེའི་མཛོད་འདི་མཉམ་པར་བགོས་ཏེ། སྲས་དེ་དག་གང་ལ་ཡང་མི་སླུ་བས་དེ་དག་ང་ལ་དགའ་བ་དང་། མགུ་བ་དང་། གུས་པ་ཆེར་སྐྱེད་ཅིང་དོན་འཐུན་པ་སངས་རྒྱས་ཀྱི་རིགས་མི་གཅོད་
པར་གནས་སོ། །ཀུན་དགའ་བོ་སེམས་ཅན་གཞན་དམན་པ་ལ་མོས་པ། ང་རྒྱལ་ཅན་ལྟ་བ་ལ་སྤྱོད་པ། མཚན་མ་ལ་སྤྱོད་པ། དམིགས་པ་ལ་སྤྱོད་པ། ངའོ་སྙམ་པའི་ང་རྒྱལ་གྱིས་བཅོམ་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟིལ་གྱིས་ནོན་པ།
ལོག་པའི་ལམ་