Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 034_ཤེས་རབ་སྣ་ཚོགས།
Văn bản gốc(Tây Tạng)
Trang 5 / 18 (50.000 ký tự/trang)
ཆོས་གང་ལ་ཡང་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་པ་དེའི་ཚེ་ལམ་གྱི་རྒྱུན་གཅད་ཅེས་བྱའོ། །དེ་ཆོས་ཐམས་ཅད་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་པས་སྒོམ་པ་ལས་ཡང་དག་པར་འདས་ནས་ཆོས་མཉམ་པ་ཉིད་རྙེད་དེ། ཆོས་ མཉམ་པ་ཉིད་དེས་ལམ་གྱི་འདུ་ཤེས་ཀྱང་མི་འབྱུང་ན། ལམ་མཐོང་བར་ལྟ་ག་ལ་འགྱུར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལམ་གྱི་རྒྱུན་གཅད་ཅེས་བྱ་བ་དེ་ནི་དགེ་སློང་ཟག་པ་ཟད་པ། དགྲ་བཅོམ་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེས་བསྒོམས་པ་ཡང་མེད་ཅིང་བསྒོམས་ པ་མེད་པ་ཡང་མ་ཡིན་པར་ལམ་བསྒོམས་པ་མེད་པས་དེའི་ཕྱིར་བསྒོམས་པ་མེད་ཅེས་བྱའོ། །བསྒོམ་པ་མེད་པ་ཡང་དེ་ལ་མེད་པས་དེའི་ཕྱིར་བསྒོམ་པ་མེད་ཅེས་བྱའོ། །དེ་བསྒོམ་པ་དང་བྲལ་བས་དེའི་ཕྱིར་བསྒོམ་པ་མེད་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་བསྒོམ་པའམ། སྒོམ་པར་བྱེད་པ་ཞིག་ཡོད་ན་ནི་དེ་དམིགས་པར་འགྱུར་ཏེ། དེ་བསྒོམ་པ་མེད་པར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བསྒོམ་པ་མེད་པ་ཞེས་བྱ་བ་ནི་དེ་བསྒོམ་པ་དང་བྲལ་བས་བསྒོམ་པ་མེད་པ་སྟེ། འདི་དངོས་པོ་དང་བྲལ་བས་དེའི་ཕྱིར་བསྒོམ་པ་མེད་པ་ཞེས་བྱ་སྟེ། ཇི་སྐད་ དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསྒོམ་པ་མེད་པ་ནི་བརྗོད་དུ་མེད་པའོ། །བསྒོམ་པ་མེད་པ་འདི་ནི་བྲལ་བའོ། །བྲལ་བ་གང་ཞེ་ན། གང་ཕྱིན་ཅི་ལོག་ཀུན་ནས་མི་ལྡང་བ་དང་། གང་ཡང་དག་པ་མ་ཡིན་པ་ཀུན་ནས་མི་ལྡང་བའོ། །རབ་ཀྱི་རྩལ་གྱིས་རྣམ་པར་ གནོན་པ་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཀུན་ནས་མི་སློང་སྟེ། ཕྱིན་ཅི་ལོག་ནི་ཀུན་ནས་ལངས་པ་ཉིད་མ་ཡིན་ནོ། །དེ་ལ་ཀུན་ནས་སློང་བ་ཅི་ཡང་མེད་དོ། །གལ་ཏེ་དེ་ལ་སློང་བ་འགའ་ཞིག་ཡོད་ན་ནི་དེར་ཡང་བརྗོད་ན་འདི་ལྟར་ཡང་དག་པ་མ་ཡིན་པ་ལས་བྱུང་བས་དེའི་ཕྱིར་ཕྱིན་ཅི་ལོག་ ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔས་ནི་ཆོས་ཐམས་ཅད་ཕྱིན་ཅི་ལོག་མེད་པར་ཁོང་དུ་ཆུད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཕྱིན་ཅི་ལོག་ནི་ཡང་དག་པ་མ་ཡིན་པར་ཤེས་པའི་ཕྱིར་རོ། །ཕྱིན་ཅི་ལོག་ལ་ནི་ཕྱིན་ཅི་ལོག་མེད་དེ། གང་གིས་ཕྱིན་ཅི་ལོག་ ཡང་དག་པ་མ་ཡིན་པ་དང་། ཕྱིན་ཅི་ལོག་ལ་ཕྱིན་ཅི་ལོག་མེད་པར་ཤེས་པ་དེས་ཆོས་ཐམས་ཅད་ཕྱིན་ཅི་ལོག་མ་ཡིན་པར་ཁོང་དུ་ཆུད་དོ། །གང་ཕྱིན་ཅི་ལོག་མེད་པར་ཁོང་དུ་ཆུད་པ་དེ་ལ་ཕྱིན་ཅི་ལོག་གང་ཡང་མི་འབྱུང་ངོ་། །གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་སྤྱོད་པ་གང་ཡང་མེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་ལས་བྱུང་བ་དང་། སྤྱོད་པ་ལ་རྣམ་པར་རྟོག་པས་ཕྱིན་ཅི་ལོག་གོ། །བྱང་ཆུབ་སེམས་དཔའ་ནི་སྤྱོད་པ་ལ་རྣམ་པར་མི་རྟོག་སྟེ། དེའི་ཕྱིར་དེ་ཕྱིན་ཅི་ལོག་མེད་པར་གནས་པ་ཞེས་བྱའོ། །གང་ཕྱིན་ཅི་ལོག་མེད་པ་དེ་ནི་ ཕྱིར་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྤྱོད་པ་མེད་པ་ཞེས་བྱ་བ་དེ་ཆོས་གང་ལ་ཡང་མི་སྤྱོད་རྣམ་པར་མི་སྤྱོད་ཅིང་སྤྱོད་པའི་མཚན་ཉིད་མི་སྟོན་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ ཞེས་བྱ་སྟེ། གང་འདི་ལྟ་བུར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་གཟུགས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་རབ་ཏུ་དབེན་པར་ཤེས་པའི་ཕྱིར་རོ། །དབེན་པ་གང་ཡིན་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་མིག་གི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དམིགས་པ་ལ་སྤྱོད་ ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་ཡང་དག་པ་མ་ཡིན་པར་ཤེས་པའི་ཕྱིར་རོ། །གང་དམིགས་པ་ཐམས་ཅད་ཡང་དག་པ་མ་ཡིན་པར་ཤེས་པ་དེ་ནི་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་ དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་ཕྱིན་ ཅི་ལོག་ལས་བྱུང་བར་ཤེས་ཤིང་གང་ཕྱིན་ཅི་ལོག་པ་དེ་ཡང་དག་པ་མ་ཡིན་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །གང་གིས་ཕྱིན་ཅི་ལོག་ཡང་དག་པ་མ་ཡིན་པར་ཡོངས་སུ་ཤེས་པ་དེ་ནི་དམིགས་པ་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་ བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་མིང་དང་གཟུགས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་དམིགས་པ་མེད་པར་མཐོང་བའི་ཕྱིར་རོ། །གང་གིས་དམིགས་པ་ ཐམས་ཅད་དམིགས་པ་མེད་པར་ཁོང་དུ་ཆུད་པ་དེ་ནི་དམིགས་པ་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་སེམས་ཅན་དང་། བདག་གི་ དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་སེམས་ཅན་དུ་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དེ་ཡང་དག་པ་མ་ཡིན་པར་ཤེས་པའི་ཕྱིར་རོ། །གང་གིས་སེམས་ཅན་དུ་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་ པ་ཡང་དག་པ་མ་ཡིན་པར་ཤེས་པ་དེ་སྤྱོད་པ་གང་ལ་ཡང་མི་སྤྱོད་དོ། །གང་སྤྱད་པ་གང་ལ་ཡང་མི་སྤྱོད་པ་དེ་སྤྱོད་པ་མེད་པ་སྟེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་སྲོག་ཏུ་འདུ་ཤེས་ པ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པར་འདུ་ཤེས་པ་དང་། ཤེས་པར་བྱེད་པ་དང་། ཤེས་པ་པོར་འདུ་ ཤེས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་འདུ་ཤེས་ཐམས་ཅད་རྣམ་པར་བཤིག་པའི་ཕྱིར་རོ། །གང་གིས་འདུ་ཤེས་ཐམས་ཅད་རྣམ་པར་བཤིག་པ་དེ་དག་ཕྱིར་འདུ་ཤེས་གང་ལ་ཡང་མི་སྤྱོད་དེ། དེའི་ཕྱིར་སྤྱོད་པ་མེད་ པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། སྒྲིབ་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། སྒྲིབ་པ་དམིགས་ པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། སྒྲིབ་པའི་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །གང་ཡོངས་སུ་ཤེས་པ་དེ་སྤྱོད་པ་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི། བྱང་ཆུབ་སེམས་ དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བའི་དམིགས་པ་ལ་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཤེས་ཤིང་རྟེན་ཅིང་ འབྲེལ་པར་འབྱུང་བའི་དམིགས་པ་ཡང་ཤེས་པའི་ཕྱིར་རོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བའི་དམིགས་པ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དོ། །དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ བྱང་ཆུབ་སེམས་དཔའ་དག་འདོད་པའི་ཁམས་ཀྱི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ གིས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ། །གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་ མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ ཞེ་ན། དེ་དག་གིས་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །གང་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དམིགས་པ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་ བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དམིགས་པ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་རོ། །གང་དམིགས་པ་ཐམས་ཅད་ཡོངས་སུ་ཤེས་པ་དེ་ལ་ནི་སྤྱོད་པ་གང་ཡང་མེད་དོ། །དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་ རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ཕྱིན་ཅི་ལོག་མ་ཡིན་པ་དང་། ཡང་དག་པར་སྤོང་བ་དང་། དྲན་པ་ཉེ་བར་གཞག་པ་དང་། ཚད་མེད་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དམིགས་ པ་ཐམས་ཅད་ཡ་མ་བརླར་ཤེས་པའི་ཕྱིར་རོ། །གང་དམིགས་པ་ཐམས་ཅད་ཡ་མ་བརླར་ཡོངས་སུ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་དབང་པོ་ དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ། །གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ། །གང་རྣམ་ པར་འཇིག་པ་དེ་ལ་རྣམ་པར་འཇིག་པ་གང་ཡང་མེད་ཅིང་དེ་ལ་ཡང་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་རིག་པ་དང་། རྣམ་པར་གྲོལ་བའི་དམིགས་པ་ལ་ སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་རིག་པ་དང་། རྣམ་པར་གྲོལ་བའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ། །གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་ དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་མི་སྐྱེ་བའི་དམིགས་པ་འམ། ཟད་པའི་དམིགས་པ་འམ། མངོན་པར་འདུ་མི་བྱེད་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མི་སྐྱེ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ། །གང་རྣམ་པར་འཇིག་པ་དེ་ལ་ཡང་སྤྱོད་པ་གང་ཡང་མེད་དོ། །དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་ པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་དམིགས་པ་རྣམ་པར་བཤིག་ པའི་ཕྱིར་རོ། །གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་དམིགས་པ་ལ་སྤྱོད་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ། །གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཀྱི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ ཀྱི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ། །གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་མྱ་ངན་ལས་འདས་པའི་དམིགས་པ་ ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མྱ་ངན་ལས་འདས་པའི་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །གང་ཡོངས་སུ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་མཚན་ཡོངས་སུ་དག་པའི་དམིགས་པ་ལ་སྤྱོད་དམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དམིགས་པ་ལ་སྤྱོད་དམ། ཉན་ཐོས་ཕུན་སུམ་ཚོགས་པའི་དམིགས་པ་ལ་སྤྱོད་དམ། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་ པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མཚན་ཡོངས་སུ་དག་པའི་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དམིགས་པ་དང་། ཉན་ཐོས་ཕུན་སུམ་ཚོགས་པའི་དམིགས་པ་དང་། བྱང་ཆུབ་ སེམས་དཔའ་ཕུན་སུམ་ཚོགས་པའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ། །གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་དམིགས་པ་ཐམས་ཅད་ཡོངས་སུ་ཤེས་པའི་སྤྱོད་པ་དང་། དམིགས་པ་ཐམས་ཅད་རྣམ་པར་འཇིག་པའི་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན་གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་གཟུགས་ཀྱི་དམིགས་པ་རང་ བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མིག་གི་དམིགས་པ་རྣམ་པར་དག་པ་ ལ་མི་སྤྱོད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཡིད་ཀྱི་བར་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །སྤྱོད་པ་དེ་ལྟ་བུ་གང་ཡིན་ པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་ཀྱི་ བར་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མིང་དང་གཟུགས་ཀྱི་ དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་མིང་དང་གཟུགས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་ གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བདག་དང་སེམས་ཅན་གྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་བདག་དང་། སེམས་ཅན་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །སྤྱོད་པ་དེ་ལྟ་བུ་ གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྲོག་དང་། འབྱུང་བ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ལྟ་བའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྲོག་དང་། འབྱུང་བ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་ དང་། ལྟ་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ ལོག་དང་། ལྟ་བར་གྱུར་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་ནི་སྒྲིབ་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྒྲིབ་པའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་རྟེན་ཅིང་འབྲེལ་པར་འབྱུང་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་དག་པར་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་ དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ཀྱི་ དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ཀྱི་དམིགས་པ་རང་ བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་འདས་པ་དང་། མ་ འོངས་པ་དང་། ད་ལྟར་བྱུང་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐོགས་པ་མེད་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེས་ཐོགས་པ་མེད་པའི་དམིགས་པ་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མངོན་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་མངོན་པར་ཤེས་པའི་དམིགས་པ་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཐམས་ ཅད་མཁྱེན་པའི་དམིགས་པ་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ནི་དམིགས་པ་རྣམ་པར་དག་པ་གང་ལ་ཡང་མི་སྤྱོད་དོ། །དེ་ ཅིའི་ཕྱིར་ཞེ་ན། དམིགས་པ་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་རྣམ་པར་དག་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པ་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདི་ནི་གཟུགས་སོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདིས་གཟུགས་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདིའི་གཟུགས་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདི་ ལས་གཟུགས་ཞེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་དེ་ལྟར་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བས་གཟུགས་མི་འདེག །མི་འཇོག །གཟུགས་མི་སྐྱེད། མི་འགོག །གཟུགས་ལ་མི་སྤྱོད། རྣམ་པར་མི་སྤྱོད་དོ། །གཟུགས་ཀྱི་དམིགས་པ་ལ་མི་སྤྱོད། རྣམ་ པར་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་ཤེས་པའོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདིས་རྣམ་པར་ཤེས་པ་ཞེས་ཡང་དག་པར་རྗེས་སུ་ མི་མཐོང་། འདིའི་རྣམ་པར་ཤེས་པ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་། འདི་ལས་རྣམ་པར་ཤེས་པ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་དེ་ལྟར་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་ཤེས་པ་མི་འདེག །མི་འཇོག །རྣམ་པར་ཤེས་པ་མི་སྐྱེད། མི་ འགོག །རྣམ་པར་ཤེས་པ་ལ་མི་སྤྱོད། རྣམ་པར་མི་སྤྱོད་དོ། །རྣམ་པར་ཤེས་པའི་དམིགས་པ་ལ་མི་སྤྱོད་རྣམ་པར་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་ གནོན་པ་གཞན་ཡང་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་འདས་པ་ཞེས་མི་སྤྱོད། གཟུགས་ལ་མ་འོངས་པ་ཞེས་མི་སྤྱོད། གཟུགས་ལ་ད་ལྟར་བྱུང་བ་ཞེས་མི་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འདས་པ་ དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་མི་སྤྱོད་དོ། །གཟུགས་ལ་བདག་ཅེས་མི་སྤྱོད། གཟུགས་ལ་བདག་གི་ཞེས་མི་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བདག་ཅེས་མི་སྤྱོད། རྣམ་པར་ཤེས་པ་ལ་བདག་གི་ ཞེས་མི་སྤྱོད་དོ། །གཟུགས་ལ་སྡུག་བསྔལ་ཞེས་མི་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྡུག་བསྔལ་ཞེས་མི་སྤྱོད་དོ། །གཟུགས་ལ་བདག་གི་དང་། གཞན་གྱི་ཞེས་མི་སྤྱོད་དོ། །དེ་བཞིན་ དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བདག་གི་དང་། གཞན་གྱི་ཞེས་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་ གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ཀྱི་ཀུན་འབྱུང་བ་ལ་མི་སྤྱོད། གཟུགས་ཀྱི་འགོག་པ་ལ་མི་སྤྱོད། གཟུགས་ལ་ཟབ་ཅེས་མི་སྤྱོད། གཟུགས་ལ་མི་ཟབ་ཅེས་མི་སྤྱོད། གཟུགས་ལ་སྟོང་ཞེས་མི་སྤྱོད། གཟུགས་ལ་མི་སྟོང་ཞེས་མི་སྤྱོད། གཟུགས་ལ་མཚན་མ་ཞེས་མི་སྤྱོད། གཟུགས་ལ་མཚན་མ་མེད་པ་ཞེས་མི་སྤྱོད། གཟུགས་ལ་སྨོན་པ་ཞེས་མི་སྤྱོད། གཟུགས་ལ་སྨོན་པ་མེད་པ་ཞེས་མི་སྤྱོད། གཟུགས་ལ་མངོན་པར་འདུ་བྱེད་པ་ཞེས་མི་སྤྱོད། གཟུགས་ལ་ མངོན་པར་འདུ་མི་བྱེད་པ་ཞེས་མི་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཀུན་འབྱུང་བ་ལ་མི་སྤྱོད། རྣམ་པར་ཤེས་པའི་འགོག་པ་ལ་མི་སྤྱོད། རྣམ་པར་ཤེས་པ་ལ་ཟབ་ཅེས་མི་སྤྱོད། རྣམ་པར་ཤེས་པ་ལ་མི་ཟབ་ ཅེས་མི་སྤྱོད། རྣམ་པར་ཤེས་པ་ལ་སྟོང་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མི་སྟོང་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མཚན་མ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མཚན་མ་མེད་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་སྨོན་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་ སྨོན་པ་མེད་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མངོན་པར་འདུ་བྱེད་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མངོན་པར་འདུ་མི་བྱེད་པ་ཞེས་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་དག་ཐམས་ཅད་ནི་རློམ་སེམས་སུ་གྱུར་པ་དང་། གཡོས་ པ་དང་། སྤྲོས་པ་དང་། སྲེད་པར་གཏོགས་པའི་ཕྱིར་རོ། །བདག་གིས་སྤྱད་པར་བྱའོ་ཞེས་བྱ་བ་དེ་ནི་གཡོས་པའོ། །འདིར་སྤྱད་པར་བྱའོ་ཞེས་བྱ་བ་དེ་ནི་སྤྲོས་པའོ། །འདིས་སྤྱོད་དོ་ཞེས་བྱ་བ་དེ་ནི་སྲེད་པར་གཏོགས་པའོ། །འདི་ལ་སྤྱད་པར་བྱའོ་ཞེས་བྱ་བ་དེ་ནི་རློམ་སེམས་སོ། །རབ་ ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་བྱང་ཆུབ་སེམས་དཔའ་དག་ནི་དེ་དག་ཐམས་ཅད་རློམ་སེམས་དང་། གཡོས་པ་དང་། སྤྲོས་པ་དང་། སྲེད་པར་གཏོགས་པར་ཤེས་ནས་མི་ཤེས་པ་ཐམས་ཅད་ཡང་དག་པར་གཞོམ་པའི་ཕྱིར་ཅི་ལ་ཡང་རློམ་སེམས་སུ་མི་བྱེད་དོ། །རློམ་སེམས་སུ་མི་བྱེད་ པས་གང་ལ་ཡང་མི་སྤྱོད། གང་ལ་ཡང་མི་སྦྱོར་རོ། །དེ་དག་གནས་མེད་ཅིང་འདུ་བ་ཡང་མེད། འབྲལ་བ་ཡང་མེད་པས་ཅི་ཡང་ལྡན་པར་མི་བྱེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ རློམ་སེམས་ཐམས་ཅད་ཡང་དག་པར་འཇོམས་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་གཟུགས་ལ་རྟག་ཅེའམ། མི་རྟག་ཅེས་མི་སྤྱོད་དོ། །གཟུགས་ལ་སྟོང་ཞེའམ། མི་སྟོང་ ཞེས་མི་སྤྱོད་དོ། །གཟུགས་ལ་སྒྱུ་མ་ལྟ་བུ་ཞེས་མི་སྤྱོད་དོ། །གཟུགས་ལ་རྨི་ལམ་ལྟ་བུ་ཞེས་མི་སྤྱོད་དོ། །གཟུགས་ལ་མིག་ཡོར་ལྟ་བུ་ཞེས་མི་སྤྱོད་དོ། །གཟུགས་ལ་བྲག་ཅ་ལྟ་བུ་ཞེས་མི་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པ་ལ་རྟག་ཅེའམ། མི་རྟག་ཅེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་སྟོང་ཞེའམ། མི་སྟོང་ཞེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུ་ཞེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་རྨི་ལམ་ལྟ་བུ་ཞེས་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་མིག་ཡོར་ལྟ་བུ་ཞེས་མི་སྤྱོད་དོ། ། རྣམ་པར་ཤེས་པ་ལ་བྲག་ཅ་ལྟ་བུ་ཞེས་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དག་ཐམས་ཅད་ནི་རྣམ་པར་བརྟགས་པ་དང་། རྣམ་པར་དཔྱད་པ་དང་། སྤྱད་པ་དང་། རྣམ་པར་སྤྱད་པ་མ་ཡིན་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ ཆུབ་སེམས་དཔའ་ནི་དེ་དག་ཐམས་ཅད་རྣམ་པར་བརྟགས་པ་དང་། རྣམ་པར་དཔྱད་པ་དང་། སྤྱད་པ་དང་། རྣམ་པར་སྤྱད་པ་མ་ཡིན་པར་ཤེས་ནས། སྤྱོད་པ་ཐམས་ཅད་ཡང་དག་པར་གཞོམ་པ་དང་། སྤྱོད་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ། །བཀའ་སྩལ་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དེ་བཞིན་ཏེ། གཟུགས་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །མིང་ དང་གཟུགས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ནས་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །ཕྱིན་ཅི་ལོག་བསམ་གྱིས་མི་ཁྱབ་པ་དང་། ལྟ་བར་གྱུར་པ་བསམ་གྱིས་མི་ཁྱབ་ པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །འདོད་པའི་ཁམས་བསམ་གྱིས་མི་ཁྱབ་པ་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །བདག་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། སྦྱིན་པ་བསམ་གྱིས་མི་ཁྱབ་པ་དང་། སེར་སྣ་བསམ་གྱིས་མི་ཁྱབ་པ་དང་། ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་པ་དང་། འཆལ་པའི་ཚུལ་ཁྲིམས་ བསམ་གྱིས་མི་ཁྱབ་པ་དང་། བཟོད་པ་བསམ་གྱིས་མི་ཁྱབ་པ་དང་། གནོད་སེམས་བསམ་གྱིས་མི་ཁྱབ་པ་དང་། བརྩོན་འགྲུས་བསམ་གྱིས་མི་ཁྱབ་པ་དང་། ལེ་ལོ་བསམ་གྱིས་མི་ཁྱབ་པ་དང་། བསམ་གཏན་བསམ་གྱིས་མི་ཁྱབ་པ་དང་། རྣམ་པར་གཡེང་བ་བསམ་ གྱིས་མི་ཁྱབ་པ་དང་། ཤེས་རབ་བསམ་གྱིས་མི་ཁྱབ་པ་དང་། འཆལ་པའི་ཤེས་རབ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསམ་གྱིས་མི་ཁྱབ་ པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །དྲན་པ་ཉེ་བར་གཞག་པ་བསམ་གྱིས་མི་ཁྱབ་པ་དང་། ཡང་དག་པའི་སྤོང་བ་དང་། ཕྱིན་ཅི་མ་ལོག་པ་དང་། ཚད་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསམ་གྱིས་མི་ཁྱབ་པས་བྱང་ ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ཡང་བསམ་གྱིས་མི་ཁྱབ་བོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་བོ། །རིག་པ་དང་། རྣམ་པར་གྲོལ་བ་བསམ་གྱིས་མི་ཁྱབ་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་ སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །མངོན་པར་ ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ།། །།བམ་པོ་ལྔ་པ། ཐོགས་པ་མེད་པའི་ཡེ་ཤེས་བསམ་ གྱིས་མི་ཁྱབ་པ་དང་། མྱ་ངན་ལས་འདས་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་བསམ་གྱིས་མི་ཁྱབ་བོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་ཀྱི་སྐྱེད་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་བསྐྱེད་ཅེས་བྱ་བ་དེ་ནི་ཕྱིན་ཅི་ལོག་གོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ ཞེས་བྱ་བ་དེ་ནི་སེམས་རབ་ཏུ་རྟོགས་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་སྐྱེ་བ་དང་འབྱུང་བ་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་དང་ལྡན་པའི་སེམས་སྐྱེ་སྟེ། དེ་ལ་སེམས་ཀྱང་སྒྲིབ་པ་མེད་ལ། ཕྱིན་ཅི་ལོག་ གང་གིས་བསྐྱེད་པ་དེ་ཡང་སྒྲིབ་པ་མེད་པ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི། སེམས་སྒྲིབ་པ་མེད་པ་དང་། གང་དུ་སྐྱེ་བ་དེ་ཡང་སྒྲིབ་པ་མེད་པ་དང་། གང་གིས་བསྐྱེད་པ་དེ་ཡང་སྒྲིབ་པ་མེད་པར་མི་ཤེས་སོ། །དེ་དག་ནི་སེམས་ དབེན་པར་མི་ཤེས་ཤིང་། དམིགས་པ་དབེན་པར་མི་ཤེས་པས། བདག་གི་སེམས། འདིའི་སེམས། འདི་ལས་སེམས་ཞེས་མངོན་པར་ཞེན་ཏོ། །དེ་དག་ལ་མངོན་པར་ཞེན་པས་དགེ་བ་ཞེས་མངོན་པར་ཞེན། མི་དགེ་བ་ཞེས་མངོན་པར་ཞེན། བདེ་བ་ཞེས་མངོན་པར་ཞེན། སྡུག་བསྔལ་བ་ཞེས་མངོན་པར་ཞེན། ཆད་པ་ཞེས་མངོན་པར་ཞེན། རྟག་པ་ཞེས་མངོན་པར་ཞེན། ལྟ་བར་གྱུར་པ་ཞེས་མངོན་པར་ཞེན། སྒྲིབ་པ་ཞེས་མངོན་པར་ཞེན། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཞེས་མངོན་པར་ཞེན། འདོད་པའི་ཁམས་དང་། གཟུགས་ ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཞེས་མངོན་པར་ཞེན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་མངོན་པར་ཞེན། མིང་དང་གཟུགས་ཞེས་མངོན་པར་ཞེན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་མངོན་པར་ཞེན། ཕྲག་དོག་དང་། སེར་སྣ་ཞེས་མངོན་པར་ ཞེན། ངའོ་སྙམ་པའི་ང་རྒྱལ་ཞེས་མངོན་པར་ཞེན། སྡུག་བསྔལ་ཞེས་མངོན་པར་ཞེན། ཀུན་འབྱུང་ཞེས་མངོན་པར་ཞེན། འགོག་པ་ཞེས་མངོན་པར་ཞེན། ལམ་ཞེས་མངོན་པར་ཞེན། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། ཕྱིན་ཅི་མ་ལོག་པ་དང་། རྫུ་འཕྲུལ་ གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ཅེས་མངོན་པར་ཞེན། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཞེས་མངོན་པར་ཞེན། མི་སྐྱེ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་ཞེས་མངོན་པར་ཞེན། ཉན་ ཐོས་དང་། རང་སངས་རྒྱས་ཀྱིས་ཞེས་མངོན་པར་ཞེན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ལ་ཡང་མངོན་པར་ཞེན། མངོན་པར་ཤེས་པ་ལ་ཡང་མངོན་པར་ཞེན། མྱ་ངན་ལས་འདས་པ་ལ་ཡང་མངོན་པར་ཞེན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་མངོན་པར་ཞེན། མཚན་མ་ ལ་ཡང་མངོན་པར་ཞེན། སངས་རྒྱས་ཀྱི་ཞིང་ལ་ཡང་མངོན་པར་ཞེན། ཉན་ཐོས་ཕུན་སུམ་ཚོགས་པ་ལ་ཡང་མངོན་པར་ཞེན། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་ལ་ཡང་མངོན་པར་ཞེན་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་བྱང་ཆུབ་སེམས་དཔས་མངོན་པར་ཞེན་ པ་འདི་ལྟ་བུ་དག་ནི་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་གི་སེམས་ལས་བྱུང་བར་མཐོང་ནས། ཕྱིན་ཅི་ལོག་གང་ལ་ཡང་སེམས་མི་བསྐྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་དང་བྲལ་བའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སེམས་རང་བཞིན་ གྱིས་འོད་གསལ་བ་དང་། རང་བཞིན་གྱིས་ཡོངས་སུ་དག་པ་དེ་ལ་སེམས་བསྐྱེད་པ་གང་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དམིགས་པ་ཡོད་པས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་སེམས་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔས་དམིགས་པ་ཡང་ རབ་ཏུ་ཤེས་ཤིང་། སེམས་གང་ནས་སྐྱེ་ཞེས། སེམས་སྐྱེ་བ་ཡང་རབ་ཏུ་ཤེས་པས་དེ་འདི་སྙམ་དུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་རྟོག་ཅིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ལ་བརྟེན་ནས་སེམས་སྐྱེའོ་སྙམ་མོ། །དེས་དམིགས་པ་ཡོངས་སུ་ཤེས་པས་ སེམས་མི་སྐྱེད་མི་འགོག་སྟེ། དེའི་སེམས་འོད་གསལ་བ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་ཡིད་དུ་འོང་བ་དང་། ཡོངས་སུ་དག་པ་ཡིན་ནོ། །དེ་སེམས་མི་སྐྱེ་བ་ལ་གནས་པས་ཆོས་གང་ཡང་མི་སྐྱེ་མི་འགོག་གོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྐྱེ་བ་ཡོངས་སུ་ཤེས་པ་སྟེ། གང་འདི་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ལྟར་སྤྱོད་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེའམ། འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་དོ་ཞེའམ། འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེའམ། འདི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་དེ་འདི་སྙམ་དུ་མི་སེམས་སོ། །གལ་ཏེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེའམ། འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེའམ། འདིའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེའམ། འདི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀུན་ཤེས་ན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་སྙམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་ མཐོང་མི་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་བླ་ན་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་འོད་གསལ་བ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་ལྟག་ན་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་མངོན་པར་འཕགས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་མི་ནོན་པ་ལགས་ཏེ། བདུད་དམ། བདུད་ཀྱི་འཁོར་ཏམ། གཞན་ཡང་མཚན་མ་ལ་སྤྱོད་པ་དང་། དམིགས་པ་ལ་སྤྱོད་པ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བ་དང་། སངས་རྒྱས་སུ་ལྟ་བ་དང་། ཆོས་སུ་ལྟ་བ་དང་། དགེ་འདུན་དུ་ལྟ་བ་དང་། མྱ་ངན་ལས་འདའ་བར་ལྟ་བ་དང་། ཐོབ་པར་འདུ་ཤེས་པ་དང་། ང་རྒྱལ་ཅན་ དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད་པ་དང་། ཕྱིན་ཅི་ལོག་ལ་སྤྱོད་པ་དང་། ལོག་པའི་ལམ་ལ་རབ་ཏུ་གནས་པ་གང་གིས་ཀྱང་མི་ནོན་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ འདི་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དེ་བཞིན་ནོ། །རབ་ཀྱི་རྩལ་ གྱིས་རྣམ་པར་གནོན་པ། དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་འདི་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷའི་བུ་འམ། བདུད་ཀྱི་འཁོར་གྱིས་མི་ནོན་པའོ། །ཐ་ན་མྱ་ངན་ལས་འདའ་བར་ལྟ་བ་འམ། མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པའི་བྱིས་པ་སོ་སོའི་སྐྱེ་བོ་ ཐམས་ཅད་ཀྱིས་མི་ནོན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་གྱི། འདི་ནི་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པ་མ་ཡིན། འདི་ནི་སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་ཀྱི་ཐེག་པ་ཅན་དང་། རང་སངས་ རྒྱས་ཀྱི་ཐེག་པ་ཅན་རྣམས་ཀྱི་སྤྱོད་པ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ཀྱི་སྤྱོད་པར་གྱུར་དུ་ཟིན་ན་ནི་དེ་དག་ལ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་ཞེས་བྱ་བའི་ཐ་སྙད་ འདི་གང་ཡང་མེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་ཞིང་། དེ་དག་མི་འཇིགས་པ་བཞི་ཐོབ་པའི་དེ་བཞིན་གཤེགས་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟར་སྤྱོད་པ་འདི་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱི་མ་ཡིན། རང་སངས་རྒྱས་ཀྱི་ ཐེག་པ་ཅན་རྣམས་ཀྱི་མ་ཡིན་ཏེ། དེའི་ཕྱིར་དེ་དག་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་མི་འགྲོ། མི་འཇིགས་པ་བཞི་ཐོབ་པའི་དེ་བཞིན་གཤེགས་པར་ཡང་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི་མི་འཇིགས་པའི་ ས་ལགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སྨོན་ལམ་གྱི་དབང་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱི་དབང་ གིས་མྱུར་དུ་མི་འཇིགས་པ་བཞི་འཐོབ་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ལ། མི་འཇིགས་པ་བཞི་མེད་དེ། དེ་དག་ལ་དེ་བཞིན་གཤེགས་པ་ཡང་མི་འཇིགས་པ་བཞི་བྱིན་གྱིས་མི་རློབ་ བོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྨོན་ལམ་གྱི་དབང་གིས་གང་ལ་མི་འཇིགས་པ་བཞི་ཐོབ་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའི་སའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་དག་ནི་སོ་སོར་ཡང་ དག་པར་རིག་པ་བཞི་ཐོབ་པར་འགྱུར་བའི་ཕྱིར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །འདི་བཞི་དང་ལྡན་པ་དེ་དག་ མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སྨོན་ལམ་གྱི་དབང་གིས་མི་འཇིགས་པ་བཞི་རབ་ཏུ་འཛིན་ཏོ། །དེ་བཞིན་གཤེགས་པས་ཀྱང་དེ་དག་དགེ་བའི་རྩ་བ་དང་ལྡན་པར་མཁྱེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ས་ཡང་རྗེས་སུ་ཐོབ་པར་མཁྱེན་ནས་མི་འཇིགས་པ་བཞི་བྱིན་གྱིས་བརླབ་བོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་འདོད་ཅིང་མྱུར་དུ་མི་འཇིགས་པ་བཞི་ལ་མཁས་པར་འགྱུར་བར་འདོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སྤྱད་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་རྒྱུ་དང་། ཀུན་འབྱུང་བ་དང་། ནུབ་པ་དང་། འགོག་པ་ཡང་རབ་ཏུ་ཤེས་ཏེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ཡང་མི་སྦྱོར་རོ། །ཆོས་ཐམས་ཅད་ཀྱི་རྒྱུ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། མཚན་ཉིད་རབ་ཏུ་ཤེས་པས་གཟུགས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། མིང་དང་གཟུགས་ལ་ སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། འདོད་ཆགས་དང་། ཞེ་ སྡང་དང་། གཏི་མུག་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་ལ་སྒོམ་པར་ ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སྦྱིན་པ་དང་། སེར་སྣ་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། ཕྱིན་ཅི་མ་ལོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་ དང་། ཚད་མེད་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྒོམ་པར་ཡང་མི་ བྱེད། མི་སྒོམ་པར་ཡང་མི་བྱེད། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། མི་སྐྱེ་བའི་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་སྒོམ་པར་ཡང་མི་བྱེད། མི་ སྒོམ་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་ སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཞི་གནས་དང་། ལྷག་མཐོང་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། མྱ་ངན་ལས་འདས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཐོགས་པ་མེད་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་མི་འཇིགས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་ པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །མིང་དང་གཟུགས་དང་། ཕྱིན་ཅི་ལོག་དང་། ལྟ་བར་ གྱུར་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་ ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་ སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཐོགས་པ་ མེད་པའི་ཡེ་ཤེས་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དངོས་པོ་ཡོངས་སུ་གྲུབ་པ་གང་ཡང་མེད་པའི་ཕྱིར་ཐ་སྙད་འདི་དག་ ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་སྟེ། དེ་ལ་ངོ་བོ་ཉིད་གང་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ། མ་བྱུང་བ་སྟེ། དངོས་པོ་མེད་པའི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་གང་ཡིན་པ་དེ་ནི་ཡང་དག་པ་མ་ཡིན་ཏེ་ཆོས་ ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བའི་ཕྱིར་རོ། །ཕྱིན་ཅི་ལོག་གང་ཡིན་པ་དེ་ཡང་དག་པ་མ་ཡིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་སྟེ། རང་བཞིན་མེད་པའི་ཕྱིར་དངོས་པོ་མི་དམིགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དངོས་ པོ་མེད་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཞིང་མ་བྱུང་བ་སྟེ། དེའི་ཕྱིར་དངོས་པོ་མེད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དངོས་པོ་མེད་པ་ཞེས་བྱ་བ་དེ་ནི་ཡོངས་སུ་བསྟན་པའོ། །གང་ལ་དངོས་པོ་མེད་པ་དེ་ལ་བསྒོམ་པའང་མེད་མི་བསྒོམ་པ་ཡང་ མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ཅན་རྣམས་ནི་ཕྱིན་ཅི་ལོག་ལས་བྱུང་བས་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་དེ། དེ་ལ་ནི་དངོས་པོ་ཅི་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར། དངོས་པོ་མེད་པའི་རང་བཞིན་ཏེ། དངོས་པོ་དང་བྲལ་བས་འདི་ལ་ནི་བསྒོམ་པར་བྱ་བ་ཅི་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་འདི་དག་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་གང་ལ་ཡང་ སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་ན་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་ཀྱི་ རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་དང་ཕྲད་པའི་རྒྱུར་སེམས་མི་སྐྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་ཕྲད་པའི་རྒྱུར་སེམས་མི་སྐྱེད། ཐ་བ་དང་ ལྡན་པའི་སེམས་མི་སྐྱེད། གནོད་སེམས་དང་ལྡན་པའི་སེམས་མི་སྐྱེད། སེར་སྣ་དང་ལྡན་པའི་སེམས་མི་སྐྱེད། ཀུན་ནས་ཉོན་མོངས་པ་དང་ལྡན་པའི་སེམས་མི་སྐྱེད། ལེ་ལོ་དང་ལྡན་པའི་སེམས་མི་སྐྱེད། རྣམ་པར་གཡེང་བ་དང་ལྡན་པའི་སེམས་མི་སྐྱེད། འཆལ་པའི་ཤེས་རབ་དང་ ལྡན་པའི་སེམས་མི་སྐྱེད། འདོད་པ་དང་ཕྲད་པ་དང་ལྡན་པའི་སེམས་མི་སྐྱེད། གཟུགས་ཀྱི་དམིགས་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། བརྣབ་སེམས་དང་ལྡན་པའི་སེམས་མི་སྐྱེད། ཕྲ་མ་དང་ལྡན་པའི་སེམས་མི་སྐྱེད། ལོག་པར་ལྟ་བ་དང་ལྡན་པའི་སེམས་མི་སྐྱེད། ལོངས་སྤྱོད་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། དབང་ཕྱུག་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། ལོངས་སྤྱོད་ཆེན་པོའི་རིགས་སུ་སྐྱེས་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། ལྷར་སྐྱེ་བ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། འདོད་པའི་ཁམས་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། གཟུགས་དང་གཟུགས་མེད་པའི་ཁམས་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། ཉན་ཐོས་ཀྱི་ས་དང་ལྡན་པའི་སེམས་མི་སྐྱེད། རང་སངས་རྒྱས་ཀྱིས་དང་ལྡན་པའི་སེམས་མི་སྐྱེད། བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད་དེ། ཐ་ན་མྱ་ངན་ལས་འདས་པར་ལྟ་བ་དང་ལྡན་པའི་སེམས་ཀྱང་མི་སྐྱེད་དོ། །དེ་སེམས་རྣམ་པར་དག་པ་འདི་དང་ལྡན་པའི་སེམས་ཅན་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་ཁྱབ་པར་བྱེད་དོ། །དེས་ སེམས་ཅན་དུ་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ཏེ། སེམས་ཅན་དུ་འདུ་ཤེས་པ་ལའང་མི་གནས། ཚངས་པའི་གནས་བཞི་པོ་དེ་དག་ལའང་མངོན་པར་མི་ཞེན་ཏེ། ཐབས་ལ་མཁས་པ་དང་ལྡན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དེ་དག་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་གཟུགས་ཁས་མི་ལེན་མི་འཛིན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཁས་མི་ལེན་མི་འཛིན་ཏོ། ། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ཁས་མི་ལེན་མི་འཛིན་ཏོ། །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཁས་མི་ལེན་མི་འཛིན་ཏོ། །ཆད་པ་དང་རྟག་པ་ཁས་མི་ལེན་མི་འཛིན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་མི་ལེན་མི་ འཛིན་ཏོ། །ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ཁས་མི་ལེན་མི་འཛིན་ཏོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཁས་མི་ལེན་མི་འཛིན་ཏོ། །ནམ་མཁའི་ཁམས་ཁས་མི་ལེན་མི་འཛིན་ཏོ། །ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཁས་མི་ལེན་མི་འཛིན་ ཏོ། །བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ཁས་མི་ལེན་མི་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། ཚད་ མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་ཁས་མི་ལེན་མི་འཛིན་ཏོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཁས་མི་ལེན་མི་འཛིན་ཏོ། །མངོན་པར་ཤེས་པ་ཁས་མི་ལེན་མི་འཛིན་ཏོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་ པ་དང་། ལམ་ཁས་མི་ལེན་མི་འཛིན་ཏོ། །མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཁས་མི་ལེན་མི་འཛིན་ཏོ། །བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་ཁས་མི་ལེན་མི་འཛིན་ཏོ། །སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་ རྒྱས་ཀྱིས་ཁས་མི་ལེན་མི་འཛིན་ཏོ། །སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཁས་མི་ལེན་མི་འཛིན་ཏོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ཁས་མི་ལེན་མི་འཛིན་ཏོ། །ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་ཁས་མི་ལེན་མི་ འཛིན་ཏོ། །སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ཁས་མི་ལེན་མི་འཛིན་ཏོ། །སྒྲིབ་པ་ཁས་མི་ལེན་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ཁས་ལེན་པ་མེད་ཅིང་འཛིན་པ་མེད་དེ་གང་གིས་ཀྱང་ཁས་བླངས་པ་མེད་པའི་ ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུང་བར་བྱ་བའི་ཆོས་གང་ཡང་མེད་དེ་སུས་ཀྱང་མ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་གཟུང་བར་བྱ་བའམ། འཛིན་པར་འགྱུར་བ་ཅི་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའི་ཕྱིར་སྙིང་པོ་མེད་པའོ། །ཆོས་ ཐམས་ཅད་ནི་སྙིང་པོ་མི་དམིགས་པས་ཡ་མ་བརླའོ། །ཆོས་ཐམས་ཅད་ནི་གཟུང་དུ་མེད་པས་མིག་ཡོར་དང་མཚུངས་སོ། །ཆོས་ཐམས་ཅད་ནི་རང་བཞིན་མེད་པས་གསོག་གོ། །ཆོས་ཐམས་ཅད་ནི་མཉེ་མི་བཟོད་པའི་ཕྱིར་དབུ་བ་རྡོས་པ་ལྟ་བུའོ། །ཆོས་ཐམས་ཅད་ནི་བྱུང་ནས་འཇིག་ཅིང་ འཇུ་བས་ཆུའི་ཆུ་བུར་དང་མཚུངས་སོ། །ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བས་སྨིག་རྒྱུ་དང་འདྲའོ། །ཆོས་ཐམས་ཅད་ནི་སྙིང་པོ་མེད་པས་ཆུ་ཤིང་གི་སྙིང་པོ་ལྟ་བུའོ། །ཆོས་ཐམས་ཅད་ནི་གཟུང་དུ་མེད་པས་ཆུ་ཟླ་དང་མཚུངས་སོ། །ཆོས་ཐམས་ཅད་ནི་ཡོད་པ་མ་ཡིན་པ་ལ་ ཡོངས་སུ་བརྟགས་པས་འཇའ་ཚོན་དང་འདྲའོ། །ཆོས་ཐམས་ཅད་ནི་ཀུན་ནས་ལྡང་བ་མེད་པས་གཡོ་བ་མེད་དོ། །ཆོས་ཐམས་ཅད་ནི་ཡ་མ་བརླའི་རང་བཞིན་ལ་རྟོག་པས་ཆད་པ་སྟོང་པ་དང་མཚུངས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་ མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཅི་ཡང་ཁས་མི་ལེན་མི་འཛིན་ཏོ། །མི་འདུག་གོ། །ལྷག་པར་ཡང་ཆགས་ནས་མི་གནས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་དད་པ་དང་། མི་གནས་ པ་དང་། ལྷག་པར་ཆགས་པ་མེད་པ་དང་། མངོན་པར་མི་ཆགས་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་དེ་ ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་སློབ། གཟུགས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཡང་མི་སློབ། གཟུགས་སྐྱེ་བ་ལ་མི་སློབ། གཟུགས་འགོག་པ་ལ་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་ལ་མི་སློབ། རྣམ་པར་ཤེས་པ་འགོག་པ་ལ་མི་སློབ། གཟུགས་ འདུལ་བ་དང་། མི་འདུལ་བའི་ཕྱིར་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུལ་བ་དང་མི་འདུལ་བའི་ཕྱིར་མི་སློབ། གཟུགས་ལས་འདའ་བ་དང་། འཇུག་པ་དང་། གནས་པ་དང་། མི་གནས་པའི་ཕྱིར་ཡང་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་འདའ་བ་དང་། འཇུག་པ་དང་། གནས་པ་དང་། མི་གནས་པའི་ཕྱིར་ཡང་མི་སློབ་བོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་རྟག་པར་ཡང་མི་སློབ། གཟུགས་ བདེ་བ་དང་། གཟུགས་སྡུག་པ་དང་། གཟུགས་བདག་ཏུ་ཡང་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པར་ཡང་མི་སློབ། རྣམ་པར་ཤེས་པ་བདེ་བ་དང་། རྣམ་པར་ཤེས་པ་སྡུག་པ་དང་། རྣམ་པར་ཤེས་པ་བདག་ཏུ་ཡང་མི་སློབ་བོ། །རབ་ཀྱི་རྩལ་ གྱིས་རྣམ་པར་གནོན་པ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་འདས་པའི་དམིགས་པ་ལ་མི་སྤྱོད། གཟུགས་མ་འོངས་པའི་དམིགས་པ་ལ་མི་སྤྱོད། གཟུགས་ད་ལྟར་བྱུང་བའི་དམིགས་པ་ལ་མི་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་ པ་འདས་པའི་དམིགས་པ་ལ་མི་སྤྱོད། མ་འོངས་པའི་དམིགས་པ་ལ་མི་སྤྱོད། ད་ལྟར་བྱུང་བའི་དམིགས་པ་ལ་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་འདས་པ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་ སོ་སོར་རྟོག་སྟེ། གང་འདས་པ་དེ་ལ་སྟོང་པ་དང་། ཞི་བ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །མ་འོངས་པ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། གང་མ་འོངས་པ་དེ་ལ་སྟོང་པ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་ མི་སྤྱོད་དོ། །ད་ལྟར་བྱུང་བ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། གང་ད་ལྟར་བྱུང་བ་དེ་ལ་སྟོང་པ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །འདས་པ་ལ་སྟོང་པའམ། བདག་གམ། བདག་གིའམ། རྟག་པའམ། བརྟན་ པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །མ་འོངས་པ་ལ་སྟོང་པའམ། བདག་གམ། བདག་གིའམ། རྟག་པའམ། བརྟན་པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །ད་ལྟར་བྱུང་བ་ལ་སྟོང་པ་ འམ། བདག་གམ། བདག་གིའམ། རྟག་པའམ། བརྟན་པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་ པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་གྱིས་སྐབས་མི་རྙེད་དོ། །དེ་ལྟར་སྤྱོད་པ་ནི་བདུད་ཀྱི་ལས་ཐམས་ཅད་ཁོང་དུ་ཆུད་པས་བདུད་ཀྱི་ལས་དེ་དག་གིས་མི་འཕྲོགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ གཞན་ཡང་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་དམིགས། ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་ལ་མི་དམིགས། བདག་ཏུ་མངོན་པར་ཞེན་པ་ལ་མི་དམིགས། སེམས་ཅན་དུ་མངོན་པར་ཞེན་པ་ལ་མི་དམིགས། ཆད་པ་དང་། རྟག་པ་ལ་མི་དམིགས། མཐའ་དང་། མཐའ་མེད་པ་ལ་མི་དམིགས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ལ་མི་དམིགས། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་ མེད་པའི་ཁམས་ལ་མི་དམིགས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་དམིགས། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་ཁམས་ལ་མི་དམིགས། བདེན་པ་དང་། བརྫུན་པ་ལ་མི་དམིགས། འདུ་བ་དང་འབྲལ་བ་ལ་མི་དམིགས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་མི་དམིགས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བ་ལ་མི་དམིགས། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ལ་མི་དམིགས། བཟོད་པ་དང་། གནོད་སེམས་ལ་མི་དམིགས། བརྩོན་འགྲུས་དང་། ལེ་ལོ་ལ་མི་དམིགས། བསམ་གཏན་ དང་རྣམ་པར་གཡེང་བ་ལ་མི་དམིགས། ཤེས་རབ་དང་འཆལ་པའི་ཤེས་རབ་ལ་མི་དམིགས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཕྱིན་ཅི་ལོག་པ་ལ་མི་དམིགས། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་མི་དམིགས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་མི་དམིགས། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་མི་དམིགས། སོ་སོའི་སྐྱེ་ བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་མི་དམིགས། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ལ་མི་དམིགས། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་མི་དམིགས། མངོན་པར་ཤེས་པ་དང་། ཡེ་ཤེས་མཐོང་བ་ལ་མི་དམིགས། རྣམ་པར་གྲོལ་བ་ ལ་མི་དམིགས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་མི་དམིགས། མྱ་ངན་ལས་འདས་པ་ལ་མི་དམིགས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་མི་དམིགས། ཐོགས་པ་མེད་པའི་ཡེ་ཤེས་ལ་མི་དམིགས། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་དམིགས། སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་ལ་མི་དམིགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་མི་དམིགས། མཚན་ཡོངས་སུ་དག་པ་ལ་མི་དམིགས། ཉན་ཐོས་ཕུན་སུམ་ཚོགས་པ་ལ་མི་དམིགས། རང་སངས་རྒྱས་ཕུན་སུམ་ཚོགས་པ་ལ་མི་དམིགས། བྱང་ཆུབ་སེམས་དཔའ་ ཕུན་སུམ་ཚོགས་པ་ལ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དུ་འདི་དག་ལ་དམིགས་པར་འགྱུར་བའི་འཛིན་པ་གང་ཡང་ཆོས་ཐམས་ཅད་ལ་མེད་དེ་ཆོས་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཇི་སྲིད་དུ་ དམིགས་པ་དེ་སྲིད་དུ་ལྷག་པར་ཆགས་པ་དང་། དེ་སྲིད་དུ་མངོན་པར་ཞེན་པ་དང་། དེ་སྲིད་དུ་ལེན་པ་དང་། དེ་སྲིད་དུ་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། དེ་སྲིད་དུ་མྱ་ངན་མི་བཟད་པའི་ཟུག་རྔུ་དང་། འཁྲུག་པ་དང་། སྨྲེ་སྔགས་འདོན་པ་འབྱུང་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་ རྣམ་པར་གནོན་པ་ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཆིང་བའོ། །དེ་སྲིད་དུ་ལམ་མེད་པའོ། །དེ་སྲིད་དུ་སྡུག་བསྔལ་དང་ཡིད་མི་བདེ་བའོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་རློམ་སེམས་དང་། གཡོ་བ་དང་། སྤྲོས་པའོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཐབ་པ་དང་། རྩོད་པ་དང་། འགྱེད་པའོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་མ་རིག་པའི་མུན་པ་དང་། གཏི་མུག་གོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཇིགས་པའོ། །དེ་སྲིད་དུ་སྐྲག་པའོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་བདུད་ཀྱི་ཞགས་པ་དང་། བདུད་ཀྱིས་འཇོམས་པའོ། །ཇི་སྲིད་དུ་དམིགས་པ་དེ་ སྲིད་དུ་སྡུག་བསྔལ་གྱིས་རབ་ཏུ་ཉེན་ཅིང་བདེ་བ་ཀུན་དུ་ཚོལ་བར་འགྱུར་བའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་བྱང་ཆུབ་སེམས་དཔས་ཉེས་དམིགས་འདི་དག་མཐོང་ནས་ཆོས་གང་ལ་ཡང་མི་དམིགས་སོ། །དེ་མི་དམིགས་པས། ཆོས་གང་ཡང་མི་འཛིན་ཏོ། །དེ་ཆོས་ཐམས་ཅད་ ལ་འཛིན་པའམ། ཀུན་འཛིན་པར་མི་གནས་སོ། །དམིགས་པ་མེད་པ་དང་། དམིགས་པ་ཡ་མ་བརླ་དེ་དག་ལ་ཡང་རློམ་སེམས་སུ་མི་བྱེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་མངོན་པར་མི་ཞེན། ཆོས་གང་ལ་ཡང་མངོན་པར་མི་དགའོ། །ཆོས་གང་ལ་ཡང་ལྷག་པར་ཆགས་ནས་མི་གནས་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་དམིགས་པ་དང་བྲལ་བའོ། །རབ་ཀྱི་རྩལ་གྱིས་རྣམ་པར་ གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ་དེ་ལ་བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷ་དང་། བདུད་ཀྱི་འཁོར་དང་། བདུད་ཀྱི་བྱིན་གྱིས་བརླབས་པ་དག་གིས་བར་ཆད་བྱ་བར་མི་ནུས་སོ། །གང་དེ་ལ་ཐོ་འཚམ་ པ་དང་། གང་དེ་ལ་བཟུང་ནས་འདུལ་བར་འགྱུར་བའི་གླགས་རྙེད་པར་མི་འགྱུར་རོ། །རྟག་ཏུ་བདུད་ཀྱི་ལས་ཐམས་ཅད་ཀྱང་ཁོང་དུ་ཆུད་པར་འགྱུར་རོ། །བདུད་ཀྱི་ལས་ཀྱི་དབང་དུ་འགྲོ་བར་མི་འགྱུར་རོ། །བདུད་ཀྱི་གནས་ཐམས་ཅད་སྤ་གོང་བར་བྱེད་དོ། །གཞན་མུ་སྟེགས་ཅན་ཐམས་ ཅད་ཚར་གཅད་པའི་ཕྱིར་གནས་པར་འགྱུར་རོ། །གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ གཟུགས་སུ་རྟོག་པ་དང་མི་རྟོག་པ་ལ་མི་གནས་པ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་རྟོག་པ་དང་མི་རྟོག་པ་ལ་མི་གནས་པ་ཡིན་ཏེ། གཟུགས་ལ་རྟོག་པར་ཡང་མ